རྒྱལ་ཁབ་གསུམ་ནང་འཚམས་གཟིགས་བསྐྱངས་པ།

༄༅། ། ཨ་རི་རང་གཞུང་དམིགས་བསལ་སྐུ་ཚབ་ལས་ཁུངས་དང༌། ནིའུ་ཡོག་སྐུ་ཚབ་དོན་གཅོད་ཁང༌། བྱང་ཨ་མེ་རི་ཀ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་གདན་ཞུ་གནང་བ་ལྟར། ཕྱི་ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ་འཇར་མན་དང༌། ཨ་རི། ཁེ་ཎ་ཌ་བཅས་རྒྱལ་ཁབ་གསུམ་གྱི་གྲོང་ཁྱེར་འགའ་ཞིག་ནང་འཚམས་འདྲིར་ཕེབས་ནས་ཐེངས་འདིའི་གལ་ཆེའི་ཕེབས་དོན་གཉིས་ཏེ། གཅིག་ཁུལ་གནས་རང་རིགས་བོད་མི་རྣམས་ལ་བཙན་བྱོལ་བོད་གཞུང་སྐབས་བཅུ་གཉིས་པའི་བཀའ་ཤག་ཐུན་མོང་གི་འཚམས་འདྲི་དང་འབྲེལ། བཀའ་ཤག་གསར་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་གྱི་མཛད་ཕྱོགས་དང༌། བོད་གཞུང་གི་དཔལ་འབྱོར་དང༌། ཆོས་རིག འཕྲོད་བསྟེན། མི་མང་གི་བདེ་དོན་ལྟ་སྐྱོང༌། གཞུང་གི་སྒྲིག་འཛུགས་སྲ་བརྟན་གོང་འཕེལ་སོགས་འཛིན་སྐྱོང་གི་ལས་དོན་གྱི་མཛད་ཕྱོགས་སྲིད་བྱུས་དང་ཕྱག་ལེན་ཁག་གི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད། དེ་བཞིན་ས་གནས་དངོས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་སྟེ་གཞུང་མང་བར་མཛའ་འབྲེལ་གོང་བུའི་ནུས་ཤུགས་ལ་སྐུལ་འདེད་གནང་རྒྱུ། གཉིས་པ་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྒེར་བཅས་ནས་ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཛམ་གླིང་ཞི་བདེའི་རླབས་ཆེན་དགོངས་པ་དང༌། བོད་ཀྱི་བདེན་པ་བདེན་ཐོག་འཁྱོལ་བའི་མཛད་ཐབས་ལ་ཤུགས་ཆེའི་རྒྱབ་སྐྱོར་དང༌། བོད་ཀྱི་ཆབ་སྲིད་དང་བོད་ཕྱི་ནང་གི་བོད་མིའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་བཅས་གཅེས་སྲུང་ལ་བླ་ན་མེད་པའི་རྒྱབ་སྐྱོར་གནང་མཁན་རྣམས་དང་གང་ཐུབ་ཐུག་འཕྲད་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་སྔར་བས་ཆེ་བའི་རྒྱབ་སྐྱོར་སྐུལ་སློང་གནང་རྒྱུའི་ཆེད་དུ་ཡིན། བཀའ་བློན་ཁྲི་པ་མཆོག་བཞུགས་སྒར་ནས་ཕེབས་ཐོན་གནང་རྗེས་ཕྱི་ཟླ་ ༧ ཚེས་ ༡ ཉིན་དིལླི་སྐུ་ཚབ་དོན་གཅོད་ཁང་དུ་སྐོང་ཚོགས་གནང་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐོག་ཕེབས་ནས་རྒྱ་གར་ཕྱོགས་ཀྱི་འཐུས་མི་རྣམས་མཇལ་འཕྲད་ཐོག་བོད་དོན་བདེན་རྒྱབ་ཀྱི་སྐུལ་སློང་གསུང་བཤད་གནང་ཞིང༌། ལྷན་ཚོགས་ཐོག་སླད་ལས་འགུལ་སྤེལ་ཕྱོགས་ཀྱི་གྲོས་ཆོད་གཏན་འབེབས་ཐུབ་ཡོད་པ་རེད། ཕྱི་ཚེས་ ༢ ཉིན་དིལླི་ནས་འཇར་མན་གྱི་གྲོང་ཁྱེར་ཕེ་རེང་ཕཊ་ལ་ཉིན་གཅིག་བཞུགས་རིང་དེ་ཁུལ་གྱི་བོད་གྲོགས་རྙིང་པ་ཁག་གཅིག་དང༌། ལྷག་པར་ཧེ་སིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རོ་ལན་ཀོཁ་དང་མཇལ་འཕྲད་གནང་སྟེ་བོད་དོན་ཐོག་ཕན་ཚུན་དགོངས་འཆར་བརྗེ་ལེན་ལྷུག་པར་གནང་ཡོད་པ་རེད། སྐུ་ཞབས་ཀོཁ་ནི་ྋགོང་ས་མཆོག་ལ་དད་འདུན་ལྷག་པར་ཆེ་ལ་བོད་ཀྱི་གྲོགས་པོ་རྙིང་པ་ཞིག་དང༌། བར་ལམ་རྒྱ་ནག་ནང་ཐེངས་མང་ཕེབས་བཞིན་པ་སོགས་རྒྱ་ནག་གི་གནས་ཚུལ་མཁྱེན་རྟོགས་ཡག་པོ་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་བཀའ་ཁྲི་མཆོག་འཇར་མན་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཐོན་གནང་བ་དང༌། ནིའུ་ཡོག་ཏུ་ཕེབས་འབྱོར་གནང་སྐབས་ནིའུ་ཡོག་དང་ནིའུ་ཇར་སི་ས་ཁུལ་གྱི་བོད་མིའི་ཚོགས་སྐྱིད་ཁག་ནས་བསུ་བ་སྣེ་ལེན་ཟབ་རྒྱས་ཞུས། བཀའ་ཁྲི་མཆོག་ནིའུ་ཡོག་ཏུ་ཉིན་ཞག་གཉིས་བཞུགས་རྒྱུན་རིང་གཙོ་བཱུ་ཕྱི་ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་བཀྲིན་རྗེས་དྲན་གྱི་དུས་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ནས་རང་གཞུང་སྐུ་ཚབ་དོན་གཅོད་ཁང་དང༌། བོད་རིགས་སྤྱི་མཐུན་ཚོགས་པའི་ཆབ་སྲིད་དང༌། མི་རིགས་ཀྱི་ཆོས་དང་རིག་གཞུང༌། གོམ་སྲོལ་བཟང་པོ་སྲུང་སྐྱོབ་ཀྱི་ད་ཕན་གྲུབ་འབྲས་དང༌། མ་འོངས་ལས་དོན་གྱི་འཆར་གཞིའི་གནས་ཚུལ་གསན་ཞིབ་དང༌། སྐུ་ཚབ་དོན་གཅོད་དང༌། ཚོགས་པ་ཁག་གི་འགན་ཁུར་བ། རང་རིགས་མི་མང་བཅས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་རླབས་ཆེན་དབུ་ཁྲིད་འོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་དབུ་ཁྲིད་གནང་བའི་སྐབས་བཅུ་གཉིས་པའི་བཀའ་ཤག་ཐུན་མོང་ནས་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ཆབ་སྲིད་ལྟ་བ་དང༌། རིག་པའི་གཞུང་ལུགས་ལ་བརྟེན་ནས་བོད་དོན་བདེན་མཐའ་གང་མྱུར་གསལ་ཐབས་སུ་ཆབ་སྲིད་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་པའི་ཐོག་མདུན་བསྐྱོད་གནང་ནས་རྒྱ་གཞུང་དང་ཐད་ཀའི་གྲོས་མོལ་འགོ་འཛུགས་ཐུབ་ཅིང༌། གྲོས་མོལ་དོན་སྙིང་ལྡན་པ་ཡོང་ཐབས་རྒྱལ་སྤྱིའི་མཐུན་སྦྱོར་གོང་འཕེལ་དང༌། གཞིས་བྱེས་བོད་མིའི་སྤྱི་ཚོགས་དང༌། ལྷག་པར་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་ལས་འགུལ་སྤེལ་རྒྱུའི་ཁ་ཕྱོགས་གསུམ་གྱི་ཐབས་བྱུས་ཀྱི་ཕྱི་འབྲེལ་མཛད་ཕྱོགས་དང༌། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ཡོང་ཁུངས་ཆ་ཚང་བ་ལོག་འཚོ་དང་མ་འབྲེལ་ཞིང༌། བདེན་པ་དང་འཚེ་བ་མེད་པའི་རྨང་གཞི་ལྡན་པའི་བོད་གཞུང་བུ་ལོན་མེད་ཅིང༌། རང་དབང་ལྡན་པའི་དཔལ་འབྱོར་འདུ་འགོད་ཀྱི་ལེགས་བྱང་བསྐྲུན་རྒྱུའི་འབད་ཐབས་མཛད་ཕྱོགས་སྐོར། གཞིས་ཆགས་བརྟན་ནས་ཡར་རྒྱས་དང༌། ཕུལ་བྱུང་བྱ་ཐབས་ལ་བརྟེན་ནས་ཞིང་ལས་དང༌། ལས་ཞོར་ཐོན་སྐྱེད་གཉེར་སྐྱོང་ལ་བརྟེན་ནས་གཞིས་ཆགས་བརྟན་གནས་དང༌། སྤྱི་ཚོགས་ཡར་རྒྱས། མི་མང་གི་འཚོ་བ་ལེགས་སུ་གཏོང་ཐབས་སྐོར། རྫས་སྦྱོར་གྱི་སྐྱོན་དང་བྲལ་ཞིང་སྲོལ་རྒྱུན་བོད་སྨན་གྱི་ཐབས་ལམ་འཚོལ་སྒྲུབ་ལ་བརྟེན་ནས་མི་མང་གི་འཕྲོད་བསྟེན་དང༌། བདེ་ཐང་ནུས་པ་གོང་མཐོར་གཏོང་བའི་མཛད་ཕྱོགས་སྐོར། དེང་སྐབས་བོད་ཕྱི་ནང་བོད་མིའི་སྤྱི་ཚོགས་ནང་སློབ་གྲྭ་ཁག་གི་བོད་སྐད་ཡིག་སློབ་སྦྱོང་དང༌། གཤིས་སྤྱོད་ཉམས་ཞན་དུ་འགྲོ་བཞིན་པ་རྣམས་ཉམས་པ་སླར་གསོ་དང་ཡར་རྒྱས་གཏོང་རྒྱུའི་དགོངས་གཞིའི་སྐོར་སོགས་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང་ལས་དོན་གྱི་གཞི་རིམ་ལྟ་བ་དང༌། སྒྲུབ་ཐབས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཁ་ཕྱོགས་རྣམས་གསལ་བཤད་གནང་བ་མ་ཟད། གཞུང་འཛིན་ཁེ་ལས་སྒེར་བདག་ཏུ་བསྒྱུར་རྒྱུ་དང༌། ནང་སྲིད་སོ་ནམ་སྡེ་ཚན་ཟུར་འཛུགས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁྱོན་ཡོངས་ལ་རྟོག་ཞིབ་གནང་སྟེ་ཉམ་ཐག་མི་མང་གི་འཚོ་བ་དང་འཕྲོད་བསྟེན་ལྟ་སྐྱོང༌། གཞུང་གྲོན་བསྲི་ཚགས་དང་དོ་དམ་ནན་དུ་བཏང་བ། གཞུང་ཞབས་སྲི་ཞུའི་ལས་ཀའི་ནུས་ཤུགས་དང་སྤྱོད་ཚུལ་གྱི་སྲི་ཞུའི་ལས་དོན་ཡར་རྒྱས་གཏོང་ཐབས་སོགས་ད་ཕན་ཟླ་བ་བཅུའི་རིང་གསར་གཏོད་ཡར་ཐོན་གྱི་ཕྱག་ལས་འགོ་འཛུགས་གནང་ཟིན་པའི་ཞིབ་གནས་ལས་དོན་སྐོར་བཅས་མདོར་ན་བོད་བསྟན་སྲིད་གཉན་འཕྲང་ཆེ་བའི་དུས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་གཞུང་གི་སྲི་ཞུའི་ལས་དོན་ཞུ་སྒོ་རྣམས་བཙན་བྱོལ་བོད་མིའི་བཅའ་སྒྲིག་གཏན་འབེབས་དང༌། གྲོས་ཚོགས་ཀྱི་བཀའ་འཁྲོལ་གཞིར་བཟུང་འབད་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་དང༌། དྭོགས་འདྲི་ཁག་ལ་གསལ་བཤད་བཅས་གནང་བར་ཚོགས་པ་ཁག་གི་འགན་ཁུར་བ་དང༌། དེར་འདུས་མི་མང་རྣམས་རང་གཞུང་གི་གསར་གཏོད་ཡར་ཐོན་དང༌། ཕྱི་གསལ་ནང་གསལ་བཅས་དང་ལྡན་པའི་མདུན་བསྐྱོད་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་དགའ་བསུ་ཆེན་པོ་ཞུས་པ་མ་ཟད། བཀའ་ཁྲི་མཆོག་ནས་ད་ཕན་བོད་བསྟན་སྲིད་ལ་སྨན་པའི་ཞབས་འདེགས་རྒྱ་ཆེ་གནང་བར་གཟེངས་རྟགས་ཤིག་ཀྱང་ཕུལ་ཏེ་རྒྱབ་སྐྱོར་མཚོན་པར་ཞུས་འདུག མཛད་སྒོར་རང་རིགས་བོད་མི་དང༌། མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་ལས་དོན་པ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་བཅའ་བཞུགས་རྒྱལ་ཁབ་འགའ་ཞིག་གི་གཞུང་ཚབ་ཆེན་མོ་བ་དང། གཞུང་ཚབ་ལས་བྱེད་སོགས་ཕེབས་ཡོད་པ་རེད། ད་དུང་བཀའ་ཁྲི་མཆོག་ནས་རང་གཞུང་སྐུ་ཚབ་དོན་གཅོད་དང༌། བོད་ཀྱི་མ་དངུལ་ཁང་གི་འགན་འཛིན། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་འགན་ཁུར་བ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་སོགས་དང་བཞུགས་མོལ་ལྷན་ཚོགས་སྔ་རྗེས་གནང་སྟེ་ས་གནས་མི་མང་གི་བསམ་ཚུལ་གསན་བཞེས་དང༌། གཞུང་གི་མཛད་ཕྱོགས་ངོ་སྤྲོད། གཞུང་མང་བར་སྔར་བས་མཛའ་མཐུན་དམ་ཟབ་དང་ཐོུང་ལས་འགུལ་སྤེལ་ཕྱོགས་སོགས་དོན་ཆེན་མང་པོའི་སྐོར་དགོངས་འཆར་བརྗེ་ལེན་གནང་ཡོད་པ་དང༌། དེ་བཞིན་གྲོས་ཚོགས་འཐུས་མི་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ། གསར་འགོད་པ་སོགས་དང་མཇལ་འཕྲད་གནང་སྟེ་དེང་སྐབས་བོད་ནང་ཛ་དྲག་དུས་བབ་སྐོར་དང༌། བོད་ཕྱི་ནང་གི་བོད་མིའི་གནས་སྟངས། རྒྱ་བོད་འབྲེལ་བའི་ཐད་རང་གཞུང་གི་མཛད་ཕྱོགས་བཅས་པ་ངོ་སྤྲོད་དང་རྒྱབ་སྐྱོར་སྐུལ་སློང་ཤུགས་ཆེ་གནང་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་སྔ་དྲཱུ་ནིའུ་ཡོག་ནས་ཕེབས་ཐོན་གནང་སྟེ་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་གནམ་ཐང་དུ་ཕེབས་སྐབས་ཁེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། ཁེ་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱི་འགན་ཁུར་བས་བསུ་བ་སྣེ་ལེན་ཟབ་རྒྱས་ཞུས། ཕྱེད་ཡོལ་ཊོ་རོན་ཊོ་གྲོང་ཁྱེར་དང༌། མངའ་ཁུལ་གཞན་ནས་ཆེད་འབྱོར་བོད་མིའི་ཚོགས་སྐྱིད་ཁག་གི་འགན་ཁུར་བ་དང༌། བོད་མི་རྣམས་འདུ་འཛོམས་ཟབ་རྒྱས་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་གཙོ་མགྲོན་དུ་ཕེབས་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ས་གནས་ཁག་གི་ལས་དོན་སྙན་ཞུ་གསན་བཞེས་གནང་རྗེས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་འགྲོའི་དོན་དུ་སྐུའི་མཚན་དཔེའི་དཀྱིལ་འཁོར་བཞད་ཅིང་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཡོངས་ཀྱི་མཛད་འཕྲིན་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པའི་མཛད་འཕྲིན་བཞེས་ཏེ་འཛམ་གླིང་ནང་བྱམས་བརྩེ་གཞན་ཕན་གྱི་རླབས་ཆེན་མཛད་རྗེས་དང༌། རང་ཅག་གངས་ཅན་པ་རྣམས་ཆགས་འཇིག་གི་འཇིགས་ཉེན་ལས་ཡོངས་སུ་སྐྱོབ་པར་མཛད་པའི་བཀྲིན་རྗེས་དྲན་དང་འབྲེལ་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པའི་སྐུལ་མ་ཆེན་པོ་གནང༌། རང་གཞུང་བཀའ་ཤག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་པ་དང་ལམ་སྟོན་རྣམས་གཞུང་གི་ཉིན་རེའི་ལས་དོན་གྱི་གྲོས་རིམ་ནང་ཕྱག་ལེན་བསྟར་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང༌། བོད་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མང་གཙོ་རང་དབང་ལྡན་པའི་རྒྱལ་ཁའི་མདུན་བསྐྱོད་ཀྱི་འབད་བརྩོན་གནང་བཞིན་པའི་སྐོར་གོང་མཚུངས་ལྟར་གྱི་ངོ་སྤྲོད་གནང་བར་བོད་གཞུང་དམངས་བར་གྱི་མཛའ་འབྲེལ་བཟང་པོར་ཤུགས་རྐྱེན་ཆེན་པོ་བྱུང་བ་དང༌། བཀའ་ཁྲི་མཆོག་ལ་རྒྱབ་སྐྱོར་དང་གུས་བརྩི་མཚོན་ཆེད་གཟེངས་རྟགས་འབུལ་བཞེས་གནང༌། དེ་གར་ཉིན་གཉིས་བཞུགས་རིང་ནིའུ་ཡོག་ལྟར་རང་རིགས་ཚོགས་པ་ཁག་གི་འགན་ཁུར་བ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁགཆབ་སྲིད་པ་དང་གསར་འགྱུར་ལས་རིགས་སོགས་གནད་ཡོད་གལ་ཆེ་ཁག་དང་མཇལ་འཕྲད་གནང་སྟེ་དགོངས་འཆར་བརྗེ་ལེན་དང་རྒྱབ་སྐྱོར་སྐུལ་སློང་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་མཐོ་རླབས་འཕྱུར་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༨ ཉིན་ཁེ་ཎ་ཌའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཌཱུ་མི་ལར་ནས་གསར་འགོད་ལྷན་ཚོགས་སུ་གདན་འདྲེན་ཞུས་ཏེ་བཀའ་ཁྲི་མཆོག་ངོ་སྤྲོད་དང༌། ཕྱི་ལོ་ ༢༠༠༤ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཁེ་ཎ་ཌར་སྩོལ་རྒྱུའི་དུས་འཁོར་དབང་ཆེན་ཐུགས་གཏན་འཁེལ་བ་ཡོངས་བསྒྲགས་གནང༌། གསར་འགོད་ལྷན་ཚོགས་ཐོག་དུས་འཁོར་དབང་ཆེན་དང༌། བོད་ནང་གི་དེང་སྐབས་དུས་བབ། བོད་རྒྱ་འབྲེལ་བའི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་སྐོར་སོགས་ངོ་སྤྲོད་གནང་བ་བརྒྱུད་ལམ་ཁག་ནས་དྲིལ་བསྒྲགས་ཆེན་པོ་ཞུས་ཡོད་པ་རེད།

ཕྱི་ཚེས་ ༩ ཉིན་སྔ་དྲོ་ཁེ་ཎ་ཌ་ནས་ཕེབས་ཐོན་གནང་སྟེ་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གནང་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ནས་བསུ་བ་སྣེ་ལེན་ཟབ་རྒྱས་ཞུས། ཉིན་གུང་རང་གཞུང་ཨ་རི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རྣམ་པ་བཅས་དང་མཇལ་འཕྲད་གནང་སྟེ་དགོངས་འཆར་བརྗེ་ལེན་གནང༌། དགོང་དྲོ་ཨ་རིའི་རྒྱལ་ཡོངས་རང་དབང་མང་གཙོའི་ལས་འགུལ་ཁང་ནས་སྐུ་མགྲོན་གཙོ་བོ་ཨ་རིའི་སྲིད་འཛིན་སྐུ་ཞབས་སྦུ་ཤུའི་སྐུ་ཟླ་ལོ་ར་སྦུ་ཤུ་མཆོག་དང༌། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཕ་ཌི་ཁཱུ་སིཀ ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང༌། སྲིད་གཞུང་གི་དཔོན་རིགས། འགྲོ་བ་མིའི་ཐོབ་ཐང་དང༌། སྤྱི་ཚོགས་བདེ་དོན་གྱི་ལས་འགུལ་བ། གསར་འགོད་པ་སོགས་འདུས་པའི་འདི་ལཱུའི་རང་དབང་མང་གཙོའི་གཟེངས་རྟགས་ཀྱི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་རྒྱ་ཆེ་ཞིག་གནང་བའི་ཐོག་རང་གཞུང་བཀའ་བློན་ཁྲི་པ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་སྟེ་དབུ་ཁྲིད་རྣམས་དང་ཕན་ཚུན་མཛའ་བརྩེའི་འཚམས་འདྲི་གནང་བ་མ་ཟད། གསོལ་སྟོན་གོ་སྐབས་དང་སྟབས་བསྟུན་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་པའོ་ལ་ཌོབ་རི་ཡན་སི་ཀི་མཆོག་ནས་སྲིད་འཛིན་གྱི་ལྕམ་ལོ་ར་སྦུ་ཤུ་མཆོག་དང༌། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གལ་ཆེའི་མི་སྣ་ཁག་གཅིག་ལ་བཀའ་བློན་ཁྲི་པ་མཆོག་ངོ་སྤྲོད་ཞུས་ཏེ་ཕན་ཚུན་བཀའ་མོལ་ནང་ལྷུག་བྱུང་སྟེ་མཛའ་གྲོགས་འབྲེལ་བའི་རྨང་གཞི་ཧ་ཅང་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་གྲོས་ཚོགས་ཁང་དུ་ཕེབས་ཏེ་གྲོས་ཚོགས་གོང་འོག་གི་འཐུས་མི་སྐུ་ཞབས་ཕན་ཝར་ཕ་མཆོག་དང༌། བྷན་ཇ་མིན་གྷིར་མན། ལྕམ་སྐུ་ཌན་ཕིན་སི་ཌིན། ཧན་རིས་ཧོ་ཌོ་སོགས་སྲིད་དོན་ཚོགས་པ་གཉིས་ཀའི་གནད་ཡོད་འཐུས་མི་ཁག་གཅིག་དང༌། ཁོང་ཚོའི་ལས་བྱེད་བཅས་དང་མཇལ་འཕྲད་གནང་སྟེ་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང༌། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང༌། མང་གཙོའི་བསྒྱུར་བཅོས། ཆོས་དང་རིག་གཞུང་ཀྱི་ངོ་བོ་སྲུང་སྐྱོབ། མི་མང་གི་བདེ་དོན་ལྟ་སྐྱོང་སོགས་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང༌། ད་ཕན་ཨ་རིའི་གྲོས་ཚོགས་དང༌། གཞུང་དམངས་གཉིས་ནས་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། སླད་ཀྱང་ཁྱོན་ཡོངས་ཀྱི་རྒྱབ་སྐྱོར་སྤྱི་དང༌། ལྷག་པར་དེང་སྐབས་གྲོས་ཚོགས་ཀྱི་སྡེ་ཚན་ཁག་ནང་གི་ཞིབ་འཇུག་བརྒྱུད་རིམ་ནང་གནས་ཡོད་པའི་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞེས་པའི་ཡོངས་ཁྱབ་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་གཞི་གལ་ཆེ་ཞིག་ཡོད་པ་དེ་དག་གང་མྱུར་གཏན་འབེབས་ཡོང་ཐབས་སུ་འབོད་སྐུལ་ཤུགས་ཆེ་གནང་བར་རྒྱབ་སྐྱོར་གྱི་ཚུར་སྣང་བརྡ་ལན་ཧ་ཅང་བཟང་པོ་གནང་ཡོད་པ་རེད། དེ་བཞིན་བཀའ་ཁྲི་མཆོག་ནས་རིང་མིན་བོད་དུ་འཚམས་འདྲིར་ཕེབས་འཆར་ཡོད་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་གཅིག་གི་ལས་བྱེད་དང་དུས་ཡུན་ཆུ་ཚོད་གཉིས་ཙམ་གྲོས་མོལ་གནང་སྟེ་བོད་གཞུང་ནས་བོད་ཀྱི་ས་ཁུལ་ཁག་ནང་ཐུགས་སྣང་ཐུགས་འཚབ་སོགས་ཀྱི་གནས་ཚུལ་དང༌། གཞེན་སྐུལ་གནང་སྒོ་འཐུས་ཚང་གནང་བར་འཐུས་མི་ཚོས་ཐུགས་སྣང་ཆེན་པོ་གནང་འདུག ཉིན་གུང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌན་ཕིན་སི་ཌིན་ནས་སྣེ་ལེན་གྱི་གསོལ་སྟོན་རྒྱ་ཆེ་བཏེགས། དགོང་དྲོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བཀའ་བློན་ཁྲི་པ་མཆོག་ལ་གུས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གནང་བའི་ཐོག་སྐུ་མགྲོན་དུ་གྲོས་ཚོགས་འཐུས་མི་གནད་ཡོད་ཁག་དང༌། རྒྱ་གར་དང༌། སོག་པོ། ཐེ་ཝན་བཅས་ཀྱི་གཞུང་ཚབ་ཆེན་མོ་དང༌། ཕ་རན་སི་དང༌། ནོར་ཝེ་སོགས་ཡོ་རོབ་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་ལས་བྱེད། ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ། ཕོ་བྲང་དཀར་པོའི་ལས་བྱེད་ཟུར་པ་གྲགས་ཅན་འཇེམ་སི་སྦལ་ཌར། རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ལྕམ་སྐུ་འཇེམ་ཁི་ཌིཀ་སོགས་གནད་ཡོད་སྐུ་མགྲོན་མང་པོ་ཕེབས་ཡོད་པ་རེད། གྲོས་འཐུས་ལྕམ་སྐུ་ཌན་ཕིན་སི་ཌིན་ནས་བཀའ་ཁྲི་མཆོག་ངོ་སྤྲོད་གནང་བ་མ་ཟད། ཁོང་ནས་དེ་སྔ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐོག་མ་ཞལ་མཇལ་སྐར་མ་ཁ་ཤས་ཐོབ་པའི་གོ་སྐབས་ནས་དད་གུས་ལྷག་པར་འཕེལ་ཏེ་རང་གི་མི་ཚེ་ཧྲིལ་པོ་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་སྐུལ་མ་ཆེན་པོ་བྱུང་བ་དང༌། ད་རེས་སླར་ཡང་བཀའ་ཁྲི་མཇལ་སྐབས་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་སྐུལ་ལྕག་གི་སེམས་འགུལ་ཆེན་པོ་བྱུང་ཞེས་གསུངས་ པ་དང༌། ཡང་ཁོང་ནས་ད་ཕན་ལོ་བཅུ་ཕྲག་རིང་ཁོང་དང་རྒྱ་ནག་སྲིད་འཛིན་ཅང་ཙེ་མིན་བར་སྒེར་གྱི་འབྲེལ་བ་ཡོད་པ་དམ་འཛིན་གནང་སྟེ་རྒྱ་ནག་ལ་ཐེངས་མང་ཕེབས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གཉིས་སྨན་དབུ་མའི་ལམ་གྱི་རླབས་ཆེན་དགོངས་གཞི་ཁག་ཐད་ཀར་བརྡ་ལན་ཐེངས་མང་བྱས་ཏེ་བོད་རྒྱ་གཉིས་བར་གྲོས་མོལ་འགོ་འཛུགས་ཐུབ་ཐབས་སུ་འབད་བརྩོན་ནུས་ཤུགས་གང་ཡོད་བཏོན་ཀྱང༌། རྒྱ་དམར་གྱི་དབང་འཛིན་པ་ཚོས་འོན་པར་སྐད་ཆ་བཤད་པ་ལྟར་བཟང་པོའི་བརྡ་ལན་གང་ཡང་མ་ཞུས་པར་དོན་འབྲས་མ་སོན་པའི་སྐོར་དང༌། ད་དུང་སྐུ་ཚེ་ཧྲིལ་པོར་སྔར་མུས་རྒྱབ་སྐྱོར་གནང་རྒྱུའི་སྐོར་སེམས་འགུལ་ཐེབས་པའི་ངང་གསུངས་པར་དེར་འདུས་ཡོངས་ལ་དམིགས་བསལ་སྐུལ་ལྕག་ཆེན་པོ་བྱུང་འདུག བཀའ་བློན་ཁྲི་པ་མཆོག་ནས་ཨ་རིའི་སྲིད་གཞུང་དང༌། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་མང་བཅས་ནས་ད་ཕན་བོད་དོན་ཐོག་གང་ལ་དེ་འཚམས་ཀྱི་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང༌། རྒྱ་གཞུང་ནས་དེང་སྐབས་བོད་ནང་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ལས་འགུལ་སོགས་དུས་རབས་གསར་པའི་ཆབ་སྲིད་དང༌། ནོར་སྲིད་ཀྱི་གདུག་རྩུབ་ཆེ་བའི་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་འཕེལ་ཕྱོགས་ལ་བལྟས་ན་གང་མྱུར་བོད་ཀྱི་ཡུལ་དང༌། མི་རིགས། རིག་གཞུང༌། སྐྱེ་ཁམས་ཁོར་ཡུག་བཅས་རྩ་བརླག་འགྲོ་བའི་ཉེན་ཁ་སྔར་བས་ཆེ་རུ་འགྲོ་བར་ཕྱོགས་བསྡོམས་ནན་པོ་གནང་སྟེ་ངོ་སྤྲོད་དང༌། བོད་མྱུར་སྐྱོབ་ཡོང་ཆེད་བོད་རྒྱ་གྲོས་མོལ་ཡོང་བའི་འགན་ཁུར་ཆ་ཚང་ལྡན་པའི་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བ་སོགས་བདེན་རྒྱབ་ཀྱི་འབོད་སྐུལ་ཞུས་པར་རྒྱབ་སྐྱོར་གྱི་རྣམ་འགྱུར་གསལ་བར་བསྟན་ཡོད་པ་རེད། ཕྱི་ཚེས་ ༡༡ ཉིན་གྱི་འཛམ་གླིང་དངུལ་ཁང་ཆེན་མོའི་མགྲོན་འབོད་ལྟར་ཕེབས་ནས་རྒྱ་གར་སྡེ་ཚན་གྱི་རྒྱུན་ལས་གཙོ་འཛིན་སྐུ་ཞབས་བི་པི་སིང་ནས་ཉིན་གུང་གསོལ་སྟོན་འདེགས་འབུལ་ཐོག་སྐུ་ཞབས་སིང་མཆོག་དང༌། དངུལ་ཁང་ཆེན་མཱུའི་ཨཕི་རི་ཀ་དང༌། ཡོ་རོབ། ཨེ་ཤི་ཡ་སོགས་སྡེ་ཚན་ཁག་གི་འགན་ཁུར་བ་དང་མཇལ་འཕྲད་གནང་སྟེ་བོད་ནང་འཛུགས་སྐྲུན་དང༌། མ་འཇོག་སོགས་བོད་ཡར་རྒྱས་ལས་དོན་གང་ཞིག་ཡིན་ཡང་བོད་མི་རང་ཉིད་ལ་དོན་དམ་ཕན་ཐོགས་ཡོང་བའི་གཞུང་གི་མཛད་ཕྱོགས་སྐོར་དགོངས་ཚུལ་གསུང་གླེང༌། ཉིན་རྒྱབ་ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ་པའོ་ལ་ཌོབ་རི་ཡན་སི་ཀི་མཆོག་དང༌། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤི་ཡའི་སྡེ་ཚན་ཁག་དང༌། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་བཅས་ཀྱི་འགན་ཁུར་རྣམས་དང་ལྷོད་མཇལ་གནང་སྟེ་ཨ་རིའི་གཞུང་ནས་འགན་ཁུར་ཆ་ཚང་ལྡན་པའི་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་དང༌། བོད་ཕྱི་ནང་བོད་མིའི་བདེ་དོན་ཡར་རྒྱས་ཀྱི་རོགས་རམ་སྔར་ལྷག་ཡོང་ཐབས་སུ་དོན་ཕན་ལྡན་པའི་དགོངས་འཆར་བརྗེ་ལེན་གནང་ཐུབ་པ་བྱུང་ཡོད། བཀའ་ཁྲི་མཆོག་ཝ་ཤིང་ཊོན་དུ་ཉིན་ཞག་གསུམ་བཞུགས་རིང་ད་དུང་ཨ་རི་སྒྲ་སྐད་དང་ཨེ་ཤི་ཡ་རང་དབང་བཅས་བོད་སྐད་རླུང་འཕྲིན་ཁང་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་མཇལ་འཕྲད་དང༌། ལས་རིམ་ཁག་གི་དྲི་བར་བཀའ་ལན། རྒྱལ་སའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། བོད་རིགས་སྤྱི་མཐུན་ཚོགས་པར་གོང་མཚུངས་གསུང་བཤད། གསར་འགྱུར་ལས་རིགས་པར་དྲིས་ལན་བཅས་གནང་སྟེ་ཕྱི་ཚེས་ ༡༢ ཉིན་མི་ནི་སོ་ཌར་ཕེབས་ཐོན་གནང༌།

ཕྱི་ཚེས་ ༡༣ ཉིན་མི་ནི་སོ་ཊར་སྐོང་ཚོགས་གནང་བའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་སྐུ་མགྲོན་གཙོ་བོར་ཕེབས་ནས་ལས་བསྡོམས་སྙན་ཞུ་གསན་བཞེས་གནང་བ་མ་ཟད། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅུ་དྲུག་དང༌། སྐུ་མགྲོན་སོགས་མི་གྲངས་བརྒྱ་ཕྲག་ལ་རང་གཞུང་གི་མཛད་བྱུས་དང་ཕྱག་ལེན་ཁག་སྐོར་གོང་མཚུངས་ལྟར་གསུང་བཤད་དང་དྲི་བར་གསལ་བཤད་གནང༌། ད་དུང་གཞུང་གི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། ཕུལ་བྱུང་གོམས་སྲོལ་སྲུང་སྐྱོབ་ཀྱི་རེ་སྐུལ་གནང་དགོས་ཆ་ཚང་གནང༌། མངའ་སྡེའི་གྲོས་ཚོགས་འཐུས་མི་དང༌། གྲོང་ཁྱེར་སྤྱི་ཁྱབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ། གསར་འགོད་པ་སོགས་ལ་བོད་དོན་གནས་ཚུལ་ངོ་སྤྲོད་དང༌། ད་བར་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་བཅས་རྒྱལ་ཁབ་གསུམ་ནང་གི་གནང་སྒོ་ཁག་ཕུན་སུམ་ཚོགས་པའི་ལེགས་གྲུབ་ཟིན་ནས་ཕྱི་ཚེས་ ༡༤ ཉིན་རྒྱ་གར་དུ་ཕེབས་ཐོན་གནང༌། ད་ལམ་ཕྱི་རྒྱལ་དུ་ཕེབས་པ་ནི་མཛད་ཁུར་བཞེས་རྗེས་ཀྱི་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་ཡིན་པ་བཅས།