༈ “རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་” ཞེས་པའི་ཐོག་གསུང་བཤད་གནང་བ།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ཉིན་རྒྱབ་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་གཟའ་རུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ “རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་” ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་མི་རིགས་སྣ་ཚོགས་ལས་གྲུབ་པའི་དོ་སྣང་ཅན་གྱི་སྐྱ་སེར་ཕོ་མོ་བརྒྱ་ཕྲག་ལས་བརྒལ་བ་འཛོམས་པ་མ་ཟད། ཉེ་ཆར་བོད་ནས་འབྱོར་བའི་མཇལ་སྐོར་བ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག

དེ་ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྤྱིར་བོད་པའི་དཀའ་རྙོག་དེ་ངོས་འཛིན་གསལ་པོ་ཐུབ་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུང་དོན། ཕྱི་ལོ་ ༡༩༥༩ལོར་ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་ཕྱི་རྒྱལ་བ་ཚོས་བོད་པའི་དཀའ་རྙོག་གང་ཡིན་གསལ་པོར་ཤེས་ཀྱི་མེད།དེ་དང་ཆབས་ཅིག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞི་རྒྱ་ཆེ་བའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེན་པོ་བྱས་པ་དེའི་ནང་ང་ཚོ་ཚང་མ་ལོག་སྤྱོད་པ་དང་། གཡས་ཕྱོགས་པ།མཱར་ཁེ་སི་དང་ལེ་ཉིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ངོ་རྒོལ་བྱེད་མཁན་ཡིན་པར་བསྒྲགས་ཡོད་སྟབས། མང་པོ་ཞིག་གིས་གུང་ཁྲན་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ངོ་རྒོལ་བྱེད་མཁན་ལྟ་བུ་ཞིག་ཡིན་པ་དང་།དེ་ཁས་ལེན་མ་ཐུབ་པའི་རྐྱེན་གྱིས་བོད་པ་རྣམས་བོད་ནང་གནས་མ་ཐུབ་པ་དང་། དེ་འདྲའི་རྒྱུ་མཚན་གྱིས་ཆབ་སྲིད་ཀྱི་ལྟ་བའི་འགལ་ཟླ་ཡིན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་མཁན་མང་པོ་བྱུང་བ་རེད། འོན་ཀྱང་སྤྱི་ཚོགས་དང་དཔལ་འབྱོར་གྱི་རིང་ལུགས་ཁོ་ནའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་མཱར་ཁེ་སིའི་ལྟ་གྲུབ་ང་ཚོས་ཁས་ལེན་མི་ཐུབ་པ་དང་། ཁས་ལེན་མི་འོས་པ་གང་ཡང་མེད། ༧གོང་ས་མཆོག་གིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་ནས་ཁོང་ཡང་ཕྱེད་ཀ་མཱར་ཁེ་སི་རིང་ལུགས་པ་ཡིན་ཞེས་ཡང་ཡང་གསུང་གི་ཡོད། གང་ལྟར་མཱར་ཁེ་སའི་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་མའི་དམིགས་ཡུལ་དང་། དེའི་རང་བཞིན་དེ་ཚོར་བལྟས་པ་ཡིན་ན་དཔལ་འབྱོར་གྱི་ཡོང་འབབ་ཡུལ་མི་ཚང་མ་ལ་འདྲ་མཉམ་ཡོད་དགོས་པ་ཞིག་དང་། མཐར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་སླེབས་པའི་སྐབས་སུ་གང་ཟག་ཚང་མས་རང་གི་ནུས་པ་དང་བསྟུན་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཐོག་ལ་འབད་བརྩོན་བྱེད་དགོས་པ་སོགས་ཀྱི་བསམ་ཚུལ་ཡིན་པས། དེ་ནང་པའི་གཞུང་ལུགས་དང་མི་མཐུན་པ་དང་། ང་ཚོས་དེར་ངོ་རྒོལ་བྱེད་དགོས་པ་གང་ཡང་མེད། དེར་བརྟེན་བོད་པའི་དཀའ་རྙོག་དེ་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འགལ་ཟླའི་གཞི་རྩ་ལ་བརྟེན་པ་ཞིག་མིན་པ་དེ་ང་ཚོས་གསལ་པོ་མཁྱེན་དགོས་ཞེས་དང་།
གནས་ཚུལ་གཞན་པ་གཅིག་རྒྱ་ནག་གིས་འཁྱོག་བཤད་ག་རེ་བྱེད་ཀྱི་ཡོད་ཅེ་ན། བོད་ཀྱི་རྒྱུན་འཛིན་གྱི་སྐུ་དྲག་ཁག་དང་།ལྷག་པར་དུ་༧རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་ཆབ་སྲིད་ཀྱི་སྐུ་དབང་བཟུང་བ་རྣམས་བཀས་བཀོད་བརྒྱུད་འཛིན་གྱི་རིང་ལུགས་ཐོག་ནས་ཡོང་བ་ཞིག་ཆགས་སྟབས། དེ་འགོ་མཇུག་སློག་ནས་མི་མང་གི་དབང་ཆ་དེ་མི་མང་ལ་སྤྲད་རྒྱུ་བྱས་པ་དེར་འདོད་པ་མ་ཁེངས་ནས་བོད་པས་གྱེན་ལངས་བྱས་པ་རེད་ཅེས་བོད་ཀྱི་དཀའ་རྙོག་དེ་སྲིད་དབང་འཐབ་རྩོད་ཅིག་ཡིན་པར་བརྗོད་ཡོད་ཀྱང་དེ་རྩ་བ་ནས་མིན་པ་ཧ་ཅང་གསལ་པོ་རེད། ༧རྒྱལ་དབང་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་གོང་དུ་དགུང་ལོ་ ༡༣-༡༤ཙམ་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་དགོས་པ་དང་། རྩ་ཁྲིམས་དང་ལྡན་པའི་དེང་རབས་ཀྱི་མང་གཙོའི་རིང་ལུགས་ཤིག་ཏུ་བསྒྱུར་དགོས་པའི་དགོངས་པ་བཞེས་ཏེ་འབད་བརྩོན་གནང་ཡོད་པ་ཞིག་རེད། དེའི་བདེན་དཔང་ག་རེ་ཡོད་ཅེ་ན། ཆབ་སྲིད་ཀྱི་སྐུ་དབང་བཞེས་མ་ཐག་ཏུ་ཕྱག་ལས་དང་པོ་དེ་ལེགས་བཅོས་ལས་ཁུངས་ཟེར་བ་དེ་བཙུགས་གནང་བ་རེད།དེའི་ནང་ལས་ཀ་བྱེད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཇི་བཞིན་མ་རྟོགས་པའི་དཀའ་ངལ་བྱུང་ཡོད། ༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་པའི་སྐབས་སུ་ཆབ་མདོ་མན་ཆད་བོད་ཕྱེད་ཙམ་རྒྱ་དམར་གྱི་འོག་ཏུ་ཤོར་ཟིན། དེ་ནས་མི་རིང་བར་བོད་ཡོངས་རྫོགས་གྲོས་མཐུན་དོན་ཚན་༡༧ཟེར་བ་དེའི་འོག་རྒྱ་འོག་ཏུ་ཕྱིན་པའི་རྐྱེན་གྱིས་ལམ་ལྷོང་བྱུང་མེད་ཅེས་དང་།
ཡང་ཁ་ཤས་ཀྱིས་བོད་མི་ཚོའི་བསམ་བློའི་ནང་ས་གནས་མི་རིགས་རིང་ལུགས་ཀྱི་བསམ་ཚུལ་ཤུགས་ཆེན་ཡོད་པ་དང་། རྒྱ་མི་དབང་སྒྱུར་བ་ཚོའི་བསམ་བློའི་ནང་མི་རིགས་ཆེན་པོའི་རིང་ལུགས་ཀྱི་བསམ་ཚུལ་ཤུགས་ཆེན་པོ་ཡོད་པར་བརྟེན། མི་རིགས་ཀྱི་འཐབ་རྩོད་ཅིག་ལ་བརྟེན་ནས་བྱུང་བ་ལྟ་བུར་ངོས་འཛིན་པའང་ནོར་བ་རེད།
དེར་བརྟེན་ང་ཚོའི་དཀའ་རྙོག་དེ་ག་རེ་ཆགས་ཀྱི་ཡོད་ཅེ་ན། བོད་མི་རིགས་ལ་དམིགས་བསལ་གྱིས་འཁྲི་བའི་ལས་འགན་ཞིག་ཡོད་རེད།ལས་འགན་དེ་ག་རེ་བརྒྱུད་ནས་སྒྲུབ་ཀྱི་ཡོད་ཅེ་ན། བོད་པའི་ཆོས་དང་། བོད་པའི་རིག་གཞུང་། བོད་པའི་སྐད་ཡིག་གསུམ་གྱི་ཐོག་ནས་བསྒྲུབ་རྒྱུ་ཞིག་རེད། དེ་ལ་འགལ་རྐྱེན་བྱུང་བའི་སྐབས་སུ་བོད་མི་མང་ཚོགས་ཀྱིས་དེ་ལ་ངོས་ལེན་མ་བྱས་པའི་གནས་སྟངས་དེ་བྱུང་བ་རེད།དེ་ཡང་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ། ང་ཚོས་ཐོབ་ཐང་རྩོད་ཀྱི་ཡོད་མ་རེད།ལས་འགན་གྱི་གནས་བབ་དེ་འགྲིག་གི་མི་འདུག་བརྗོད་ཀྱི་ཡོད་རེད། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ཆབ་སྲིད་དང་། སྤྱི་ཚོགས།དཔལ་འབྱོར།ཁྲིམས་ཀྱི་དབང་སྒྱུར་བྱེད་སྟངས་བཅས་ཀྱི་ཐོག་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བསྒྲུབ་པར་ཕྱོགས་མང་པོ་ནས་འགལ་རྐྱེན་བཟོ་བ་དེ་འགྲིག་གི་མི་འདུག་ཅེས་བཤད་ཀྱི་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་པ་དེའི་ཐོག་ནས་ག་རེ་མཚོན་པ་རེད་ཅེ་ན། བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་འགལ་ཟླ་མ་ཡིན་པ་དང་། དབང་ཆའི་འཐབ་རྩོད་ཀྱི་འགལ་ཟླ་མ་ཡིན་པ། ཆབ་སྲིད་ལྟ་གྲུབ་ཀྱི་འགལ་ཟླ་མ་ཡིན་པ་བཅས་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་གསལ་པོ་བསྟན་ཟིན་པ་ཞིག་རེད།དེའི་ཐོག་ནས་གཟིགས་ན་ང་ཚོའི་དཀའ་རྙོག་གི་ངོ་བོ་དེ་ག་རེ་ཡིན་པ་གསལ་པོ་ཆགས་ཐུབ།


འགལ་ཟླ་དེ་ག་རེ་རེད་ཅེ་ན། བདེན་པ་དང་རྫུན་པའི་བར་གྱི་འགལ་ཟླ་དང་།དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འགལ་ཟླ་རེད། གང་ལྟར་འོས་པ་དང་མི་འོས་པའི་གནས་བབ་ཀྱི་ཐོག་ནས་འགལ་ཟླ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དེ་འདྲའི་འགལ་ཟླ་དེ་འགལ་ཟླ་གཞན་བཞིན་སེལ་མི་ཐུབ་པའི་གནས་སྟངས་ཤིག་མེད། ཕྱོགས་གཉིས་ཀ་ནས་གོ་ཤེས་བསམ་ཤེས་བྱུང་ན་ང་ཚོའི་བར་ན་བསལ་རྒྱུའི་འགལ་ཟླ་དེ་གཏིང་ཟབ་པོ་དང་རླབས་ཆེན་པོ་གང་ཡང་མེད། བོད་མི་ཡོངས་རྫོགས་ལ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་བསྒྲུབ་པར་འགལ་རྐྱེན་མེད་པ་དང་། དེ་བསྒྲུབ་པར་ནང་གི་རང་དབང་ཆ་ཚང་བྱུང་ན་ང་ཚོས་ཆབ་སྲིད་ཀྱི་དབང་ཆ་དགོས་ཞེས་བརྗོད་ཀྱི་མེད་ལ།མི་རིགས་ཀྱི་ཐོབ་ཐང་དགོས་ཞེས་ཀྱང་བཤད་ཀྱི་མེད། གང་ལྟར་བོད་པ་དེ་ཇི་ལྟར་གྲུབ་པ་བཞིན་རང་གི་ངོ་བོར་འཚོ་གནས་ཐུབ་པའི་གོ་སྐབས་ཤིག་བསྐྲུན་དགོས་ཀྱི་འདུག དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་དབང་སྒྱུར་དང་། དམག་གི་བཙན་གནོན། དྲག་ཤུགས་བཅས་ཀྱི་ཐོག་ནས་འགལ་རྐྱེན་བཟོས་ན་འགྲིག་གི་མི་འདུག་ཅེས་པ་དེ་ང་ཚོའི་སྐད་ཆ་བཤད་རྒྱུའི་དམིགས་ཡུལ་དང་བསྒྲུབ་བྱ་གཙོ་བོ་དེ་རེད། དེ་གསལ་པོ་ཞིག་ཤེས་ན་བོད་པའི་གནས་བབ་དེ་ག་རེ་ཡིན་པ་གསལ་པོ་མཁྱེན་ཐུབ་རྒྱུའི་རེ་བ་ཡོད་པ་ཞིག་རེད་ཅེས་དང་།
དེ་ནས་ཁོང་གིས་བོད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་རང་བཞིན་ཅན་ག་འདྲ་ཆགས་ཡོད་མེད་སྐོར་གསུང་དོན། སྟོན་པ་སངས་རྒྱས་ཀྱི་བཀའ་དང་རྗེས་མཇུག་མཁས་པའི་བསྟན་བཅོས་ཀྱི་དགོངས་དོན་ཚང་ལ་མ་ནོར་བ་ཡོད་ས་དེ་ད་ལྟ་བོད་བརྒྱུད་ནང་བསྟན་ཁོ་ན་ལས་མེེད་སྟབས།ནང་ཆོས་ཀྱི་ཐོག་ནས་བོད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་རང་བཞིན་ཅན་ཆགས་ཡོད་པ་དང་། བོད་ཀྱི་ས་བབ་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་དང་། ཡོངས་གྲགས་སུ་ཨེ་ཤི་ཡའི་ཆུ་བོ་ཆེན་པོ་བརྒྱད་ཀྱི་འབྱུང་ཁུངས་ཡིན་པ། ཨེ་ཤི་ཡའི་མི་འབོར་ཧ་ཅང་མང་པོའི་ཚེ་སྲོག་དང་བོད་མཐོ་སྒང་གི་ཆུ་བོའི་དབར་འབྲེལ་བ་ཡོད་སྟབས་དེའི་ཐོག་ནས་བོད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་ཀྱི་རང་བཞིན་ཅན་ཆགས་ཡོད་པ། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཀྱང་འཛམ་གླིང་གི་བདེ་འཇགས་དང་ཨེ་ཤི་ཡའི་བདེ་འཇགས་གཉིས་འབྲེལ་བ་ཡོད་པ་དང་།ཨེ་ཤི་ཡའི་བདེ་འཇགས་དང་རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་འབྲེལ་བ་ཡོད་པ། རྒྱ་དཀར་ནག་གཉིས་ཕན་ཚུན་བདེ་འཇགས་ཡོང་བར་བོད་དོན་དེ་གལ་འགངས་ཆེན་པོ་ཆགས་ཡོད་པ། བརྒྱ་ཕྲག་སྔོན་མའི་དཀྱིལ་དུ་རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་པའི་གོང་དུ་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་གི་དཀའ་རྙོག་མེད་ཀྱང་།བོད་ས་ཤོར་རྗེས་ས་མཚམས་རྩོད་རྙོག་དང་། གཙང་པོའི་གནད་དོན་སོགས་ཀྱི་ཐོག་ནས་དཀའ་ངལ་བསྟུད་མར་ཡོང་བཞིན་པར་བརྟེན། བོད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་ཀྱི་རང་བཞིན་ཅན་ཆགས་ཡོད་སྐོར། དེ་བཞིན་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐོག་ནས་ཀྱང་།དེང་སང་འཛམ་གླིང་ནང་དམག་འཁྲུག་གི་འཚེ་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འཚེ་བ་སོགས་འཚེ་བའི་རྣམ་གྲངས་སྣ་ཚོགས་ལ་བརྟེན་ནས་དཀའ་ངལ་ཆེན་པོ་ཡོད་ཀྱང་། ངག་ནས་འཚེ་མེད་ཞི་བ་ཞེས་བརྗོད་མཁན་མང་པོ་ཡོད་མིན་ལ་མ་ལྟོས་པར་དངོས་དོན་འཚེ་མེད་ཞི་བའི་ལམ་ལ་འཇུག་མཁན་ནི་བོད་པ་ཆགས་ཡོད་སྟབས།དེའི་ཐོག་ནས་ཀྱང་བོད་དོན་དེ་འཛམ་གླིང་ནང་གལ་གནད་རང་བཞིན་ཅན་ཆགས་ཡོད་སྐོར་སོགས་ལམ་སྟོན་ཟབ་རྒྱས་ཕེབས་པའི་གནས་ཚུལ་མདོར་བསྡུས་སུ།