ཝཱ་ཎ་སློབ་ཟུར་བ་རྣམས་ལ་གནང་བའི་གསུང་བཤད།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཝཱ་ཎ་སློབ་ཟུར་བ་རྣམས་ལ་གནང་བའི་གསུང་བཤད། Varanasi (1)དགེ་འདུན་པ་རྣམ་པ། རིགས་བདག་མཆོག ས་གནས་མང་པོ་ནས་ཕེབས་པའི་གཙུག་ལག་སློབ་ཁང་འདིའི་སློབ་ཟུར་རྣམ་པ་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ཕྱོགས་མཐའ་ཁག་མང་པོ་ནས་སློབ་ཟུར་མང་པོ་ཕེབས་འདུག འདི་ཙམ་འཛོམས་ཀྱི་ཡོད་པའི་དོ་སྣང་མ་བྱུང་། འདིར་ཕེབས་པའི་ནང་མཁན་ལས་ཟུར་དང་། སློབ་གཉེར་ཁང་ཁག་གི་འགན་འཛིན། གཞུང་ཞབས། སྤྱི་ཚོགས་ཀྱི་ཕྱག་ལས་གནང་མཁན། ཆོས་ཕྱོགས་ཀྱི་ཕྱག་ལས་གནང་མཁན་སོགས་འདྲ་མིན་སྣ་ཚོགས་དང་། དེ་ཡང་གནད་འགག་ཡོད་པའི་ལས་དོན་ཐོག་ཐུགས་འགན་བཞེས་མཁན་རྣམས་དངོས་སུ་མཇལ་སྐབས་རྗེས་སུ་ཡི་རངས་ཞུ་རྒྱུ་དང་བློ་ཁ་ཚིམས་པོ་བྱུང་།
ནམ་རྒྱུན་ཁ་ཐོར་དགུ་ཐོར་དུ་ཡོད་དུས་གནད་འགག་ཡོད་པའི་མི་དེ་ཚོའང་དྲན་ཡུལ་ནང་གསལ་པོ་ཞིག་མེད། དེ་རིང་འདིར་རུབ་རུབ་འཛོམས་པ་དང་། ལྷག་པར་དུ་དྲན་རྟེན་གླེགས་བམ་དེའི་ནང་སློབ་ཐོན་པ་མང་པོའི་གནས་ཚུལ་བཀོད་འདུག དེ་མཐོང་དུས་ཧ་ཅང་དགའ་པོ་བྱུང་།
དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་ནང་སློབ་གྲྭ་འདི་ཐོག་མར་འགོ་འཛུགས་སྐབས་རྒྱ་གར་གཞུང་གི་གནད་འགག་ཡོད་པའི་འབྲེལ་ཡོད་ལས་བྱེད་ཚང་མས་སྐད་ཆ་དང་པོ་འདྲི་རྒྱུ་དང་། རྟག་ཏུ་འདྲི་རྒྱུ་ནི་འདི་ནས་ཐོན་སྐབས་ལས་ཀ་ག་རེ་རག་གི་རེད་ཅེས་པ་དེ་རེད། ཁོང་ཚོའི་བསམ་ཚུལ་ནང་འགྲོ་སོང་མང་པོ་བཏང་སྟེ་སློབ་གྲྭ་ཆེན་པོ་ཞིག་བཙུགས་ནས་སློབ་ཐོན་ལས་མེད་མང་པོ་ཞིག་བཟོ་རྒྱུ་མ་གཏོགས། འདིར་སློབ་སྦྱོང་བྱས་པ་དེའི་ཐོག་ནས་མི་ཚེའི་མདུན་ལམ་གྱི་འཚོ་བ་ཞིག་འཐོབ་རྒྱུའི་ཧ་ལམ་ཚོད་དཔག་མ་ཐིག་པ་ཞིག་ཡོད་རེད། དེར་ཁག་ཡོད་པ་མ་རེད། སློབ་གྲྭ་འདི་ཐོག་མར་བཙུགས་སྐབས་འཆར་གཞི་བསམ་འཆར་དང་པོའི་ནང་སྦག་སར་བཞུགས་པའི་དགེ་འདུན་པ་རྣམས་རིམ་བཞིན་སློབ་གྲྭའི་རྣམ་པར་བསྒྱུར་ནས་འདིར་སྤོ་རྒྱུ་ཡིན་པའི་ཁུལ་རེད། དེར་བརྟེན་ཐེངས་དང་པོ་དང་། གཉིས་པ། ཕལ་ཆེར་གསུམ་པའི་སྐབས་སུའང་སློབ་ཕྲུག་རྣམས་སྦག་སར་ཡོད་པའི་ཆོས་བརྒྱུད་བཞིའི་དགེ་འདུན་གྲྭངས་མང་ཉུང་ལ་གཞིགས་པའི་ཚད་གཞི་ཞིག་ཕེབས་པ་མ་གཏོགས། སྦག་ས་ནས་མ་ཡིན་པར་ཕྱི་ནས་འཛུལ་མཁན་ཁྱིམ་པ་སོགས་དམིགས་བསལ་གྱིས་བཅུག་པ་རེ་ཟུང་ལས་མེད།
སྐབས་དེ་དུས་རྒྱ་གར་གཞུང་གི་ལེགས་བྱང་སྡེ་ཚན་ (Culture Department) གྱི་ཟུང་འབྲེལ་དྲུང་ཆེ་ཅཽདྷརི་འདིར་ཕེབས་པ་རེད། དེ་དུས་ང་ཚོའི་སློབ་ཕྲུག་ཀྱང་སྦག་ས་ནས་ཕེབས་པའི་རབ་བྱུང་ཤ་སྟག་རེད། སཱ་ར་ནཱ་ཐའི་བོད་དགོན་ནང་ཚོགས་ཤིག་ཚོགས་ཏེ་ཁོང་གདན་འདྲེན་ཞུ་དུས་ང་ཡང་འབྱོར་ཟིན་ཙམ་ཡིན། དགོན་པའི་ནང་མཆོད་མཇལ་བྱེད་སྐབས་ཟུང་འབྲེལ་དྲུང་ཆེ་དེས་རང་གི་རོགས་པ་ཚོར་ “འདི་མཋ་ (དགོན་པ་) བཟོ་རྒྱུ་རེད་འདུག སློབ་གྲྭ་བཟོ་རྒྱུ་རེད་མི་འདུག་ཅེས་བཤད་པ་ངས་ཐོས་སོང་། ཚིག་དེ་ང་ལ་ཕོག་པོ་དང་མ་བདེ་བ་ཞིག་བྱུང་། དེ་དུས་ང་ཚོས་ཁོང་ཚོར་འདི་ནས་ཐོན་ཏེ་ལས་ཀ་ཐོབ་པའི་ཆེད་དུ་སློབ་གྲྭ་བཙུག་གི་མེད་ཅེས་བཤད་བསྡད་པ་རེད། ལན་དེ་ཁོང་ཚོའི་རྣ་བར་རྩ་བ་ནས་འགྲོ་གི་མེད། གལ་ཏེ་ལས་ཀའི་ཆེད་དུ་མིན་ན་སློབ་གྲྭ་ག་རེ་བྱས་ནས་བཙུག་དགོས་སམ་སྙམ་པ་ཞིག་ཡོད་འདུག
Varanasi (2)ཤེས་ཡོན་གྱི་དོན་དུ་སློབ་གྲྭ་བཙུག་དགོས་སྙམ་པའི་བསམ་བློའི་འཁྱེར་ཕྱོགས་དེ་རྒྱ་གར་ནང་འདས་པའི་ལོ་བརྒྱ་ཕྲག་ཡས་མས་ཤིག་ལ་མེ་ཀོ་ལའི་ཤེས་ཡོན་སྲིད་བྱུས་ (Education Policy of Macaulay) ཁྱབ་པ་ནས་བཟུང་རྒྱ་གར་གྱི་མི་ཚོའི་བསམ་བློའི་ནང་དང་། ལྷག་པར་དུ་རྒྱ་གར་གྱི་འཛིན་སྐྱོང་ནང་ལས་ཀ་བྱེད་མཁན་ཚོའི་བསམ་བློའི་མེད། དེར་བརྟེན་སློབ་གྲྭ་ཟེར་བ་དེ་འཚོ་ཐབས་རྐྱང་པ་བཙལ་རྒྱུའི་ཆེད་དུ་ཡིན་པ་དང་། གལ་ཏེ་འཚོ་ཐབས་ཤིག་བཙལ་ཐུབ་ཀྱི་མེད་ན་སློབ་གྲྭ་བཙུག་པའི་དགོས་པ་མེད་པ་ཞིག་ཏུ་མཐོང་གི་ཡོད། ནེཧརུ་(Nehru) དང་ཆག་ལ་ (Chagla) སོགས་ཀྱི་དགོངས་པའི་ནང་ལེགས་བྱང་གི་འཛིན་སྐྱོང་དང་། བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་བྱེད་དགོས་པའི་དགོངས་ཚུལ་ཞིག་ཡོད་རེད་མ་གཏོགས། དངོས་སུ་ལས་དོན་ལག་ལེན་བསྟར་མཁན་ཚོའི་ནང་བསམ་བློ་དེ་མེད་པ་ཤ་སྟག་རེད།
དེར་བརྟེན་ང་ཚོས་ག་དུས་ཡིན་ནའང་ལས་ཀ་རག་པའི་ཆེད་དུ་མིན་པ་དང་། ད་དུང་ངས་ཚིག་དེ་ལས་རྩུབ་པ་ཞིག་བེད་སྤྱོད་བཏང་སྟེ། འདི་ནས་མ་འོངས་པར་གླ་ཆ་བླངས་ཏེ་གཡོག་པོ་རྒྱུག་མཁན་ཞིག་བཟོ་བའི་ཆེད་དུ་མིན་པར། ཐོན་ཚེ་མི་གཞན་ལ་ཕར་ལས་ཀ་བསྐོལ་ཐུབ་ན་སྐོལ་མཁན་དང་། དེ་མ་བྱུང་ནའང་རང་མགོ་རང་ཐོན་བྱས་ཏེ་བདག་པོ་བྱེད་མཁན་ཞིག་མ་གཏོགས། མིའི་གཡོག་པོ་རྒྱུག་མཁན་ཞིག་བཟོ་བའི་ཆེད་དུ་མ་རེད་ཅེས་བཤད་བསྡད་པ་རེད།
ཡིན་ནའང་ང་ཚོའི་བསམ་བློའི་ཟུར་ཞིག་ནང་འདི་ནས་ཐོན་པའི་སློབ་ཕྲུག་དེ་ཚོས་མི་ཚེའི་འཚོ་བའི་མདུན་ལམ་ཁྱོན་ནས་མ་རག་ན། བོད་ལ་ཡིན་ན་རབ་བྱུང་ཡིན་དུས་དགོན་པ་གྲྭ་ཚང་ལ་ཆོས་ཞུགས་བྱས་ཚར་བའི་རྗེས་སུ་མི་ཚེ་དགོན་པའི་ནང་ཁྱོལ་འགྲོ་བ་མ་གཏོགས། འཚོ་ཐབས་ཟུར་དུ་བཙལ་དགོས་དོན་མེད། འོན་ཀྱང་མཐོ་རིམ་སློབ་གྲྭ་འདིར་ག་ཚོད་མང་བ་བསྡད་ནའང་ལོ་དགུ་དང་བཅུ་ནས་འཐོན་འགྲོ་རྒྱུ་རེད། ཉམས་ཞིབ་ལྟ་བུ་བྱེད་ན་ལོ་བཅུ་གཅིག་བཅུ་གཉིས་ཙམ་བསྡད་ཐུབ་འགྲོ དེ་ནས་ཐོན་འགྲོ་བའི་སྐབས་སུ་འགྲོ་སྟངས་སྡོད་སྟངས་མ་ཤེས་པ་ཞིག་ཆགས་ན། རྒྱ་གར་ཚོས་བཤད་པ་དེ་ལའང་དངོས་ཡོད་ཀྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་རེད་སྙམ་པའི་བསམ་བློ་ཡང་ཡང་འཁོར་གྱི་ཡོད་རེད། ཡིན་ནའང་ད་དུང་ཕྱི་ལ་རྣམ་འགྱུར་སྟོན་སྟངས་ལ་དེའི་སྐོར་སེམས་ཁྲལ་རྩ་བ་ནས་མེད་ཚུལ་བསྟན་བསྡད་པ་རེད། ལོ་རེའི་སློབ་གྲྭ་གསར་ཞུགས་ཡོང་མཁན་ཚོ་ལའང་དང་པོ་དེར་འཛུལ་རྒྱུགས་ཀྱི་སྐད་ཆ་མེད། རྗེས་མ་འཛུལ་རྒྱུགས་གཏང་དགོས་ཆགས་ཚར་བའི་རྗེས་སུའང་གསར་ཞུགས་ཚོར་ང་འདིར་ཡོད་སྐབས་རྟག་ཏུ་ཐུག་གི་ཡོད། གཅིག་བྱས་ན་ཁྱེད་རང་ཚོ་ཁ་ཤས་ཀྱིས་ཐུགས་དྲན་གསོས་ཀྱི་རེད། སློབ་སྦྱོང་ཐོན་ནས་གཡོག་པོ་རྒྱུག་འཆར་ཡིན་ན་ཡོང་ས་ནོར་བ་རེད། རྒྱ་གར་ནང་གཙུག་ལག་སློབ་ཁང་ཉིས་བརྒྱ་ལྔ་བཅུ་ཡས་མས་ཤིག་ཡོད་པ་རེད། དེང་སང་ཧ་ཅང་མང་པོ་ཆགས་ཚར་བ་རེད། དེ་ཚོའི་ནང་གང་དུ་འགྲོ་འགྲོ་རེད། འདིར་ཡོང་ནས་ཁྱེད་ཚོའི་བསམ་བློའི་ནང་ཕུགས་ཀྱི་རེ་འདུན་དེ་སློབ་གྲྭ་ཐོན་ན་གཡོག་པོ་ཞིག་རག་གི་རེད་སྙམ་པའི་བསམ་ཚུལ་དེ་ཡོད་ན། འདིར་ཡོང་རྒྱུ་ཡོད་མ་རེད། གཞན་ཞིག་ལ་འགྲོ་དགོས་རེད་ཅེས་ལོ་ལྟར་བཤད་བསྡད་པ་རེད། དེས་མིའི་བསམ་བློའི་ནང་ག་ཚོད་གཡོ་འགུལ་དང་ནུས་པ་ཐོན་ཡོད་མེད་མི་ཤེས་ཀྱང་། འཆར་ཅན་གྱི་ཆོ་ག་ཕྱག་ལེན་ལྟ་བུ་ལོ་ལྟར་དེ་འདྲ་བཤད་བསྡད་པ་རེད།
དེ་ནས་ལོ་གང་འཚམས་ཕྱིན་པའི་རྗེས་སུ། ཕལ་ཆེར་ ༡༩༩༠ ནང་ཡིན་པ་ཡོད། ཌོག་ཊར་བི་པེ་སིངྷ་ (Dr. Balmiki Prasad Singh) (IPS) མཆོག་རྒྱ་གར་དབུས་གཞུང་གི་ལེགས་བྱང་དྲུང་ཆེ་(Culture Secretary) རེད་ལ། གཙུག་ལག་སློབ་ཁང་འདིའི་ཚོགས་གཙོ་ (Chairperson) ཡང་རེད། རྗེས་སུ་ཁོ་རང་ནང་སྲིད་དྲུང་ཆེ་ (Home Secretary) ཆགས་ཏེ་ལོ་དུས་མ་ཚང་བར་ང་ཚོའི་ཚོགས་གཙོའང་གནང་ནས་བཞུགས་པ་རེད། དེ་དུས་ཁོང་གིས་འདི་ནས་ཐོན་པའི་སློབ་ཕྲུག་ལས་ཀ་མ་རག་པར་ལུས་པ་དེ་འདྲ་ཡོད་མེད་ཞིབ་འཇུག་ (Survey) བྱེད་ན་ཡག་པོ་འདུག་ཅེས་བཀའ་གནང་གི་འདུག དེ་ནས་ང་ཚོས་གཏིང་ཟབ་མོས་ཞིབ་འཇུག་བྱས་ཐུབ་མེད་ཀྱང་། གང་ཐུབ་ཐུབ་ཅིག་བྱེད་དུས་ལས་མེད་མང་པོ་རག་མ་སོང་། ཚང་མ་ལས་ཀ་ཞིག་ལ་བདག་བསྡད་འདུག དགེ་རྒན་བྱེད་མཁན་ཡང་འདུག དཔེ་མཛོད་ཀྱི་ལས་ཀ་བྱེད་མཁན་ཡང་འདུག ཕྱི་རྒྱལ་ཁག་གི་ཆོས་ཚོགས་ནང་ལས་ཀ་བྱེད་མཁན་ཡང་འདུག བོད་གཞུང་ནང་ལས་ཀ་བྱེད་མཁན་ཡང་འདུག གཙུག་ལག་སློབ་ཁང་འདིའི་ནང་ཤ་ཁུ་ཤ་ཐིམས་བྱས་ནས་ལས་ཀ་བྱེད་མཁན་ཡང་འདུག དེར་བརྟེན་དེ་ནས་བཟུང་ཁོང་གིས་རྒྱ་གར་གཞུང་གི་དཔོན་རིགས་རྣམས་ལ་ང་ཚོའི་དམིགས་ཡུལ་ལས་ཀ་ (Employment) ལ་བཞག་མེད། འོན་ཀྱང་གཙུག་ལག་སློབ་ཁང་འདི་ནས་ལས་མེད་(Unemployment) གཅིག་ཀྱང་ཐོན་མེད་ཅེས་གསུངས་ཀྱི་རེད། འབྲུའི་དོན་དུ་སོ་ནམ་བྱས་ནས་ཕུབ་མ་ཡོང་བ་ཆོས་ཉིད་རེད་ཅེས་པའི་དཔེ་དེའང་ཁོང་གིས་གསུང་མཁྱེན་གྱི་ཡོད། དེ་ནི་ང་ཚོའི་བོད་བརྒྱུད་ནང་བསྟན་དང་། བོད་པའི་ལེགས་བྱང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་བསམ་གྱི་འདུག
ད་ལན་འདིར་ཕེབས་མཁན་སློབ་ཟུར་ཚོའང་ཕྱག་ལས་གནད་འགག་ཆེན་པོ་ཤ་སྟག་གནང་མཁན་མ་གཏོགས། ཕྱག་ལས་གནད་འགག་ཆུང་ཆུང་གནང་མཁན་ཧ་ལམ་མེད་པའི་བཟོ་འདུག ངས་ཕྱག་ལས་གནད་འགག་ཆེ་ཆུང་དེ་གང་འདྲ་བརྩི་གི་ཡོད་ཅེ་ན། དང་པོ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་མེད་དང་། གཉིས་པ་དེ་སེམས་ཅན་ལ་ཕན་ཐོགས་ཀྱི་ཡོད་མེད། དེ་ནི་དེང་སང་སྐད་ཆ་ཤོད་སྟངས་ལྟར་བྱས་ན་སོ་སོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་དེ་རེད། དེ་མིན་བསྟན་པ་ལ་མི་ཕན་པ་དང་། སྤྱི་ཚོགས་ལའང་མི་ཕན་པའི་རྒྱལ་མང་ཚོ་སྡེའི་སྤྱི་ཁྱབ་འཛིན་སྐྱོང་དཔོན་རིགས་ (CEO, Multinational company) ལྟར་ཟླ་རེར་གླ་ཕོགས་འབུམ་ཕྲག་བླངས་པ་གང་ཞིག་ལ་གྲུབ་དོན་དེ་སོ་སོའི་གྲོད་ཁོག་དང་ནང་མི་བུ་ཕྲུག་གསོ་ཆེད་ཙམ་རེད། བསྟན་པ་སེམས་ཅན་གང་ལའང་མི་ཕན་པའམ། ཡང་ན་རང་གི་ལེགས་བྱང་དང་སྤྱི་ཚོགས་ལ་ཕན་ཐོགས་མེད་པའི་ལས་ཀ་ཞིག་ཡིན་ན། དེ་ནི་ལས་ཀ་ཧ་ཅང་གནད་འགག་ཆུང་ཆུང་ཆགས་འགྲོ་བ་རེད། ལས་ཀ་གནད་འགག་ཆུང་ཆུང་ག་རེ་ཆགས་པ་རེད་ཅེ་ན། ལས་ཀ་བྱེད་མཁན་ཁོ་རང་སྐྱེས་བུ་ཆུང་ངུ་ཆགས་ཕྱིན་པ་རེད། སྐྱེས་བུ་ཆུང་ངུའང་ཆགས་མིན་མི་ཤེས། གཅིག་བྱས་ན་སྐྱེས་བུའང་མི་ཆགས་པའི་ཉེན་ཁ་ཡོད་རེད། མི་ཡིན་པ་གང་ཞིག་ལ་སྐྱེས་བུ་མ་རེད་ཅེས་བཤད་དགོས་ཀྱི་མེད་དམ། རྒྱལ་ཚབ་བཞི་པས་མཛད་པའི་ལམ་སྒྲོན་གྱི་འགྲེལ་པའི་ནང་སྐྱེས་བུ་ཆུང་ངུའི་མཚན་ཉིད་བཞག་སྐབས། ཕྱི་མ་དོན་གཉེར་ཅན་གྱི་བློ་ཞེས་དང་། དེ་ནས་ཚེ་འདི་དོན་གཉེར་ཅན་གྱི་བློ་དེ་སྐྱེས་བུ་ཆུང་ངུའི་ཁོང་གཏོགས་མིན་ནམ་ཞེ་ན། ཚེ་འདི་དོན་གཉེར་ཅན་གྱི་བློ་དེ་སྐྱེས་བུ་ཆུང་ངུ་མ་རེད་མདོག་མདོག་གསུངས་ཡོད། དེ་ལྟར་ཚེ་འདི་དོན་གཉེར་ཅན་དེ་སྐྱེས་བུ་ཆུང་ངུའི་ཁོངས་གཏོགས་མིན་ན། སྐྱེས་པ་རེད་དེ། སྐྱེས་གོ་མ་ཆོད་པ་ལྟ་བུ་རེད། དེར་བརྟེན་ད་ལྟ་ཕྱག་ལས་གནང་མཁན་ཚོའི་ནང་ལྟ་དུས་རྒྱ་ཆེ་ཆུང་ལ་མ་ལྟོས་པར་གཙོ་བོ་བསྟན་པ་དང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་ལས་དོན་སྒྲུབ་མཁན་ཤ་སྟག་ཡིན་དུས། རང་གིས་ཀུན་སློང་བཅོས་ཤེས་ན། བོད་པའི་གཏམ་དཔེར། བཏབ་ས་དེར་སྨིན་པ་ཞེས་པ་དེ་བྱུང་བ་རེད་བསམ་གྱི་འདུག དེར་བརྟེན་ཁྱེད་ཚོ་ཚང་མར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་མུ་མཐུད་གནང་ཐུབ་ན་སློབ་གྲྭ་འདིའི་མཚན་དོན་ལ་ཕན་མིན་ལ་ལྟོས་པར་། གང་ལྟར་སྐྱེས་པའི་སྐྱེ་གོ་ཆོད་པའི་སྐྱེས་བུ་ཞིག་ཆགས་རྒྱུ་རེད། དེས་ན་དེའི་ཐོག་དགོངས་བཞེས་གནང་རོགས་ཞེས་ད་ལན་ང་ཚོ་མཇལ་བའི་སྐབས་སུ་ཞུ་འདོད་བྱུང་སོང་།
Varanasi (3)སློབ་གྲྭ་འདིའི་ཐོག་མའི་དམིགས་ཡུལ་ནང་བོད་མི་སྐྱབས་བཅོལ་བ་དང་། རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ནས་བོད་རང་དབང་ཡོད་སྐབས་སློབ་སྦྱོང་སླད་བོད་དུ་འགྲོ་མཁན་གཉིས་ཀ་དམིགས་ཡུལ་མཉམ་དུ་བཟུང་ཡོད་རེད། སློབ་གྲྭའི་དམིགས་ཡུལ་བཞི་བཞག་པའི་ནང་ནས་གཅིག་དེ་རེད། སྔོན་མ་བོད་དུ་སློབ་སྦྱོང་བྱེད་དུ་འགྲོ་མཁན་ཚོ་ད་ལྟ་བོད་དུ་འགྲོ་ས་མེད་པ་ཡིན་སྟབས། དེ་ཚོར་བདམ་ཁ་གསར་པ་སྤྲོད་རྒྱུ་དེ་གཅིག་རེད། ཡིན་ནའང་དང་པོ་དེར་བོད་མི་སྐྱབས་བཅོལ་བ་མང་བ་མ་གཏོགས། ཧི་མཱ་ལ་ཡའི་རི་རྒྱུད་ནས་ཡོང་མཁན་དཀོན་པོ་རེད། དེང་སང་བོད་པ་སྐྱབས་བཅོལ་བ་ཡོང་མཁན་ཉུང་དུ་ཕྱིན་པ་རེད། མ་འོངས་པར་རྒྱ་གར་ནང་བོད་པ་སྐྱབས་བཅོལ་བ་ལྷག་གི་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག ༢༠༡༤ ལོའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་བོད་མི་མང་པོ་ཞིག་གིས་ཆ་ཤས་བླངས་འདུག དེར་བརྟེན་ད་ལྟ་ནས་བརྩིས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ལྷག་ཨེ་ཡོང་། ཁོང་ཚོ་སྔོན་མ་སྐྱབས་བཅོལ་བ་རེད་ཟེར་རྒྱུ་ཙམ་མ་གཏོགས། དངོས་གནས་སྐྱབས་བཅོལ་བའི་ཐོག་ནས་རྗེས་སུ་བོད་ཀྱི་གནས་བབས་འགྲིག་ཆགས་བྱུང་ན་ཕར་ལོག་ཆོག་ཆོག་རེད་ཟེར་རྒྱུ་དཀོན་དུ་དཀོན་དུ་འགྲོ་གི་མེད་དམ་བསམ་གྱི་འདུག དེ་ནི་དྲི་བ་ལོགས་ཀ་ཞིག་རེད། གཙུག་ལག་སློབ་ཁང་འདི་དང་འབྲེལ་བ་ཡོད་པའི་དྲི་བ་ཞིག་མ་རེད། དེང་སང་བོད་མི་སྐྱབས་བཅོལ་བ་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་ཉུང་བསྡུར་ན་ཧི་མཱ་ལ་ཡ་ནས་མང་བ་ཆགས་ཀྱི་ཡོད་བཟོ་འདུག དེ་ཐོག་མའི་དམིགས་ཡུལ་བཞག་པ་དང་མཚུངས་པ་བྱུང་བ་རེད། ཧི་མཱ་ལ་ཡ་རི་རྒྱུད་ཁུལ་དངོས་སུ་ཕྱིན་པའི་སྐབས་སུ་འདི་ནས་ཐོན་པའི་སློབ་ཟུར་དེ་ཚོས་དངོས་གནས་ཕྱག་ལས་ཕན་ཐོགས་ཡོད་པ་གནང་མཁན་མང་པོ་འདུག རེ་གཉིས་ཙམ་ཆབ་སྲིད་ནང་ཕེབས་པའང་འདུག དེ་རང་དབང་རེད། མང་ཆེ་བ་ཆོས་དང་རིག་གཞུང་གི་ཕན་ཐོགས་ཡོད་པའི་ཕྱག་ལས་གནང་མཁན་ཧ་ཅང་མང་པོ་འདུག ལྷག་པར་དུ་བར་ལམ་བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་ཏུ་ཡོད་པའི་དགོན་པ་ཉམས་གསོ་བྱུང་བ་དང་། རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཉམས་གསོ་བྱུང་བ་ཁག་ལ་ཝཱ་རཱ་ཎ་སཱི་གཙུག་ལག་སློབ་ཁང་དང་། མའི་སོར་རྣམ་གྲོལ་གླིང་སོགས་སྡེ་ཚན་ཁ་ཤས་ཀྱིས་ཕན་ཐོགས་ཤོས་བྱུང་འདུག མཁན་པོ་དང་། སློབ་དཔོན། དགེ་རྒན་སོགས་མང་པོ་འདུག སོ་སོས་ཆོས་དང་འཛིན་སྐྱོང་གང་ལ་གང་འཚམ་གནང་ཐུབ་མཁན་མང་པོ་ཆགས་བསྡད་འདུག དེ་ཚོ་ཧ་ཅང་ཡག་པོ་རེད།
དེ་རིང་འདིར་གནད་ཡོད་ཀྱི་མི་མང་པོ་ཐག་རིང་ནས་ཕེབས་ཏེ་ང་ཚོ་འཛོམས་པའི་གོ་སྐབས་བྱུང་བ་ཡིན་སྟབས། ངས་བོད་མི་སྐྱབས་བཅོལ་བ་ཚོར་ང་རང་གི་སེམས་ནང་ཡོད་པའི་འབྱུང་འགྱུར་བོད་མི་རིགས་ཀྱི་གནས་བབས་དང་འབྲེལ་བའི་གནས་ཚུལ་ཁ་ཤས་དང་། རྒྱ་གར་དང་བལ་པོ་འབྲུག་ཡུལ་སོགས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོར་སོ་སོའི་བསམ་ཚུལ་དོན་ཚན་གཅིག་གཉིས་ཤིག་ཞུས་ན། གཅིག་བྱས་ན་ཐུགས་ཕན་གསོས་སྲིད། གལ་ཏེ་ཐུགས་ཕན་མ་གསོས་པ་ཡིན་ནའང་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་རེད། ང་ཚོ་བོད་པའི་གཏམ་དཔེར། ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་ལྟ་བུ་ཡིན།
Varanasi (4)ཐོག་མར་བོད་མི་སྐྱབས་བཅོལ་བ་ལ་མཚོན་ན། ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་ལོ་ ༦༠ ཟིན་གྲབས་ཡོད། ལོ་ ༦༠ དེ་བོད་པའི་སྐར་རྩིས་བརྩི་སྟངས་ལྟར་ན། རབ་བྱུང་གཅིག་གམ་དུས་རབས་གཅིག་ཆགས་ཀྱི་ཡོད། ཧ་ཅང་རིང་པོ་རེད། དེའི་རིང་གནས་ཚུལ་སྡུག་པ་ཇི་ལྟ་ཇི་སྙེད་ཅིག་བྱུང་ཡོད་ལ། གནས་ཚུལ་ཡག་པོ་བསམ་ཡུལ་ལས་འདས་པའང་མང་པོ་བྱུང་ཡོད། གནས་ཚུལ་ཡག་པོ་བྱུང་བ་དེ་ཚོ་ཚང་མ་མཐར་གཏུགས་ན་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གི་སྐུ་ངལ་བསྐྱོན་པ་དང་། དེའི་སྐུ་དྲིན་ལས་བྱུང་བ་ཞིག་རེད། ཕྱི་ལོ་ ༢༠༡༡ ནས་བཟུང་༧སྐྱབས་མགོན་རིན་པོ་ཆེ་ཆབ་སྲིད་ཀྱི་ཕྱག་ལས་ནས་ཟུར་ཐོན་གནང་བ་རེད། དེར་བརྟེན་བཙན་བྱོལ་བོད་མི་ཙམ་མ་ཟད། བོད་མི་རིགས་སྤྱི་ཡོངས་ལ་གནས་སྐབས་ཀྱི་གྱོང་གུན་བྱུང་ཡོད། དེ་ལས་ང་ཚོས་མཐར་ཐུག་ལ་ཁེ་ཕན་ཞིག་བླངས་ཐུབ་ཀྱི་རེད་དམ་མ་རེད་ཅེས་པའི་དྲི་བ་དེ་ད་ལྟ་ལམ་སེང་མཐའ་གཅིག་ཏུ་ལན་བརྒྱབ་ཐུབ་རྒྱུ་ཁག་པོ་རེད། དེ་ཡག་པོ་བྱུང་བ་རེད། མ་འོངས་པར་དེའི་ཐོག་ནས་ཁེ་བཟང་ཆེན་པོ་འཐོབ་རྒྱུ་རེད་ཅེས་བཤད་བསྡད་པ་དེ་ང་ཚོས་རྒྱུ་མཚན་གྱི་ཐོག་ནས་ཚོད་དཔག་བྱེད་ཐུབ་རྒྱུ་དེ་ཙམ་ལས་སླ་པོ་ཞིག་མ་རེད། ང་རང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་རེད། ཆ་བཞག་གི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་དང་། དུས་གསུམ་གསལ་གཟིགས་ཀྱི་ཐོག་ནས་ཐག་གཅོད་གནང་བ་ཞིག་ཡིན་ཙང་། དེ་ཏན་ཏན་ང་ཚོར་ཁེ་ཕན་ཡོད་པ་ཞིག་ཡིན་གྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་རེད། ཁེ་ཕན་དེ་མང་ཚོགས་ཀྱིས་མཁས་མཛངས་རྣམ་དཔྱོད་ལྡན་པའི་ཐོག་ནས་ལེན་མ་ཐུབ་ན། ཁེ་ཕན་དེ་ལེན་མི་ཐུབ་པར། གྱོང་གུན་དེ་འཁུར་དགོས་པ་ཞིག་ཆགས་ན། ཕུགས་ལ་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག ༧སྐྱབས་མགོན་རིན་པོ་ཆེ་འགྲོ་བ་མིའི་ཤ་ཚུགས་སུ་བྱོན་པ་ཡིན་ཙང་། ལོངས་སྐུ་བཞིན་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་བཞུགས་རྒྱུ་མེད་པ་དེ་དངོས་ཡོད་གནས་སྟངས་རེད། ང་རང་ཚོར་འདོད་པ་ཡོད་རུང་མེད་རུང་། དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་པ་ཡིན་ནའང་ད་ལྟ་ག་ཚོད་ལྷག་ཡོད་རེད། དགུང་ལོ་བརྒྱད་ཅུ་ཐམ་པར་ཕེབས་བཞིན་ཡོད་རེད། བརྒྱད་ཅུ་ཐམ་པ་ནས་བརྒྱ་དང་བཅུ་གསུམ་ཟེར་བ་དེ་བྱ་ལོངས་བྱེད་ལོངས་ཡོད་པའི་རིང་པོ་ཞིག་གང་ཡང་མ་རེད། དེ་འདྲ་སོང་ཙང་༧རྒྱལ་བ་རིན་པོ་ཆེའི་སྐུ་ནའི་བབ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ། ལྷག་པར་དུ་བོད་ཕྱི་ནང་ལ་གནས་པའི་བོད་མི་གཞོན་སྐྱེས་ཚོའི་བསམ་བློའི་འགྲོ་ཕྱོགས་ཀྱི་འཚར་ལོངས་ཡོང་སྟངས་དེ་ཚོ་ཚང་མར་བསྡོམས་ཤིག་བརྒྱབས་ནས་ང་ཚོས་ཞིབ་འཇུག་ཅིག་གནང་ན། ཉེན་ཁ་ཆེན་པོའི་དུས་ཚོད་ཅིག་ཡིན་པ་དེ་ཚོད་དཔག་བྱེད་ཐུབ། ཉེན་ཁ་ཆེན་པོའི་དུས་ཚོད་ཟེར་བ་དེ་མཐའ་ཅིག་ཏུ་སྡུག་པ་ཞིག་ལ་གོ་དགོས་དོན་མེད། དེ་ནི་ཀླན་ཀ་ཞིག་རེད། ང་ཚོས་ཀླན་ཀ་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་རེད་དམ། ཀླན་ཀ་མེད་པའི་སྤྱི་ཚོགས་ཤིག་ནང་འགྱུར་བ་དང་ཡར་རྒྱས་གཉིས་ཀ་ཡོང་རྒྱུ་མེད། སྤྱི་ཚོགས་ཀྱི་འགྱུར་བ་དང་ཡར་རྒྱས་ནི་དུས་དང་། གནས་སྐབས། སྤྱི་ཚོགས་ཀྱི་འགྱུར་འགྲོས་དབང་གིས་ཀླན་ཀ་བྱུང་སྐབས་ཁ་ཐུག་གདོང་ལེན་བྱེད་སྟངས་དེ་མཁས་མཛངས་རྣམ་དཔྱོད་ག་ཚོད་ཅིག་བྱེད་ཐུབ་མིན་དང་། ཚུལ་དང་མཐུན་པ་ག་ཚོད་ཅིག་ཡོང་གི་ཡོད་མེད་དེའི་ཐོག་རག་ལུས་པ་ཞིག་རེད། དེར་བརྟེན་ང་ཚོ་བོད་པའི་ན་གཞོན་ཚོའི་བསམ་བློའི་ནང་༧སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་དང་ཁོང་གི་ཐུགས་རྗེའི་གྲིབ་བསིལ་ཡོད་པའི་སྐབས་ཀྱི་གནས་སྟངས་དང་། དེ་མེད་པ་ཆགས་པའི་སྐབས་ཀྱི་གནས་སྟངས་གཉིས་ཀ་འཐད་སྒྲུབ་རིགས་པའི་ཐོག་ནས་ཞིབ་འཇུག་བྱས་ཏེ་ག་རེ་ཡོང་སྲིད་པ་རེད། ག་རེ་ཡོང་མི་སྲིད་པ་རེད། ང་ཚོར་སྟོབས་ཤུགས་ག་རེ་ཡོད་རེད། ང་ཚོར་ཞན་ཆ་ག་རེ་ཡོད་རེད། ཀླན་ཀ་ག་རེ་ཡོད་རེད། དེར་གདོང་ལེན་བྱེད་སྟངས་ཀྱི་ཐབས་ཤེས་ག་རེ་ཡོད་རེད། དེའི་ཐོག་ད་ལྟ་ནས་བསམ་བློ་གཏོང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་ལ་སྣང་བ་གདོང་འདེད་ཀྱིས་ཁ་ཐུག་ཁ་ཐུག་བསམ་བློ་གཏོང་མཁན་དེ་མང་བ་ཞིག་དང་། ལོ་བརྒྱ་ཕྲག་གི་རྗེས་སུ་ག་རེ་ཡོང་སྲིད་མིན། དེ་ཡོང་བར་ད་ལྟ་ང་ཚོས་རྒྱུ་རྐྱེན་ག་རེ་བཟོ་བཞིན་ཡོད་མིན་དེའི་ཐོག་དགོངས་པ་བཞེས་མཁན་ཉུང་ཉུང་མ་གཏོགས་མི་འདུག། དེར་བརྟེན་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་འཁྱེར་ཕྱོགས་ནང་ཕུགས་རྒྱང་རིང་པོའི་འཆར་སྣང་དེ་བསྐྲུན་དགོས་པ་ཞིག་དང་། ཕུགས་རྒྱང་རིང་པོའི་འཆར་སྣང་དེ་དང་མཉམ་དུ་ལྟ་གྲུབ་ལ་གཞི་བརྟེན་བཅོལ་བའི་ཐབས་ལམ་བཙལ་ཤེས་པ་ཞིག་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ལྟ་ང་ཚོའི་ན་གཞོན་ཚང་མ་འཛིན་གྲྭ་བཅུ་གཉིས་བར་དུ་བོད་པས་ཟུར་འཛུགས་ཀྱི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་ཡོད་ནའང་། དངོས་སུ་བསམ་བློའི་འཁྱེར་ཕྱོགས་ཀྱི་འགྱུ་བ་བརྟན་པོ་བཟོ་རྒྱུ་དེ་གཙུག་ལག་སློབ་ཁང་ནང་ལ་རེད། གཙུག་ལག་སློབ་ཁང་འདི་ཙམ་མ་གཏོགས། ན་གཞོན་སྤྱི་ཡོངས་ཀྱི་བརྒྱ་ཆ་མང་ཤོས་དེ་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་གི་ནང་འགྲོ་བཞིན་ཡོད། རྒྱ་གར་སྤྱི་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཚོའི་ནང་ད་ལྟའང་ལོར་ཌི་མེ་ཀོ་ལེའི་ (Lord Macaulay) བྱིན་རླབས་ཀྱི་གནོན་ཤུགས་དེ་སྔོན་མ་ལས་ཆེ་བ་མེད་ནའང་ཆུང་བ་ཕྱིན་མེད་པའི་བཟོ་འདྲ་ཞིག་ཡོད་རེད། དེའི་འོག་ཏུ་ཕྱིན་ནས་ང་ཚོའི་ཕུགས་ཀྱི་འཆར་སྣང་དང་ཕུགས་ཀྱི་དམིགས་ཡུལ་གཉིས་ཀ་བརླག་རྒྱུའི་ཉེན་ཁ་དེ་ཕྲན་བུ་མཐོང་བསྡད་ཀྱི་ཡོད་རེད། དེར་བརྟེན་སྤྱིར་བོད་རིགས་ཡོངས་རྫོགས་དང་། ལྷག་པར་དུ་གཙུག་ལག་སློབ་ཁང་འདི་ནས་ཐོན་པའི་སློབ་ཟུར་དེ་ཚོ་སྤྱི་ཚོགས་ནང་བསམ་ཚུལ་བཟོ་མཁན་གྱི་གྲས་སུ་ཡོད་དགོས་ཀྱི་རེད། ད་ལྟ་མེད་པ་ཡིན་ནའང་ཚུད་དགོས་ཀྱི་རེད། སྤྱི་ཚོགས་ནང་བསམ་ཚུལ་བཟོ་མཁན་ (Opinion Maker) སྲ་ཐག་ཐག་ཅིག་མེད་ན། སྤྱི་ཚོགས་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་ལ། བརྟན་པོ་བསྡད་ཐུབ་ཀྱི་མ་རེད། དེར་བརྟེན་སྤྱི་ཚོགས་ནང་བསམ་བློའི་འགྲོ་ཕྱོགས་ལ་ཁ་ལོ་སྒྱུར་ཐུབ་མཁན་འདིའི་ནང་ནས་མང་པོ་ཐོན་ཡོད་རེད་བསམ་གྱི་འདུག ད་ལྟ་འདིར་བཞུགས་པ་མང་ཆེ་བ་དེ་འདྲ་ཤ་སྟག་རེད། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངེས་པར་དུ་ཕུགས་བསམ་རིང་པོ་བཞེས་དགོས་པ་དང་། དེའི་འཆར་སྣང་དེའང་གསལ་པོ་ཡོད་དགོས་པ་ཞིག་རེད། དཔེར་ན་ཕྱི་རྒྱལ་ལ་ཁ་ཐོར་དགུ་ཐོར་དུ་འགྲོ་མཁན་བཙན་བྱོལ་བོད་མི་དེ་ཚོ་གང་མགྱོགས་ཐོག་ནས་ལུང་པོ་སོ་སོའི་ཡུལ་མི་ཆགས་འགྲོ་གི་ཡོད་རེད། ལུང་པའི་ཡུལ་མི་ཆགས་ཚར་བའི་རྗེས་སུ་ཁོ་རང་ཚོའི་ལས་འགན་དང་པོ་དེ་རང་ཉིད་ལུང་པ་གང་གི་ཡུལ་མི་ཡིན་པ་དེའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་ཞོར་ལ་སྔོན་མ་བོད་རིགས་ཡིན་པའི་ཆ་ནས་བོད་པའི་ཁེ་ཕན་བསྒྲུབ་ཐུབ་ན་བསྒྲུབ་རྒྱུ་ཞིག་རེད། དཔེར་ན། སོ་སོ་ལུང་པ་གང་གི་མི་རིགས་ཡིན་པའི་ལུང་པ་དེའི་ཁེ་ཕན་དང་། བོད་པའི་ཁེ་ཕན་གཉིས་པོ་དེ་འགལ་ཟླར་ཕྱིན་པ་ཡིན་ན། བོད་པའི་ཁེ་ཕན་བློས་བཏང་ནས་རང་གི་ལུང་པའི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་པ་དེ་རང་བཞིན་གྱི་ཁུར་དུ་བབས་པའི་ལས་འགན་ཞིག་ཆགས་འགྲོ་རྒྱུ་རེད།
རྒྱ་གར་ནང་ད་བར་རྒྱ་གར་གཞུང་གི་ངོས་ནས་འདིར་ཁྱེད་ཚོ་ཧ་ཅང་རྒྱུན་རིང་པོ་ཕྱིན་པ་རེད། སྐྱབས་བཅོལ་བ་བྱས་ནས་བསྡད་རྒྱུ་ཡོད་མ་རེད་ཅེས་ད་ལྟ་ཕན་ལ་གནོན་ཤུགས་སྤྲོད་མཁན་བྱུང་མེད་ལ། མ་འོངས་པར་ཡང་གཅིག་བྱས་ན་ཡོང་མདོག་ཁ་པོ་མ་རེད་བསམ་གྱི་འདུག གཞུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་གི་ཡོད་རེད། འོན་ཀྱང་ཚོད་དཔག་བྱས་ན། སོ་སོ་རང་འགུལ་ཐོག་ནས་སྐྱབས་བཅོལ་བའི་གནས་བབ་བཞག་ནས་རྒྱ་གར་ཡུལ་མིའི་གནས་བབ་ལེན་པ་ཡིན་ན། ཁེ་བཟང་མང་པོ་ཞིག་འདུག་དགོངས་མཁན་ཧ་ཅང་མང་པོ་རེད། སྒེར་གྱི་ཐོག་ནས་ཡིན་སྲིད། དེ་ཡང་ག་ཚོད་གནད་དུ་སྨིན་པ་ཞིག་ཡོད་འགྲོ་མེད་འགྲོ་བརྗོད་ཐུབ་རྒྱུ་ཁག་པོ་རེད། དེ་ཚོ་ངས་དཔེ་མཚོན་ཙམ་ཞུས་པ་ཡིན། དེ་བཞིན་དུ་ད་དུང་ང་ཚོ་བོད་ལ་ལོག་རྒྱུའི་གོ་སྐབས་མ་བྱུང་བར་ལོ་ལྔ་བཅུ་ཐམ་པ་ལུས་པ་ཡིན་ན། རྒྱ་གར་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་དེ་གང་འདྲ་ཆགས་རྒྱུ་རེད། ད་ལྟ་ཡིན་ན་ཆོས་སྡེ་ཁག་དང་། དགོན་པ་ཁག སློབ་གྲྭ་ཁག གཞིས་ཆགས་ཁག་སོགས་མང་པོ་ཞིག་ངོས་འཛིན་ཡོད་པ་དང་། ཟུར་བཅད་ལྟ་བུ་ཡོད་རེད། དེ་ཚོ་ཚང་མ་མེད་ན་གནས་བབས་གང་འདྲ་ཞིག་ཆགས་ཀྱི་རེད། ཡོད་པ་བྱས་ནས་བསྡད་རྒྱུར་ང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད། དེ་ཚོའི་རིགས་དེ་ཏོག་ཙམ་དྲི་བ་གནད་འགག་ཆེན་པོ་རེད།
དེ་དང་མཉམ་དུ་ང་ཚོའི་སློབ་གྲྭ་ཁག་ཏུ་ན་གཞོན་ཚོར་སློབ་སྦྱོང་སྤྲོད་སྟངས་དེ་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་ཐབས་ལམ་གང་འདྲ་ཞིག་ལག་བསྟར་བྱས་ནས་སྤྲད་ཀྱི་ཡོད་རེད། དེའི་སྐོར་ལའང་བསམ་ཞིབ་བྱེད་དགོས། སོ་སོར་ལངས་ཕྱོགས་ཡོད་པ་ཞིག་དགོས་རྒྱུ་དེའང་གཅིག་བྱས་ན་གལ་ཆེན་པོ་ཡིན་གྱི་རེད་བསམ་གྱི་འདུག ང་ཚོས་ཁ་ནས་རྒྱ་བལ་འབྲུག་གསུམ་ཞེས་བཤད་ཀྱི་ཡོད་རུང་། དངོས་གནས་ཟུར་དུ་ངོས་འཛིན་ཡོད་པའི་བོད་པའི་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་རྒྱ་གར་ནང་མ་གཏོགས་མེད། འདིའི་ངོས་འཛིན་དེ་རྒྱུན་མཐུད་ནས་ཉར་ན་ཡག་གི་ཡོད་དམ། ཡང་ན་གཡུག་བཞག་ན་ཡག་གི་རེད། གཡུག་བཞག་ན་ཁེ་ཕན་ག་རེ་རག་གི་ཡོད་རེད། ཉར་ན་གྱོང་ག་རེ་རག་གི་ཡོད་རེད། དེ་ཚོ་མིའི་བསམ་བློའི་ནང་དྲི་བ་མང་པོ་ཞིག་སླེབས་ཀྱི་ཡོད་རེད། དྲི་བ་དེ་ཚོར་ལན་འཚོལ་བའི་སྐབས་སུ་བོད་མི་རིགས་ཀྱི་ཕུགས་ཀྱི་མངོན་འདོད་དེ་བློ་ལ་བཞག་ནས་ལན་དེ་བཙལ་ཀྱི་ཡོད་དམ། ཡང་ན་ད་ལྟ་སོ་སོར་སྟབས་བདེ་ལོད་ཀྱི་ཁྱད་པར་ཞིག་གི་ཐོག་ནས་ལན་དེ་བཙལ་གྱི་ཡོད་རེད། དེ་ཚོ་ཞིབ་ཚགས་པོས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ནང་ལ་གལ་ཆེ་ཤོས་དེ་བཙན་བྱོལ་བའི་གནས་བབ་ཡོད་པ་ཞིག་བྱས་ནས་བསྡད་ཀྱི་རེད་དམ། ཡང་ན་མེད་པ་ཞིག་བྱས་ནས་བསྡད་ཀྱི་རེད། དེ་དང་ཆབས་ཅིག་ན་གཞོན་དེ་ཚོ་སློབ་གྲྭའི་ནང་སློབ་སྦྱོང་གང་འདྲ་ཞིག་སྤྲད་ཀྱི་རེད། མ་འོངས་པར་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་ཐབས་ལམ་གང་འདྲ་ཞིག་བྱེད་ཀྱི་རེད། ད་ལྟ་ཡོད་བཞིན་པའི་སྤྱི་ཚོགས་རུབ་རུབ་གནས་སྡོད་ཀྱི་གཞིས་ཆགས་དེ་ཚོར་འཛིན་སྐྱོང་དགོས་ཀྱི་རེད་དམ་མ་རེད། ཐུབ་ཀྱི་རེད་དམ་མ་རེད། རྒན་པ་དེ་ཚོ་ཤི། གཞོན་པ་དེ་ཚོ་ཕྱི་རྒྱལ་ལ་ཕྱིན། ཉིན་ཞིག་ས་ཆ་དེ་དག་རང་བཞིན་གྱིས་སྟོང་པ་ཆགས་འགྲོ་རྒྱུ་རེད་དམ། དེ་ཚོའི་ཐོག་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་འགྲོ་དགོས་པ་ཞིག་དང་། བསམ་བློ་གཏོང་དགོས་པ་ཞིག་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཤིག་ཡོད་རེད། དེ་ད་བར་སྲ་ཚུགས་ནས་གནས་པ་རེད། མ་འོངས་པར་ཡང་བོད་དོན་བདེན་མཐའ་མ་གསལ་བར་དུ་སྲ་ཚུགས་ནས་གནས་དགོས་ཀྱི་རེད། བཙན་བྱོལ་བོད་མི་བོད་ལ་ལོག་འདོད་ཡོད་མཁན་དེ་ཚོ་རང་དབང་གི་ཐོག་ནས་ལོག་ཆོག་པའི་གནས་བབས་ཤིག་མ་ཆགས་པར་བོད་མིའི་སྒྲིག་འཛུགས་དེ་ཞིག་སོང་བ་ཡིན་ན་ཧ་ཅང་ཡ་མཚན་པོ་ཆགས་ཀྱི་རེད། དེ་སྲུང་སྐྱོབ་བྱེད་རྒྱུ་དང་། དེ་རྒྱུན་གནས་ཐུབ་ཐབས་ཀྱི་གནས་སྟངས་ནང་ཀླན་ཀ་ག་རེ་ཡོང་སྲིད་ཀྱི་རེད། ཀླན་ཀ་དེ་ཚོར་གདོང་ལེན་གང་འདྲ་ཞིག་བྱེད་དགོས་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་བསམ་གྱི་འདུག
ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་གཞུང་བཀའ་ཤག་གཉིས་པོ་ནི་ང་ཚོའི་སྒྲིག་འཛུགས་ཀྱི་ཡན་ལག་ཡོད་ན་མེད་ན་དེ་རེད། དེའི་རྒྱན་ཆའི་ཚུལ་དུ་ཁྲིམས་ཞིབ་ཁང་ཞིག་ཡོད་རེད། དེ་རིང་ཁ་སང་དྷ་རམ་ས་ལའི་སྐད་ཆ་ཤོད་སྟངས་ལྟར་ན་མང་གཙོ་ཀ་བ་གསུམ་ཞེས་བཤད་ཀྱི་ཡོད་པ་རེད། སྤྱིར་སྟངས་ཅོག་ཙེ་ཞིག་ཡིན་ན་ཀ་བ་གསུམ་ཅན་དེ་ཙམ་བརྟན་པོ་ཡོད་པ་མ་རེད། བཞི་ཡོད་ན་ཡག་གི་རེད། ༼ཞལ་ཤོབ་དང་སྦྲགས་ནས་གསུངས།༽ མང་གཙོའི་ཀ་བ་གསུམ་པོ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཐོག་གནས་ཡོད་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་། ཁོང་ཚོའི་བསམ་བློ་འཁྱེར་ཕྱོགས། དེས་དྷ་རམ་ས་ལའི་ཀ་བ་གསུམ་གནས་ཕྱོགས་བཅས་ལ་ཐག་ཉེ་པོའི་འབྲེལ་བ་ཡོད་པ་ཞིག་རེད། དེ་ཚོའང་ང་ཚོའི་འཆར་སྣང་དང་དཔྱད་གཞིའི་ནང་ངེས་པར་དུ་སླེབས་དགོས་ཀྱི་རེད་བསམ་གྱི་འདུག ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་རྩ་བའི་ཆབ་སྲིད་ཀྱི་དབང་ཚད་ཚང་མའི་འབྱུང་ཁུངས་ལྟ་བུ་དེ་རེད། འཛིན་སྐྱོང་དང་ཁྲིམས་ཞིབ་གཉིས་ཀས་མཐའ་མ་འགན་འཁྱེར་ས་དེ་སྤྱི་འཐུས་ལྷན་ཚོགས་ལ་འཁྱེར་དགོས་པ་རེད། སྤྱི་འཐུས་ལྷན་ཚོགས་དེ་ད་ལྟའི་གནས་སྐབས་སུ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་མེད་པའི་མང་གཙོའི་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། འགལ་ཟླ་ཚོགས་པ་དང་གཞུང་འཛིན་ཚོགས་པ་ཟེར་བའི་དབྱེ་བ་ཡོད་པ་མ་རེད། མི་མང་པོས་དེར་རླབས་ཆེན་གྱི་ཁྱད་ཆོས་ཤིག་དང་། དེ་ལ་བརྟེན་ནས་ང་ཚོར་འཕྲལ་ཕུགས་རྒྱང་གསུམ་ལ་ཁེ་ཕན་མང་པོ་ཞིག་ཡོད་རེད་བསམ་གྱི་ཡོད། དེ་ཞན་ཆ་དང་སྐྱོན་ཡིན་པའང་དགོངས་པ་བཞེས་མཁན་མང་པོ་ཡོད་པ་རེད། ད་ལྟ་འགྲོ་བཞིན་པའི་ང་ཚོའི་འོས་བསྡུའི་ལམ་སྲོལ་ནང་དྭང་བླངས་བྱེད་མི་ཆོག་པ་མ་རེད། ཡིན་ནའང་དྭང་བླངས་བྱེད་མཁན་དཀོན་པོ་རེད། མི་མང་གིས་འོས་གཞི་བདམས་པ་དང་། མཐའ་མའི་འོས་བསྡུ་གཉིས་ཀ་བྱེད་ཀྱི་ཡོད་རེད། རིམ་པ་གཉིས་ཀྱི་ཐོག་ནས་བྱེད་སྲོལ་ཡོད་པའི་འོས་བསྡུ་དེར་ཡང་དམིགས་བསལ་གྱིས་ཁྱད་ཆོས་ཡོད་པ་ཞིག་ཡིན་པ་མང་གཙོའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་མཁན་མང་པོས་བསམ་གྱི་ཡོད་རེད་ལ། བརྗོད་ཀྱིའང་ཡོད་རེད། དེ་ལ་མ་བསྡད་པར་ཉིན་ཞིག་ཞེ་པོ་ཞིག་རང་དབང་ཡོད་པའི་རྒྱལ་ཁབ་ལྟར་འོས་ཤོག་སྒང་ལ་དྲིལ་བསྒྲགས་དང་། འགྲན་བསྡུར། ཁ་གཏད་བྱས་ཏེ་ཧ་ཅང་འཁྲུག་པོ་བྱ་རྒྱུ་དེ་ང་ཚོར་དགོས་མཁོ་ཡོད་པ་ཞིག་རེད་དམ་མ་རེད། ང་ཚོར་ཕན་ཐོགས་ཡོད་པ་ཞིག་རེད་དམ་མ་རེད། སྤྱི་ཚོགས་ནང་ཧ་ཅང་དུམ་བུར་བཏུབས་ནས་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོ་དང་གཅིག་པ་བྱས་ནས་ཕྱིན་པ་ཡིན་ན་ང་ཚོ་ག་པར་སླེབས་ཀྱི་རེད། དེ་ལས་ལྡོག་སྟེ་ད་ལྟ་ནང་བཞིན་གཅིག་གྱུར་གྱིས་ཕྱིན་པ་ཡིན་ན་ཁེ་ཕན་ག་རེ་ཡོད་པ་རེད། དེ་ཚོར་དགོངས་པ་བཞེས་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད། དེ་ཚོ་ཡོང་རྒྱུ་བསྡད་པའི་ལོ་ལྔ་བཅུ་དྲུག་ཅུའི་ནང་ག་རེ་ཡོང་སྲིད་པ་རེད། ག་རེ་ཉེན་ཁ་ཡོད་རེད། ག་རེ་ཁེ་ཕན་ཡོད་རེད། དེ་ཚོའི་ཐོག་སྤྱི་ཚོགས་ནང་བསམ་བློ་བསྡུར་བ་དང་། གོ་བསྡུར། བགྲོ་གླེང་བྱེད་མཁན་དཀོན་པོ་ལྟ་བུ་ཞིག་འདུག
དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་ཞན་ཆ་ཞིག་ག་རེ་ཡོད་རེད་ཅེ་ན། གནས་ཚུལ་ཞིབ་ཚགས་པོ་དང་གསལ་པོ་ཞིག་སྤྲོད་ལེན་བྱེད་མཁན་མི་བྱེད་པ་མ་ཟད། གནས་ཚུལ་སྒྲུག་མཁན་གྱིས་ཀྱང་མ་བསྒྲུགས་པར་གསལ་ཁ་མེད་པ་ཞིག་གི་ཐོག་ནས་འགྲོ་རྒྱུ་ཞིག་དང་། དེའི་འོག་ནས་མཚམས་རེ་གསལ་པོ་མེད་པ་དེའི་ཁེ་ཕན་གང་ཟག་བྱེ་བྲག་པ་རེ་ཟུང་གིས་རང་དོན་ཁོག་བཅུག་གི་དམིགས་ཡུལ་བསྒྲུབ་རྒྱུར་ཕན་འགྲོ་བ་དེ་འདྲ་བྱས་ན་སྤྱི་ཚོགས་བརྟན་པོ་གནས་ཐུབ་ཀྱི་མ་རེད། ང་ཚོ་བཀའ་ཤག་ནང་ཡོད་པའི་སྐབས་ལ་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་རིང་ལུགས་ཞེས་གཞི་རྩའི་ལྟ་གྲུབ་གསུམ་བཞག་པ་དེ་བྱས་རྗེས་དང་ཕན་སེམས་གྱི་ཆེད་དུ་མ་རེད། བདེན་པ་དེ་མེད་ན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་སྐྱབས་བཅོལ་བའི་གནས་བབ་ཐོག་ཡོད་པ་དེ་སའི་གོ་ལ་ཆེན་པོ་འདིའི་ཐོག་རྒྱུན་རིང་པོ་གནས་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་རེད། ང་ཚོར་སྟོབས་ཤུགས་ཆེ་ཤོས་དེ་བདེན་པ་དང་འཚེ་བ་མེད་པ་གཉིས་རེད་བསམས་ཏེ། ང་ཚོའི་སྟོབས་ཤུགས་མ་ཤོར་བའི་དོན་དུ་མི་ལྔ་དྲུག་ཅིག་ལས་མེད་རུང་། སོ་སོའི་ངོས་འཛིན་མ་བརླགས་པར་བསྡད་ཐུབ་པའི་དམིགས་ཡུལ་བཟུང་ནས་ལྟ་གྲུབ་དེ་ཚོ་འཁྱེར་བ་རེད། དེ་རིང་ཁ་སང་ཆབ་སྲིད་ཀྱི་བགྲོ་གླེང་ནང་བདེན་པ་ལ་དེ་ཙམ་གྱིས་བརྩི་མཐོང་མེད་པ་ལྟ་བུ་ཞིག་ཡོང་གི་འདུག དཔེ་མཚོན་ཙམ་ཞུ་ན། ཉེ་ཆར་བརྒྱུད་ལམ་ཁག་གི་ནང་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་གསལ་ལ་མ་གསལ་ཐོག་ནས་ཡོང་བ་ཞིག་མ་གཏོགས། མང་གཙོའི་འགྲོ་སྟངས་དང་མཐུན་པར་མི་མང་ལ་སྐད་ཆ་དྲིས་པ་དང་། བསམ་ཚུལ་བསྡུར་བ། མང་གཙོའི་བརྒྱུད་ལམ་ནང་བགྲོ་གླེང་རྗེས་སུ་ཐག་བཅད་པ་ཞིག་མ་རེད་ཅེས་བསམས་བཞིན་དུ་ཤོད་མཁན་དེ་འདྲ་ཡོང་གི་འདུག དེ་ཚོ་མངོན་སུམ་ལ་བསྙོན་པའི་སྐྱག་རྫུན་ཤོད་ཀྱི་ཡོད་རེད། དེ་ལ་ལན་འབྲི་མཁན་བྱུང་འདུག ཡིན་ནའང་མི་མང་པོ་ཞིག་གིས་དེ་འདྲ་མིན་འགྲོ་དྲན་སྲིད་པ་ཞིག་རེད། རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཞིག་ཡིན་ན། རང་བཙན་གྱི་ལྟ་གྲུབ་བཟུང་མི་ཆོག་ཅེས་བརྗོད་མཁན་སུའང་མེད། ཡིན་ནའང་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ནའང་དངོས་ཡོད་ཀྱི་གནས་ཚུལ་ཤོད་དགོས་རེད་མ་གཏོགས། དབུ་མའི་ལམ་དེ་ཡང་དག་པའི་བརྒྱུད་ལམ་གྱི་ཐོག་ནས་ཐག་གཅོད་བྱས་ཡོད་པ་མ་རེད་ཅེས་སྐྱག་རྫུན་བཤད་ན། བདེན་པ་མ་ཡིན་པའི་དྲིལ་བསྒྲགས་ཀྱིས་མི་མགོ་སྐོར་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་མ་རེད་དམ། མ་འོངས་པར་དེ་ཚོའི་རིགས་དེས་ང་ཚོའི་སྤྱི་ཚོགས་ནང་དྲང་བདེན་གྱི་གནས་བབ་དེ་མར་ཆུང་དུ་ཕྱིན་པ་ཡིན་ན་དེ་ཉེན་ཁ་ཆེན་པོ་ཡིན་པའི་མཐོང་ཚུལ་ཡོང་གི་ཡོད་པ་རེད། དེར་བརྟེན་མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། མ་འོངས་པའི་བོད་པའི་མང་གཙོའི་འགྲོ་སྟངས། མ་འོངས་པའི་ཤེས་ཡོན་གྱི་གནས་སྟངས་བཅས་གསུམ་པོར་ད་ལྟ་ནས་བློ་གྲོས་དང་ལྡན་པ་ཚོས་རྟོག་ཞིབ་བྱེད་དགོས་པ་དང་། བློ་གཟུ་བོར་གནས་པའི་ཐོག་ནས་སོ་སོར་འདོད་ཕྱོགས་གང་འདྲ་ཞིག་ཡོད་ནའང་སྒྲུབ་བྱེད་དང་རྒྱབ་རྟེན་གང་འདྲ་དགོས་ཀྱི་ཡོད་མེད་དེ་དྲང་པོ་དྲང་ཤག་དང་། ལྷག་བསམ་རྣམ་དག དངོས་ཡོད་གནས་ཚུལ་ཐོག་ནས་གསུང་དགོས་པ་མ་གཏོགས། དངོས་ཡོད་མ་ཡིན་པའི་གནས་ཚུལ་བཤད་ན་འགྲིག་གི་མེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ལ་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་བཟོས་པ་ཡིན་ན། ང་ཚོ་མ་འོངས་པར་འགྲོ་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་ཡོང་། དེའི་ཐོག་ཁྱེད་རང་ཚོར་གཅིག་བྱས་ན་དགོངས་པ་འཁོར་ཡོད་ཀྱི་རེད། དགོངས་པ་འཁོར་མེད་ན་དགོངས་པ་བཞེས་ནས་དངོས་ཡོད་གནས་ཚུལ་རྣམས་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་ཕན་པ་གནང་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད། དེ་བཙན་བྱོལ་བོད་མིའི་གནས་སྟངས་ཀྱི་ཐོག་ནས་བཤད་བསྡད་པ་ཞིག་རེད།
སྐད་ཡིག་གི་ཐོག་ནས་བཤད་ན། བོད་པའི་སྐད་ཡིག་དེ་བོད་མི་རིགས་ཀྱི་མཚོན་རྟགས་ཡོད་ན་མེད་ན་དེ་རེད། དེ་ཉར་དགོས་ཀྱི་རེད་དམ་མ་རེད། མི་རིགས་ཀྱི་གཞོན་སྐྱེས་ཚོས་རང་བཞིན་གྱིས་དགོངས་པ་བཞེས་དགོས་པ་ཞིག་རེད། སྤྱིར་བཏང་མི་རིགས་ཀྱི་ཤ་ཞེན་ཟེར་བ་དེ་གལ་ཆེན་པོ་ཞིག་ཡིན་པ་ངས་བརྩི་གི་མེད་ལ། མི་བརྩི་མཁན་ཡང་མང་པོ་ཡོད་པ་རེད། མི་རིགས་ཀྱི་ཤ་ཞེན་བྱེད་དགོས་མ་རེད་ཅེས་བཤད་དུས་ཧ་ལས་ལས་བྱེད་མཁན་མང་པོ་ཡོད་པ་རེད། འོན་ཀྱང་མི་རིགས་ཀྱི་ཤ་ཞེན་དང་མི་རིགས་ཀྱི་ལས་འགན་གཉིས་རྦད་དེ་ཐ་དད་རེད། མ་ཁི་སི་ཁོ་རང་གིས་ཀྱང་མི་རིགས་ཀྱི་ཤ་ཞེན་བྱེད་ན་འགྲིག་གི་མི་འདུག་ཅེས་བཤད་ཡོད་པ་རེད། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་རྩ་མེད་དུ་གཏོང་དགོས་ཞེས་བཤད་དགོས་པའི་རྒྱུ་མཚན་གང་རེེད་ཅེ་ན། མི་རིགས་ཆེན་པོའི་རིང་ལུགས་ཡིན་ནའང་མི་རིགས་ཀྱི་ཤ་ཞེན་ཐོག་ནས་འགྲོ་གི་ཡོད་ལ། ས་གནས་མི་རིགས་རིང་ལུགས་ཡིན་ནའང་མི་རིགས་ཀྱི་ཤ་ཞེན་ཐོག་ནས་འགྲོ་གི་ཡོད། དེ་གཉིས་བཞག་ནས་མི་རིགས་ཀྱི་མཐུན་ལམ་དང་མི་རིགས་ཀྱི་ཆིག་བསྒྲིལ་སྐོར་སྐད་ཆ་བཤད་ཀྱི་ཡོད། ད་ལྟ་ང་ཚོས་འཇིག་རྟེན་ཡོངས་ཀྱི་མི་རིགས་ཚང་མ་ཆིག་བསྒྲིལ་ཡོང་བར་བསམ་བློ་གཏོང་དགོས་པ་དང་། མི་རིགས་གཞན་དག་གི་ཆེད་དུ་མི་རིགས་གཅིག་གི་ཁེ་ཕན་བློས་གཏོང་དགོས་ནའང་གཏོང་ཐུབ་དགོས་པ་བསམ་མཁན་ཚོའི་དགོངས་པ་བཞེས་ཕྱོགས་དང་ཁ་ཕྱོགས་དེ་འདྲ་ཞིག་རེད། ཡིན་ནའང་མི་རིགས་ཀྱི་ལས་འགན་ཟེར་བ་དེ་མ་བསྒྲུབ་པ་ཡིན་ན། མི་རིགས་གཏོར་བཤིག་གཏོང་མཁན་ལྟ་བུ་ཞིག་རེད། མི་རིགས་གཏོར་བཤིག་བཏང་བ་ཡིན་ན་མི་རིགས་མཐུན་བསྒྲིལ་ཡོང་རྒྱུ་མེད། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་བསྒྲིལ་བྱེད་ཀྱི་མི་འདུག མི་རིགས་རྩ་མེད་གཏོང་གི་འདུག་བཤད་པ་དེ་དང་གཅིག་པ་ཆགས་ཀྱི་རེད། མི་རིགས་ཀྱི་ལས་འགན་ནང་རང་གི་མི་རིགས་ཀྱི་ངོས་འཛིན་དང་རང་གི་མི་རིགས་ཀྱི་སྐད་ཡིག་གཉིས་པོ་དེ་རེད། བོད་པའི་སྐད་ཡིག་དེ་བོད་པ་ཁོ་ནའི་དོན་དུ་གང་ཡང་མ་རེད། བོད་པའི་སྐད་ཡིག་དེ་བརླགས་པ་ཡིན་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་དག་དང་། བོད་པའི་རིག་གཞུང་པོ་ཏི་ཁྲི་ཕྲག་མང་པོ་ཡོད་པ་དེ་དག་ཚང་མ་དོན་མེད་དུ་ཆགས་འགྲོ་རྒྱུ་རེད། རྗེས་སུ་དངོས་རྫས་རྙིང་པ་སྔོག་མཁན་ཚོས་ཚིག་རེ་རེ་བཞིན་ཀློག་ནས་ག་རེ་ཟེར་གྱི་ཡོད་མེད་ཐོག་ཞིབ་འཇུག་བྱེད་དགོས་པ་ཆགས་སྲིད། དེར་བརྟེན་དེའི་སྐོར་ལ་ང་ཚོས་རང་བཞིན་གྱིས་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད།
རྒྱ་བལ་འབྲུག་གསུམ་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་ཚོར་མཚོན་པ་ཡིན་ན། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོའི་དམིགས་བསལ་གྱི་ངོས་འཛིན་གང་རེད་ཅེ་ན། ཁོང་ཚོའི་དམིགས་བསལ་གྱི་ལེགས་བྱང་དེ་རེད། སྤྱིར་བཏང་ལེགས་བྱང་དང་ཡུལ་གྱི་གོམས་པའི་གཤིས་ལུགས་གཉིས་ལ་དབྱེ་བ་ཕྱེ་དགོས་པ་གལ་ཆེན་པོ་རེད། ཡུལ་གྱི་གོམས་པའི་གཤིས་ལུགས་ཁ་ཤས་ཆེད་དུ་མངགས་ནས་མེད་པ་བཟོ་དགོས་པའང་མང་པོ་ཡོད་པ་རེད། དཔེར་ན་རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་དད་རང་དབང་དེ་ཆ་རྐྱེན་མེད་པར་བཞག་མེད། ཆོས་དད་རང་དབང་དེ་ཆ་རྐྱེན་དང་མཉམ་དུ་བཞག་ཡོད། དེར་བརྟེན་ཆོས་དད་རང་དབང་གི་ཐོབ་ཐང་ཆ་ཚང་ཡོད་པ་གང་ཞིག་ལ་ཆོས་ལུགས་ལ་བསྙད་པའི་ལམ་སྲོལ་ངན་པ་དཔེར་ན་རིགས་ལ་དབྱེ་བ་ཕྱེ་བ་དང་། རིགས་ལ་བཟང་ངན་བརྩི་བ། རིགས་ཁ་ཤས་ལ་ལག་པ་འཆང་མི་ཆོག་པ་དེ་འདྲའི་རིགས་དེ་ཆོས་ཀྱི་རིག་གཞུང་ནང་ཡོད་པ་ཡིན་ནའང་རྩ་མེད་དུ་བཟོ་དགོས་ཀྱི་རེད་ཅེས་གསལ་ཡོད། སྤྱིར་བཏང་གི་བཟང་སྤྱོད་དང་། མི་མང་གི་འཕྲོད་བསྟེན། མི་མང་གི་བདེ་འཇགས་བཅས་ལ་མ་གནོད་པའི་ཐོག་ནས་ཆོས་དད་རང་དབང་ཡོད་རེད་ཅེས་ཆ་རྐྱེན་གསུམ་ཙམ་བཀོད་འདུག དེར་བརྟེན་ཡུལ་གྱི་གོམས་པའི་གཤིས་ལུགས་ཟེར་བ་དེའི་ནང་མེད་པ་བཟོ་དགོས་པ་མང་པོ་ཡོད་པ་རེད། དཔེར་ན་ང་ཚོ་ཧི་མཱ་ཅལ་ལྟ་བུར་མཚོན་ན། ཆོས་ལུགས་ནང་ཡོད་མིན་མི་ཤེས་ཀྱང་། ཡུལ་གྱི་གོམས་པའི་གཤིས་ལུགས་ནང་དམར་མཆོད་བྱེད་པའི་ལུགས་སྲོལ་དེ་འདི་ལོའི་བར་དུ་ཡོད་པ་ཞིག་རེད། འདི་ལོ་ཁྲིམས་ཁང་ནས་དམར་མཆོད་ཆོག་གི་མ་རེད་གསུངས་དུས་དམར་མཆོད་མཚམས་འཇོག་བྱེད་དགོས་བྱུང་བ་རེད། ཁྲིམས་ཁང་གི་ཐག་གཅོད་དེ་ཆོས་དད་རང་དབང་ལ་བརྡལ་བཤིག་བཏང་བ་རེད་ཅེས་བཤད་ཐུབ་ཀྱི་མ་རེད། རྩ་ཁྲིམས་ནང་དེ་འདྲ་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་རེད། ཡུལ་གྱི་གོམས་པའི་གཤིས་ལུགས་ཀྱི་སྐད་ཆ་མིན་པ་ཡིན་ནའང་། སོ་སོའི་ཐུན་མོང་མ་ཡིན་པའི་ལེགས་བྱང་ (Tradition) གི་ཡང་དག་པའི་ལམ་སྲོལ་གང་ཡོད་པ་དེ་ཉར་མ་ཐུབ་པ་ཡིན་ན། མི་རིགས་དང་སྤྱི་ཚོགས་ཀྱི་ལས་འགན་མ་འགྲུབ་པ་ཞིག་ཆགས་འགྲོ་གི་ཡོད་རེད། དེར་བརྟེན་ཁྱེད་རང་ཚོས་ནམ་རྒྱུན་ལུང་པ་སོ་སོའི་ཁ་སྐད་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་། སློབ་སྦྱོང་བྱེད་སའི་བཀའ་འགྱུར་བསྟན་འགྱུར་དེ་དག་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་སྐད་ཡིག་དེའི་ཐོག་ནས་འགྲོ་གི་ཡོད་དུས། དེ་ཕྱི་རྒྱལ་གྱི་ལུང་པ་གཞན་ཞིག་གི་སྐད་ཡིག་ཡིན་པའི་སྣང་བ་མི་བྱེད་པར། དེ་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་སྐད་ཡིག་ཡིན་བསམས་པ་དང་། རང་གི་རྒྱལ་ཁབ་ལ་སྐད་ཡིག་མང་པོ་ཡོད་པའི་ནང་གི་སྐད་ཡིག་གི་ཆ་ཤས་ཤིག་ཡིན་བསམས་པ་བྱེད་དགོས། སངས་རྒྱས་ཀྱི་ཆོས་ཀྱི་རིང་ལུགས་དེ་ཕྱི་རྒྱལ་ནས་ཡོང་བ་ཞིག་གང་ཡང་མ་རེད། རྒྱ་གར་རང་གི་དཔལ་ནཱ་ལནྡཱ་ནས་བརྒྱུད་པ་དེ་ལུང་པ་སོ་སོའི་ནང་ལ་དྲི་མ་མེད་པ་གཙང་མ་ཞིག་བྱེད་ཐུབ་ན་ཡག་པོ་ཡོད་རེད། དྲི་མ་མེད་པ་ཞེ་ན། ནང་པ་ཡིན་བཤད་ཀྱིན་ལ་རིགས་ཀྱི་དབྱེ་བ་ཡོད་པ་ལྟ་བུ་དང་། ནང་པ་ཡིན་བཤད་ཀྱིན་ལ་དམར་མཆོད་བྱེད་པ་ལྟ་བུ་མ་ཡིན་པར། ནང་པ་ཡིན་ན་ནང་པ་གཙང་མ་ཞིག་དང་། ནང་པ་མིན་ན་ཆོས་བརྒྱུད་ག་རེ་ཡིན་ནའང་དེ་གཙང་མ་ཞིག་བྱེད་དགོས། དཔེར་ན་དེང་སང་མུ་སྟེགས་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་ནའང་། མུ་སྟེགས་པའི་ཆོས་བརྒྱུད་ནང་རིགས་ཀྱི་དབྱེ་བ་དང་དམར་མཆོད་བྱེད་པ་དེ་དག་དངོས་གནས་བསྟན་བཅོས་ཀྱི་དགོངས་པ་རེད་དམ་མ་རེད་བགྲོ་གླེང་མང་པོ་ཡོད་རེད། བགྲོ་གླེང་དེ་དག་ཤུགས་ཆེན་པོས་སླེབས་ས་ཞིག་ཏུ་སླེབས་ཐུབ་པ་ཡིན་ན་སོ་སོའི་ཆོས་བརྒྱུད་དང་ལེགས་བྱང་འཛིན་སྐྱོང་སྤེལ་བར་ཕན་ཐོགས་ཡོང་གི་རེད།
ལྷག་པར་དུ་རྒྱ་གར་རང་བཙན་བྱུང་ནས་ལོ་དྲུག་ཅུ་རེ་གྲངས་ཤིག་གི་རིང་ལ་ས་མཚམས་ཁག་གི་གདོད་མའི་མི་རིགས་དང་། ས་མཚམས་ཁག་གི་གྲངས་ཉུང་མི་རིགས། གྲངས་ཉུང་མི་རིགས་ལའང་སྐད་ཡིག་གི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་གཉིས་ཀ་ཡོད་རེད། ཡང་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱང་ཏོག་ཙམ་ཡོད་པ་རེད། དེར་བརྟེན་གྲངས་ཉུང་མི་རིགས་དེ་ཚོ་ནམ་རྒྱུན་ང་ཚོའི་ཁ་ལ་ཧ་ཅང་བྱངས་ཚར་བའི་ཚིག་གཅིག་གི་འོག་ལ་འཁྱེར་འགྲོ་གི་ཡོད་རེད། དེ་ནི་རྩ་བའི་རྒྱུན་ (Mukhyadhārā) (Mainstream) གྱི་ནང་ལ་འགྲོ་ཐུབ་པ་དགོས་རེད་ཟེར་རྒྱུ་དེ་རེད། དེར་བརྟེན་གྲངས་ཉུང་མི་རིགས་དེ་ཚོ་དང་། ལྷག་པར་དུ་ས་མཚམས་ཁག་གི་གྲངས་ཉུང་མི་རིགས་དེ་ཚོ་རྒྱ་གར་གྱི་རྩ་བའི་རྒྱུན་གྱི་ནང་འདྲེས་དགོས་རེད་ཟེར་བའི་ཚིག་དེ་གོ་བ་ཡག་པོ་ཞིག་མ་བརྒྱབ་པའམ་འགྲེལ་བཤད་ཡག་པོ་ཞིག་མ་བརྒྱབ་པ་ཡིན་ན་ཉེན་ཁ་ཡོད་པའི་ཚིག་རེད། གང་དུ་འཐེན་འཐེན་རེད། སོ་སོའི་ངོས་འཛིན་ཆ་ཚང་ཕྱིས་བརྡར་བཏང་ནས་རྒྱ་ཐང་གི་མི་དེ་ཚོས་གང་བྱེད་ཀྱི་ཡོད་པ་ཚང་མ་བྱས་པ་ཡིན་ན་རྩ་བའི་རྒྱུན་གྱི་ནང་སླེབས་པའི་བསམ་བློ་འཁོར་བ་ཡིན་ན། དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། མོ་རཱར་ཇི་དེ་སཱ་ཨཱི་ (Morarji Desai) རྒྱ་གར་གྱི་སྲིད་བློན་གཞོན་པ་(Deputy Prime Minister) ཡིན་པའི་སྐབས་སུ་ལ་དྭགས་ཀྱི་བླ་མ་བློ་བཟང་ཁོང་མཇལ་དུ་ཕྱིན་པ་རེད། བླ་མ་བློ་བཟང་གིས་མང་པོ་ཞིག་ཞུས་ཡོད་པ་འདྲ། དཔེར་ན་ལ་དྭགས་ལ་གནམ་གྲུ་འགྲོ་གི་མི་འདུག སྨན་ཁང་མི་འདུག གཅིག་མི་འདུག གཉིས་མི་འདུག་ཅེས་མང་པོ་ཞིག་ཞུས་དུས། མོ་རཱར་ཇི་དེ་སཱ་ཨཱི་ནས་ཁྱེད་རང་གིས་ག་རེ་གསུང་གི་ཡོད། ཁྱེད་རང་གིས་ལ་དྭགས་དེ་ལ་དྭགས་ལ་གཞག་རྒྱུ་ཡིན་ནམ། ཡང་ན་ལ་དྭགས་དེ་བྷོམ་བྷེ་ལ་བསྒྱུར་རྒྱུ་ཡིན་ཞེས་དྲིས་པ་རེད། ཁོང་གི་དྲི་བ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། མོ་རཱར་ཇི་བྷཱཨཱི་མཚམས་རེ་ཨུ་ཚུགས་ཚ་པོ་ཞིག་ཡོད་རེད་མ་གཏོགས། རྩ་བའི་དགོངས་པ་བཞེས་ཕྱོགས་གཱཾ་དྷཱི་དང་ཧ་ཅང་མཐུན་པོ་རེད། ད་ལྟ་ལ་དྭགས་དེ་ལ་དྭགས་བྱས་ནས་བརྒྱ་ཆ་ག་ཚོད་བསྡད་ཡོད་རེད། བརྒྱ་ཆ་ག་ཚོད་བྷོམ་བྷེ་བཞིན་ཆགས་ཡོད་རེད། ལ་དྭགས་ཀྱི་རྒྱལ་ས་སླེ་ལ་བལྟས་པ་ཡིན་ན་ཧ་ལས་པ་ཞིག་འདུག རྩ་བའི་རྒྱུན་གྱི་ནང་ལ་སོ་སོའི་ངོས་འཛིན་ཡོད་པའི་ཐོག་ནས་སྤྱི་ཚོགས་དང་དཔལ་འབྱོར་ཆབ་སྲིད་བཅས་ཀྱི་ཐོབ་ཐང་གཞན་དང་འདྲ་མཉམ་ལོངས་སྤྱད་རྒྱུའི་དགོངས་པ་བཞེས་ནས་ཕེབས་ཀྱི་རེད་དམ། ཡང་ན་རྩ་བའི་རྒྱུན་གྱི་ནང་འགྲོ་བའི་ཆེད་དུ་སོ་སོའི་ལྷམ་དང་ཞྭ་མོ་གྱོན་གོས་ཆ་ཚང་ཕུད་དེ་དམར་ཧྲེང་བྱས་ནས་མཆོང་གི་རེད། དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱུན་དུ་ནས་ཕུགས་རྒྱང་རིང་པོར་དགོངས་པ་མ་བཞེས་པ་ཡིན་ན། ཚིག་ཁ་ཤས་ཧ་ཅང་ཁྱབ་ཆེན་པོ་རེད། རྩ་བའི་རྒྱུན་ (Mainstream) དེ་དང་། ཡར་རྒྱས་(Development) ཞེས་པ་དེ་གཉིས་པོས་མི་མང་པོར་མགོ་སྐོར་ཐེབས་སྲིད་པ་ཞིག་རེད། རྒྱ་གར་རང་བཙན་མ་བྱུང་བའི་སྔོན་དུ་ཡིན་ན། རྒྱ་གར་ནང་ཡར་རྒྱས་ཟེར་བའི་ཚིག་དེ་ཚིག་གྲོགས་མེད་པར་རྐྱང་པ་ཞིག་ཡིག་ཆ་དེ་ཚོའི་ནང་བེད་སྤྱོད་གཏོང་སྲོལ་མེད། ཚིག་གྲོགས་གཅིག་དང་སྦྱར་ནས་བེད་སྤྱོད་གཏོང་གི་ཡོད། དཔེར་ན་སོ་ནམ་ཡར་རྒྱས་དང་བཟོ་ལས་ཡར་རྒྱས་ལྟ་བུ་རེད། དེང་སང་ཁྱད་གཞི་གང་ཡང་མེད་པར་ཡར་རྒྱས་ཡར་རྒྱས་ (Development) ཞེས་པའི་ཚིག་ཁོ་རང་གཅིག་པུ་རྡོག་རྡོག་ཞིག་བེད་སྤྱོད་གཏོང་གི་ཡོད། གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་གྱི་ཚིག་དེའི་འོག་ནས་གནས་ཚུལ་མང་པོ་ཞིག་རྒྱུག་པ་ལེབ་རྡུང་ལྟར་འགྲོ་བའི་གནས་སྟངས་ཤིག་ཡོད་པ་རེད། ལྷག་པར་དུ་ང་ཚོ་ས་མཚམས་ཀྱི་གྲངས་ཉུང་མི་རིགས་དང་། གདོད་མའི་མི་རིགས་དེ་ཚོར་ཞིབ་ཚགས་པོ་བལྟ་དགོས་པ་དེ་གལ་ཆེན་པོ་རེད། ཡར་རྒྱས་ཕྱིན་པ་ཡིན་ན་ང་ཕྱུག་པོ་ཆགས་ཀྱི་རེད། ང་ལ་སྒོར་མོ་མང་པོ་རག་གི་རེད་བསམས་པ་རྐྱང་རྐྱང་བྱས་ན། གནས་སྐབས་ཤིག་ལ་ཕྱུག་པོ་ཆགས་སྲིད་པ་རེད། པད་ཤག་མང་པོ་རག་སྲིད་པ་རེད། འོན་ཀྱང་ཕྱུག་པོ་ཆགས་པ་དེས་དངོས་ཡོད་ཀྱི་ཁེ་ཕན་དེ་རྗེས་མ་གང་དུ་འགྲོ་རྒྱུ་རེད། སོ་སོར་རག་གི་ཡོད་རེད་དམ། ཡང་ན་མི་གཞན་ཞིག་གིས་འཁྱེར་འགྲོ་རྒྱུ་རེད། དེ་གཟིགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
རྒྱ་གར་གྱི་རྩ་ཁྲིམས་ནང་ངོས་ལེན་ཡོད་པའི་སྐད་ཡིག་སུམ་ཅུ་བཞི་བཅུ་ཞིག་ཡོད་པ་རེད། དེའི་ནང་ནེ་པཱ་ལི་ཡོད་རེད། ཨིན་ཇི་ཡོད་པ་རེད། དེ་ཚོ་རྒྱ་གར་གྱི་སྐད་ཡིག་མ་རེད། འོན་ཀྱང་བོད་སྐད་རྒྱ་གར་གྱི་རྩ་ཁྲིམས་ནང་ངོས་ལེན་བྱས་པ་ཡིན་ན། ཧ་ཅང་ནོར་འཁྲུལ་འགྲོ་གི་ཡོད་པ་དང་། ཞེད་སྣང་སྐུལ་མཁན་ཡང་ཡོང་གི་ཡོད། ཚིག་དེ་བརྗེ་པོ་རྒྱག་དགོས་པ་རེད། བྷོ་ཊཱི་བརྗོད་དགོས་ཞེས་བཤད་ཀྱི་ཡོད་པ་རེད། བྷོ་ཊཱི་དེ་ཚིག་བརྗེ་པོ་རྒྱག་པ་གང་ཡང་མ་རེད། སྐད་བརྗེ་པོ་བརྒྱབས་པ་རེད། བོད་སྐད་དེ་སཾསྐྲྀཏའི་སྐད་ལ་བསྒྱུར་བ་རེད་མ་གཏོགས། དོན་དག་གཅིག་པ་རེད། བྷོ་ཊ་བྷཱ་ཥཱ་ལ་བྷོ་ཊཱི་ཞེས་བརྗོད་པ་རེད། ཁྱད་པར་གང་ཡང་མེད། ཡིན་ནའང་དངོས་ཡོད་ཀྱི་བསམ་བློ་གཏོང་སྟངས་དེ་གང་རེད་ཅེ་ན། ནེ་པཱ་ལི་དེ་རྒྱ་གར་གྱི་སྐད་ཅིག་མིན་པ་ཧ་ཅང་གསལ་པོ་རེད། དེ་རྩ་ཁྲིམས་ནང་ངོས་ལེན་བྱེད་ཆོག་པ་དང་ཟུར་མཆན་ནང་བཞག་ཆོག་པར། བོད་སྐད་དེ་བཞག་མི་ཆོག་ཟེར་བ་དེར་རྒྱུ་མཚན་གང་ཡང་མེད། བོད་པའི་གཏམ་དཔེར། གཡས་པ་སྤྱན་དང་གཡོན་པ་མིག་ཞེས་པ་ལྟ་བུ་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། སྐད་ཡིག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ཟུར་འཛར་ཐོ་གཞུང་ནང་སླེབས་པ་ཡིན་ན་ཧ་ཅང་ཁེ་ཕན་ཡོད་པ་དང་། མ་སླེབས་ན་གྱོང་ཡོད་པ་ཕྲན་བུ་ཡོད་ཀྱི་རེད་མ་གཏོགས། དངོས་གནས་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་ཤུགས་ཆེན་པོ་ཡོད་ན། རྩ་ཁྲིམས་ནང་མ་ཚུད་པ་ཡིན་ནའང་རྩ་ཁྲིམས་ནས་བཀག་ཐུབ་ཀྱི་མེད་པ་ཧ་ཅང་གསལ་པོ་རེད། གནས་ཚུལ་དེ་ཚོ་ཚང་མས་མཁྱེན་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། དེར་བརྟེན་བསམ་བློའི་ནང་ཡར་རྒྱས་ཀྱི་འདུན་པ་དང་། རྩ་བའི་རྒྱུན་ནང་འགྲོ་བའི་འདུན་པ། དེ་ཕྱིན་པ་ཡིན་ན་ཁེ་བཟང་ཆེན་པོ་ཡོད་པའི་བསམ་ཚུལ་དེ་འདྲ་ཀླད་པ་བཀྲུས་ནས་མང་པོ་ཞིག་བླུག་གི་ཡོད་པ་རེད། དེ་དག་ལ་ལམ་སེང་ཆ་མ་བཞག་པར་རང་གི་རིགས་པས་བརྟག་དཔྱད་བྱས་ནས་དེ་ཡག་པོ་ཡིན་པའི་ངེས་པ་རྙེད་ན་དེ་རང་རེད། དེ་མིན་གཞན་གྱི་གནོན་ཤུགས་འོག་ཏུ་གློ་བུར་དུ་མ་སོང་ན་ཡག་པོ་རེད་བསམ་གྱི་འདུག
དེང་སང་རྒྱ་བལ་འབྲུག་གསུམ་དང་། རྒྱ་ནག རཱ་ཤི་ཡ། སོག་ཡུལ། བཙན་བྱོལ་བོད་མི་བཅས་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཚང་མའི་ནང་ཀླན་ཀ་དང་སུན་པོ་བཟོ་བསྡད་རྒྱུ་ཞིག་ནི་དོལ་རྒྱལ་རྗེས་འབྲང་བ་ཚོ་རེད། དེ་ཚོས་དངོས་ཡོད་ཀྱི་གནས་ཚུལ་མ་ཡིན་པ་མང་པོ་ཞིག་དྲིལ་བསྒྲགས་བྱས་ནས་འཇིག་རྟེན་ཡོངས་རྫོགས་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། མགོ་སྐོར་གཏོང་ཐུབ་ཐབས་མེད་པ་ཡིན་ནའང་། གནས་སྐབས་བསླུ་བྲིད་འོག་ཏུ་འགྲོ་བའི་ཉེན་ཁ་ཡོད། དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཚང་མས་དོ་སྣང་བྱེད་དགོས་པ་དང་ཤེས་དགོས་པ་དེ་གལ་ཆེན་པོ་རེད། ཁོང་ཚོས་དངོས་ཡོད་མ་ཡིན་པའི་གནས་ཚུལ་ག་རེ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅེ་ན། ༧སྐྱབས་མགོན་རིན་པོ་ཆེས་སུས་ཀྱང་དོལ་རྒྱལ་བསྟེན་མི་ཆོག་ཅེས་གསུང་གི་ཡོད་རེད། ཨིན་སྐད་ལ་ Ban བྱས་པ་རེད་ཅེས་བཤད་ཀྱི་ཡོད། དེ་འདྲ་ང་ཚོས་བྱེད་ཐུབ་ཐབས་ཡོད་པ་མ་རེད་ལ། ༧སྐྱབས་མགོན་རིན་པོ་ཆེས་ནམ་ཡང་དེ་ལྟར་གནང་གི་མེད། ༧སྐྱབས་མགོན་རིན་པོ་ཆེས་མ་བསྟེན་ན་ཡག་པོ་ཡོད་རེད། བསྟེན་ན་སྐྱོན་འདི་དང་འདི་རྣམས་ཡོད་ཅེས་གསུང་བ་མ་ཟད། རྒྱུ་མཚན་གསུངས་པའི་རྗེས་སུ་བསྟེན་དང་མ་བསྟེན་ཁྱེད་རང་ཚོའི་འདོད་པ་རེད་ཅེས་ཀྱང་གསུང་གི་ཡོད། དེར་བརྟེན་ད་ལྟ་ང་ཚོའི་གདན་སའི་ས་ཁུལ་ནང་བསྟེན་ནས་སྡོད་མཁན་ཚོར་སུས་ཀྱང་སུན་གཙེར་གང་ཡང་བཟོ་གི་མེད་ལ། ཁང་པ་དང་ས་ཆ་སོགས་ཚང་མ་སྤྲད་ཡོད་པ་རེད། ཁྱེད་ཚོས་ག་རེ་བྱས་ནས་བསྟེན་གྱི་ཡོད་ཅེས་བརྙས་བརྐོ་བར་འགྲོ་མཁན་སུའང་མེད། དེ་ནི་ Ban མིན་པའི་རྟགས་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཞུ་ན་འགྲིག་གི་མ་རེད་ཅེས་གསུང་བ་དེ་༧རྒྱལ་བ་རིན་པོ་ཆེ་རང་གི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། ཆོས་གནང་མཁན་གྱི་བླ་མས་སློབ་མ་སྣོད་དུ་རུང་དང་མི་རུང་བརྟག་དཔྱད་བྱེད་རྒྱུ་དང་། ཆོས་ཞུ་མཁན་གྱི་སློབ་མས་བླ་མ་མཚན་ཉིད་ལྡན་པ་ཡིན་མིན་བརྟག་དཔྱད་བྱེད་རྒྱུ་དེ་གང་ཟག་སོ་སོའི་འདོར་དུ་མེད་པའི་གཞི་རིམ་གྱི་ཐོབ་ཐང་ཙམ་དུ་མ་ཟད། ལས་འགན་ཞིག་ཀྱང་རེད། དེ་གསུངས་པ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་འདུག་ཟེར་བ་དེ་རྫུན་གཏམ་ཆེན་པོ་རེད། དེ་གསུང་རྒྱུའི་ཐོབ་ཐང་ཆ་ཚང་༧རྒྱལ་བ་རིན་པོ་ཆེ་ལ་ཡོད་པ་རེད། ཉེ་ཆར་མི་ཞིག་དང་སྐད་ཆ་བྱུང་། ཁོང་གིས་༧རྒྱལ་བ་རིན་པོ་ཆེས་གསུང་ཆོས་ལ་མ་ཡོང་ན་ཡག་པོ་ཡོད་ཅེས་གསུང་རྒྱུ་ལས་ཡོང་ཆོག་གི་མ་རེད་ཅེས་གསུང་ན་ཏོག་ཙམ་བདེ་པོ་མི་འདུག་ཅེས་ཤོད་ཀྱི་འདུག ཡིན་ནའང་ཡོང་ཆོག་གི་མ་རེད་གསུང་རྒྱུ་དེ་༧རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་རེད། སོ་སོའི་ཁྱིམ་ནང་ཇག་པ་ཞིག་འཛུལ་ན་དེ་འཛུལ་ཆོག་གི་མ་རེད་ཅེས་བཤད་ཆོག་གི་མ་རེད་དམ། གལ་ཏེ་ཇག་པ་འཛུལ་ཆོག་གི་མ་རེད་ཅེས་བརྗོད་ན་ཇག་པ་དེའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཕྱིན་པ་རེད་དམ། དེ་ཚོ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད།
དེ་བཞིན་སྤྱི་ཚོགས་ནང་ཟུར་འཇོག་ (Boycott) བྱེད་རྒྱུ་དེའང་ཐོབ་ཐང་ཡོད་པ་ཞིག་རེད། འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱེད་པའི་ཐབས་ལམ་དྲག་ཤོས་ཤིག་ཟུར་འཇོག་བྱེད་རྒྱུ་དེ་རེད། ཚོང་ཁང་བདག་པོས་དོལ་རྒྱལ་བསྟེན་མཁན་ཚོ་ངའི་ཚོང་ཁང་ནང་ཡོང་མི་ཆོག་ཅེས་བྲིས་ཡོད་ན་དེ་འབྲི་ཆོག་པ་ཞིག་རེད། ཚོང་ཁང་གི་ཅ་ལག་སུ་ལ་བཙོང་མི་བཙོང་དེ་ཚོང་ཁང་བདག་པོ་དེའི་གཞི་རིམ་གྱི་ཐོབ་ཐང་རེད་མ་གཏོགས། དེ་ནི་ཉོ་མཁན་གྱི་ཐོབ་ཐང་གང་ཡང་མ་རེད། ཉོ་མཁན་ཉུང་དུ་སོང་ན་གྱོང་རག་མཁན་དེ་ཚོང་ཁང་བདག་པོ་ཁོ་རང་རེད། ཉོ་མཁན་དེ་ཕར་ཙམ་ཚུར་ཙམ་ཕྱིན་ན་ཚོང་ཁང་གཅིག་མ་གཏོགས་མེད་པ་ཡིན་གྱི་མ་རེད། དེ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་འདུག་ཟེར་བ་དེ་ཏག་ཏག་བསྡད་ཀྱི་མ་རེད། དེས་ན་གཱཾནྡཱིས་མཐུན་འགྱུར་མི་བྱེད་པའི་ལས་འགུལ་ནང་ཨིན་ཇིའི་ལུང་པ་ནས་བཟོས་པའི་རས་དང་ཅ་ལག་མ་ཉོས་པ་དེ་ཚོ་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་རེད་ཅེས་ཁྲིམས་ཁང་ནང་འགྲོ་རྒྱུ་ཡོད་དམ། ལར་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་འགྲོ་མིན་དེ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད། དོལ་རྒྱལ་ཚོགས་པ་ཚོས་གནའ་སྔ་མོ་ནས་རྒྱལ་སྤྱིའི་གུ་ཡངས་ཚོགས་པ་ (Amnesty International) དང་། རྒྱ་གར་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (National Commission of Human Rights) བཅས་ལ་སྙན་ཞུ་ཕུལ་བ་མ་ཟད། ཞིབ་འཇུག་ཀྱང་བྱས་ཟིན་པ་རེད། ཞིབ་འཇུག་བྱས་པའི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གང་ཡང་ཕྱིན་མི་འདུག་ཅེས་ཁྲིམས་མཐུན་ཐོག་ནས་ཐག་གཅོད་བྱས་པའི་གནས་སྟངས་ཤིག་རེད། དེར་བརྟེན་སྐྱག་རྫུན་བཤད་ནས་འགྲིག་འགྲོ་རྒྱུ་ཞིག་གང་ཡང་མེད། ཡང་ཁོ་ཚོས་༧རྒྱལ་བ་རིན་པོ་ཆེས་ཞལ་རྫུན་གནང་གི་འདུག་ཟེར་གྱི་ཡོད། འོན་ཀྱང་འདི་འདྲ་ཞིག་ཞལ་རྫུན་གནང་སོང་ཞེས་བསྟན་རྒྱུ་གཅིག་ཀྱང་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་འབྱེད་བྱས་སོང་ཟེར་གྱི་ཡོད། ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་འབྱེད་སུ་ལའང་བྱས་མེད། སྨན་ཁང་ནང་མ་བསྐྱེལ་བ་དང་། སློབ་གྲྭའི་ནང་མ་བཅུག་པ་སོགས་མི་གཅིག་གི་མིང་ཡང་བཏོན་རྒྱུ་ཡོད་པ་མ་རེད། དེ་ཚོ་ཧམ་པའི་ཐོག་ནས་སྐྱག་རྫུན་བཤད་པའི་དྲིལ་བསྒྲགས་ཤིག་རེད། དེ་འདྲ་བྱེད་མཁན་གྱི་གང་ཟག་དེ་ཚོ་ནི་སྙིང་རྗེའི་ཡུལ་རེད། དེ་ལ་ཁོང་ཁྲོ་བྱེད་རྒྱུ་ཡོད་པ་མ་རེད། འོན་ཀྱང་ང་ཚོས་བྱེད་སྟངས་དེ་ལ་ངེས་པར་དུ་གསལ་བཤད་དང་། གདོང་ལེན་བྱ་རྒྱུ་གལ་ཆེན་པོ་རེད།
སོ་སོའི་ལས་དོན་དེ་འཚོ་ཐབས་ཙམ་མིན་པར། བསྟན་འགྲོ་ལ་ཕན་ཆེད་ཡིན་པ་ཞིག་ལ་ངོས་འཛིན་གྱིས་ལྷག་བསམ་རྣམ་དག་དང་བརྩོན་འགྲུས་དང་ལྡན་པའི་ཐོག་ནས་གནང་ན། དལ་བ་ཐོབ་པ་དེ་དོན་དང་ལྡན་པ་ཞིག་མ་བྱུང་ནའང་དལ་བ་ཐོབ་པ་ཆུད་ཟོས་སུ་མ་འགྲོ་བ་ཞིག་ཏན་ཏན་ཡོང་རྒྱུ་རེད། འདིར་བརྩོན་འགྲུས་ཟེར་བ་དེ་སྡུག་རུས་བརྒྱབས་པ་མིན་པར། སྡུག་རུས་བརྒྱབས་ན་དཀའ་ངལ་ཆེ་རོགས་རེད། དེ་ནི་སྤྲོ་ཤུགས་ཀྱིས་སོ་སོའི་ལས་ཀ་ག་རེ་ཡིན་ནའང་དེར་འདུན་པ་ཡོད་པ་ཞིག་དང་སྤྲོ་བ་ཡོད་པ་ཞིག་དགོས་ཀྱི་ཡོད།
ཞར་བྱུང་དུ་ངག་སྐད་ཐོག་ནས་བཤད་པ་སྒྲ་འཛིན་འཁོར་ཐག་ནང་ཡོད་པ་དེ་ཚོ་ཡིག་ཐོག་ཏུ་ཕབ་ནས་འགྲེམས་སྤེལ་བྱ་རྒྱུ་དེང་སང་དར་པོ་ལྟ་བུ་ཞིག་འདུག ལྷག་པར་དུ་ངས་ཝཱ་རཱ་ཎ་སཱི་མཐོ་སློབ་ནང་བཤད་པའི་སྒྲ་འཛིན་འཁོར་ཐག་མང་པོ་ཞིག་དེང་སང་ཡིག་ཐོག་ཏུ་ཕབ་རྒྱུར་ཐབས་ཤེས་བྱེད་ཀྱི་འདུག གལ་ཏེ་དེ་འོད་སྡེར་བཟོས་ནས་སྒྲ་འཛིན་འཁོར་ཐག་ཐོག་ནས་ཉན་རྒྱུ་ཡོད་ན་ཡག་པ་འདུག་སྙམ་བར་ལམ་ཞིག་ནས་ཚོར་བ་ཤུགས་ཆེན་པོ་བྱུང་། ཁ་ནས་བཤད་པ་ཡིག་ཐོག་ཏུ་ཕབ་དུས་རྗེས་སུ་ཡི་གེ་འབྲི་བའི་སྐད་ཡིག་ལ་གནོད་སྐྱོན་འགྲོ་བའི་ཉེན་ཁ་ཡོད་རེད་བསམ་གྱི་འདུག ལར་ནས་ཚང་མ་ཡིག་སྐད་དུ་བཟོས་ནས་ཕབ་ཐུབ་མཁན་དཀོན་པོ་རེད། ང་རང་ལ་ཉམས་མྱོང་ཡོད་པ་ཞིག་ལ། ངས་མཐོ་སློབ་འདིའི་རིགས་ཀྱི་གླུའི་འགྲེལ་བཤད་ཞུས་པ་ཞིག་འདི་གའི་རྒན་ལགས་ཚོས་དཀའ་ལས་མང་པོ་བརྒྱབས་ཏེ་ཡིག་ཐོག་ཏུ་ཕབ་འདུག རྗེས་སུ་དེ་པར་རྒྱག་འོས་པ་བཟོ་སྐབས་མང་ཆེ་བ་བསྐྱར་སྒྲིག་བྱེད་དགོས་བྱུང་། བསྐྱར་སྒྲིག་བྱས་པའི་རྗེས་སུའང་དང་པོ་ནས་ཡིག་ཐོག་ཏུ་བྲིས་པ་བཞིན་བྱུང་མི་འདུག གྲོས་ཚོགས་ཀྱི་ལས་རིམ་ལྟ་བུ་ཡིན་ན། ཉིན་རེའི་གསར་ཤོག་ཐོག་བཏོན་དགོས་དུས་ཁ་ནས་བཤད་པ་ཡིག་ཐོག་ཏུ་མ་བཀོད་ཐབས་མེད་རེད། དེ་མིན་སློབ་ཚན་དང་གཞུང་གི་སྐོར་ལྟ་བུ་ཡིན་ན། ངག་ཐོག་ནས་ཡོད་པ་དེ་ངག་ཐོག་ཏུ་ཉན་རྒྱུ་བྱུང་ན་ཡག་པོ་ཡོད་བཟོ་འདུག ངག་ཐོག་ནས་བཤད་པ་མང་པོ་ཡིག་ཐོག་ཏུ་བསྒྱུར་ན་བོད་པའི་ཡི་གེ་འབྲི་སྟངས་ཀྱི་སྲོལ་རྒྱུན་ལ་དོ་ཕོག་འགྲོ་མི་ཡོང་ངམ་སྙམ་པའི་དོགས་པ་ཡོང་གི་འདུག། ཡིག་ཐོག་ཏུ་མ་ཕབ་ཐབས་མེད་ཡིན་ན། གང་ཐུབ་ཀྱིས་དོན་ལ་འགྱུར་བ་མ་གཏོང་བར་ཁ་སྐད་དེ་ཡིག་སྐད་ལ་བསྒྱུར་ནས་ཕབ་ཐུབ་དགོས། དེ་མིན་གང་བཤད་པ་ཡིག་ཐོག་ཏུ་གང་ཐུབ་མི་དགོས་པ་གནང་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་འདུག
དེ་བཞིན་རྩོམ་རིག་ལ་མཚོན་པ་ཡིན་ནའང་། སྔོན་མ་ང་ཚོ་རྒྱ་གར་དུ་འབྱོར་ཟིན་ཙམ་ལ་ཡི་གེ་བྲིས་སྐབས་གང་ཐུབ་ཀྱིས་ངག་སྐད་དང་མཐུན་པར་འབྲི་དགོས་ཞེས་བརྗོད་མཁན་མང་པོ་བྱུང་། ཚང་མ་ངག་སྐད་ལ་བྲིས་ན། ཉིན་ཞིག་བཀའ་འགྱུར་བསྟན་འགྱུར་གྱི་དོན་མ་ཤེས་པའི་དུས་ཚོད་ཤར་མི་སྲིད་པ་མ་རེད། དེར་བརྟེན་ཤེས་རིག་ཚོགས་ཆེན་ཐེངས་མང་པོའི་ནང་བཀའ་བསྡུར་གནང་སྟེ་མཐའ་མར་ཁ་ནས་བཤད་སྐབས་གང་ཐུབ་ཡིག་སྐད་བེད་སྤྱོད་གཏོང་དགོས་པ་དང་། ཡི་གེ་འབྲི་སྐབས་ངག་སྐད་བེད་སྤྱོད་མི་གཏོང་བ་བྱ་རྒྱུའི་གྲོས་ཆོད་བཞག་པ་རེད། ང་ཚོའི་རང་བཞིན་གྱི་བོད་སྐད་དེ་ངག་སྐད་དང་ཡིག་སྐད་མི་འདྲ་བ་གཉིས་སུ་ཆགས་པའང་དངོས་ཡོད་རེད། ཡི་གེའི་ནང་གང་འབྲི་རུང་བ་དེ་ངག་ནས་སྨྲ་གི་མེད། ངག་ནས་གང་བརྗོད་པ་དེ་ཡི་གེའི་ནང་འབྲི་གི་མེད། ཐ་དད་ཡོད་པ་དེ་ཐ་དད་ལ་བཞག་སྟེ་བེད་སྤྱོད་གཏོང་སྐབས་ཐ་དད་དུ་བེད་སྤྱོད་གཏོང་ན་དགེ་མཚན་ཆེ་བ་ཡོད།
ཁྱེད་རང་ཚོ་ས་གནས་མང་པོ་ནས་ཕེབས་འདུག ཐུགས་ཀྱི་ནང་ཚོར་བ་དང་བརྩེ་བ་ཡོད་པའི་ཐོག་ནས་ཕེབས་པ་བཤད་མ་དགོས་པ་རེད། ཚང་མར་གུས་ཞབས་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲྭ་སྒྲིག་གནང་མཁན་ཚོས་གྲྭ་སྒྲིག་རྒྱས་པོ་དང་། ཚགས་ཚུད་པོ་གནང་འདུག ངའི་བསམ་བློར་དེ་ཙམ་གྱིས་རྒྱས་པོ་མེད་ན་ཡག་གི་རེད་བསམས་པ་བྱུང་། འོན་ཀྱང་ཁྱེད་རང་ཚོའི་ཐུགས་འདོད་རེད། མ་འོངས་པར་ཡང་ང་ཚོ་ཕན་ཚུན་དམ་ཚིག་འགྱུར་བ་མེད་པའི་ཐོག་ནས་བསྟན་འགྲོའི་དོན་གང་ཐུབ་གནང་ཐུབ་པའི་འབད་རྩོལ་གནང་དགོས། ང་ཚོའི་བསླབ་པ་མཐར་སོན་པའི་དགའ་སྟོན་གྱི་གདམས་ངག་བརྗོད་པའི་དེའི་ནང་གཙུག་ལག་སློབ་ཁང་འདི་ནས་བསླབ་པ་མཐར་སོན་པ་རྣམས་ནས་ཕྱག་ལས་གང་འདྲ་གནང་རྒྱུའི་རེ་འདུན་ཡོད་པ་དེ་གསལ་ཡོད། དེ་མ་བསྙེལ་བར་ཡང་ཡང་དྲན་པ་གནང་དགོས། ཐུགས་རྗེ་ཆེ།། །།