བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་མཛད་སྒོར་གནང་བའི་གསུང་བཤད།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་དྷརྨ་ས་ལའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུ་གནང་བ་ལྟར། རིན་པོ་ཆེ་མཆོག་གིས་མང་གཙོ་ཚོགས་པའི་མི་ལོ་ཉི་ཤུའི་བརྙན་དེབ་དབུ་འབྱེད་དང་འབྲེལ་ <<མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་>>ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་གྲས་སུ་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ཧི་མྰ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་མེ་ཇར་ ཝི་ཇཡ་ སིངྒ་ མན་ཀོ་ཊི་ཡ་(Shri. Major Vijay Singh Mankotia)མཆོག་རྣམ་གཉིས་གཙོས། བོད་མི་མང་སྤྱི་འཐུས་ཁག་ཅིག ཚོགས་པ་ཁག་གི་སྐུ་ཚབ། མང་གཙོ་ཚོགས་པའི་དབུས་རྒྱུན་ལས་དང་། དབུས་རྒྱུན་ཟུར་པ། གསར་འགོད་པ། མི་མང་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་མཛད་སྒོར་ཞུགས་ཡོད།
༧སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གིས་མཛད་སྒོའི་སྐབས་སུ་གསུང་བཤད་གནང་དོན། དེ་རིང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། མངའ་སྡེ་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་མན་ཀོ་ཊི་ཡ་མཆོག སྐྱབས་ཡུལ་དགེ་འདུན་པ་རྣམ་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། དྲུང་ཆེ་ལ་སོགས་པའི་མཛད་གཙོ་རྣམ་པ། མཛད་གཙོ་ཟུར་པ་རྣམ་པ། གཞན་ཡང་འདིར་འཛོམས་པའི་མཁྱེན་ལྡན་ཚང་མར་ཐོག་མར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ ༢༠ འཁོར་བའི་དུས་སྟོན་དང་། ད་ལན་ཚོགས་ཆེན་གྱི་མཛད་སྒོ་འདིའི་ཐོག་ལ་མགྲོན་འབོད་གནང་བ་ནང་བཞིན། མང་གཙོ་ཚོགས་པའི་མཛད་གཙོ་ཟུར་པ་རྣམ་པ་དང་། མཛད་གཙོ་ལས་ཐོག་རྣམ་པ་ཚང་མར་སྐྱབས་བཅོལ་བའི་མི་ཚེ་ནང་གི་ལོ་ ༢༠ རིང་ལ། བོད་མི་རིགས་དང་སྤྱི་ཚོགས་ཀྱི་ཆེད་དུ། ལྷག་པར་དུ་མང་གཙོའི་རིང་ལུགས་གོང་འཕེལ་ཡོང་བའི་ཆེད་དུ། ཁྱེད་རང་ཚོས་ཕྱག་ལས་རླབས་ཆེན་གནང་བ་དང་། རྒྱུན་མཐུད་ནས་འབད་བརྩོན་གནང་བ་དེར་ངས་སྙིང་ནས་རྗེས་སུ་ཡི་རང་དང་། བསྔགས་བརྗོད་བསྐྱར་དུ་ཞུ་ཡི་ཡིན།
མི་ཚེའི་ནང་ལོ་ ༢༠ ཟེར་བ་དེ་གཅིག་བྱས་ན་རིང་པོ་འདྲ་པོ་ཞིག་རེད། ཕྲུ་གུ་ཞིག་ལ་ཆ་མཚོན་ན་དར་མ་ཆགས་ཟིན་པའི་དུས་ཡུན་ཞིག་རེད། ལོ་ ༢༠ སྔོན་ལ་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་འཛུགས་གནང་སྟེ་གངས་ཅན་སྐྱིད་གཤོངས་ནང་ལ་ཚོགས་བསྡད་པའི་སྐབས་ཀྱི་བྱུང་རིམ་དེ་དག་ངའི་བསམ་བློའི་ནང་གསལ་པོ་དྲན་གྱི་འདུག
སྐབས་དེ་དུས་བཙན་བྱོལ་བོད་མའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། བོད་ནང་གི་གནས་སྟངས། དེ་ནས་ལོ་ ༢༠ ཕྱིན་པའི་རིང་ནས་ད་ལྟ་བར་ཁྱོན་ཡོངས་ནས་འགྱུར་བ་ག་རེ་ཕྱིན་ཡོད་པ་དེ་དག་གི་བསྡོམས་རྒྱག་རྒྱུ་ཧ་ཅང་ཁག་པའི་གནས་སྟངས་ཤིག་རེད།
དཔེར་ན་ད་ལྟ་གཏམ་བཤད་ཞུ་མཁན་གྱི་གང་ཟག་རང་ཉིད་ལ་ཆ་མཚོན་པ་ཡིན་ནའང་། སྐབས་དེ་དུས་ཀྱི་བསམ་བློ་འཁྱེར་ཕྱོགས་དང་མང་གཙོའི་གོ་རྟོགས་དང་། དེ་རིང་གི་བསམ་བློ་འཁྱེར་ཕྱོགས་དང་མང་གཙོའི་གོ་རྟོགས་དབར་ཁྱད་པ་ཆེན་པོ་ཞེ་དྲག་ཕྱིན་ཟིན་པའི་གནས་སྟངས་ཤིག་རེད། དེ་འདྲ་སོང་ཙང་། དཔེར་ན་ད་ལྟའི་གནས་སྐབས་འདིར་ཆབ་སྲིད་ཀྱི་ཚོགས་པ་གཅིག་གི་ལས་དོན་ཐོག་ལ་ངའི་བཟོ་འདྲ་པོ་ཞིག་གིས་གཏམ་བཤད་དང་། མགྲོན་འབོད་གནང་བ་དེ་གཅིག་བྱས་ན་ཏག་ཏག་བསྡད་མེད་པའི་བཟོ་འདྲ་ཞིག་རེད།
གཅིག་བྱས་ན་ཁྱེད་རང་ཚོས་ངའི་བསམ་ཚུལ་ཆ་ཚང་མ་མཁྱེན་པ་ཡིན་སྲིད་ཀྱི་རེད། མཁྱེན་པ་ཡིན་ནའང་བསམ་ཚུལ་འདྲ་མིན་སྣ་ཚོགས་གོ་བསྡུར་བྱེད་རྒྱུ་དེ་མང་གཙོའི་ལམ་སྲོལ་གྱི་ཆ་ཤས་ཤིག་ཡིན་པ་ད་ལྟ་དམིགས་བསལ་སྐུ་མགྲོན་གྱིས་གསུངས་པ་ནང་བཞིན། བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་བྱེད་རྒྱུའི་ཆེད་དུ་ཡིན་སྲིད་པ་ཞིག་རེད། དེ་འདྲ་སོང་ཙང་ང་རང་སྒེར་གྱི་བསམ་ཚུལ་ག་རེ་ཡིན་པ་དེ་སྦས་བསྐུང་མེད་པར་གསལ་པོ་བྱས་ནས་ཞུ་རྒྱུའི་གོ་སྐབས་བླང་གི་ཡིན།
<<མང་གཙོ་དང་ཁྲིམས་ལུགས་གལ་ཆེ་བའི་རང་བཞིན་>> ཞེས་པའི་སྐོར་ལ་སྐད་ཆ་ཤོད་ཅེས་ང་ལ་བརྗོད་གཞི་དེ་སྤྲད་གནང་བ་ཞིག་རེད། ཁྲིམས་ཀྱི་དབང་སྒྱུར་དང་མང་གཙོ་རིང་ལུགས་ཟེར་བ་དེ་གཉིས་པོ་དེ་སྒོར་མོ་གཅིག་གི་ཕྱོགས་གཉིས་བཟོ་འདྲ་པོ་ཞིག་རེད། ཁྲིམས་ཀྱི་དབང་སྒྱུར་མེད་པ་ཡིན་ན་མང་གཙོ་ཡོང་རྒྱུ་མེད་པ་ཞིག་དང་། མང་གཙོ་མེད་པ་ཡིན་ན་ཁྲིམས་ཀྱི་དབང་སྒྱུར་ཡང་དག་པ་ཞིག་ཡོང་ཐུབ་ཀྱི་མེད་པ་དེ་དངོས་ཡོད་ཀྱི་གནས་སྟངས་རང་རེད།
ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་ཁྲིམས་དེ་ལ་ཡང་གནས་སྟངས་མང་པོ་ཞིག་ཡོད་པ་རེད། རང་བཞིན་གྱི་ཁྲིམས་དང་། མིས་བཟོས་པའི་ཁྲིམས། ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཁྲིམས་སོགས་སྣ་ཚོགས་ཤིག་ཡོད་པའི་ནང་ནས་ད་ལྟའི་གནས་སྟངས་ཀྱི་ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་སྐད་ཆ་བཤད་བསྡད་པ་དེ་དང་། ལྷག་པར་དུ་དྲང་བདེན་ཞེས་སྐད་ཆ་བཤད་བསྡད་པ་དེ་སྐྱེ་བོས་བཅོས་པའམ་མིས་བཟོས་པའི་ཁྲིམས་ལ་གཙོ་ཆེ་བ་འདྲ་པོ་ཞིག་གོ་ཡི་ཡོད་པ་རེད།
ཡིན་ན་ཡང་ལྟ་ཕྱོགས་གཞན་པ་ཞིག་ནས་བྱས་ན། མིས་བཟོས་པའི་ཁྲིམས་དེ་ཡུལ་དུས་གནས་སྐབས་སྣ་ཚོགས་ཤིག་ལ་བལྟོས་ནས་བཟོ་བ་དང་། བཟོ་མཁན་གྱི་མི་དེ་ཚོ་ཡང་ཐམས་ཅད་མཁྱེན་པ་ཞིག་མིན་པ་ཡིན་ཙང་། ཕྱོགས་ཡོངས་ཀྱི་གནས་ཚུལ་མ་རྟོགས་པའི་ཐོག་ནས་བཟོས་པར་བརྟེན། རྗེས་སུའང་ཡང་ནས་ཡང་དུ་བསྐྱར་ཞིབ་ཀྱི་གནས་བབ་དགོས་གལ་ཡོད་པའི་གནས་སྟངས་ཀྱང་ཡོང་སྲིད་པ་ཞིག་རེད།
དཔེར་ན། ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པའི་ཁྲིམས་དེ་གནས་སྟངས་ཤིག་ལ་ཆགས་བཞག་པ་ཡིན་ནའང་། ནང་པའི་གཞུང་ལུགས་ནང་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྲ་ཞིང་ཕྲ་བ་སངས་རྒྱས་ཁོ་ནས་མངོན་སུམ་གྱི་སྤྱོད་ཡུལ་མ་གཏོགས་སྐྱེ་བོ་ཕལ་པས་རྟོགས་ཀྱི་མ་རེད་ཟེར་བ་བཞིན། རང་བཞིན་གྱི་ཁྲིམས་ཀྱི་གནས་སྟངས་དེ་སྐྱེ་བོ་ཕལ་པའི་བསམ་བློའི་རྒྱ་ལས་འགོངས་པ་ཡིན་པ་ཞིག་གསལ་པོ་ཞེ་དྲག་རེད།
དེར་བརྟེན་ཨིན་ཇིའི་སྐད་ལ་ (law) ཟེར་བ་ཞིག་དང་། (morality)ཟེར་བའི་ཚིག་གཉིས་དེ་རིང་སང་ཉིན་ཞེ་དྲག་བགྲོ་གླེང་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་བསྡད་པ་རེད། (morality)ཟེར་བ་དེར་མང་ཆེ་བར་བོད་སྐད་དུ་ཚུལ་ཁྲིམས་ཞེས་ལབ་ཀྱི་ཡོད་པ་རེད། ཚུལ་ཁྲིམས་དང་ཡུལ་གྱི་ཁྲིམས་ལུགས་གཉིས་ཀྱི་དབར་ལ་ཁྱད་པར་ག་རེ་ཡོད་རེད། འགལ་ཟླ་བྱུང་བ་ཡིན་ན་ག་རེ་གཙོ་བོར་བཟུང་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་ད་ལྟའི་དུས་སྐབས་ལ་ཆོས་ལུགས་རིས་མེད་ཀྱི་སྐད་ཆ་དེ་ཞར་ལ་ཤུགས་ཆེན་པོ་རེད། ཆོས་ལུགས་རིས་མེད་ཟེར་བ་དེ་ཨིན་ཇིའི་སྐད་ལ་ (secular, secularism) ཟེར་བ་དེ་ནས་མང་ཆེ་བས་ཆོས་ལུགས་རིས་མེད་ཟེར་བ་དེ་སྐད་ཆ་ཤོད་ཀྱི་ཡོད་པ་རེད། ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་གི་ནང་ལ་ཁྲིམས་བཟོའི་ལས་དོན་ནང་ལ་ཆོས་ཀྱིས་ཇུས་གཏོགས་བྱེད་ཀྱི་རེད་དམ་མ་རེད་ཟེར་བའི་དྲི་བ་དེ་ཤུགས་ཆེན་པོ་ཞེ་དྲག་རེད། ངས་སྔོན་མ་དེ་འདྲ་ལབ་མྱོང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཆེན་པོ་དེ་འདྲ་ཡོད་སར་རྒྱ་གར་དེ་(secular)རྒྱལ་ཁབ་མ་རེད་ཅེས་ལབ་མྱོང་། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། རྒྱ་གར་གྱི་ཡུལ་དེ་ད་ལྟ་ཁོ་རང་ཚོས་རྩ་ཁྲིམས་ཀྱི་སྔོན་གླེང་ནང་བྲིས་པ་ནང་བཞིན་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཡིན་ན། རྒྱ་གར་གྱི་ཁྲིམས་བཟོའི་ལས་དོན་ཐོག་ལ་ཆོས་ལུགས་ཀྱི་ཇུས་གཏོགས་རྩ་བ་ནས་མེད་པ་ཞིག་དགོས་ཀྱི་ཡོད་པ་རེད་དེ། ཡིན་ནའང་གང་ཟག་བྱེ་བྲག་པས་ཁྲིམས་བཟོ་བའི་སྐབས་དང་། ལྷག་པར་དུ་ཆང་ས་དང་མཁར་དབང་བརྡ་ཐོ་ཡི་ཁྲིམས་དེ་ཚོའི་ནང་ཁ་ཆེ་དང་ཁ་ཆེ་མ་ཡིན་པའི་ཧིནྡུ་གཙོས་པའི་ཆོས་ལུགས་གཞན་དག་གི་ཁྲིམས་ལུགས་ཏོག་ཙམ་ལོག་ག་རེད། ཁྲིམས་ལུགས་དེ་ཚོ་བཟོ་བའི་སྐབས་ལ་ཆོས་ཀྱི་གཞུང་ལུགས་དེ་ཚོས་ཐེ་ཇུས་མང་པོ་ཞིག་བྱས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་ཁྲིམས་དེ་བཅོས་མའི་ཁྲིམས་དང་རང་བཞིན་གྱི་ཁྲིམས་གཉིས་ཀྱི་ནང་ནས་རང་བཞིན་གྱི་ཁྲིམས་གཙོ་བོ་བྱེད་དགོས་པ་དེ་དགོས་གལ་ཆེན་པོ་ཞེ་དྲག་རེད་དྲན་གྱི་ཡོད།
གང་ཡིན་ཟེར་ན་རང་བཞིན་གྱི་ཁྲིམས་དེ་ག་རེའི་ཐོག་ལ་ཆགས་བཞག་གི་རེད་ཟེར་ན། ཚུལ་ཁྲིམས་ཀྱི་ཐོག་ལ་ཆགས་བཞག་གི་རེད། ཚུལ་ཁྲིམས་ཟེར་བ་དེ་གཞི་བཟུང་ས་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། ནང་པའི་ལྟ་སྟངས་ལྟར་བྱས་ན། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་དང་མ་ལྡོག་གི་རྣམ་གཞག་ཐོག་ནས་འཇོག་གི་རེད། ནང་པ་ཙམ་མ་ཟད་ཆོས་ལུགས་གཞན་དག་མང་ཆེ་བ་ཞིག་ལ་བལྟས་པ་ཡིན་ནའང་དེ་འདྲ་རེད། ཆོས་ལུགས་རེ་ཟུང་འཚེ་བ་ཆོས་སུ་སྨྲ་བ་ཡོད་པ་མ་གཏོགས། ད་ལྟའི་འཇིག་རྟེན་འདིའི་ཐོག་ཡོད་པའི་ཆོས་ལུགས་གྲགས་ཅན་མང་ཆེ་བ་ཞིག་གིས་འཚེ་བ་ཆོས་སུ་སྨྲ་ཡི་མ་རེད།
དེ་འདྲ་ཡིན་ཙང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་དེ་ཚུལ་ཁྲིམས་ཀྱི་རང་བཞིན་དང་། གཞན་གནོད་གཞི་དང་བཅས་པ་ལས་མ་ལྡོག་པའམ་དེ་དང་འབྲེལ་བ་ཡོད་པ་དེ་ཁྲིམས་འགལ་གྱི་རང་བཞིན་ཞིག་བརྩིས་པ་ཡིན་ན། དེ་འདྲ་ཞིག་གི་ཁྲིམས་ཀྱི་དབང་སྒྱུར་ཞིག་བྱུང་བ་ཡིན་ན། དངོས་གནས་དྲང་གནས་ཡང་དག་པའི་མང་གཙོ་མཐར་ཐུག་དེ་ཡོང་ཐུབ་ཀྱི་ཡོད་པ་དེ་ང་ཚོས་ཚོད་དཔག་འདྲ་པོ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག
ལོ་ ༢༠ སྔོན་གྱི་ངའི་བསམ་ཚུལ་དང་ད་ལྟའི་ངའི་བསམ་ཚུལ་འདྲ་ཡི་མེད་ཞུ་དགོས་པའི་རྒྱུ་མཚན་ནམ་དོན་དག་དེ་ག་རེ་རེད་ཟེར་ན། བཅའ་ཁྲིམས་ཟིན་བྲིས་བརྒྱབས་པའི་སྐབས་དང་དེའི་གཡས་གཡོན་གྱི་དུས་ཚོད་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་ལག་ལེན་བསྟར་བཞིན་པའི་མང་གཙོའི་ལམ་སྲོལ་དེ་ཚད་དང་ལྡན་པའམ་ཡང་དག་པའི་མང་གཙོའི་ལམ་སྲོལ་གཙང་མ་ཞིག་ཆགས་ཀྱི་ཡོད་པ་མ་རེད་གསུང་མཁན་མང་པོ་རེད། གསུང་མཁན་དེ་ཚོའི་ནང་ལ་རྒྱུ་མཚན་གཙོ་བོ་གཉིས་བགྲང་གི་ཡོད་པ་རེད།
རྒྱུ་མཚན་གཅིག་དེ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་རེད། ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་ཕྱིན་པ་ཡིན་ན། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་གི་མེད་པ་དང་། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་བར་ཆོས་ལུགས་རིས་མེད་ངེས་པར་དུ་དགོས་ཀྱི་ཡོད་པའི་བལྟ་ཕྱོགས་ཤིག་ཡོད་རེད། ལོ་ ༢༠ སྔོན་དུ་བལྟ་ཕྱོགས་དེར་ངས་བརྒྱ་ཆ་བརྒྱ་ཐམ་པ་འདོད་མོས་བྱེད་ཀྱི་མེད་ནའང་ཕྲ་ལ་ཕྲན་བུས་གཅིག་བྱས་ན་དེར་རྒྱུ་མཚན་ཡོད་པ་རེད་དྲན་གྱི་ཡོད།
གནས་ཚུལ་གཞན་པ་ཞིག་ག་རེ་ཤོད་ཀྱི་ཡོད་པ་རེད་ཟེར་ན། ཆབ་སྲིད་ཀྱི་ཚོགས་པ་མང་པོ་མེད་པ་ཡིན་ན། ཆབ་སྲིད་ཀྱི་ཚོགས་པ་མེད་པའི་སྤྱི་ཚོགས་ཤིག་གི་ནང་ལ་མང་གཙོ་ཡང་དག་པ་ཡོང་གི་མ་རེད་ཟེར་བ་དེ་འདྲའི་རྒྱུ་མཚན་ཤོད་མཁན་མང་པོ་རེད། Multi-Party System དེ་མང་གཙོ་ཡང་དག་པར་ཡོང་བར་སྐས་འཛེག་དང་པོ་འདྲ་པོ་ཞིག་ཡིན་པའི་བསམ་ཚུལ་འཁྱེར་མཁན་ཡོད་པ་རེད།
དེ་འདྲ་སོང་བ་ཡིན་ཙང་དེ་དུས་ང་རང་གི་བསམ་ཚུལ་ནང་ལའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་ཆབ་སྲིད་ཀྱི་ཚོགས་པ་མང་དག་ཅིག་བྱུང་བ་ཡིན་ན། བོད་པའི་མང་གཙོ་འཕེལ་རིམ་ལ་ཏན་ཏན་ཞབས་འདེབས་འགྲོ་ཡི་རེད་བསམ་པའི་བསམ་ཚུལ་ཁྱེར་མྱོང་།
ཡིན་ནའང་རིམ་པས་སློབ་སྦྱོང་དང་ཉམས་མྱོང་བསགས་པའི་སྐབས་ལ། ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་དེ་མཐའ་མ་ཤར་གླིང་ཨེ་ཤི་ཡའི་ནང་མང་གཙོར་འགྲོ་མཁན་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་ལམ་ལྷོང་བྱུང་ཡོད་པ་མ་རེད། དང་པོ་དེ་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་ནང་ལ་གཅིག་བྱས་ན་ཕན་ཐོགས་ཆེན་པོ་དང་ལམ་ལྷོང་བྱུང་ཡོད་ཀྱི་རེད་བསམ་གྱི་འདུག ད་ལྟའི་གནས་སྐབས་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོའི་ནང་ལའང་ཆབ་སྲིད་ཀྱི་ཚོགས་པ་གཉིས་ཀྱི་ཐོག་ནས་གདམ་ཀ་དགོས་པ་དང་། ཆབ་སྲིད་ཚོགས་པ་མང་པོ་ཡོད་པ་གཉིས་ཀའི་ཚོད་བལྟ་དེ་ཆང་ཚང་ཟིན་པའི་སྐབས་ཤིག་རེད། ཆབ་སྲིད་ཀྱི་ཚོགས་པ་གཅིག་གིས་ཟིན་པའི་ཡུལ་ཁམས་ཤིག་ཡིན་པ་ཡིན་ན། དེ་མང་གཙོ་མ་རེད་ཅེས་ལབ་རྒྱུ་སྟབས་བདེ་པོ་རེད། གཅིག་སྡུད་དབང་འཛིན་གྱི་རིང་ལུགས་ཤིག་ཡིན་པ་དེ་གསལ་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་ཚོགས་པ་གཉིས་སམ་གཉིས་ལས་མང་བ་མེད་ན་མང་གཙོའི་རིང་ལུགས་ཡང་དག་པ་ཡོང་གི་མ་རེད་ཟེར་བ་དེ་དཔྱད་གཞི་ཞིག་རེད་འདུག
བདག་ཉིད་ཆེན་པོ་གནྡྷྰིས་རྒྱ་གར་རང་བཙན་རྩོད་ལེན་གནང་བའི་སྐབས་ལ་རང་བཙན་གྱི་ཚིག་བེད་སྤྱོད་མ་གནང་བར་རང་སྐྱོང་གི་ཚིག་བེད་སྤྱོད་གནང་བ་རེད། སྭརཱཇ་ (Swaraj) ཟེར་བའི་ཚིག་དེ་བེད་སྤྱོད་གནང་བ་རེད། ༡༩༠༩ ལོར་ཧིནྡ་ སྭརཱཇ་ (Hindi Swaraj) ལྗགས་རྩོམ་གནང་བ་རེད། དེའི་ནང་ལ། ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ཚོགས་པ་གཉིས་སམ་མང་པོ་ཡོད་པའི་གྲོས་ཚོགས་རིང་ལུགས་ཀྱི་མང་གཙོ་དེ་ཡང་དག་པའི་མང་གཙོ་ཡོང་ཐབས་ཡོད་པ་མ་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་གསུངས་ཡོད་པ་རེད། ང་རང་ཚོ་ན་གཞོན་ཚོའི་ནང་ནས་ཀྱང་གནྡྷྰིའི་སྭརཱཇ་ལྗགས་ཀློག་གནང་དང་ཡག་པོ་ཡོད་པ་རེད། དེ་བོད་སྐད་ཐོག་ལ་ཡོད་པ་མ་ཟད། ཧིནྡྰི་དང་། ཨིན་ཇི་སོགས་རྒྱ་གར་གྱི་སྐད་ཡིག་མང་པོའི་ཐོག་ལ་ཡོད་རེད། དེ་ལྗགས་ཀློག་གནང་ཞེས་ངས་འབོད་སྐུལ་ཞུ་བ་དེས་བོད་རིགས་ན་གཞོན་ཚང་མས་གནྡྷྰིའི་དགོངས་ཚུལ་ལ་མོས་མཐུན་བྱེད་དགོས་པ་རེད་ཅེས་ཞུ་ཡི་མེད།
གནྡྷྰིའི་དགོངས་ཚུལ་དེ་རླབས་ཆེན་གྱི་དགོངས་ཚུལ་ཞིག་རེད། རླབས་ཆེན་གྱི་དགོངས་ཚུལ་དེ་ང་ཚོས་རྟོགས་པ་ཡིན་ན། དེ་ལ་མོས་མཐུན་མ་བྱས་པར་དགག་བྱ་བྱེད་པ་ཡིན་ནའང་དགག་བྱ་བྱེད་པར་རང་རང་སོ་སོས་འགོད་རྒྱུའི་རྒྱུ་མཚན་ཞིག་བསམ་བློ་གཏོང་དགོས་ཀྱི་རེད། མོས་མཐུན་བྱས་པ་ཡིན་ནའང་རྒྱུ་མཚན་ཤེས་པའི་ཐོག་ནས་མོས་མཐུན་བྱེད་དགོས་པ་ཞིག་རེད། གནྡྷྰིའི་དགོངས་ཚུལ་ཁྱོན་ནས་མ་ཤེས་པ་དང་གནྡྷྰིས་ག་རེ་གསུངས་ཡོད་པ་མ་རྟོགས་པའི་ཐོག་ནས་དགག་བྱ་བྱེད་པ་དང་། ཁས་ལེན་བྱེད་པ་གཉིས་ཀ་བྱབ་གང་ཡང་མ་བྱུང་བ་རེད། དེའི་རྗེས་ལ་ཕལ་ཆེར་ ༡༩༢༦ ཡིན་པ་ཡོད། མ་དྷ་ར་སི་ཚོགས་ཆེན་སྐབས་ལ་གནྡྷྰི་ཡོད་པ་མ་རེད། ཀོང་རེ་སིས་དེའི་སྐབས་ལ་རང་བཙན་གྱི་གྲོས་ཆོད་བཞག་པ་རེད། རང་བཙན་གྲོས་ཆོད་བཞག་པའི་རྗེས་ལ་གནྡྷྰི་དང་ནེཧ་རཱུའི་དབར་ལ་ཡིག་འབྲེལ་མང་པོ་ཞིག་ཡོད་པ་རེད། དེ་ང་རང་ཚོའི་ན་གཞོན་ཚོས་ངེས་པར་དུ་གཟིགས་དགོས་པ་ཞིག་རེད། ནེཧ་རཱུས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། གནྡྷྰིས་སྭརཱཇ་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། བྱས་ཙང་གནྡྷྰིས་ཧ་རི་ཇྰན་གྱི་ནང་ལ་ Swaraj Versus Independence ཞེས་པའི་རྩོམ་ཡིག་རིང་པོ་ཞིག་བྲིས་ཡོད་རེད། གནྡྷྰིས་སྭརཱཇ་ཡི་གོ་དོན་གང་འདྲ་ཞིག་ལ་དགོངས་ཀྱི་ཡོད་པ་དང་། ཀོང་རི་སིས་རང་བཙན་ཐོག་ལ་གྲོས་ཆོད་བཞག་པ་དེས་གནྡྷྰིའི་དགོངས་པ་དང་མ་མཐུན་པ་དེར་རྒྱུ་མཚན་ག་རེ་ཡོད་པ་དེ་གཉིས་དབར་བགྲོ་གླེང་རིང་པོ་ཞིག་ཡོད་པ་རེད། དེ་ངེས་པར་དུ་ང་ཚོས་མཁྱེན་དགོས་པ་ཞིག་རེད།
ངས་ད་ལྟ་བསྡོམས་བརྒྱབས་ནས་ག་རེ་ཞུ་ཡི་ཡོད་ཟེར་ན། ཆབ་སྲིད་ཀྱི་ཚོགས་པ་མང་པོའི་དགོས་མཁོ་དེ་གང་འདྲ་བྱས་ནས་བྱུང་བ་རེད། བྱུང་རབས་ཀྱི་འཕེལ་རིམ་དང་བསྟུན་ནས་བསམ་བློ་བཏང་བ་ཡིན་ན། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ལ་མི་མང་ཉུང་ག་ཚོད་ཅིག་ཡོད་པ་ཡིན་ནའང་མི་དེ་ཚོའི་ཁམས་དང་བསམ་པ་དང་མོས་པ་དང་བག་ལ་ཉལ་གཅིག་པ་ཡིན་པའི་ངེས་པ་ཡོད་པ་མ་རེད། གཅིག་པ་མིན་པ་གཏན་འཁེལ་བ་འདྲ་པོ་ཞིག་རེད། “མི་སུམ་ཅུར་བསམ་པ་སུམ་ཅུ། །མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ། །” ཞེས་གནའ་སྔ་མོ་ང་ཚོ་བོད་པའི་གཏམ་དཔེ་ནང་ཡོད་པ་ནང་བཞིན་མི་སུམ་ཅུ་འཛོམས་པ་ཡིན་ན་བསམ་ཚུལ་སུམ་ཅུ་ཡོད་པ་དེ་བཤད་མི་དགོས་པ་འདྲ་པོ་ཞིག་རེད།
མང་གཙོ་ཐོག་མར་དར་ཁྱབ་བྱུང་བའི་སྐབས་ལ་བསམ་ཚུལ་མི་འདྲ་བ་མང་པོ་ཡོད་པའི་སྤྱི་ཚོགས་ནང་ནས་བསམ་ཚུལ་མཐུན་པ་དང་། ལྟ་བ་མཐུན་པ། ང་ཚོ་འདུལ་བའི་སྐད་ཆ་བཤད་པ་ཡིན་ན་རྟགས་མཐུན་མཚན་མཐུན་ཟེར་བ་ལྟ་བུ་དེ་ཚོ་རུབ་རུབ་བྱས་ནས་ཚོགས་སྡེ་ཞིག་ཆགས་པ་ཡིན་ན། ཚོགས་སྡེ་དེས་རང་དང་ལྟ་བ་མཐུན་པའི་གང་ཟག་གི་བསམ་སྤྱོད་ཀྱི་མངོན་པ་མཚོན་པ་བྱེད་ཀྱི་ཡོད་པ་དང་། དེ་མངོན་པ་མཚོན་པའི་ཐོག་ནས་དེ་དང་བསམ་ཚུལ་མཐུན་པ་ཚང་མའི་མངོན་འདོད་དེ་རྒྱལ་ཁབ་ཀྱི་མི་རིགས་ཀྱི་འཛིན་སྐྱོང་ནང་ལ་མངོན་པར་གསལ་བ་བྱེད་ཐུབ་པའི་ཆེད་དུ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་དགོས་པའི་གནས་སྟངས་དེ་འདྲ་རེད། ཡིན་ནའང་གང་ཟག་གི་ཁ་མངོན་བསམ་པ་མི་མཐུན་པ་དེ་དག་དགྲ་ཙམ་ལ་བཞག་པ་དང་། ཁམས་མོས་བསམ་པ་མི་མཐུན་པ་དེ་དག་མཐུན་པ་བྱས་ནས་རུབ་རུབ་བཟོས་ནས་ཆབ་སྲིད་ཀྱི་ཚོགས་པ་བཟོས་ནས་ཡོང་བ་དེ་གཉིས་ནི། མིའི་བཟང་སྤྱོད་ཀྱི་གནས་ཚད་མཐོ་པོ་ཡོད་སའི་སྤྱི་ཚོགས་ཤིག་གི་ནང་ལ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པ་ཡིན་ནའང་འགྲིག་གི་ཡོད་པ་རེད། ཡིན་ནའང་མིའི་བཟང་སྤྱོད་ཀྱི་གནས་ཚད་དམའ་པོ་ཡོད་པའི་སྤྱི་ཚོགས་དེ་ཚོའི་ནང་ལ་ཆབ་སྲིད་ཀྱི་ཚོགས་པ་ཟེར་བ་དེ་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་འགལ་ཟླ་བྱེད་ཀྱི་ཡོད་པ་རེད། འགོག་རྐྱེན་བྱེད་ཀྱི་ཡོད་པ་རེད།
དེ་ཞིབ་ཚགས་པོ་བྱས་ནས་འགྲོ་བའི་གོ་སྐབས་ཡོད་མ་རེད་དེ། ངས་ཕྱོགས་བསྡོམས་ཙམ་ཞིག་ཞུས་པ་ཡིན་ན། ཇཡ་ པྲ་ཀཱཤ་ ནཱ་རཱ་ཡཎ་(Jay Prakash Narayan) རྒྱ་གར་གྱི་དབུ་ཁྲིད་གྲགས་ཅན་ཞིག་རེད། ང་ཚོ་བོད་པའི་ཐོག་ལའང་ཐུགས་སྣང་ཡོད་མཁན་ཞིག་རེད། ཇཡ་ པྲ་ཀྰཤ་ ནཱ་རཱ་ཡཎ་གྱིས་ཆབ་སྲིད་ཀྱི་ཚོགས་པ་མེད་པའི་མང་གཙོ་(Party-less Democracy) ཟེར་བའི་དེབ་ཆུང་ཆུང་ཞིག་བྲིས་གནང་ཡོད་པ་རེད། དེ་ཁོང་གི་སྐུ་ཚེའི་སྨད་སྐུ་གཟུགས་སྐྱོ་པོ་ཆགས་ཚར་བའི་རྗེས་ལ་དགོངས་པ་མ་རྫོགས་གོང་ལོ་གཅིག་ཙམ་གྱི་སྔོན་དེར་བྲིས་གནང་བ་ཞིག་རེད། དེའི་ནང་ལ་ག་རེ་གསུངས་ཡོད་རེད་ཟེར་ན། ཤར་གླིང་གི་རྒྱལ་ཁབ་ཚང་མའི་ནང་ལ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་ལམ་སྲོལ་དེ་ལམ་དུ་རྒྱུག་པོ་བྱུང་ཡོད་པ་མ་རེད་ཅེས་རྒྱུ་མཚན་མང་པོ་བཀོད་ཡོད་པ་རེད།
ཁོང་གིས་བཀོད་པའི་རྒྱུ་མཚན་ཚང་མར་འགྲོ་མི་དགོས་པར་ཁོང་གི་དཔེ་མཚོན་ཞིག་ང་རང་གི་ཉམས་མྱོང་ཐོག་ནས་ཞུས་པ་ཡིན་ན། ངའི་ངོ་ཤེས་པ་ཐའེ་ཝན་གྱི་སློབ་དཔོན་ཆེན་མོ་ཞིག་ཡོད། ཁོ་རང་ཆབ་སྲིད་ཚན་རིག་གི་སློབ་དཔོན་རེད། ང་གཉིས་ཝཱ་རཱ་ཎ་སཱིར་ཐེངས་གཅིག་ཐུག་པའི་སྐབས་ལ། ངས་ཁོ་རང་ལ་བཀྲིས་བདེ་ལེགས་ཞུས་པ་ཡིན། ད་ཁྱེད་རང་ཚོ་ཐའེ་ཝན་ལ་མི་གསོད་ཁྲག་སྦྱོར་མ་དགོས་པའི་ཐོག་ནས་ཡང་དག་པའི་མང་གཙོ་ཐོག་ལ་ཕེབས་ཐུབ་པ་རེད། ད་ཐད་ཀར་འོས་འདེམས་བྱེད་པའི་ལམ་ཁ་ཡོད་པ་རེད། ཞེ་དྲག་ཡག་པོ་བྱུང་བ་རེད། བཀྲིས་བདེ་ལེགས་ཡོད་ད་ཞེས་ཞུས་པ་ཡིན། དེ་དུས་ཐའེ་ཝན་མང་གཙོར་ཕྱིན་ཚར་ཙམ་རེད། གང་འཚམས་བར་དུ་ལན་མ་བརྒྱབས་པར་གདོང་ནག་པོ་བསྟན་ནས་བཞུགས་སོང་། ང་དེར་ཡ་མཚན་པོ་འདྲ་ཞིག་བྱུང་། ཁྱད་མཚར་ཁོང་མང་གཙོ་ལ་མི་དགའ་མཁན་ཞིག་ཡིན་ནམ་ག་རེ་ཡིན་ནམ་བསམ་པ་ཞིག་བྱུང་།
ཏོག་ཙམ་རྗེས་ཁོང་གིས་དབུགས་རིང་ཞིག་བཏང་ནས། རེད། ད་ང་ཚོས་འོས་ཤོག་བླུག་རྒྱུ་དང་ཆབ་སྲིད་ཀྱི་ཚོགས་པ་འགྲན་སྡུར་བྱེད་པའི་སྐབས་ཤིག་ལ་སླེབས་ཚར་བ་རེད། དེ་ང་ཚོར་ཡག་བ་བྱུང་ཡོད་ན་སྡུག་པ་བྱུང་ཡོད་ན་ལབ་ཐུབ་ཀྱི་མི་འདུག་ཟེར། ག་རེ་ཡིན་ནམ་ཞེས་དྲིས་པ་ཡིན། ང་ཏོག་ཙམ་འདྲོགས་སོང་། སྔ་མོ་ཡིན་ན་ཕྲན་བུ་གཉའ་གནོན་དང་བཙན་དབང་ཡོད་པ་རེད་ཟེར། དོ་དམ་པོ་ཡོད་རེད་ཟེར། ཡིན་ནའང་མི་ཚང་མས་བསམ་བློ་གཏོང་བ་དེ་རྒྱལ་ཁབ་དང་མི་རིགས་རྐྱང་པར་བསམ་བློ་གཏོང་གི་རེད་ཟེར། ད་ལྟ་ང་ཚོ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོའི་ནང་སླེབས་པ་ཡིན་ཙང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན་དེ་གྲལ་རིམ་གཉིས་པར་མར་ཟག ཆབ་སྲིད་ཀྱི་ཚོགས་པའི་ཁེ་ཕན་དེ་གྲལ་རིམ་དང་པོར་ཡར་སླེབས་ཡོད་པ་རེད།
ཚོགས་པའི་ནང་ཡོད་པའི་མི་ཚང་མས་ཆབ་སྲིད་ཀྱི་ཚོགས་པ་དེའི་ཁེ་ཕན་གང་འདྲ་བྱས་ནས་སྲུང་སྐྱོབ་བྱེད་དགོས་མིན་དང་། གང་འདྲ་བྱེད་ནས་སྒྲུབ་དགོས་པ། གང་འདྲ་བྱས་ནས་ལག་ལ་འཁེལ་བ་བྱེད་དགོས་པ་དེ་འདྲའི་བསམ་བློ་གཏོང་མཁན་མང་བ་ཆགས་དུས། ང་འདྲ་བའི་རྒན་འཁོགས་མང་པོས་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། ཅེས་དེ་འདྲ་ཟེར་གྱི་འདུག
ཇཡ་ པྲ་ཀྰཤ་ ནཱ་རཱ་ཡཎ་གྱིས་གསུངས་པ་དེ་ག་རང་རེད། རྒྱ་གར་ང་ཚོའི་དཔེ་མཚོན་ཙམ་ཞིག་རེད། དེ་འདྲ་ཡིན་ཙང་ཧིནྡ་ སྭརཱཇ་ (Hindi Swaraj) ནང་ལ་གནྡྷྰི་ཡིས་གྲོས་ཚོགས་ལམ་ལུགས་ལ་ཚིག་ངན་པ་ཞིག་བེད་སྤྱོད་གནང་ཡོད་པ་རེད། ཚིག་ངན་པ་བེད་སྤྱོད་གནང་དགོས་པའི་རྒྱུ་མཚན་དེ་ད་ལྟ་ང་ཚོ་རྒྱ་གར་གྱི་རྒྱ་གར་རང་བཙན་བྱུང་ནས་ལོ་ ༦༨ ཕྱིན་པའི་ཉམས་མྱོང་ལ་ཕྱིར་བལྟས་སློག་པ་ཡིན་ན་གསལ་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག
རྒྱ་གར་རང་བཙན་བྱུང་བའི་རྗེས་ལ་རྩ་ཁྲིམས་ཡག་པོ་ཞེ་དྲག་ཅིག་བཟོས་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་དེའི་ནང་ལ་རིགས་དང་རུས་ཀྱི་དབྱེ་བ་ཆ་ཚང་མེད་པ། ཆོས་ལུགས་ཀྱི་དབྱེ་བ་དང་འཐེན་འཁྱེར་ལ་སོགས་པ་མེད་པ། དབུལ་ཕྱུག་གི་དབྱེ་བ་མེད་པ་འདྲ་མཉམ་ཡོང་བའི་གནས་ཚུལ་མང་པོ་ཞིག་བཀོད་ཡོད་རེད་དེ། ཡིན་ནའང་ད་ལྟ་རྒྱ་གར་ནང་ལ་རིགས་ཀྱི་དབྱེ་བ་ཕྱེ་བའི་ལམ་སྲོལ་དེ་ད་དུང་རྩ་མེད་དུ་འགྲོ་ཐུབ་ཡོད་པ་མ་རེད། དབུལ་ཕྱུག་བར་གྱི་དབྱེ་བ་དེ་ཡང་རྩ་མེད་དུ་འགྲོ་ཐུབ་ཡོད་པ་མ་རེད། སྐད་ཡིག་དབར་གྱི་དབྱེ་བ་དེ་ཡང་རྩ་མེད་དུ་འགྲོ་ཐུབ་ཡོད་མ་རེད། ས་ཁུལ་ཡས་མས་ཀྱི་ཤར་ཕྱོགས་དང་ནུབ་ཕྱོགས་ལྷོ་ཕྱོགས་བྱང་ཕྱོགས་ཀྱི་དབྱེ་བ་དེ་ཡང་རྩ་མེད་དུ་ཕྱིན་ཡོད་མ་རེད། མ་ཕྱིན་པའི་ཐོག་ལ་ད་དུང་སྔར་ལས་གསལ་བ་དང་སྔར་ལས་དམ་པ་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད།
ཆོས་ལུགས་ཁག་གིས་ཆབ་སྲིད་ཐོག་ཇུས་གཏོགས་བྱེད་པ་དང་། ཆོས་ལུགས་ཆབ་སྲིད་ནང་བེད་སྤྱོད་བཏང་ནས་སྤྱི་ཚོགས་ནང་དབྱེ་བ་འབྱེད་པ་དེ་ཞེ་དྲག་མང་དུ་ཕྱིན་པ་རེད། ལྐོག་ཟ་རུལ་སུངས་ཞེ་པོ་མང་དུ་ཕྱིན་པ་རེད། མང་དུ་ཕྱིན་པ་ཙམ་དུ་མ་ཟད་པའི་ལྐོག་ཟ་རུལ་སུངས་དེ་དག་ཁྲིམས་མཐུན་བཟོ་རྒྱུའི་ལམ་ཁ་ཡང་བཙལ་བདེ་རུ་ཕྱིན་པ་རེད། དེ་ཚོ་ཚང་མ་གང་ལ་ཐུག་འདུག་ཟེར་ན། Swaraj Versus Independence ཞེས་པའི་ནང་ལ་གཟིགས་པ་ཡིན་ན་གསལ་པོ་ཆགས་ཐུབ་ཀྱི་རེད། དེ་ཚོ་ཚང་མ་དང་པོའི་གནས་སྐབས་ལ་རང་རང་སོ་སོའི་ཆབ་སྲིད་ཚོགས་པའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་བཟུང་ནས་ཕྱག་ལས་གནང་བ་ཡིན་ཙང་། དེའི་དབང་གིས་རིགས་དང་རུས་ཀྱི་དབྱེ་བ་དེ་ཚོ་ཡང་འོས་ཤོག་བླུག་མཁན་གྱི་བང་མཛོད་དུ་ (vote bank) ཟེར་བར་བཟོ་ཐུབ་ཀྱི་ཡོད་རེད། ཆོས་ལུགས་ཀྱི་ཐོག་ནས་དང་། སྐད་ཡིག་གི་ཐོགནས། ས་གནས་ཀྱི་ཐོག་ནས་བཟོ་ཐུབ་ཀྱི་ཡོད་རེད། དེ་ཚོ་ཚང་མ་བཟོ་ཡི་ཡོད་པའང་ང་ཚོས་ཧ་ཅང་གསལ་པོ་རྟོགས་ཐུབ་ཀྱི་ཡོད་རེད།
ལྐོག་ཟ་རུལ་སུངས་བྱེད་མཁན་དེ་ཚོ་མང་ཆེ་བས་ཚོགས་པའི་མཐུན་རྐྱེན་ནང་བཏང་བ་ཡིན་ཟེར་ནས་ཚང་མ་ཐར་གྱི་ཡོད་པ་རེད། གནས་ཚུལ་མང་པོ་ཞིག་ཆབ་སྲིད་ཀྱི་ཚོགས་པའི་དཔལ་འབྱོར་འདུ་འགོད་ཁ་ལ་འཁྱེར་ནས་བློ་ཡུལ་ལས་འདས་པའི་ལྐོག་ཟ་རུལ་སུངས་བྱེད་ཐུབ་པའི་གནས་སྟངས་དེ་འདྲ་ཡོང་གི་ཡོད་རེད། དེ་འདྲ་སོང་བ་ཡིན་ཙང་ཇཡ་ པྲ་ཀྰཤ་ ནཱ་རཱ་ཡཎ་དང་ལྷག་པར་དུ་གནྡྷྰིའི་ཧིནྡ་ སྭརཱཇའི་འགྲེལ་པ་དང་མཚུངས་པ་འདྲ་པོ་ཞིག་ཨཱཙཱརྱ་ཝི་ནོ་བཱ་ བྷཱ་ཝེ་ཡིས་ (Acharya Vinoba Bhave) Swaraj Shastra <<རང་སྐྱོང་གི་བསྟན་བཅོས་>> ཟེར་བ་དེའི་ནང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་ཚིག་དེ་བསྟན་བཅོས་ཀྱི་ཚིག་རང་ཡིན་པས་མཁྲེགས་པོ་ཡོད་རེད།
གང་ལྟར་བསྡོམས་བརྒྱབས་ནས་ཞུས་པ་ཡིན་ན། ད་ལྟ་འཇིག་རྟེན་འདིའི་ཐོག་ལ་མངོན་པར་མི་གསལ་བའི་འཐབ་རྩོད་ཤུགས་ཆེན་པོ་ཞིག་ཡོད་རེད། དེ་ག་རེ་རེད་ཟེར་ན། དེང་རབས་དང་སྲོལ་རྒྱུན་གཉིས་དབར་གྱི་འཐབ་རྩོད་ཅིག་རེད། དེང་རབས་ཟེར་དུས། (modern, modernity, modernization) རེད། Modern ཞེས་པ་དེའང་ modern, ultra-modern, post-modern ཞེས་དབྱེ་བ་འབྱེད་པ་ནས་དེ་རིང་སང་ཉིན་ང་ཚོ་ post modern ནང་ལ་ཡོད་མདོག་མདོག་བྱེད་ཀྱི་ཡོད་རེད། སྲོལ་རྒྱུན་ལ་ཀླད་པ་ལྗང་ཁུ་ལ་སོགས་པ་བཤད་ཀྱི་ཡོད་པ་རེད།
སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་དབར་ལ་གཞི་རིམ་གྱི་འགལ་ཟླ་བཞི་ལྔ་ཞིག་ཡོད་པ་རེད། གཞི་རིམ་གྱི་འགལ་ཟླ་བཞི་ལྔ་དེ་ག་རེ་རེད་ཟེར་ན། སྲོལ་རྒྱུན་ནང་ལ་ལུས་དང་སེམས་གཉིས་པོ་དེ་འདྲ་མཉམ་བརྩི་ཡི་རེད། ལུས་ལ་ཇི་ཙམ་གསོ་སྐྱོང་དགོས་པ་ནང་བཞིན་སེམས་ལའང་གསོ་སྐྱོང་དགོས་པ་རེད། བྱས་ཙང་ལུས་སེམས་གཉིས་པོ་དེ་འདྲ་མཉམ་བརྩིས་ནས་འགྲོ་དུས་མིའི་སྤྱི་ཚོགས་དང་གང་ཟག་བྱེ་བྲག་པའི་ཡར་རྒྱས་འགྲོ་སྟངས་ཀྱི་ལམ་ཁ་ལོགས་ཀ་ཞིག་རེད། ལུས་གཅིག་པུར་གཙོ་བོ་ཟིན་པ་མ་གཏོགས་སེམས་ལ་ཁྱོན་ནས་དོ་སྣང་བྱེད་མི་དགོས་པ་དེ་དེང་རབས་ཀྱི་འགྲོ་སྟངས་དེ་རེད།
དེ་ག་ནང་བཞིན་རང་དང་གཞན། སྲོལ་རྒྱུན་ནང་ལ་རང་གཞན་མཉམ་པ་དང་། ད་དུང་ཐེག་པ་ཆེན་པོའི་ནང་ལ་ཡར་ཕྱིན་པ་ཡིན་ན། བདག་གཞན་མཉམ་པ་དང་བདག་གཞན་བརྗེ་བ་ཟེར་བ་དེ་གོ་རིམ་འདྲ་པོ་གཉིས་རེད། བདག་གཞན་མཉམ་པ་ཟེར་དུས་ཚང་མ་གཅིག་གྱུར་བརྩི་ཡི་ཡོད་པ་རེད། བདག་གཞན་བརྗེ་བ་ཟེར་དུས་ད་ལྟ་བོད་ཕྲུག་ཁྱིམ་སྡེའི་རྩིག་པ་དེ་ཚོར་<<རང་ལས་གཞན་གཅེས།>> ཞེས་བྲིས་འདུག་ག དེ་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ཤིག་རེད།
གཉིས་པ་དེ་སྤྱི་དང་སྒེར། གང་ཟག་སྒེར་ལས་སྤྱི་ཚོགས་གལ་ཆེ་བ། གཉིས་ཀ་གལ་ཆེན་པོ་རེད་དེ་གདམ་ཁ་བྱེད་དགོས་བྱུང་ནས་སྤྱི་པ་དེ་གལ་ཆེ་བ་བརྩི་བ་རེད།
གསུམ་པ་དེ་ལས་འགན་དང་ཐོབ་ཐང་། དེང་རབས་ཀྱི་ནང་ལ་ཐོབ་ཐང་གི་སྐད་ཆ་མ་གཏོགས་ལས་འགན་གྱི་སྐད་ཆ་ཡོད་པ་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་>>ཟེར་བ་མ་གཏོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<འགྲོ་བ་མིའི་ལས་འགན་གྱི་གསལ་བསྒྲགས་>>ཟེར་བ་ཞིག་ཡོད་པ་མ་རེད། དགོས་ཀྱི་ཡོད་པའི་བསམ་བློ་ཡང་འཁོར་གྱི་ཡོད་པ་མ་རེད།
དེ་ག་ནང་བཞིན་མཐའ་མ་དེར་མཉམ་རུབ་དང་འགྲན་སྡུར་རེད། དེ་གལ་ཆེ་ཤོས་ཤིག་རེད། སྲོལ་རྒྱུན་གྱི་བསམ་བློའི་ནང་ལ་མཐུན་འགྱུར་གྱི་བསམ་བློ་གཏོང་གི་ཡོད་པ་རེད། དེང་རབས་ཀྱི་བསམ་བློའི་ནང་ལ་འགྲན་ཟླ་དང་འཐབ་རྩོད་ཀྱི་བསམ་བློ་གཏོང་གི་ཡོད་པ་རེད། ཀཱ་རལ་མཱར་སི་(Karl Marx) ཡི་བསམ་ཚུལ་དེ་ས་བོན་ས་ལ་བཏབ་པའི་སྐབས་ལ་ས་ལུད་དྲོད་གཤེར་དེ་ཚོ་འཐབ་རྩོད་བྱས་ནས་ས་བོན་རྩ་མེད་ལ་ཕྱིན་ནས་མྱུ་གུ་སྐྱེས་པ་རེད་དྲན་གྱི་ཡོད་པ་རེད། (Thesis and anti-thesis)ཁོ་གཉིས་ཀྱི་འགལ་ཟླར་བརྟེན་ནས་སམ་འགལ་ཟླ་ཡོངས་ཁྱབ་རང་བཞིན་ལ་བརྟེན་ནས་སོན་ thesis མྱུ་གུ་སྐྱེས་པ་རེད་ཟེར། དེ་དེང་རབས་ཀྱི་ལྟ་ཚུལ་རེད།
སྲོལ་རྒྱུན་གྱི་ལྟ་ཚུལ་ནང་ག་རེ་ཡོད་རེད་ཟེར་ན། ཆུ་དང་མེ་དང་དྲོད་དང་གཤེར་དེ་ཚོ་མཐུན་ལམ་ཚད་དང་ལྡན་པ་ཞིག་བྱུང་བའི་སྐབས་ལ། དེས་ས་བོན་ལ་མཐུན་འགྱུར་བྱེད་པ་ལས། འཐབ་རྩོད་གང་ཡང་མི་དགོས་པའི་ཐོག་ནས་ས་བོན་ལས་མྱུ་གུ་སྐྱེ་བར་བྱེད་པ་དེ་གཞི་དངོས་པོར་ལྟ་སྟངས་མི་འདྲ་བ་ཞིག་རེད།
དེ་འདྲ་ཡིན་དུས་ཆབ་སྲིད་ཀྱི་ཚོགས་པ་མི་འདྲ་བ་དེ་དག་གིས་མཉམ་རུབ་དང་གདམ་ཀའི་ལམ་ཁའི་དོན་དག་ལ་གནས་ཐུབ་པ་ཡིན་ན་ཞེ་དྲག་ཡག་པོ་རེད། མཉམ་རུབ་དང་གདམ་ཀའི་དོན་དག་ལ་གནས་མ་ཐུབ་པར་དེ་དག་འགྲན་རྩོད་བྱེད་པའི་གནས་སྟངས་ལ་ཕྱིན་པ་ཡིན་ན། འགྲན་རྩོད་ཟེར་བ་དེ་ག་དུས་ཡིན་རུང་གསལ་པོ་བྱས་ནས་ཞུས་ན། རང་རྒྱལ་གཞན་ཕམ་ཟེར་བ་དེ་རེད།
༧སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་རུང་<<དབུ་མའི་ལམ་>>ལ་གཉིས་སྨན་དབུ་མའི་ལམ་ཞེས་གསུངས་པ་དེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་མཐའ་མའི་གྲུབ་འབྲས་དེ་རང་རྒྱལ་གཞན་ཕམ་ཟེར་བ་དེ་ཡོང་གི་ཡོད་པ་མ་རེད། གཅིག་རྒྱལ་གཅིག་ཕམ་ཟེར་བ་དེ་ཡོང་གི་ཡོད་པ་མ་རེད། གཉིས་ཀ་ཨིན་ཇིའི་སྐད་ལ་(win-win situation) ཟེར་བ་དེ་རེད། བྱས་ཙང་དེ་ལྟ་བུ་དེ་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་དེ་རེད། བྱས་ཙང་འགྲན་སྡུར་གྱི་གནས་ཚུལ་ག་པར་ཡོད་རུང་གྲུབ་འབྲས་ག་རེ་སྨིན་གྱི་རེད་ཟེར་ན། གཅིག་རྒྱལ་གཅིག་ཕམ་རེད། དེར་བརྟེན་འགྲན་སྡུར་ནང་ཞུགས་མཁན་དེ་ཚོ་རང་རྒྱལ་གཞན་ཕམ་གྱི་ཆེད་དུ་འགྲན་སྡུར་ནང་ཞུགས་ཀྱི་རེད་མ་གཏོགས། བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་མ་གཏོགས། གཞན་རྒྱལ་རང་ཕམ་ཀྱི་ཆེད་དུ་སུ་གང་འགྲན་སྡུར་ནང་ཞུགས་ཀྱི་མ་རེད། བྱས་ཙང་འགྲན་སྡུར་གྱི་གནས་སྟངས་དེ་བྱུང་བ་ཡིན་ན། ད་དུས་ཚོད་རིང་པོ་ཕྱིན་ཙང་མཐའ་མ་བསྡོམས་བརྒྱབས་ནས་ཞུས་ན། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ག་དུས་ཡིན་ནས་མཉམ་རུབ་དང་མཉམ་མཐུན་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
དེར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལ་ད་ལྟ་བར་དུ་ང་ཚོའི་འོས་ཤོག་བསྡུ་སྟངས་དེ་དང་བླང་བྱེད་མི་ཆོག་པ་བཟོས་ཡོད་པ་མ་རེད་མ་གཏོགས། གཙོ་ཆེ་བ་དེ་དང་བླང་གི་འོས་གཞི་ལས་མི་མང་གིས་རིམ་པ་དང་པོའི་འོས་ཤོག་ནང་ལ་འོས་གཞི་དེ་བདམས། དེ་ནས་རིམ་པ་གཉིས་པའི་འོས་ཤོག་ནང་ལ། དེའི་ནང་ལས་དངོས་སུ་མི་འགྲོ་འདེམས་པའི་རིམ་པ་གཉིས་ལས། སོ་སོ་སོ་སོས་ངས་བྱེད་ཀྱི་ཡིན་ངས་གཏོང་གི་ཡིན་རྒྱུག་གི་ཡིན་ཞེས་བཤད་མི་དགོས་པར་མི་མང་གིས་སོ་སོར་འདོད་པ་ག་རེ་ཡོད་པ་དེ་བསྡུ་ཡོང་བའི་གནས་སྟངས་དེ་དེང་རབས་ཀྱི་མང་གཙོའི་ལམ་སྲོལ་མང་པོ་ཞིག་གི་ནང་ནས་དམིགས་བསལ་བ་ཞིག་དང་ཡག་པོ་ཞེ་པོ་ཞིག་རེད་བསམ་གྱི་ཡོད་རེད། འགྲན་སྡུར་གྱི་རྣམ་པ་དང་དྲིལ་བསྒྲགས་ཀྱི་རྣམ་པ་དེ་རྩ་ནས་ཡོད་པ་མ་རེད།
ད་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་འདྲ་ཞིག་གི་ནང་ལ་མ་འོངས་པར་རྒྱལ་ཁབ་ཆེན་པོ་དེ་ཚོས་ད་ལྟ་ངས་གོང་དུ་ཞུས་ཟིན་པ་ནང་བཞིན། རྒྱ་གར་ལ་སོགས་པ་དེ་ཚོར་ཉམས་མྱོང་མང་པོ་བྱུང་ཚར་ཡོད་པ་རེད། ལྷག་པར་དུ་ JP རྩོམ་ཡིག་དེ་གཟིགས་གནང་བ་ཡིན་ན། རྒྱ་གར་ལ་གནས་ཚུལ་ག་རེ་བྱུང་བ། རྒྱ་གར་རང་བཙན་བྱུང་བ་ནས་བཟུང་། ཛ་དྲག་གི་དུས་བབ་མ་བྱུང་བའི་བར་གྱི་གནས་ཚུལ་བྱུང་རིམ་ཆ་ཚང་བསྡོམས་བརྒྱབས་པ་དེ་ JP ཡི་རྩོམ་དེ་རེད། དེ་གཟིགས་པ་ཡིན་ན་ཆབ་སྲིད་ཚོགས་པ་མང་པོའི་གནས་བབ་ལ་བརྟེན་ནས་ག་རེ་བྱུང་བ་དང་། ལྷག་པར་དུ་དེ་ཚོའི་དབར་གྱི་འགྲན་བསྡུར་གྱི་རྣམ་པ་ལ་བརྟེན་ནས་ག་རེ་བྱུང་བ་གསལ་པོ་ཞེ་དྲག་མངོན་ཐུབ་པ་རེད།
མ་འོངས་པར་ང་ཚོ་ད་ལྟའི་རྩ་ཁྲིམས་ནང་ཡོད་པ་ནང་བཞིན་བྱས་ནས་འགྲན་སྡུར་གྱི་རྣམ་པ་དང་དྲིལ་བསྒྲགས་ཀྱི་རྣམ་པ་དེ་ཧ་ཅང་རྣོ་ངར་ཆེན་པོ་ཞིག་མེད་པར་གནས་མ་ཐུབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ལ་ཕན་གནོད་ག་རེ་འགྲོ་ཡི་ཡོད། ང་རང་ཚོའི་འགལ་ཟླའི་ཕྱོགས་ནས་དེ་བེད་སྤྱོད་གང་འདྲ་གཏོང་གི་ཡོད་མེད་དེ་ཧ་ཅང་གི་བརྗོད་དཀའ་བ་ཞིག་རེད། དེ་ཚོའི་ཐོག་ལ་ཡིན་གཅིག་མིན་གཅིག་བསམ་བློ་གཏང་དགོས་པ་ཞིག་དང་། ལྷག་པར་དུ་མང་གཙོ་ཟེར་བའི་གལ་གནད་ཅིག་དེ་ག་རེ་རེད་ཟེར་ན། ཡུལ་མི་མི་རེ་ངོ་རེའི་ངོས་ནས་མི་རིགས་དང་སྤྱི་ཚོགས་ཀྱི་འགན་འཁུར་རྒྱུ་དེ་རེད།
བྱས་ཙང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་མ་འོངས་པ་ལོ་བརྒྱ་ཙམ་ནང་ལ་བོད་ནང་གི་གནས་བབ་གང་འདྲ་ཞིག་ཆགས་ཀྱི་རེད། རྒྱ་ནག་གང་འདྲ་ཞིག་ལ་འགྲོ་ཡི་རེད། བོད་པའི་མ་འོངས་མདུན་ལམ་ཐོག་གོམ་བགྲོད་གང་འདྲ་ཞིག་བྱེད་དགོས་ཀྱི་རེད། མ་འོངས་པའི་ལོ་སྟོང་ཕྲག་མང་པོའི་སྐད་ཆ་མེད་པ་ཡིན་ནའང་མ་འོངས་པ་ལོ་བརྒྱའི་ནང་ལ་ཚོད་དཔག་དང་། ཐུགས་སྣང་། འཆར་སྣང་བཟོས་ནས་དགོངས་པ་བཞེས་མཁན་དཀོན་པོ་ཡིན་པ་དེ་འདྲ་ཞིག་ངས་ཚོར་གྱི་འདུག མི་མང་ཆེ་བ་ཞིག་གིས་ལོ་གསུམ་བཞི་ལྔ་དང་། ལོ་ལྔ་ལྔའི་ཐོག་ལ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀ་འགྱུར་བ་ཞིག་འགྲོ་ཡི་ཡོད་ཙང་དེ་ཙམ་གྱིས་ཚོད་དཔག་ཅིག་གི་ཐོག་ནས་ང་ཚོ་བསྡད་ནས་ལོ་ལྔའི་དུས་བཀག་དེ་ཕར་བརྒལ་ནས་ལོ་ཉི་ཤུ་རྩ་གྲངས་སུམ་ཅུ་སོ་གྲངས་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་དུས་ཚོད་དེ་ལ་ང་ཚོས་བདམས་དམིགས་བཟུང་མ་ཐུབ་པ་ཡིན་ན་ཏན་ཏན་ང་ཚོར་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག
ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཆབ་སྲིད་ཀྱི་ཚོགས་པ་གཅིག་མ་གཏོགས་ཡོད་མ་རེད། མ་འོངས་པར་ཆབ་སྲིད་ཀྱི་ཚོགས་པ་མང་པོ་བྱུང་བ་ཡིན་ནའང་ང་ཚོས་བཀག་ཐུབ་ཀྱི་མ་རེད། ཡིན་ནའང་ང་ཚོས་བསམ་བློའི་ནང་ལ་ངེས་པར་དུ་གལ་ཆེན་པོ་བྱས་ནས་བཞག་དགོས་པ་དེ་ག་རེ་རེད་ཟེར་ན། མང་གཙོ་གལ་ཆེན་པོ་ཡིན་ན་སྤྱི་ཚོགས་ཀྱི་འཆམ་མཐུན་དང་སྤྱི་ཚོགས་ཀྱི་ཆིག་སྒྲིལ་དེའང་གལ་ཆེན་པོ་མཉམ་པ་རེད་མ་གཏོགས། ཆིག་སྒྲིལ་དང་མཐུན་སྒྲིལ་མེད་པའི་སྤྱི་ཚོགས་དེ་ཁ་འཐོར་བསྡད་པ་ཆབ་སྲིད་ཀྱི་ཚོགས་པ་ཕན་ཚུན་གཅིག་གིས་གཅིག་ལ་དགྲ་བོའི་འདུ་ཤེས་བཟུང་བསྡད་ན་མང་གཙོ་ཡང་དག་པ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད། བྱས་ཙང་ཆབ་སྲིད་ཀྱི་ཚོགས་པ་ཚོས་རང་གི་ཐོབ་ཐང་དང་ལས་འགན་གཉིས་ཀྱི་ནང་ནས་ལས་འགན་དེ་གཙོ་བོར་བཟུང་ནས་བྱེད་དགོས་པ་ཞིག་དང་། མི་རིགས་དང་ཆབ་སྲིད་ཚོགས་པ་གཉིས་ཀྱི་དབར་ལ་མི་རིགས་དེ་ངེས་པར་དུ་གཙོ་ཆེ་བ་ཡིན་པ་བརྩི་དགོས་པ། གནས་སྐབས་དང་ཕུགས་རྒྱང་རིང་པོའི་གནས་ཚུལ་གཉིས་ལས་ཕུགས་རྒྱང་རིང་པོའི་གནས་ཚུལ་དེ་གལ་ཆེན་པོ་ཡིན་པ་བརྩི་དགོས་པ་དེ་ཞེ་དྲག་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་འདྲ་ཡིན་ཙང་ནང་པའི་དགེ་འདུན་ལྟ་བུ་ཡིན་ན། སྤྱི་མོས་མ་གཏོགས་མང་མོས་ཐོག་འགྲོ་རྒྱུ་མེད་པ་ལྟ་བུ་ཞིག་རེད། དེ་ནང་བཞིན་ཝི་ནོ་བཱ་ བྷཱ་ཝེ་ཡི་སརྦོ་དཡ་(Sarvodaya) ནང་ལ་སྤྱི་མོས་མ་གཏོགས་མང་མོས་ཐོག་ནས་འགྲོ་རྒྱུ་མེད་པ་རྒྱུན་རིང་པོ་ཞིག་ནས་བཞུགས་པ་རེད། རྗེས་མ་དངོས་སུ་ལག་ལེན་བསྟར་དུས་སྐུ་ངལ་འཕྲད་པ་ཡིན་ཙང་མང་མོས་མ་བྱུང་ནའང་དགག་བྱ་མེད་པ་ཞིག་བྱས་པ་རེད།
དང་པོ་དེར་ཁོང་ཚོས་ཚིག་དེ་སརྦ་ སཧ་མཏ་ (Sarva Semat) རེད། སརྦ་ སཧ་མཏ་རྟག་པར་ཡོང་ཐུབ་ཀྱི་མེད་དུས་ཚིག་གསར་སརྦ་ ཨ་ནུ་མ་ཏི་ (Sarva Anumati) ཞེས་པ་ཞིག་བཅུག་པ་རེད། སརྦ་ ཨ་ནུ་མ་ཏི་ཟེར་ན་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ཚང་མས་ཐུགས་མོས་བྱུང་མ་སོང་ཡང་དེར་མ་བྱེད་གསུང་མཁན་མི་འདུག ཚང་མས་བཀའ་ཁྲོལ་གནང་སོང་ཟེར་བ་དེ་འདྲ་ཞིག་ཐོག་ལ་འགྲོ་ཐུབ་པ་ཡིན་ན། ཡང་དག་པའི་མང་གཙོ་ཞིག་ཡོང་བའི་རེ་བ་ཡོད་རེད་མ་གཏོགས། ང་ཚོ་ནང་བཞིན་སྤྱི་ཚོགས་ཆུང་ཆུང་ས་ཆ་དང་རྒྱལ་ཁབ་མེད་མཁན། སྐྱབས་བཅོལ་གྱི་ངོ་བོར་གནས་བསྡད་པ། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་བའི་དོན་དག་ལ་ང་ཚོ་མི་རེ་ངོ་རེར་ལས་འགན་ཆེན་པོ་རེ་འཁྲི་བསྡད་པའི་སྐབས་འདི་ལ། མིག་རྒྱང་བསྲིངས་ཁོག་གསང་དགོས། ཟེར་བ་ལྟར་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཁ་ཐུག་ཁ་ཐུག་རང་གི་གོམ་པའི་མདུན་རྐྱང་རྐྱང་མ་གཏོགས་མ་གཟིགས་པའམ་དགོངས་པ་མ་བཞེས་པ་ཡིན་ན། ང་ཚོས་རྩ་དོན་དེ་བསྒྲུབ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་ཙང་རྒྱལ་ཡོངས་མང་གཙོ་ཚོགས་པ་དཔེ་མཚོན་འོས་པའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་གི་ངོ་བོར་ཆབ་སྲིད་ཀྱི་ཚོགས་པའི་ཞན་ཆ་དེ་ཚོ་གནྡྷྰིའི་དགོངས་པ་རྫོགས་རྒྱུའི་ཉིན་གཅིག་སྔོན་དུ་བྲིས་པའི་ཁོ་རང་གི་ཞལ་ཆེམས་བཟོ་འདྲ་པོ་ཞིག་ཡོད་རེད། དེའི་ནང་ལ་རྒྱ་གར་རང་བཙན་བྱུང་བའི་རྗེས་ལ་ཀོང་རེ་སི་ཚོགས་པ་ཕྱིར་བསྡུ་གནང་དགོས་པ་རེད། ཀོང་རེ་སི་ཚོགས་པ་ཆབ་སྲིད་ཀྱི་ཚོགས་པའི་ངོ་བོར་མ་བསྡད་པར་ཕྱིར་བསྡུ་གནང་ནས་དེ་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་དགོས་པ་རེད། སེ་ཝ་དལ་(Sevadal) གྱི་ངོ་བོར་བསྒྱུར་དགོས་པ་རེད་ཅེས་ཧ་ཅང་གསལ་པོ་གསུངས་ཡོད་པ་རེད། དེ་ཚོ་ད་ལྟ་ང་ཚོས་བསམ་བློ་གཏོང་དུས་ལོ་བརྒྱ་ཕྲག་མང་པོའི་རྗེས་ལ་གཟིགས་ཐུབ་པའི་དགོངས་པ་བཞེས་སྟངས་རླབས་ཆེན་པོ་ཞིག་རེད་བསམ་གྱི་འདུག
དེ་འདྲ་སོང་བ་ཡིན་ཙང་ང་རང་ཚོས་ཡུལ་དུས་གནས་སྐབས་ཀྱི་གནས་བབ་ཚང་མ་ཕྱོགས་བསྡོམས་བརྒྱབས་པའི་ཐོག་ལ་སེངྒེ་གནམ་འགྱིང་གི་གཟིགས་སྟངས་ལྟ་བུའི་ཐོག་ནས་སྔ་ཕྱི་རྒྱང་གསུམ་ལ་གཟིགས་ཐུབ་པ་ཞིག་དང་ཕྱག་ལས་གནང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། ཚང་མར་ཐུགས་རྗེ་ཆེ། ཞེས་གསུངས་སོ།། །།