༈  སེབཱ་གྲཱམ་དུ་གསུང་བཤད་ཁག་གནང་བ།

༄༅།།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་གྲོང་ཁྱེར་པུ་ཎེ་ནས་མོན་གོར་དུ་བདེ་འཁོད་དང་།  དེ་ནས་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་བེམ་གཱྃབ་དང་མུམྦཱཨཱི་བརྒྱུད་དིལླཱིར་འབྱོར།  ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་དིལླཱི་ནས་ནཱག་པུར་བརྒྱུད་ཝརྡྷཱ་རྫོང་གི་ས་གནས་སེབཱ་གྲཱམ་དུ་ཉིན་རྒྱབ་འབྱོར།  དེ་ཉིན་ཕྱི་དྲོ་གུ་བཱ་ཧཱ་ཊཱི་ནས་ཕེབས་པའི་ཉམས་ཞིབ་སློབ་གཉེར་བ་སྐུ་ཞབས་ནཱིལ་གཽཏམ་ལ་བཅར་འདྲིའི་དུས་ཚོད་བསྩལ་བར།  བདག་ཉིད་ཆེན་པོ་གཱཾདྡྷཱིའི་ལྟ་གྲུབ་དང་དགོངས་ཚུལ་དང་འབྲེལ་བའི་གནད་དོན་དུ་མའི་ཐོག་བཅར་འདྲི་ཞུས།

༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སེབཱ་གྲཱམ་དུ་རྟེན་གཞི་བྱས་པའི་གཱཾདྡྷཱིའི་ལྟ་གྲུབ་སློབ་གཉེར་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་སློབ་གཉེར་བའི་ “གཱཾདྡྷཱིའི་འཆར་སྣང་གི་རྒྱ་གར་རང་དབང་” ཞེས་པའི་བདུན་གཅིག་གི་ཟབ་སྦྱོང་ཐོག་སྔ་དྲོ་ཚོགས་ཐེངས་གཉིས་རིང་ “ཅིའི་ཕྱིར་རང་ངོ་ཤེས་དགོས་པ་དང་།  དེའི་ཕྱོགས་སུ་གོམ་པ་སྤོ་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་ཨིན་སྐད་ནང་གསུང་བཤད་གནང་ཡོད།  དེའང་ཐོག་མར་སློབ་དཔོན་ཆེན་པོ་རཱམ་ཅནྡྲ་པྲདྷཱན་གྱིས་རིན་པོ་ཆེར་ཁཱ་དཱིའི་རས་གོས་དང་།  ཁཱ་དཱིའི་སྐུད་པའི་ཕྲེང་བ།  དེ་བཞིན་བེ་ཏའི་འབྲས་བུ་བཅས་ཕུལ་ཏེ་དགའ་བསུ་དང་།  སློབ་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་སི་བི་ཇོ་སེཕ་ནས་རིན་པོ་ཆེའི་ངོ་སྤྲོད།  སློབ་ཁང་གི་ངེས་སྟོན་པ་བྷརཏ་མཧོདཡ་ནས་རིན་པོ་ཆེ་དང་འབྲེལ་བའི་མྱོང་ཚོར་གསུངས།  དེ་ནས་རིན་པོ་ཆེས།  ཨིན་སྐད་ཡག་པོ་མ་ཤེས་པ་དང་།  བརྗོད་གཞི་དཀའ་བ།  གྲ་སྒྲིག་གནང་རྒྱུ་མ་བྱུང་བ་བཅས་བཅད་མཚམས་གསུམ་གྱི་ཐོག་ནས་ཁག་པོ་ཡིན་ཚུལ།  རྒྱ་གར་ལ་ཆབ་སྲིད་རང་དབང་ཐོབ་ཀྱང་།  སྐད་ཡིག་གི་རང་དབང་ཐོབ་མེད་ལུགས།  རྒྱ་གར་ནང་ཤེས་ཡོན་ཐོག་རཱ་དྷཱ་ཀྲྀཥྞ་ལྷན་ཚོགས་ནས་ཨཱཅཱརྱ་རཱམ་མཱུརྟི་ལྷན་ཚོགས་བར་ལྷན་ཚོགས་མང་པོ་བཙུགས་ཀྱང་རྒྱབ་གཉེར་རྣམས་ལག་བསྟར་མེད་ཚུལ།  འདི་ལ་ Workshop བཏགས་འདུག་ཀྱང་མཉམ་རུབ་ཀྱིས་འཚོལ་ཞིབ་ (Joint enquiry) ཅེས་བརྗོད་རྒྱུ་ཡིན་ཚུལ།  དེས་ན་དེའི་ཐོག་དང་ཐོག་ནས་ལན་འདེབས་བྱ་རྒྱུ་མིན་པར་དེའི་ཕྱོགས་སྟོན་ཙམ་བྱ་རྒྱུ་ཡིན་ཚུལ།  རྟག་ཏུ་དྲི་བ་དང་ལྷན་དུ་གནས་དགོས་པ་ལས་གྲུབ་དོན་ནམ་ལན་ལ་བྲེལ་འཚུབ་མི་གནང་བ།  དྲི་བའི་ནང་གནས་ཐུབ་ན་སོ་སོའི་སེམས་དེ་རྟག་ཏུ་ཤེས་འདོད་དང་གྲུང་པོར་གནས་པ།  གྲུབ་དོན་ལ་རྔམས་ན་སློབ་སྦྱོང་གི་བྱེད་རིམ་འགག་འགྲོ་བ།  དེས་ན་གཟུ་བོར་གནས་པའི་བསམ་བློ་ཞིག་དགོས་ཚུལ།  རང་ངོ་ཤེས་ན་ང་སུ་ཡིན་པ་དང་།  ང་གང་གི་ཆེད་དུ་ཡིན་པ།  ངའི་འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན་གང་ཡིན་པ་ཤེས་རྟོགས་ཡོང་ཚུལ།  རང་ཉིད་དང་འཇིག་རྟེན་སྤྱི་ཡོངས་དབར་གྱི་འབྲེལ་བ་ཇི་ལྟར་ཡོད་ཚུལ།  ཆོས་ཁས་ལེན་མཁན་དང་མི་ལེན་མཁན་གཉིས་ཀར་རང་ངོ་ཅིའི་ཕྱིར་ཤེས་དགོས་ཚུལ།  ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སོ་སོའི་ང་འདོད་ཚུལ།  གང་ཟག་སྒེར་ཡོངས་ལ་གཅིག་མཐུན་གྱིས་ཁྱབ་པའི་གནས་ཚུལ་གང་དང་གང་ཡིན་པ།  དེ་བཞིན་གང་ཟག་སྒེར་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་གང་དང་གང་ཡོད་ཚུལ།  ང་ཤེས་དགོས་པའི་གནད་འགག་གང་ལ་ཐུག་ཚུལ་སོགས་རྒྱས་པར་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་ཞིབ་ཕྲ་གནང་མཐར།  སློབ་ཁང་གི་ངེས་སྟོན་པ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།  ད་རེས་ཀྱི་ཟབ་སྦྱོང་འདིའི་ནང་རྒྱ་གར་གྱི་མངའ་སྡེ་ཁག་ཉི་ཤུ་ཙམ་དང་བལ་ཡུལ་བཅས་ནས་གཙུག་ལག་སློབ་ཁང་གི་སློབ་གཉེར་བ་ཕེབས་པ་མ་ཟད།  ཉེ་འཁོར་གྱི་གཱཾདྡྷཱིའི་ཚོགས་པ་ཆེ་ཁག་གི་མཛད་གཙོ་རྣམ་པའང་ཕེབས་འབྱོར་འདུག

༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་སྔ་དྲོ་གཱཾདྡྷཱིའི་ལྟ་གྲུབ་སློབ་གཉེར་གི་ངེས་སྟོན་པ་བྷརཏ་མཧོདཡ་ནས་ཟབ་སྦྱོང་སྐོར་ངོ་སྤྲོད་ཐུང་ཙམ་གནང་རྗེས།  རིན་པོ་ཆེས་རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་སློབ་གཉེར་བའི་ཟབ་སྦྱོང་ “གཱཾདྡྷཱིའི་འཆར་སྣང་གི་རྒྱ་གར་རང་དབང་” གི་མཇུག་བསྡོམས་གསུང་བཤད་ཧིན་སྐད་ཐོག་གནང་སྟེ།  རྒྱ་གར་རང་དབང་ཞེས་པ་དེབ་ཆུང་ཞིག་ཡིན་རུང་།  གཱཾདྡྷཱིའི་དགོངས་ཚུལ་སྙིང་དོན་དེ་ནས་རྟོགས་ཚུལ།  དེབ་ཆུང་དེ་ནི་མི་ཚེ་ཧྲིལ་པོར་སློབ་སྦྱོང་བྱ་རྒྱུ་ཞིག་ཡིན་ཚུལ།  གཱཾདྡྷཱིའི་གསུང་འབུམ་རྒྱ་ཆེ་བས་ཚང་མ་ཀློག་ཐབས་བྲལ་རུང་།  རྒྱ་གར་རང་དབང་ཀློག་ན་ནང་དོན་གལ་ཆེ་རྣམས་རྟོགས་ཐུབ་ཚུལ།  གཱཾདྡྷཱིའི་དགོངས་ཚུལ་ལ་མོས་མཐུན་ཡོད་མཁན་རྣམས་ཀྱིས་ཀྱང་ཐོག་མ་ཁོང་གི་དགོངས་ཚུལ་ལེགས་པར་ཤེས་དགོས་པ་ལས།  དེ་མིན་རྨོངས་དད་དུ་ཆགས་ཉེན་ཡོད་ཚུལ།  གཱཾདྡྷཱིའི་དགོངས་ཚུལ་ལ་མོས་མཐུན་མེད་མཁན་རྣམས་ཀྱིས་ཀྱང་ཐོག་མ་ཁོང་གི་དགོངས་ཚུལ་ལེགས་པར་ཤེས་དགོས་པ་ལས།  དེ་མིན་རིགས་པའི་རྗེས་འབྲང་ཅན་ཞིག་མིན་ཚུལ།  གཱཾདྡྷཱིའི་དགོངས་ཚུལ་རྣམས་ཤེས་པ་ལས་སྒེར་ལ་ཁེ་གྱོང་ཇི་ཡོང་མི་ཤེས་ཀྱང་།  འཇིག་རྟེན་སྤྱི་ཡོངས་ལ་ཕན་ཐོགས་ཡོད་ཚུལ།  རྒྱ་གར་གྱི་རང་དབང་ཞེས་པའི་དཔེ་དེབ་ནི་བསྟན་བཅོས་ཤིག་ཡིན་པ་མ་ཟད།  རྩ་བའི་གཞུང་ཞིག་ཡིན་ཚུལ།  དེ་ཤེས་ཐུབ་ན་བདག་ཉིད་ཆེན་པོ་གཱཾདྡྷཱི་ངོ་ཤེས་ཚུལ།  བསྟན་བཅོས་ཀྱི་རྩོམ་ལུགས་མང་པོ་ཡོད་པའི་ནང་ནས་འདི་ནི་བགྲོ་གླེང་གི་ཚུལ་དུ་ཡིན་ཚུལ།  བསྟན་བཅོས་ཀྱི་བརྗོད་གཞི་སྤྱི་ལ་ཁྱབ་རུང་།  དུས་ཚོད་དང་གནས་སྟངས་བྱེ་བྲག་གི་དབང་དུ་ཡིན་ཚུལ།  དཔེ་དེབ་དེའི་ནང་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ལ་བརྟེན་ནས་གང་དང་གང་བྱུང་བ་བསྟན་ཐབས་གནང་ཡོད་ཚུལ།  དེང་གི་དཀའ་རྙོག་མཐའ་དག་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ལས་བྱུང་ཚུལ།  དེས་སེམས་ལས་ལུས་གཙོ་ཆེ་བར་འཛིན་པ་དང་།  གཞན་ལས་རང་གཙོ་ཆེ་བར་འཛིན་པ།  སྤྱི་ཚོགས་ལས་སྒེར་གཙོ་ཆེ་བར་འཛིན་པ།  མཐུན་འགྱུར་ལས་འགྲན་བསྡུར་གཙོ་ཆེ་བར་འཛིན་པ།  ལས་འགན་ལས་ཐོབ་ཐང་གཙོ་ཆེ་བར་འཛིན་པ་བཅས་མི་མཉམ་པ་ལྔ་བྱུང་ཚུལ།  དེ་དག་ལ་བརྟེན་ནས་འཚེ་བ་དང་།  ཁོར་ཡུག་ཉམས་ཆག  དབུལ་ཕྱུག་གི་བར་ཁྱད།  མི་འབོར་འཕེལ་རྒྱས།  ཆོས་ལ་མི་བཟོད་པ་བཅས་བྱུང་ཚུལ།  དེ་དག་སེལ་ཐབས་ནི་བདག་ཉིད་ཆེན་པོའི་གཞི་རིམ་ཤེས་ཡོན་གྱི་ལམ་ལུགས་ཁོ་ནའི་ནང་བཙལ་རྒྱུ་ལས།  ཚན་རིག་དང་འཕྲུལ་ལས་ལའང་མེད་ཚུལ།  དེང་གི་ཤེས་ཡོན་ནི་ཡིག་འབྲུ་ཤེས་པ་ཙམ་ཡིན་ཚུལ།  ཆ་བཞག་པ་ལས་ཤེས་རྟོགས་མེད་ཚུལ།  དེས་ན་ཁྱེད་རྣམ་པར་སའི་གོ་ལ་འདི་སྐྱོབ་པའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཡོད་ཚུལ།  འཇིག་རྟེན་གྱི་བླ་མའི་ལས་འགན་བསྒྲུབ་མ་ཐུབ་ནའང་དབུ་ཁྲིད་ཀྱི་ལས་འགན་དེ་བསྒྲུབ་དགོས་ཚུལ།  གལ་ཏེ་ཁྱེད་ཚོས་འདིར་སླེབས་ནས་གཱཾདྡྷཱི་ཤེས་ཡོད་ན་དོན་ལྡན་དང་ཕན་ཐོགས་བྱུང་ཡོད་ལུགས་སོགས་རྒྱས་པར་གསུངས།  མཐར་སློབ་ཁང་གི་ངེས་སྟོན་པ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཟབ་སྦྱོང་གྲུབ།

ཕྱི་དྲོ་སེབཱ་གྲཱམ་བསྟི་གནས་སུ་ཕེབས་ཏེ་བདག་ཉིད་ཆེན་པོ་གཱཾདྡྷཱིའི་བཞུགས་གནས་བཱཔཱུ་ཀུཊཱི་ཞེས་པར་གནས་མཇལ་དུ་འབྱོར་སྐབས་སེབཱ་གྲཱམ་བསྟི་གནས་ཀྱི་ཐེབས་རྩའི་མཛད་གཙོ་རྣམས་ཀྱིས་སྣེ་ལེན་གནང་བ་མ་ཟད།  བཱཔཱུ་ཀུཊཱིའི་ནང་མཉམ་འདུས་ཞལ་འདོན་གནང་རྗེས་སེབཱ་གྲཱམ་བསྟི་གནས་ཀྱི་ཞི་བདེའི་ཚོགས་ཁང་དུ་དེ་ཁུལ་གཱཾདྡྷཱིའི་ཚོགས་པ་ཆེ་ཁག་གི་ཟུང་འབྲེལ་གོ་སྒྲིག་འོག་ “ད་ལྟ་འཕྲད་བཞིན་པའི་དཀའ་རྙོག་ལ་གཱཾདྡྷིའི་དགོངས་ཚུལ་གྱི་གལ་གནད་” ཅེས་པའི་ཐོག་མང་ཚོགས་ལ་གསུང་བཤད་གནང་ཡོད།   དེའང་ཐོག་མར་བསྟི་གནས་ཀྱི་སློབ་ཕྲུག་གིས་གསོལ་འདེབས་ཀྱི་གླུ་བླངས་པ་དང་།  སེབཱ་གྲཱམ་བསྟི་གནས་ཐེབས་རྩའི་མཛད་གཙོ་རྣམས་ཀྱིས་ཁཱ་དཱི་སྐུད་པའི་ཕྲེང་བ་དང་གོས་གཡོགས་ཏེ་དགའ་བསུ་ཞུས་རྗེས།  ནཨཱི་ཏཱལཱིམ་ཚོགས་ཆུང་གི་ཚོགས་གཙོ་སུགན་བརཾཋ་ནས་ངོ་སྤྲོད་གནང་།  དེ་ནས་རིན་པོ་ཆེས་ཧིན་སྐད་ཐོག་གསུང་བཤད་གནང་སྟེ།  ཕྱི་ལོ་ ༢༠༡༦ མ་རྫོགས་གོང་འདིར་གནས་མཇལ་ཐུབ་པར་བསོད་ནམས་ཆེ་ཚུལ།  འདིར་སླེབས་རིམ་བཞིན་ཡོན་ཏན་དང་སྙིང་རྗེའི་ས་བོན་རེ་འཁྲུངས་ཚུལ།  ད་ལྟ་བ་ནི་རྟོགས་དཀའ་ཞིང་།  ཡང་ན་མ་འོངས་པའི་འཆར་སྣང་ངམ་འདས་པའི་དྲན་ཤེས་ནང་ལྷུང་ཚུལ།  དུས་མཐོང་ལས་བསྒྲུབ་བྱ་དང་བསྒྲུབ་བྱ་མིན་པའི་ཤེས་རྟོགས་ཡོང་ཚུལ།  གྲགས་ཅན་གྱི་ལྟ་གྲུབ་སྨྲ་བ་ཇིདྡུ་ཀྲྀཥྞམཱུརྟི་མཆོག་ནས་ཁྱེད་རང་ད་ལྟ་བའི་ནང་གནས་ཐུབ་བམ་ཞེས་ཡང་ཡང་འདྲི་གི་ཡོད་ཚུལ།  ད་ལྟ་བ་ཞེས་པ་དེ་དུས་ཚོད་མཚམས་བཟུང་ཇི་ལྟར་བྱེད་དགོས་སམ།  ཕལ་ཆེར་ལོ་ཉིས་བརྒྱ་སུམ་བརྒྱའི་དུས་ཚོད་གོ་དགོས་ཚུལ།  ད་ལྟའི་དཀའ་རྙོག་རྣམས་ཡོང་བར་ང་ཚོ་ཚང་མའི་མཉམ་རུབ་ཡོད་ཚུལ།  ད་ལྟའི་དཀའ་རྙོག་རྣམས་བསལ་དགོས་ན་དེའི་རྒྱུ་རྐྱེན་ལ་བལྟ་དགོས་ཚུལ།  དེ་སྔ་ཡར་རྒྱས་ཞེས་པའི་ཚིག་དེ་ཁྱད་ཆོས་ཤིག་དང་སྦྱར་ནས་ཡོང་རུང་།  ད་ཆ་ཡར་རྒྱས་ཞེས་པ་ཚིག་རང་རྐྱ་བ་ཞིག་ཆགས་ཡོད་ཚུལ།  ཡར་རྒྱས་ཞེས་པའི་ཚིག་དེ་བརྗོད་མཁན་དང་ཉན་མཁན་གྱི་བློ་ངོར་དེའི་ངོ་བོ་གང་འདྲ་ཞིག་ཡོད་དམ།  དེང་སྐབས་ཡར་རྒྱས་ཀྱི་གོམ་པ་དང་པོ་ནི་ལམ་ཆེན་ལྟ་བུ་བཟོ་ཆེད་ཤིང་སྡོང་གཅད་རྒྱུ་དང་ཞིང་པ་ས་ནས་ས་ཞིང་འཕྲོག་རྒྱུ་སོགས་ཡིན་ཚུལ།  རང་བྱུང་ཁམས་ཀྱི་བཤུ་གཞོག་ལས་འཇིག་རྟེན་ཡོངས་དང་སའི་གོ་ལར་གནོད་སྐྱོན་ཇི་ཙམ་ཐེབས་ཚུལ།  ད་ལྟ་བའི་དཀའ་རྙོག་རྣམས་ཤེས་ཡོན་ཅན་དུ་རློམ་པ་རྣམས་ཀྱི་གླེན་རྟགས་ལས་བྱུང་ཚུལ།  དེའང་རང་གི་རྨོངས་པ་དང་ཆ་མ་ཚང་བའི་ཤེས་ཡོན་དེ་མ་རྟོགས་པ་ལས་བྱུང་ཚུལ།  རང་བྱུང་ཁམས་ནས་ལེན་ཤེས་པ་བཞིན་སྦྱིན་ཤེས་པ་བྱུང་ན་ཆ་མི་མཉམ་པ་རྣམས་ཡོངས་སྟངས་མེད་ཚུལ།  ད་ཆ་གསུངས་པ་ཙམ་མིན་པར་ལག་ལེན་ཐོག་ནས་མིག་དཔེ་བསྟན་དགོས་པའི་དུས་ལ་བབས་ཚུལ།  ལས་དོན་གང་ཡིན་རུང་ཀུན་སློང་རྣམ་དག་དང་མཐུན་རྐྱེན་རྣམ་དག་ངེས་པར་དུ་དགོས་ཚུལ།  ཀུན་སློང་ནི་རང་དོན་དང་འཚེ་བ་མེད་པ་དང་།  མཐུན་རྐྱེན་ནི་མ་དྲང་བ་དང་བཤུ་གཞོག་ལས་བྱུང་བ་མིན་པ་དགོས་ཚུལ་སོགས་རྒྱས་པར་གསུངས་རྗེས།  དྲི་བར་ལན་འདེབས་ཀྱང་གནང་ཞིང་།  མཐར་སེབཱ་གྲཱམ་བསྟི་གནས་ཐེབས་རྩའི་བློན་ཆེན་ཤྲཱི་རཱམ་ཇ་དབ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།  སྐབས་དེར་དེ་ཁུལ་གཱཾདྡྷཱི་དང་འབྲེལ་བའི་ཚོགས་པ་ཆེ་ཁག་གི་མཛད་གཙོ་རྣམ་པ་དང་།  དགེ་རྒན།  སྨན་པ།  ཚོང་པ་སོགས་མང་པོ་ཕེབས་འདུག

དེ་ནས་རྒྱ་གར་ནང་པའི་ཚོགས་པ་ཞིག་གིས་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ལམ་སྟོན་གསུང་བཤད་མདོར་བསྡུས་ཤིག་བསྩལ།

༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་སྔ་དྲོ་ནཱག་པུར་ནས་ཐོན་ཏེ་དིལླཱི་དང་པཊནཱ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་༧ཞབས་སོར་བདེ་བར་འཁོད་པ་བཅས།