རི་བོ་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐོག་ལམ་སྟོན་གསུང་བཤད་གནང་བ།
བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༦ ཕྱི་ཟླ་ ༦ ཚེས་ ༡༡ ཉིན་རི་བོ་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐོག་ལམ་སྟོན་གསུང་བཤད་གནང་བ།
རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང། ཆོས་རྗེ་རྣམ་པ་གཉིས། གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ། དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ་བཅས་ལ་གུས་ཕྱག་སྔོན་དུ་བཏང་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྱུང་འགྱུར་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་གནང་ཕྱོགས་དང་། ལྷག་པར་ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་ཀྱི་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མའི་ནང་སྤྱིར་ནང་བསྟན་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། དགེ་ལྡན་སྤྱིའི་སྒྲིག་འཛུགས་ཀྱི་ཐོག་ནས་གདོང་ལེན་གནང་དགོས་ཀྱི་ཀླན་ཀ་དང། གཟིགས་སྐྱོང་གནང་དགོས་ཀྱི་ལས་གཞི་སོགས་ལ་ཞིབ་ཚགས་པོའི་སྒོ་ནས་བཀའ་བསྡུར་ཞུ་ཐུབ་ན་དགོངས་ཏེ་ཡང་སྟེང་རིན་པོ་ཆེ་དང་ངོས་གཉིས་འདིར་བཅར་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ལ་བཀའ་བསྡུར་ཞུ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་སོང། བཀའ་ཕེབས་པ་གཞིར་བཟུང་ད་ལམ་ཕྱི་ཟླ་ ༦ ཚེས་ ༡༡ ནས་དུས་ཚོད་སྟབས་བདེ་བ་ཞིག་འདུག་སྟབས། ཉེ་སྔོན་རྣམ་རྒྱལ་མཁན་རིན་པོ་ཆེ་བརྒྱུད་ནས་སྙན་གསན་ཞུས་པར་རིན་པོ་ཆེ་རྣམ་པས་མོས་མཐུན་གནང་སྟེ་དེ་རིང་ཚོགས་འདུ་གནང་ཐུབ་པ་བྱུང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩ་བའི་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པ་འདིའི་ནང་འཇིག་རྟེན་སྤྱིའི་གནས་བབས་ལ་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་འགྱུར་བ་རླབས་ཆེན་ཞིག་སླེབས་དུས་འདིར། སྤྱིར་ནང་བསྟན་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ནི་འགྲོ་བ་མི་རིགས་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་དང། གོ་སྐབས་ཡོད་པ་ཞིག་ཀྱང་ཆགས་ཡོད་པ་ཡིན་ན། ད་ལྟའི་འཇིག་རྟེན་གྱི་གནས་ཚུལ་དེ་གཟིགས་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་བདག་གིར་བཟུང་བའི་བོད་གངས་ཅན་གྱི་ལྗོངས་སུ་ད་བར་སྐུའི་རྣམ་སྤྲུལ་སྣ་ཚོགས་ཀྱི་ཐོག་ནས་རྣམ་འདྲེན་བཞི་པའི་བསྟན་པ་ལྔ་བརྒྱའི་མཐའ་མའི་གནས་སྐབས་འདིར། བོད་ཀྱི་མི་རིགས་དང་བོད་ཀྱི་སྐད་ཡིག་གིས་དམིགས་བསལ་གྱིས་འཛིན་དགོས་པའི་ཐུགས་བསྐྱེད་སྨོན་ལམ་ཡོད་པ་བཞིན། དངོས་ཡོད་གནས་སྟངས་སུའང་རྣམ་འདྲེན་བཞི་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཚང་ལ་མ་ནོར་པའི་བསྟན་པ་ཡོངས་སུ་རྫོགས་པ་དེ་ད་ལྟའི་གནས་སྐབས་སུ་གཞུང་ལུགས་ཀྱི་ཆ་ནས་བོད་ཀྱི་སྐད་ཡིག་དང་། བཤད་སྒྲུབ་འཆད་ཉན་བྱེད་མཁན་ཡང་བོད་མི་ཙམ་མ་གཏོགས་མེད་པ་དེ་ང་ཚོས་སྒྲོ་བཏགས་མ་ཡིན་པར་དངོས་དོན་དུ་གྱུར་ཡོད། ཡིན་ནའང་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་བ་ནས་བཟུང་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ཕྱི་སྨད་ ༥༥།༥༩ བར་བོད་དེ་འཇིག་རྟེན་ཁྱོན་ཡོངས་ནས་ཟུར་བཅད་དུ་བསྡད་ཡོད་པས། བོད་བརྒྱུད་ནང་བསྟན་ཡང་སྤྱི་ཡོངས་ལ་དེ་ཙམ་ཁྱབ་བདལ་མ་བྱུང་།
ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་ཚན་རིག་དང་འཕྲུལ་ལས་ཀྱི་ཡར་རྒྱས་ཤུགས་ཆེ་ཕྱིན་པ་ཡིན་ཙང་། དཔལ་འབྱོར་གྱི་གནས་བབས་ལ་འགྱུར་བ་ཕྱིན་པའི་དབང་གིས་ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་ཕྱིན། ཆབ་སྲིད་ཀྱི་ལམ་སྲོལ་མ་རྩའི་རིང་ལུགས་དང་གཅིག་སྡུད་དབང་འཛིན་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་དེའི་འགལ་ཟླར་དམར་པོའི་རིང་ལུགས་ཀྱི་བསམ་ཚུལ་དར། མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་གཉིས་སུ་བགོ་བཤའ་ཐེབས་ཏེ། དུས་རབས་འདིའི་ཡོངས་གྲགས་དམག་ཆེན་གཉིས་དང་ཡོངས་སུ་མ་གྲགས་པའི་དམག་འཐབ་མང་པོ་བྱུང་བ་རེད།
དེའི་འདབ་ཞོར་ལ་བོད་མི་རིགས་མི་ལོ་སྟོང་ཕྲག་མང་པོའི་རིང་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གི་བར་ལ་གནས་ཡོད་ཀྱང་། སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆབ་སྲིད་ཀྱི་དབང་བསྒྱུར་མ་བྱས་པར་བཞག་པ་དེ། དམར་པོའི་རིང་ལུགས་ཀྱི་འོག་ལ་ཕྱིན་ནས། བོད་ནང་བསྟན་པ་འཛིན་མཁན་གྱི་དགེ་འདུན་གྱི་སྡེ་དང་། སློབ་གཉེར་གྱི་བསྟི་གནས། དཔེ་རྒྱུན་ལ་སོགས་པ་ཚང་མ་རྩ་མེད་དུ་ཕྱིན། མི་རིགས་ཆགས་འཇིག་གི་མཚམས་ལ་གྱར་བའི་གནས་ཚུལ་སྡུག་པོ་ཞིག་བྱུང་བ་རེད། གནས་ཚུལ་ཛ་དྲག་དང་ཡ་ང་བའི་གནས་ཚུལ་དེ་བོད་མི་རིགས་ཆགས་པ་ནས་ད་བར་བྱུང་མ་མྱོང་བའི་གནས་ཚུལ་ཐབས་སྐྱོ་པོ་ཞིག་རེད། གནས་ཚུལ་ངན་པ་ཇི་འདྲ་ཞིག་བྱུང་ཡང་། དེ་དང་ཆབས་ཅིག་ཏུ་གནས་ཚུལ་བཟང་པོ་ཞིག་ཀྱང་ཡོང་བསྡད་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཙང་། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་པ་ནས་བཟུང་འདས་པའི་མི་ལོ་བཅུ་ཕྲག་ལྔ་ཙམ་ལ་ཕྱི་བལྟས་སློག་ནས་བལྟས་ན། དེ་སྔ་མི་ལོ་བརྒྱ་ཕྲག་མང་པོའི་ནང་བྱུང་མ་མྱོང་བ་མང་པོ་ཞིག་བྱུང་བ་རེད། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བོད་མི་རྣམས་གཙོ་བོར་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རྒྱ་བལ་འབྲུག་གསུམ་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཆེན་པོ་ཧོར་སོག་ཡུལ་དང་། ར་ཤི་ཡའི་མངའ་སྡེ་ཁག་ཚང་མའི་ནང་ནས་སློབ་གཉེར་བ་མང་པོ་རྒྱ་གར་ལ་འབྱོར་ནས་སྤྱིར་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཉམ་ཆག་ཕྱིན་པ་བསྐྱར་དུ་སླར་གསོ་གནང་ཐུབ་པ་རེད། དེ་ཡང་མི་འབོར་གྱི་ཆ་ནས། སྤུས་ཚད་ཀྱི་ཆ་ནས། མགྱོགས་ཚད་ཀྱི་ཆ་གང་ས་ནས་དངོས་གནས་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་ནུས་པ་ལས་བྱུང་བ་དང། ད་ལྟའི་ཆར་འཇིག་རྟེན་ཤར་ནུབ་གང་དུ་བལྟས་ཀྱང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཕོ་མོ་རྒན་བྱིས་མང་པོ་དང་། ཆོས་ཚོགས་དང་སྒོམ་སྒྲུབ་ཉམས་ལེན་བྱེད་ས་བཅས་མེད་པ་ཡོད་མ་རེད།
མིས་འབད་བརྩོན་གཅིག་པོ་ལས་བྱུང་བ་མིན་པར། སྤྱིར་སྤྱི་མཐུན་གྱི་ལས་དང་། ལྷག་པར་དུ་སངས་རྒྱས་ཀྱི་འཕྲིན་ལས་ནས་བྱུང་བ་དེ་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། ཚང་མ་མདོར་བསྡུས་ན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་། དབུ་ཁྲིད་ལམ་སྟོན། རོགས་མགོན་རྒྱབ་སྐྱོར་ཁོ་ནས་བྱུང་བ་ཡིན་ངེས། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དེང་རབས་ཀྱི་ཚན་རིག་པ་དང་མཉམ་དུ་ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་མཉམ་འབྲེལ་འཐུད་དང་བགྲོ་གླེང་མུ་མཐུད་གནང་བའི་ཉེར་ལེན་ལས་དེང་སྐབས་རྒྱུན་དུ་ཆོས་དེ་ཚན་རིག་གི་ཁ་གཏད་དུ་ལྟ་བའི་མི་སྣ་དེ་ཚོས་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ནས་དེང་རབས་ཚན་རིག་ལ་ཕན་ཐོགས་ཡོད་པའི་ངེས་པ་རྙེད་པ་མ་ཟད། དེང་རབས་ཚན་རིག་གི་ལྟ་གྲུབ་ནང་གཞི་རིམ་གྱི་འགྱུར་བ་འགྲོ་བའི་རྟགས་མཚན་དངོས་གསལ་དོད་པོ་རིམ་པས་ཡོང་གི་ཡོད། དཔེ་མཚོན་ཞུས་ན་ཀླད་པའི་རྡུལ་ཕྲན་ལས་གཞན་པའི་སེམས་ཀྱི་ངོ་བོ་གཞན་ཞིག་ཡོད་མ་རེད་ཅེས་ཐག་བཅད་ནས་འཛིན་པ་ཨ་འཐས་ཐོག་འགྲོ་མཁན་གྱི་རིགས་དེ་ཚོས་ད་ལྟ་དབང་པོའི་ངོ་བོར་གྱུར་པའི་རྫས་ཀྱི་རྡུལ་ཕྲན་ལས་ཐ་དད་དུ་ངོས་འཛིན་ཐུབ་པའི་གསལ་རིག་སེམས་ཀྱི་ངོ་བོ་ཞིག་ཕལ་ཆེར་མེད་དམ་སྙམ་པ་དེ་ལྟ་བུའི་ཕྱོགས་གཉིས་འཛིན་གྱི་ཐེ་ཚོམ་ཞིག་བྱུང་བ་དེ་འབྱུང་འགྱུར་གནས་ཚུལ་མང་པོ་ཞིག་ལ་འགུལ་བསྐྱོད་ཆེན་པོ་ཐེབས་ཐུབ།
ལྷག་པར་དུ་དེང་སང་སེམས་ཁམས་རིག་པ་དང་། སྤྱི་ཚོགས་ཚན་རིག དཔལ་འབྱོར་ཚན་རིག སྲིད་དོན་ཚན་རིག འཛིན་སྐྱོང་ཚན་རིག་པ་ཚོར་སྤྱིར་ནང་པའི་ཚན་རིག་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ལ་དོ་སྣང་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པ་དེས་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་དགོས་མཁོ་དང་གོ་སྐབས་ཙམ་དུ་མ་ཟད། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་དེ་ཚོས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་རླབས་ཆེན་གང་འདྲ་ཞིག་ཡོད་པ་དེ་རྣམ་དཔྱོད་ཡོད་པ་ཡིན་ན་གསལ་པོ་མཁྱེན་ཐུབ་པའི་གནས་བབས་ཤིག་ལ་སླེབས་ཡོད། དེ་ནི་༸སྐྱབས་མགོན་རིན་པོ་ཆེས་སྐུ་ངལ་འཛེམས་མེད་ཀྱིས་ལོ་གྲངས་ང་གྲངས་རིང་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་ནས་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཡིན་པ་ང་ཚོས་ཚང་མས་ངོས་འཛིན་ཐུབ་པ་ཞིག་དང་། དེའི་རིན་ཐང་གཞལ་ཐུབ་པ་གནང་དགོས་རྒྱུ་དེ་ཧ་ཅང་ཐུགས་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་ནི་རྒྱབ་ལྗོངས་མདོར་བསྡུས་ཙམ་ཞུས་པ་ཡིན།
༸སྐྱབས་མགོན་རིན་པོ་ཆེ་ཐུན་མོང་གདུལ་བྱའི་སྣང་ངོར་མིའི་ཤ་ཚུགས་སུ་བྱོན་པ་ཡིན་ཙང་། ད་ལྟ་དགུང་གྲངས་མཐོ་པོར་ཕེབས་འགྲོ་གི་ཡོད་རེད། ཇི་ཙམ་སྐུ་ཚེ་རིང་པོ་བཞུགས་ཀྱང་འགྲོ་བ་མིའི་ཤ་ཚུགས་སུ་བྱོན་པའི་སངས་རྒྱས་བྱང་སེམས་ཚང་མ་སྐུ་ལུས་བརྗེ་དགོས་པ་ལྡོག་ཏུ་མེད་པའི་དངོས་པོའི་གཤིས་ལུགས་ཤིག་ཡིན་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞེས་གཞིར་བཟུང་དགུང་གྲངས་ ༡༡༣ བཞུགས་པ་ཡིན་རུང་། དེ་ཚད་བཀག་ཡོད་པ་རེད་མ་གཏོགས། ཚད་བཀག་མེད་པ་ཞིག་མ་རེད། དུས་ཚོད་ཀྱི་ཆ་ནས་བལྟས་ཀྱང་༸སྐྱབས་མགོན་རིན་པོ་ཆེ་ད་ལྟ་ནང་བཞིན་སྐུ་མཚན་དཀྱིལ་བདེ་ཐང་ཐོག་ནས་མཛད་འཕྲིན་རྒྱ་ཆེན་པོ་བསྐྱང་ཐུབ་རྒྱུ་དེ་ཚོད་དཔག་བྱས་ན་ལོ་བཅུ་གྲངས་ཙམ་ལས་མེད། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་པར་སྤྱིར་བོད་བརྒྱུད་ནང་བསྟན་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་དེ་འབྱུང་འགྱུར་ལ་གང་ཟག་སྒེར་ཚན་གྱི་ཆ་ནས་བསྟན་པ་འཛིན་མཁན་མི་ཉུང་བ་ཞིག་ཡོང་བའི་རེ་བ་ཡོད་ནའང་། སྒྲིག་འཛུགས་སྤྱི་ཚན་གྱི་ཆ་ནས་ཚགས་ཚུད་པ་ཞིག་མ་བྱུང་བར་ཁ་ཐོར་བ་དང་མགོ་ཁྲིད་ངེས་གཏན་མེད་པ་ཞིག་ཆགས་པ་ཡིན་ན། ཡག་པོ་ཡོང་གི་མ་རེད་དགོངས་པའི་ཐུགས་དྭོགས་དང་ཐུགས་ངལ་ཡོད་པ་ཞིག་རྟག་ཏུ་ཡོང་གི་ཡོད་པའི་གནས་སྟངས་ཤིག་འདུག དེ་དང་ཆབས་ཅིག་ཏུ་ད་ལྟའི་གནས་སྐབས་སུ་སྤྱི་མཐུན་གྱི་བསོད་ནམས་སྨིན་པ་དང། མགོན་པོ་མཆོག་གི་མཛད་འཕྲིན་གཉིས་འཛོམས་ལ་བརྟེན་ནས་འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མའི་ནང་བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་དུ་ནང་པའི་གཞི་རིམ་གྱི་ཚན་རིག་དང་ནང་པའི་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་ཡོད་རེད། རང་གི་ཉམས་ལེན་དུ་སྦྱར་རྒྱུའི་ཆེད་དུ་དོ་སྣང་བྱེད་མཁན་དང་། ཤེས་ཡོན་སློབ་སྦྱོང་གི་ཉམས་ཞིབ་ཆེད་དུ་དོ་སྣང་བྱེད་མཁན། དེང་རབས་ཀྱི་ཚན་རིག་དང་ཤེས་ཡོན་ནང་མ་འདང་བ་རྣམ་གསབ་རྒྱུའི་ཆེད་དུ་དོ་སྣང་བྱེད་མཁན། གང་ལྟར་ཤེས་ཡོན་ཅན་གྱི་སྤྱི་ཚོགས་དང་། མཁས་པའི་སྤྱི་ཚོགས། ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས། གང་ཟག་ཕལ་པའི་སྤྱི་ཚོགས་བཅས་ཚང་མའི་ནང་དོ་སྣང་ཆེན་པོ་སླེབས་ཀྱི་ཡོད་རེད། ཡིན་ནའང་ཁོང་ཚོར་དོ་སྣང་དང་དོན་གཉེར་ཡོད་པ་ནང་བཞིན་ཁོང་ཚོའི་རེ་བ་སྐོང་ཐུབ་མཁན་གྱི་བླ་མ་དགེ་བའི་བཤེས་གཉེན་དང་། ཆོས་ཕྱོགས་སློབ་སྟོན་གནང་མཁན་དགེ་རྒན་གྱིས་མ་འདང་བ་དང་། སློབ་དེབ་མཐུན་རྐྱེན་གྱིས་མ་འདང་བ་དཔེར་ན་ང་ཚོའི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་རང་གི་སྐད་ཡིག་ཏུ་ཡོད་པ་རྣམས་ཡུལ་ལུང་སོ་སོའི་སྐད་ཡིག་ནང་བསྒྱུར་ནས་ཚང་མས་བསྙབ་ཐུབ་པའི་དཔེ་དེབ་ཀྱིས་མ་འདང་བ་སོགས་གནས་ཚུལ་ཇི་སྙེད་ཅིག་ཡོད་པ་དེ་དག་དུས་ཡུན་རིང་པོ་མ་འགོར་བར་མགྱོགས་ནས་མྱུར་དུ་ཁོང་ཚོའི་མངོན་འདོད་བསྐང་རྒྱུའི་བྱ་བ་དེ་སྤྱིར་བཏང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་གི་སློབ་གཉེར་སྡེ་ཚན་ཁག་གི་ནང་མི་འབོར་གྱི་ཆ་ནས་དེ་ཙམ་མེད་ཀྱང་། གང་ཡོད་པ་དེ་ཚོས་མངོན་འདོད་བསྒྲུབ་པའི་བྱ་བ་གང་འདྲ་ཞིག་བྱེད་ཐུབ་ཀྱི་རེད། དེའི་ཐོག་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་ནང་ཉིན་མཚན་ཀུན་ཏུ་ཚོར་སྣང་དང་འཆར་སྣང་ཡོད་མུས་ཤིག་རེད།
དེའི་རྒྱབ་ལྗོངས་ཐོག་ནས་རི་བོ་དགེ་ལྡན་པའི་དགེ་འདུན་པ་ཚོ་དང་། ལྷག་པར་དུ་གདན་ས་ཆེན་པོ་ཁག་གིས་༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བསྒྲུབ་ཆེད་ང་ཚོས་དངོས་སུ་ལག་ལེན་བསྟར་ཐུབ་པའི་དོན་ཚན་གང་དང་གང་ཡོད་རེད། དེའི་ཐོག་དེ་རིང་ཉིན་གསུམ་རིང་བཀའ་བསྡུར་ཞིབ་ཚགས་གནང་སྟེ་འབྱུང་འགྱུར་ལོ་ལྔ་དང་ལོ་བཅུའི་ནང་ང་ཚོས་དངོས་སུ་ལག་ལེན་བསྟར་ཐུབ་པའི་ལས་གཞིའི་བང་ཞིག་བསྒྲིག་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་མེད་འགྲོ ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཙོ་བོ་དེ་འདྲ་ཞིག་ཡོད་བཟོ་འདུག
ཉེ་སྔོན་ང་སེ་ར་ལ་མ་བཅར་གོང་དུའང་བཀའ་སློབ་ཅིག་ཕེབས་པར་བརྟེན། སྦེལ་ཀོབ་ཏུ་ཡོད་པའི་སེ་ར་དང་། བཀྲིས་ལྷུན་པོ། རྣམ་གྲོལ་གླིང། བཀའ་བརྒྱུད་དགོན་པ་བཅས་ཀྱི་མཁན་པོ་ཚོ་མཇལ་ནས་གནས་ཚུལ་མདོར་བསྡུས་ཤིག་སྙན་གསན་ཞུ་རྒྱུའི་གོ་སྐབས་བྱུང་། གཙོ་བོ་ད་ལྟ་གོང་ཞུས་བཞིན་འཇིག་རྟེན་ཁྱོན་ཡོངས་ཀྱི་སྡེ་ཚན་ཚང་མའི་སྤྱི་ཚོགས་ནང་བོད་བརྒྱུད་ནང་པའི་ཆོས་དང་རིག་གཞུང། ལྷག་པར་དུ་ནང་པའི་ཚན་རིག་དང་ལྟ་གྲུབ་ཐོག་དོ་སྣང་གནང་མཁན་ཇི་ཙམ་ཡོད་པ་དེ་ཚོ་ཚང་མའི་མངོན་འདོད་བསྐང་རྒྱུའི་ལམ་སྟོན་དང་སློབ་གསོ་སྤྲོད་ཐུབ་མཁན་གྱི་མི་སྣ་གང་མང་ཞིག་ང་ཚོས་གསོ་སྐྱོང་དང་བསྐྲུན་དགོས་རྒྱུ་ཛ་དྲག་ཞིག་ཏུ་༸གོང་ས་མཆོག་ནས་གཟིགས་ཀྱི་ཡོད་པར་བརྟེན། དེའི་ཐོག་ང་ཚོས་འབད་བརྩོན་གནང་རྒྱུ་གང་དང་གང་འདུག་གམ་ཞེས་དགོངས་འཆར་དང་བཀའ་འདྲི་ཡང་ཡང་ཕེབས་པ་རེད། ལོ་ཤས་སྔོན་ཆོས་སྡེ་དང་གདན་ས་ཁག་ནས་མཁས་པ་སུམ་ཅུ་བཞི་བཅུ་ཞིག་དྷ་རམ་ས་ལར་རུག་རུག་བཟོས་ཏེ་ཝཱ་རཱ་ཎ་སཱི་དང་དྷ་རམ་ས་ལར་ཟླ་བ་ཁ་ཤས་རིང་རྒྱ་གར་གྱི་སྐད་ཡིག་དང་རྒྱ་གར་ལ་ནང་ཆོས་སློབ་ཁྲིད་བྱེད་སྟངས་སྐོར་དམིགས་བསལ་ཟབ་སྦྱོང་སྤྲོད་པའི་ལས་གཞི་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་ལས་ཁུངས་ངོས་ནས་བསྒྲུབས་པ་རེད། འོན་ཀྱང་དེ་བསྒྲུབས་རྗེས་འཕྲལ་དུ་རྒྱ་གར་གྱི་ཤེས་ཡོན་སྡེ་ཚན་ཁག་ཏུ་གཏང་ཐུབ་རྒྱུའི་གནས་སྟངས་གང་ཡང་བྱུང་མེད། རྒྱ་གར་ལས་ལྷག་པ་ཞིག་ད་ལྟ་༸སྐྱབས་མགོན་རིན་པོ་ཆེ་ནུབ་ཕྱོགས་ཡུལ་གྲུ་མང་པོར་༸ཞབས་སོར་འཁོད་སྐབས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ནང་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་ཙང་། ཁོང་ཚོའི་མངོན་འདོད་བསྐོང་རྒྱུའི་ཆེད་དུ་ལུང་པ་སོ་སོའི་ནང་ཡོད་པའི་ཆོས་ཚོགས་དང་སྒོམ་སྒྲུབ་ཀྱི་བསྟི་གནས་ཁང་ནང་བཞུགས་མཁན་གྱི་སློབ་དཔོན་དགེ་བཤེས་བླ་མ་དེ་ཚོའང་མཚམས་རེ་དེ་ཙམ་གྱིས་ནུབ་ཕྱོགས་པའི་མངོན་འདོད་དང་མཐུན་པའམ་དེང་རབས་ཀྱི་ཤེས་ཡོན་ནང་ནས་བྱུང་བའི་དྲི་བ་དེ་ཚོ་ལ་དོན་དང་མཐུན་པའི་ལན་འདེབས་བྱེད་མཁན་དང་གནང་ཐུབ་རྒྱུ་ཕྲན་བུའི་མ་འདང་བའི་གནས་སྟངས་ཡོང་གི་ཡོད་ས་རེད། དེར་བརྟེན་གདན་ས་དང་བཤད་གྲྭ་ཁག་ནས་ཐོན་པའི་རིས་སུ་མ་མཆིས་པའི་དགེ་བཤེས་རྩེ་ཕུད་དེ་དག་ནི་གདན་ས་སོ་སོའི་ནང་ཕྱག་དཔེ་འཁྲིད་རྒྱུ་དང་བླ་མ་ལས་སྣེའི་གོ་གནས་ལ་ཕེབས་རྒྱུ་སོགས་ལ་དགོས་མཁོ་ཡོད་པ་ཞིག་རེད། དེ་འདྲའི་བརྒྱུད་ལམ་ནས་ཕེབས་རྒྱུའི་འདུན་པ་དང་སྤོབས་པ་མེད་པ། ཕྱག་དཔེ་གང་ལ་གང་འཚམས་མཁྱེན་མཁན། སློབ་སྦྱོང་ཐོན་རྗེས་གདན་སར་མ་བཞུགས་པར་ཕྱི་ལ་ཕེབས་འདོད་ཡོད་མཁན། བོད་དུ་ཕར་ལོག་པ་ཡིན་ནའང་རེད། ཕྱི་རྒྱལ་ཁག་ལ་ཕེབས་འདོད་ཡོད་པ་དེ་འདྲའི་རིགས་ལ་སྤྱིར་ནུབ་ཕྱོགས་པའི་སྐད་ཡིག་དང་། ལྷག་པར་དུ་ནུབ་ཕྱོགས་པའི་ཆེད་དུ་བྱ་བའི་གདུལ་བྱའམ་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་འོག་ནས་ཐོན་པའི་མི་དེ་ཚོ་ལ་ནང་པའི་ཆོས་ཀྱི་ངོ་སྤྲོད་བྱེད་སྟངས་ཐོག་ཟླ་བ་བཞིའམ་དྲུག་གི་སློབ་ཚན་བཟོས་ཏེ་དམིགས་བསལ་ཟབ་སྦྱོང་གནང་ཐུབ་པ་བྱུང་ན། དེའི་སློབ་སྦྱོང་གནང་རྒྱུའི་ས་བོན་ལྟ་བུ་དེ་བཤད་གྲྭ་ཁག་ནས་ཡིན་ནའང་རེད། གདན་ས་ཁག་ནས་ཡིན་ནའང་རེད། ཡང་ན་གྲྭ་ཚང་བྱེ་བྲག་པ་ཞིག་གིས་ཐུགས་འགན་བཞེས་ཏེ། དེ་འདྲའི་ལས་གཞི་ཞིག་བརྩམས་པ་ཡིན་ན་གང་འདྲ་འདུག་སྙམ་པའི་དགོངས་ཚུལ་ཞིག་ཡོད་རེད། འོན་ཀྱང་དེའི་ནང་འགྲོ་མཁན་གྱི་མི་འགྲོ་ཕུན་སུམ་ཚོགས་པ་ཞིག་རག་གི་རེད་དམ། ཁོང་ཚོ་ལ་སློབ་སྟོན་བྱེད་མཁན་དགེ་རྒན་གོ་སྒྲིག་གང་འདྲ་བྱེད་དགོས་རེད། དེའི་ཐོག་དགའ་ལྡན་ཕོ་བྲང་ངོས་ནས་མཐུན་འགྱུར་ཞུ་ཐུབ་པ་གང་ཡོད། དེ་འདྲ་ཞིག་གནང་ཐུབ་ན་ཕན་ཐོགས་ཡོང་ས་རེད་དམ་མ་རེད་དེའི་ཐོག་ཞིབ་ཚགས་པོས་བཀའ་བསྡུར་གནང་ཐུབ་ན་དགོངས་པ་དེ་དོན་ཚན་གཅིག་ཡིན།
དོན་ཚན་གཉིས་པ་དེ། དེའི་ནང་ནས་ལྷག་པར་དུ་ནུབ་ཕྱོགས་པའི་ཚན་རིག་པ་ཚོའི་བསམ་བློ་འགུགས་རྒྱུའི་གཞི་རྩ་གཙོ་བོ་དེ་སེམས་ཁམས་རིག་པའི་རྣམ་གཞག་དེ་རེད། སེམས་ཁམས་རིག་པའི་སྐོར་ནང་པའི་གཞུང་ལུགས་ལས་རྒྱས་པ་ཞིག་གྲུབ་མཐའ་དང་ཆོས་བརྒྱུད་གཞན་ལ་མེད་པའི་བཟོ་ཞིག་རེད། ཡིན་ནའང་ད་ལྟ་ང་ཚོའི་གདན་ས་ཁག་ནང་སེམས་ཁམས་རིག་པའི་སྐོར་གསན་བསམ་གནང་རྒྱུ་དེ་གཞུང་སོ་སོའི་ནང་ཡོད་པ་སྤྱི་ཡོངས་ཙམ་མ་གཏོགས། དེ་ནས་ཟུར་འདོན་བྱས་ཏེ་རིགས་གཅིག་རྐང་འཛིན་ཐོག་ནས་ནང་པའི་གཞུང་ལུགས་ནང་སེམས་ཁམས་རིག་པའི་སྐོར་གང་ཡོད་པ་དེ་ཕྱོགས་གཅིག་ཏུ་སྤུངས་ནས། དེང་རབས་ཀྱི་སེམས་ཁམས་རིག་པའི་མི་དེ་ཚོའི་བསམ་བློའི་ནང་ཡོད་པའི་དྲི་བ་དེ་ཚོར་ཐད་ཀར་ལན་བརྒྱབ་ཐུབ་པའི་ཆེད་དུ་མདོ་སྔགས་ཚང་མའི་སློབ་སྦྱོང་གནང་ཟིན་པའི་མཁས་པ་ལྔ་ནས་ཉི་ཤུ་ཡོད་པ་ཞིག་གི་ཐོག་ནས་ནང་པའི་སེམས་ཁམས་རིག་པའི་གནས་སྟངས་ཡོངས་སུ་རྫོགས་པར་བསྐྱར་ཞིབ་གནང་དགོས། ང་རང་ཚོ་ནང་ཁུལ་ལའང་དཔེར་ན། ད་ལྟའི་བློ་རིག་དང། སེམས་སེམས་བྱུང་ལ་བལྟས་པ་ཡིན་ནའང། བློ་རིག་དང་སེམས་སེམས་བྱུང་གི་རྣམ་གཞག་མང་ཆེ་བ་ཐེག་པ་འོག་མ་དང་གྲུབ་མཐའ་འོག་མའི་འདོད་ཚུལ་གཙོ་བོ་ལྟ་བུ་རེད། སེམས་སེམས་བྱུང་གི་རྣམ་གཞག་རྣམ་རིག་པའི་གྲུབ་མཐའ་ནས་གསུངས་པ་དེ་དང་། ཐལ་འགྱུར་བ་དང་སྔགས་ཀྱི་ཐེག་པ་ནས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་མང་པོ་ཡོད་པ་དེ་དག་ང་ཚོའི་བློ་རིག་དང། སེམས་སེམས་བྱུང་གི་རྣམ་གཞག་ནང་ཆ་ཚང་མ་སླེབས་པ་ལྟ་བུ་ཞིག་འདུག དེར་བརྟེན་དགེ་བཤེས་མཁས་པ་ཞིག་ལ་བཀའ་འདྲི་ཞུས་པ་ཡིན་ནའང་། གཞུང་སོ་སོ་ནས་བཤད་པ་རྣམས་ཐོར་བསྡད་པ་ལས་ཁྱོན་བསྡོམས་ནང་པའི་སེམས་ཁམས་རིག་པའི་མཐར་ཐུག་གི་གྲུབ་དོན་དེ་འདྲ་ཞིག་རེད་ཅེས་ལབ་རྒྱུ་ཁག་པོ་རེད། ཉོན་མོངས་པའི་རྣམ་གཞག་ལ་མཚོན་པ་ཡིན་ནའང། རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ། ལྟ་བ་ལྔ། ལྟ་མིན་ལྔ་ལྟ་བུ་དང་། དེ་བཞིན་མངོན་པ་གོང་འོག་ནས་བཤད་པ་དང། རིན་ཆེན་འཕྲེང་བ་ནས་བཤད་པའི་ཉོན་མོངས་དྲུག་ཅུ་རེ་བཞི་ཟེར་བ་སོགས་ནང་ཕན་ཚུན་མཚུངས་བསྡུར་བྱས་ཏེ་འདི་ནས་བཤད་པའི་རྣམ་གཞག་དེ་འདྲ་ཞིག་རེད། དེ་ནས་བཤད་པའི་རྣམ་བཞག་དེ་འདྲ་ཞིག་རེད། ལྷག་པར་དུ་ཐལ་འགྱུར་བའི་ལུགས་ཀྱི་སེམས་ཁམས་རིག་པའི་གནས་སྟངས་ཙམ་མ་ཟད། ཡིད་དབང་རྣམ་ཤེས་གསུམ་འདུས་ཤིང་འཕྲད་པ་ལ་བརྟེན་ནས། མངོན་སུམ་གྱི་བློ་སྐྱེ་སྟངས་དང། མངོན་སུམ་གྱི་བློ་དེའི་དབང་གིས་རྟོག་པ་འདྲེན་ཚུལ། རྟོག་པ་དེའི་དབང་གིས་ཆགས་སྡང་འདྲེན་ཚུལ་རྣམས་དེང་རབས་ཀྱི་སེམས་ཁམས་རིག་པས་བཤད་པ་བཞིན་ཏག་ཏག་ཅིག དཔེར་ན། དེང་རབས་ཀྱི་སེམས་ཁམས་རིག་པའི་ཉམས་ཞིབ་བྱེད་མཁན་ཁ་ཤས་ཀྱིས་ཁོང་ཁྲོ་རང་གི་ངོ་བོ་ལ་བལྟས་པ་ཡིན་ནའང་། སྤྱིར་བཏང་ཁོང་ཁྲོའི་ཁོངས་གཏོགས་ཡིན་པ་གང་ཞིག་ལ་དེའི་ནང་མི་འདྲ་བ་སྡེ་ཚན་བདུན་བརྒྱད་ཙམ་ཕྱེ་གི་ཡོད་རེད། ང་ཚོའི་ནང་དུའང་སྤྱིར་བཏང་ཁོང་ཁྲོའི་ཁོངས་གཏོགས་ལ་འཁོན་འཛིན་ལ་སོགས་པ་ཁ་ཤས་ཤིག་ཡོད་རེད། དེ་ཚོ་གཞུང་ལུགས་ཚང་མའི་ནང་མཐུན་པ་ཏག་ཏག་གཅིག་གྱུར་མེད་པ་དེའི་ཐོག་དོ་སྣང་མ་ཕྱིན་པ་ལྟ་བུ་འདུག། ལྷག་པར་དུའང་སྔགས་ནས་བཤད་པའི་ཀུན་རྟོག་བརྒྱད་ཅུ་ལ་སོགས་པ་དེ་ཚོ་གང་འདྲ་ཤར་གྱི་ཡོད་རེད། བྱ་བ་གང་འདྲ་བྱེད་ཀྱི་ཡོད་རེད། ཉོན་མོངས་པའི་གཞན་དབང་དུ་འགྲོ་བའི་ཆེད་དུ་དེ་དག་གིས་གང་འདྲ་བྱས་ཏེ་གང་ཟག་གི་སེམས་ལ་དབང་བསྒྱུར་གྱི་ཡོད་རེད། དེ་ཚོ་ཞིབ་ཚགས་བཤད་དགོས་བྱུང་ན་ཏོག་ཙམ་དཀའ་ལས་ཁག་པོ་ཡོད་པ་ལྟ་བུ་འདུག། དེ་བཞིན་ཤིན་ཏུ་ཕྲ་བའི་སེམས་དེ་ཕལ་ཆེར་རླུང་དང་ཐ་དད་ཕྱེ་རྒྱུ་དེ་ལྡོག་པ་ཙམ་ཞིག་མ་གཏོགས་མེད་པའི་རིགས་དེ་ཚོའི་སྐྱེ་འགག་གནས་གསུམ་ལ་སོགས་པའི་གནས་སྟངས་དང། དེ་ཚོ་ང་ཚོའི་སེམས་རགས་པའི་མཉམ་དུ་གང་འདྲ་སྐྱེ་བ་རེད། དེ་ཚོ་ངས་དཔེ་མཚོན་ཙམ་ལས་ཞུ་ཤེས་ཀྱི་མི་འདུག དེ་འདྲའི་གནས་ཚུལ་མང་པོ་ཞིག་དེང་རབས་ཀྱི་སེམས་ཁམས་རིག་པའི་གནས་སྟངས་ལ་དགོས་མཁོ་ཡོད་པ་མ་ཟད། ང་རང་ཚོས་ཀྱང་མཁྱེན་གྱི་ཡོད་པ། མཁྱེན་པ་ཡིན་ནའང་ཚུར་རུབ་རུབ་ཀྱིས་ཕར་བཀའ་གནང་ཆོག་མེད་པ་ལྟ་བུ། ཁོང་ཚོའི་དྲི་བ་དང། ང་ཚོའི་ཤེས་ཡོན་གཉིས་པོ་དེ་ཏག་ཏག་བསྡད་ཀྱི་ཡོད་པ་གང་ཞིག་ལ་བསྡད་ཀྱི་ཡོད་པ་དེ་ང་ཚོས་ཚིག་གི་ཐོག་ནས་འགྲེལ་བརྗོད་བྱེད་མ་ཐུབ་པའི་གནས་སྟངས་ཡོད་པ་དེ་༸སྐྱབས་མགོན་རིན་པོ་ཆེར་ཚོར་སྣང་བྱུང་འདུག དེ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། དེ་ཚོའི་རིགས་ལ་དེང་རབས་ཀྱི་སེམས་ཁམས་རིག་པ་ཤེས་མཁན་དང། ང་རང་ཚོའི་སེམས་ཁམས་རིག་པའི་གནས་ཡོངས་སུ་རྫོགས་པ་མཁྱེན་མཁན་ཞིག་དགོས། ལྷག་པར་དུ་རྒྱ་ནག་ལ་མངོན་པ་གོང་འོག་གི་རིགས་ཧ་ཅང་མ་དར་བ་རེད་དེ། ཕལ་པོ་ཆེའི་མདོ་ལ་ཁོང་ཚོས་ཧ་ཅང་སློབ་སྦྱོང་བྱེད་ཀྱི་འདུག ང་ཚོས་དེ་ཆོས་ཀློག་པ་བཞིན་ཀློག་གི་ཡོད་རུང་དོ་སྣང་བྱུང་མེད། དེའི་ནང་དུའང་སེམས་ཁམས་རིག་པའི་སྐོར་མང་པོ་ཞིག་ཡོད་འདུག ད་ལྟ་ཝེ་ཏེ་ནམ་གྱི་མཁས་པ་ཞིག་གིས་ཨིན་སྐད་ཐོག་དེབ་ཅིག་བྲིས་ཡོད་པ་དེའི་ནང་སེམས་བྱུང་དྲུག་ཅུ་རེ་གྲངས་ཤིག་སྐྱེ་ལུགས་སྐྱེ་སྟངས་དང་། དེའི་བྱ་བ་བྱེད་སྟངས། དེའི་དབང་གིས་ཉོན་མོངས་འཕེལ་སྟངས་སོགས་ཧ་ཅང་ཡག་པོ་བཀོད་འདུག དེ་ཚོ་ཚང་མ་ང་ཚོས་ཕྱོགས་བསྡོམས་བརྒྱབས་ཏེ། བོད་བརྒྱུད་ནང་བསྟན་གྱི་སེམས་ཁམས་རིག་པའི་སྐོར་དང་། བོད་བརྒྱུད་ནང་བསྟན་གྱི་རྡུལ་ཕྲན་སྐོར། འབྱུང་བ་དང་འབྱུང་འགྱུར་གྱི་རྣམ་གཞག་ཅེས་བཟོ་ཐུབ་དགོས། འབྱུང་བ་དང་འབྱུང་འགྱུར་གྱི་རྣམ་གཞག་སྐོར་ད་ལྟ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་སྐད་ཆ་འདྲི་རྒྱུ་གཙོ་བོ་དེ་རེད། ཕལ་ཆེར་དེང་རབས་དངོས་ཁམས་རིག་པའི་ཚན་རིག་གི་སློབ་སྦྱོང་ངམ་ཤེས་ཡོན་མགོ་འཛུགས་ཀྱི་བསམ་ཚུལ་མ་བྱུང་བའི་གོང་ནས་རགས་པའི་གྲུབ་ཚུལ་དང་རྡུལ་ཕྲན་གྱི་གནས་སྟངས་རྣམས་ནང་པའི་གཞུང་ལུགས་ནང་ཡོད་བསྡད་པ་ཞིག་རེེད། རགས་པའི་དངོས་པོ་ཞིག་ཡིན་ཕྱིན་ཆད་སྒྲ་མ་ཡིན་པའི་རྡུལ་རྫས་བརྒྱད་ངེས་པར་དུ་ཡོད་པའི་གནས་སྟངས་དེ་ཁོང་ཚོས་རྗེས་སུ་མ་གཏོགས་ཤེས་མེད། ང་ཚོས་དེའི་སྔོན་ལ་ཤེས་ཀྱི་ཡོད་རེད། དེ་བཞིན་ལྗིད་ཁོག་ལ་ཆ་བཞག་ནའང་། སའི་ཁམས་ལ་འཐེན་ཤུགས་ཡོད་པ་དེ་ཚན་རིག་པས་རྗེས་སུ་མ་གཏོགས་ཤེས་རྟོགས་བྱུང་མེད། ང་ཚོས་དེའི་སྔོན་ནས་ཀླུ་སྒྲུབ་དང་འཕགས་པ་ལྷའི་གཞུང་ལུགས་ནང་ཡོད་བསྡད་པ་ཞིག་རེད། དེ་ཚོའི་རིགས་དེ་ཁོང་ཚོར་དགོས་རྒྱུ་དང་། ལྷག་པར་དུ་རྡུལ་ཕྲན་གྱི་གནས་སྟངས་སྐོར་དུས་ཀྱི་ཐུང་བའི་མཐར་ཐུག་པའི་ཚད་དེ་རྡུལ་གྱི་ཆུང་བའི་མཐར་ཐུག་པ་གཅིག་ཨ་ལོག་རྒྱག་པའི་དུས་ཤིག་ལ་འཇོག་གི་རེད་ཅེས་བརྗོད་མཁན་དང་པོ་དེ་ནང་པ་རེད། དེས་ན་དུས་དང་གཟུགས་ཀྱི་གནས་བབས་ཐོག་ལ་དེང་རབས་ཀྱི་དངོས་ཁམས་རིག་པའི་མི་དེ་ཚོས་བསམ་བློ་གཏང་རྒྱུའི་ཁ་ཕྱོགས་མ་རྙེད་གོང་ང་ཚོས་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད་རེད། འོན་ཀྱང་ང་ཚོས་དེ་ཚོ་ཚིག་འགྲེལ་བརྒྱབ་རྒྱུ་དང་། གྲངས་འདྲེན་བརྒྱབ་རྒྱུ། རྟགས་བསལ་གཏོང་དུས་ཡོད་པ་ཙམ་མ་གཏོགས། དངོས་སུ་བརྟག་དཔྱད་ཁང་མེད་པར་བརྟེན་དངོས་རྭ་སྤྲད་རྒྱུ་བྱུང་མེད། དེ་དང་ཆབས་ཅིག་ཏུ་ད་ལྟ་ཁོང་ཚོས་ཉམས་ཞིབ་བྱས་ཏེ་གང་དུ་སླེབས་པ་དེའི་ཐོག་ལ་ང་ཚོས་ད་དུང་ཁོང་ཚོར་མདུན་བསྐྱོད་ཀྱི་ལམ་སྟོན་ཐུབ་པའི་གནས་སྟངས་མི་ཉུང་ཙམ་ཡོད། དེ་ཚོའི་ཐོག་ང་ཚོས་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཁ་ཤས་ཀྱིས་སེམས་ཁམས་རིག་པའི་སྐོར་དམིགས་བསལ་ལོ་གཅིག་གཉིས་གསུམ་ག་ཚོད་འགོར་ནའང་ཆ་ཚང་བ་ཉམས་ཞིབ་བྱ་རྒྱུ་དང། ཁ་ཤས་ཀྱིས་དངོས་ཁམས་རིག་པའི་རྡུལ་ཕྲན་དང་འབྱུང་བ་འབྱུང་འགྱུར་གྱི་རྣམ་གཞག་སྐོར་ཉམས་ཞིབ་ཆ་ཚང་བ་ཞིག་གནང་ཐུབ་ན། ང་ཚོ་ལའང་གཞུང་ལུགས་རྟོགས་རྒྱུར་ཕན་ཐོགས་ཡོང་བ་གང་ཞིག་ལ། ང་ཚོའི་ངོ་མཚར་ཅན་གྱི་ཤེས་ཡོན་ཡོད་པ་དེ་འོས་ཤིང་འཚམས་པའི་སྐད་ཡིག་དང་འོས་ཤིང་འཚམས་པའི་ཐ་སྙད་ཐོག་ནས་ཁོང་ཚོ་ལ་ཏག་ཏག་ར་སྤྲད་ཐུབ་པ་བྱུང་ན་དངོས་གནས་འཇིག་རྟེན་ཁྱོན་ཡོངས་ཀྱི་མཁས་པ་ཚང་མའི་ཡིད་འཕྲོག་ཐུབ་པ་དང་རྣམ་དཔྱོད་བཀུག་ཐུབ་པ་ཞིག་ཡོང་རྒྱུ་རེད། དེ་ཚོའི་སྐོར་ལས་གཞི་བཟོས་པ་ཡིན་ན་བཟོ་ཐུབ་མིན་དང་ཕན་ཐོགས་ཡོད་མིན། དགེ་ལྡན་གདན་ས་ཁག་གི་དབུ་ཁྲིད་རྣམ་པ་ཚོའི་དགོངས་ཚུལ་གང་འདྲ་ཞིག་ཡོད་པ་གཟིགས་རྒྱུ་རེད། རི་བོ་དགེ་ལྡན་པ་སྒྲིག་འཛུགས་ཀྱི་ཆ་ནས་ཆེ་ཤོས་དང་། མི་འབོར་གྱི་ཆ་ནས་མང་ཤོས་ཡིན་ཙང་། འདི་ནས་འགྲིགས་པ་ཡིན་ན། ཆོས་ལུགས་གཞན་པ་ཚོས་སྤྱི་མཚུངས་ཀྱིས་ཆ་ཤས་བཞེས་ཐུབ་པ་ཡོང་མདོག་ཁ་པོ་རེད་བསམ་གྱི་འདུག དེ་རྣམས་ང་ཚོས་དགོས་མཁོ་དེ་དང་མཚམས་པའི་ལས་གཞི་གང་བརྩམ་རྒྱུ་འདུག དེ་ཚོའི་སྐོར་སྙན་གསན་ཞུ་རྒྱུ་དེ་འདྲ་ཞིག་ཡིན།
སྤྱིར་བཏང་སྒྲིག་འཛུགས་ཀྱི་ངོས་ནས་ཞུས་པ་ཡིན་ན། ཆོས་དང་རིག་གཞུང་གང་འདྲ་ཞིག་ཡིན་ནའང་། སྒྲིག་འཛུགས་ཤིག་ལ་བརྟེན་ནས་འགྲོ་དགོས། དཔེར་ན་སངས་རྒྱས་ཀྱི་ཆོས་དེ་དགེ་འདུན་གྱི་སྡེ་ལ་བརྟེན་ནས། ལས་ཀྱང་ཡོད་ལ་བྱ་བ་བྱེད་པའང་ཡོད་པ་དེ་ལ་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱའོ་གསུངས་པ་དེ་བསྟན་པ་སྒྲིག་འཛུགས་ལ་རག་ལས་པ་དེ་བསྟན་པ་རེད། དེར་བརྟེན་རི་བོ་དགེ་ལྡན་པའི་སྒྲིག་འཛུགས་དེ་ཚད་ལྡན་ཡག་པོ་ཡོང་ཆེད་དགེ་ལུགས་སྤྱི་ལ་ཁྱབ་པའི་ཁྲི་ཐོག་ཁང་གི་ཁྱབ་འོག་ཏུ་སྒྲིགས་འཛུགས་ཚང་མ་ག་འདྲ་འགྲོ་ཐུབ་མིན་གཟིགས་རྒྱུ་དང་། གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་མ་ཟད། འཇིག་རྟེན་ཁྱོན་ཡོངས་ལ་རི་བོ་དགེ་ལྡན་པའི་རྗེས་འཇུག་གི་སྡེ་ཚན་དང་། ཆོས་སྡེ། བཤད་གྲྭ སྒྲུབ་གྲྭ་ཡོད་པ་ཚང་མ་སྒྲིག་འཛུགས་གཅིག་གི་ཁྱབ་ཁོངས་ལ་གནས་ཐུབ་པ་དང། དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཞེས་པ་དེ་ཕྱོགས་གཅིག་ནས་གནས་ཡུལ་རྒྱ་གར་གྱི་ཡུལ་ཁྲིམས་དང་མཐུན་པ། ཕྱོགས་གཞན་ནས་ང་རང་ཚོའི་དགོས་མཁོ་ཡོངས་སུ་རྫོགས་པ་བསྐང་ཐུབ་པ། ཕྱོགས་གསུམ་ནས་རྒྱལ་སྤྱིའི་གནས་བབས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པ་བཅས་ཡོང་ཆེད་གང་དང་གང་གནང་རྒྱུ་ཡོད་མེད། དཔེར་ན་ཆེན་པོ་ཧོར་དང། ར་ཤི་ཡ་དེ་ཚོའི་ནང་བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་ཆོས་སྡེ་དང། སྒྲིག་འཛུགས་མང་པོ་ཡོད་རེད། ཁོང་ཚོའི་དབུ་ཁྲིད་དེ་ཚོའང་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་སླེབས་རྒྱུ་དང་ཚུད་ཐུབ་པ་བྱུང་ན། དངོས་གནས་མཚན་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཞེས་བཏགས་པ་བཞིན་རྒྱལ་སྤྱིའི་ཁྲིམས་མཐུན་ཐོག་ནས་བལྟས་པ་ཡིན་ནའང་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཞིག་ཡོང་བའི་དགོངས་པ་བཞེས་རྒྱུ་མེད་འགྲོ སྔོན་མ་ང་ཚོ་ལྷོ་ཕྱོགས་སུ་ཕེབས་ཚར་མ་ཐག་ངས་སྐབས་དེ་དུས་མཁན་རིན་པོ་ཆེ་གོང་མ་མང་པོར་བཅར་རྒྱུ་བྱུང་། དེའི་ཐོག་དགོངས་པ་བཞེས་པ་རེད། བར་ལམ་ཞིག་ནས་ཕྱག་ལེན་དུ་མ་འཁེལ་བ་བྱུང་བ་རེད། མ་འོངས་པ་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་དངོས་གནས་ཚགས་ཚུད་པོ་དང་། རྒྱལ་སྤྱིའི་ནང་རི་བོ་དགེ་ལྡན་པའི་སྒྲིག་འཛུགས་ཚང་མ་སྒྲིག་འཛུགས་དེའི་འོག་ཤར་བསྐྱོད་ཐུབ་པ། ད་ལྟ་རྒྱལ་ཁབ་སོ་སོའི་ནང་སྲོལ་རྒྱུན་ཐོག་ནས་རི་བོ་དགེ་ལྡན་པའི་རྗེས་འཇུག་ཡོད་པ་ནི་ཆེན་པོ་ཧོར་གཙོ་བོ་རེད། དེ་ཚོའི་དགོན་སྡེ་ཁག་དང་། བླ་ཆེན་མཁན་པོ་སོགས་ཀྱང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་དངོས་སུ་ཞུགས་ཐུབ་པ་བྱུང་ན། སྒྲིག་འཛུགས་དང་། མཐུན་རྐྱེན། རྒྱལ་སྤྱིའི་མཚན་མཐོང་བཅས་ཀྱི་ཆ་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཞིག་ཡོང་ཐུབ་པའི་ཐབས་ཤེས་མེད་འགྲོ་སྙམ་པའི་༸སྐྱབས་མགོན་རིན་པོ་ཆེའི་དགོངས་པར་འཁོར་གྱི་ཡོད་པའི་བཟོ་འདུག
དེ་མིན་སློབ་སྦྱོང་བྱེད་སྟངས་ཀྱི་ཆ་ནས་སྐྱ་སེར་ཕོ་མོ་དབྱེར་མེད་ལ་རིགས་ལམ་གྱི་ཐོག་ནས་སངས་རྒྱས་ཀྱི་ཆོས་སྦྱང་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྟོན་དེ་འགྲོ་མུས་རེད། མ་འོངས་པར་ཡར་རྒྱས་འགྲོ་གི་རེད་བསམ་གྱི་འདུག དེ་ཚོ་ལ་དགོངས་ནས་ཁྱིམ་པ་ཕོ་མོ་ཚོ་ཡང་གདན་སའི་རྩོད་གྲྭའི་ནང་ཞུགས་ཆོག་པ་ཡོང་བའི་ཐོག་༸སྐྱབས་མགོན་རིན་ཆེའི་བཀའ་སློབ་ཐེངས་ཁ་ཤས་ཕེབས་ཡོད་རེད། གདན་སའི་ཆོས་རྭའི་ནང་ཁྱིམ་པ་ཕོ་མོ་རྩོད་གྲྭར་ཞུགས་རྒྱུ་ཟེར་བ་དེ་ལ་དགོངས་པ་གཏིང་ཟབ་བཞེས་དགོས། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་ཕུགས་རྒྱང་རིང་པོའི་དགོས་པ་ཡོད་པ་དེ་བཤད་མ་དགོས་པ་རེད། འོན་ཀྱང་ལག་ལེན་བསྟར་སྟངས་དེ་སྟབས་གཟབ་པོ་དང་ཡག་པོ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཚོའི་ཐོག་གནང་ཕྱོགས་གང་འདྲ་ཞིག་དགོས་མིན་དེ་དགོངས་པ་ཟབ་པོ་བཞེས་དགོས། དེའི་ཐོག་སྐུ་མདུན་གྱིས་ཡོངས་གྲགས་བཀའ་སློབ་རེ་གཉིས་གནང་ཟིན་པ་རེད། དེར་བརྟེན་ལག་ལེན་བསྟར་རྒྱུའི་ཐབས་ཤེས་གནང་དགོས་པ་རེད། དགོངས་གཞི་གཙོ་བོ་དེ་གང་ཡོད་ཅེ་ན། རིགས་ལམ་ཆགས་ནས་རྩོད་པ་རྩོད་ཤེས་མཁན་ཞིག་མ་བྱུང་ཡིན་ན་གཞུང་ཆེན་པོའི་སློབ་གཉེར་དེ་གཏིང་ཟབ་པོ་ཡོང་གི་མེད་པ་དེ་༸སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ནའང་གཟིགས་ཀྱི་ཡོད་རེད། དེ་ཡོང་ཆེད་གདན་ས་ལྟ་བུའི་རྩོད་གྲྭའི་ནང་ཕྲན་བུའི་ཉམས་མྱོང་མ་བྱུང་ན་ཡོང་རྒྱུ་མེད་པ་དེ་དངོས་ཡོད་གནས་སྟངས་རེད། ད་ལྟའི་གནས་སྐབས་སུ་ཁྱིམ་པས་རྩོད་གྲྭ་ལ་ཞུགས་ཐུབ་མཁན་ཡོད་རེད་བསམ་གྱི་མི་འདུག ཡིན་ནའང་མ་འོངས་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྟོན་ཡག་ཏུ་ཕྱིན་ནས་རྩོད་ཐུབ་མཁན་བྱུང་ན། གཞི་ནས་གདན་ས་སོ་སོའི་ནང་ཆོས་རྭ་ཕྱི་ནང་གཉིས་བཟོས་ཏེ། ཆོས་རྭ་ནང་མའི་ནང་གྲྭ་པ་རྐྱང་པ་དང་། ཆོས་རྭ་ཕྱི་མའི་ནང་གྲྭ་པ་འགའ་ཤས་མཉམ་དུ་ཁྱིམ་པ་ཕོ་མོ་རྩོད་པ་བརྒྱབ་རྒྱུ་བྱུང་ན། གྲྭ་པ་རྒྱུན་ལྡན་ནས་རྩོད་གྲྭར་བྱངས་པར་བརྟེན། ཁྱིམ་པ་ཕོ་མོ་རྣམས་ཟླ་ཤས་ནང་རྩོད་པའི་འགྲོས་ཆགས་ཐུབ་པ་ཡོང་གི་རེད། དེ་འདྲ་བྱུང་ན་གདན་སའི་སྒྲིག་ལམ་ལའང་མ་གནོད་པ་དང་། ཁྱིམ་པ་ཕོ་མོའང་རྩོད་པའི་ནང་ཞུགས་ཐུབ་པ་དེ་འདྲའི་ཐབས་ལམ་བསྟེན་རྒྱུ་མེད་འགྲོ ཡང་ན་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ནང་ཁྱིམ་པའི་ཆོས་རྭ་བཙུགས་ཏེ་དེའི་ནང་གདན་སའི་གྲྭ་པ་བཅོ་ལྔ་ནས་སུམ་ཅུ་ཙམ་ཕེབས་རྒྱུ་ཡོད་པ་བཟོ་རྒྱུ་འདུག་གམ། གང་ལྟར་ཆོས་ལ་དོན་གཉེར་ཡོད་མཁན་ཡིན་ན་ཁོང་ཚོའང་རབ་བྱུང་བཞིན་ཁོ་ཐག་ཆོད་པའི་རྩོད་པ་རྩོད་ཤེས་མཁན་ཞིག་ཆགས་ཆེད་ཐབས་ཤེས་གནང་རྒྱུ་མེད་འགྲོ
དེ་ནས་གནས་ཚུན་གཞན་ཞིག་ལ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་གདན་ས་ཁག་ནང་ཚན་རིག་སློབ་གཉེར་དེ་འགྲོ་མུས་རེད། ད་ལྟ་ལོ་དྲུག་གི་འཆར་གཞི་འགྲོ་བཞིན་པ་རེད། ལོ་དྲུག་གི་བར་དུ་ཏག་ཏག་འགྲོ་གི་ཡོད་པ་ཕྱག་ལས་གནང་མཁན་ཚོས་ཉེ་ཆར་གསུང་གི་འདུག ལོ་དྲུག་གི་རྗེས་ལ་རྒྱུན་ཆད་ན་དཀའ་ལས་ཁག་པོ་རེད། དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་ནང་དུའང་ཚུད་ཡོད། ལོ་དྲུག་གི་ཚོད་བལྟའི་དུས་ཚོད་བརྒལ་བའི་རྗེས་སུ་མ་འོངས་པར་ད་ཡོད་གདན་ས་སོ་སོའི་ནང་དགེ་རྒན་དང་མཐུན་རྐྱེན་བཅས་ཀྱི་ཆ་ནས་འགོག་རྐྱེན་མེད་པར་ཤར་བསྐྱོད་འགྲོ་ཐུབ་པ་ཞིག་ཡོང་བ་འདུག་གམ་དེ་ད་ལྟ་ནས་གཟིགས་དགོས་པ་དང་ཚོད་དཔག་གནང་དགོས་པ་མ་ཟད། དེ་ལ་དཀའ་ངལ་འདུག་དགོངས་ན་ད་ལྟ་ནས་དཀའ་ངལ་སེལ་ཐབས་གནང་དགོས་པ་ཞིག་ཆགས་ཀྱི་མེད་འགྲོ
ང་ཁ་སང་ཐོན་པའི་ཞོགས་པ་དེར་༸སྐྱབས་མགོན་རིན་པོ་ཆེས་ཕེབས་ལམ་ལ་ཕེབས་ཀྱིན་བོད་ནང་སྐུ་ཕྲེང་མང་པོ་བྱོན་ཚར་བའི་སྐུ་ཕྲེང་རིམ་བྱོན་གྱི་བླ་མ་དེ་ཚོ་ནི་དངོས་གནས་རེད། བླ་མ་དགེ་བཤེས་སློབ་ཚོགས་ཕྲན་བུ་སྐྱོང་མཁན་ཡོད་ཚད་ཀྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་དེ་མ་འོངས་པར་གྲྭ་པ་ལས་སྤྲུལ་སྐུ་མང་བ་ཆགས་ཉེན་ཡོད་རེད་ཅེས་བླ་མ་ངོས་འཛིན་བྱེད་སྟངས་སྐོར་བཀའ་བརྩད་ཕེབས་ཀྱི་འདུག དེ་སྐབས་ངས་དགེ་ལུགས་སྤྱི་ལ་ཁྱབ་པའི་བཅའ་ཡིག་ནང་དེའི་སྐོར་ཆ་རྐྱེན་བཟོས་ཡོད་རེད། དེའི་ནང་སྐུ་ཕྲེང་རིམ་བྱོན་མེད་པ་ཞིག་སྐུ་འཕྲེང་དང་པོ་ངོས་འཛིན་བྱེད་དགོས་ན། ཐོག་མར་གྲྭ་ཚང་ནས་དགེ་བཤེས་མཚན་གནས་ཐོན་པའི་རྗེས་སུ་བླ་མའི་མཚན་གནས་ཞུ་ཆོག་མིན་བལྟ་རྒྱུའི་ཆ་རྐྱེན་ཡོད་རེད་ཅེས་སྙན་གསན་ཞུས་པ་ཡིན། ཡིན་ནའང་དངོས་སུ་གདན་ས་ཁག་གི་ནང་བཅའ་ཡིག་ནང་འཁོད་པ་གཞིར་བཟུང་ཕྱག་ལེན་ལ་འཁེལ་བ་ཡོང་གི་ཡོད་མེད་སྐོར་ཞིབ་འཇུག་བྱེད་རྒྱུ་ཡིན།
ད་ལྟ་ཚོགས་ཆེན་ནང་ཞུ་རྒྱུ་གཅིག་ལུས་འདུག དེ་ནི་རྒྱ་གཞུང་སྤྱི་དང་། ལྷག་པར་དུ་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་གཞུང། ཐེག་པ་ཆེན་པོའི་བསྟན་པ་དེ་ཤིང་རྟ་ཆེན་པོ་གཉིས་ཀྱིས་བཀྲལ་བ་ལ་བརྟེན་པ་ཡིན་ཙང་། ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་གཞུང་ལ་བྱམས་ཆོས་སྡེ་ལྔ་དང། རིགས་ཚོགས་དྲུག་རེད། བྱམས་ཆོས་སྡེ་ལྔ་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་གཞུང་ལ་མ་བཞག་པ་ཡིན་ན། ས་སྡེ་ལྔ་གཞག་དགོས་བྱེད་ཀྱི་རེད། དེ་ཚོའི་ཐོག་སྔོན་མ་རྗེ་ཡབ་སྲས་སྐབས་སུ་གསན་བཞེས་གནང་གི་ཡོད་པ་ཧ་ཅང་གསལ་པོ་རེད། རྗེ་བདག་ཉིད་ཆེན་པོའི་གཞུང་ནང་། ཕྱོགས་རེ་བ་དང་རགས་པ་རེས།། ཚིམས་པར་མ་བྱས་ཞིབ་ཏུ་སྦྱངས།། ཞེས་གསུངས་པ་དེ་དངོས་ཡོད་གནས་སྟངས་རེད། འོན་ཀྱང་བར་ལམ་ཞིག་ནས་གཞུང་བཀའ་པོད་ལྔ་ཟེར་བ་དེ་བསྡུས་བསྡུས་གཏན་ཞིག་འཁེལ་ཚར་བའི་རྗེས་སུ་བྱམས་ཆོས་ནང་མངོན་རྟོགས་རྒྱན་མ་གཏོགས་གཞན་བཞི་ལ་ཧ་ལམ་སློབ་སྦྱོང་བྱེད་མ་དགོས་པ་ལྟ་བུ། མ་གཞི་མངོན་རྟོགས་རྒྱན་བཤད་པའི་སྐབས་སུ་བྱམས་ཆོས་གཞན་ནས་ལུང་མང་པོ་དྲངས་པ་དེ་ཚོ་ཐུགས་རྒྱུས་ཡོད་པ་མ་གཏོགས། གཞུང་དབུ་ནས་མཇུག་བར་ཐུགས་རྒྱུས་ཡོད་མཁན་ཧ་ལམ་མེད་པ་ལྟ་བུ། རིགས་ཚོགས་དྲུག་ནང་དབུ་མ་འཇུག་པ་གཙོ་བོ་མ་གཏོགས། རྩ་བ་ཤེས་རབ་ལ་ལག་པ་འཆང་མཁན་མེད་པ་ལྟ་བུ། རྩ་བ་ཤེས་རབ་ལ་ལག་པ་འཆང་མཁན་ཡོད་ནའང་རིགས་ཚོགས་གཞན་ལ་ཐུགས་སྣང་མེད་པ་ལྟ་བུ། དེ་ཚོའང་ང་ཚོ་གདན་ས་ཆེན་པོའི་གཞུང་ཆེན་མོའི་སློབ་གཉེར་སྤྱི་ཡོངས་ཀྱི་སློབ་ཚན་གྱི་དུས་ཚོད་རེའུ་མིག་ནང་ཚུད་ཐུབ་པའི་ཐབས་ཤེས་ཡོད་མེད་ཐོག་དགོངས་པ་བཞེས་དགོས་པ་ཞིག་རེད། དེ་ཡང་གཞུང་གཞན་པའི་སློབ་སྦྱོང་གི་དུས་ཚོད་ལ་སྣོན་འཕྲི་བྱས་ནས་བཞག་དགོས་ཀྱི་ཡོད་དམ། ཡང་ན་ཁོ་རང་ལ་དུས་ཚོད་ཟུར་པ་ཞིག་བཟོ་དགོས། དེའི་ཐོག་དགོངས་པ་བཞེས་རྒྱུ་མེད་དམ། དཔེར་ན་སྔོན་བྱོན་གྱི་མཁས་པ་ཚོས་གཟིགས་ཐུབ་པ་ལ་ད་ལྟ་ང་ཚོས་བསྙབ་མ་ཐུབ་པ་དེ་རྒྱུ་མཚན་གང་འདྲ་ལ་ཐུག་ཡོད། དེ་ལ་ཞིབ་འཇུག་གནང་རྒྱུ་མེད་འགྲོ ཐབས་མཁས་པོའི་ཐོག་ནས་དེ་ཚོའི་ཐོག་གཏིང་ཟབ་པོའི་སློབ་སྦྱོང་མ་བྱུང་བ་ཡིན་ནའང་གང་ལ་གང་ཚམས་སློབ་སྦྱོང་གནང་ཐུབ་པའི་ཐབས་ཤེས་གནང་ཐུབ་རྒྱུ་ཡོད་མིན་དེ་ཚོའི་ཐོག་དགོངས་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ད་ལྟ་གནས་སྐབས་ངས་དྲན་པའི་གནས་ཚུལ་ཞུ་རྒྱུའི་དོན་ཚན་དེ་ཙམ་ཡིན། དེ་ཚོ་ཡིག་ཐོག་ལ་འབུལ་དགོས་ཀྱི་ཡོད་ཀྱང་། ཁ་སང་ཡོང་ཁར་བྲེལ་བ་མང་པོ་བྱུང་ནས་ཕུལ་ཐུབ་མ་སོང་བར་དགོངས་སེལ་ཞུ་རྒྱུ་ཡིན། ད་ལྟ་བར་ལམ་༸སྐྱབས་མགོན་པོ་རིན་པོ་ཆེའི་ཐུགས་དགོངས་ལ་ཡོད་པ་གདན་ས་ཆེན་པོ་ཁག་དང་རི་བོ་དགེ་ལྡན་པའི་སྒྲིག་འཛུགས་ཐོག་ནས་གནང་དགོས་གལ་ཆེ་བ་རྣམས་འདིར་མདོར་བསྡུས་ཤིག་སྙན་གསན་ཞུས་པ་ཡིན། ངས་ཆད་སོང་བ་ཡིན་ན་མཁན་རིན་པོ་ཆེ་དང་ཡང་སྟེང་རིན་པོ་ཆེ་གཉིས་ནས་ཆད་ཚབ་གནང་གི་རེད། ཚང་མས་དགོངས་པ་བཞེས་ཏེ། ད་རེས་༸སྐྱབས་མགོན་རིན་པོ་ཆེ་འཁྲུངས་ལྷ་དབྱར་གསོལ་སྐབས་འབྲས་སྤུངས་ལ་༸ཞབས་སོར་འཁོད་པའི་མཛད་འཆར་གཏན་འཁེལ་ཡོད་རེད། ང་ཚོའི་ཚོགས་འདུའི་ནང་ལས་གཞི་དེ་ཚོ་སྦང་བསྒྲིགས་ཐུབ་པ་ཡིན་ན་སྐབས་དེ་དུས་མཁན་རིན་པོ་ཆེ་རྣམ་པ་ཚོས་འདི་ལྟར་གནང་རྒྱུ་ཡིན་ཞེས་ཡར་སྙན་གསན་ཞུ་རྒྱུ་བྱུང་བ་ཡིན་ན་༸སྐྱབས་མགོན་རིན་པོ་ཆེ་ཐུགས་མཉེས་པོ་ཡོང་མདོག་ཁ་པོ་རེད། ནུབ་ཕྱོགས་པ་ལྟར་ན་འཁྲུངས་ཚེས་ཀྱི་ཕྱག་རྟགས་ལྟ་བུ་ཡག་པོ་ཆགས་རྒྱུ་རེད་བསམ་གྱི་འདུག
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་རིན་པོ་ཆེ་མཆོག་དང་། ཆོས་རྗེ་རྣམ་པ། མཁན་རིན་པོ་ཆེ་རྣམ་པ་ཚང་མ་ཉེ་ཆར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་ཕྲན་བུའི་ཐུགས་ཕམ་གྱི་རྣམ་པ་བྱུང་བ་དང། གཞུང་བསྟེན་དགྲ་ལྷ་ཚོས་ཛ་དྲག་གི་བཀའ་ལུང་ཕེབས་པ་དེའི་སྐབས་རིན་པོ་ཆེ་རྣམ་པ་ཚང་མས་ཐུགས་འགན་ཆེན་པོ་བཞེས་ནས་རྡ་རམ་ས་ལར་ཕེབས་ཏེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་མཇལ་བ་དང་། སྐུ་ཚེ་༸ཞབས་པད་བརྟན་པའི་གསོལ་འདེབས་ཞུས་པ་དེ་དུས་དང་མཚམས་པ་དང། དུས་ལས་མ་ཡོལ་བ་ཧ་ཅང་ཡག་པོ་བྱུང་སོང་། དེས་རྒྱལ་བ་རིན་པོ་ཆེ་ཐུགས་བློ་བདེ་རུ་ཕེབས་རྒྱུ་དང་ཐུགས་སེམས་སྤྲོ་རུ་ཕེབས་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། དེ་ལས་དངོས་གནས་བོད་སྤྱི་པའི་ཐོག་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་སོང། དགའ་ལྡན་ཕོ་བྲང་སྒྲིག་འཛུགས་ཀྱི་ངོས་ནས་ངས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་རངས་ཞོགས་པ་སྙན་གསན་ཞུ་རྒྱུའི་ནང་དོན་ཚན་ཁག་གསུམ་ཞིག་ལུས་འདུག དགོངས་སེལ་ཞུ་རྒྱུ་ཡིན། དེ་དག་མདོར་བསྡུས་རེ་ཞུ་རྒྱུ་ཡིན།
དེ་དག་གི་ནང་ནས་དོན་ཚན་གཅིག་ནི་གདན་ས་ཆེན་པོ་ཁག་གིས་མཚོན་བོད་པའི་བཤད་གྲྭ་རྣམས་དེང་རབས་ཀྱི་གཙུག་ལག་སློབ་གཉེར་ཁག་གི་གནས་སྟངས་དང་འདྲ་པོ་ཡོད། ལྷག་པར་དུ་ཤེས་ཡོན་གནས་ཚད་ཐོག་མཐོ་བ་མེད་རུང་དམའ་བ་མེད་པ་ཡིན་ཙང་། རྒྱ་གར་གྱིས་མཚོན་པའི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་ཁག་དང་ཕན་ཚུན་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་གཉིས་ཀའི་ཐོག་འབྲེལ་བ་དམ་ཟབ་གནང་ཐུབ་པ་ཡིན་ན་དེ་དགེ་མཚན་ཆེན་པོ་ཡོང་ས་རེད་སྙམ་པའི་དགོངས་ཚུལ་སྔོན་མ་ནས་ཡོད་རེད་ལ། བཀའ་སློབ་ཀྱང་མང་པོ་ཕེབས་ཡོད། དེའི་ཐོག་སེར་བྱེས་གྲྭ་ཚང་ནས་འབད་བརྩོན་གནང་སྟེ་ད་ཆ་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་དང་འབྲེལ་བ་བྱུང་འདུག དེ་མིན་གྲྭ་ཚང་ཁ་ཤས་ནས་ཨ་རིས་མཚོན་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་ཁང་ཁག་དང་མཉམ་རུབ་ཀྱི་འབྲེལ་ལམ་ཡོད་པ་དེ་འདྲ་ཇི་སྙེད་ཅིག་འདུག ཡིན་ནའང་དེ་ད་ལྟ་གདན་ས་སྤྱི་ལ་ཁྱབ་པ་ཞིག་མེད་ཙང་། དེའི་ཐོག་གཅིག་གྱུར་གྱིས་ཚང་མ་ཕན་ཚུན་ངོས་ལེན་ཡོད་པ་དང་འབྲེལ་ལམ་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག འོན་ཀྱང་བཟོ་ལྟ་གང་འདྲ་འདུག གང་འདྲ་ལག་ལེན་ལ་འཁེལ་ས་རེད། དེ་བསམ་ཞིབ་བྱེད་དགོས་ཞེས་བཀའ་སློབ་གཅིག་དེ་རེད། དེ་དང་ཆབས་ཅིག་ཏུ་གཙུག་ལག་སློབ་ཁང་ཁག་དང་འབྲེལ་བ་གནང་བའི་སྐབས་སུ་ང་ཚོའི་དམིགས་བསལ་གྱི་ཁྱད་ཆོས་དང་། ལྷག་པར་དུ་ང་ཚོ་རབ་ཏུ་བྱུང་བའི་དགོས་མཁོ་དང་མ་འཚམས་པ་མི་ཡོང་བའི་ཆེད་དུ་ཁྲིམས་དང་སྒྲིག་གཞི། དེ་བཞིན་ལམ་ལུགས། འབྲེལ་བའི་ས་མཚམས་བཅས་གཟབ་གཟབ་མ་གཟིགས་པར། འབྲེལ་བ་དེ་ལས་སླ་པོ་དང་སྟབས་བདེ་པོའི་ཐོག་ནས་གནང་བ་ཡིན་ན་གྲྭ་སའི་སློབ་གཉེར་བ་མང་པོ་ཟུར་རྒྱུགས་གཏོང་མཁན་ནང་ཡལ་ཕྱིན་པ་ལྟ་བུ་ཆགས་ན་གཅིག་བྱས་ན་གནོད་སྐྱོན་དེ་འདྲ་ཡོང་སྲིད། འབྲེལ་ལམ་དགོས་ཀྱི་ཡོད་པ་གང་ཞིག་ལ་བཏང་འཛིན་གནང་ཕྱོགས་དང་འབྲེལ་ལམ་བཟོ་སྟངས་དེ་མཐའ་གཉིས་སུ་མ་ལྷུང་བར་སྟབས་གཟབ་པོའི་ཐོག་ནས་གནང་དགོས་རྒྱུ་ཐུགས་གལ་ཆེན་པོ་ཆགས་འདུག
བྱེས་ཀྱི་གདན་ས་ཁག་གི་ནང་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ་སོགས་ཧིམཱལཡའི་རི་རྒྱུད་ཀྱི་སྲོལ་རྒྱུན་གྱི་ནང་པའི་རྗེས་འཇུག་དེ་ཚོའི་གྲྭ་རྒྱུན་གང་མང་འཛུལ་ཞུགས་ཡོད་རེད། བརྒྱ་ཆ་ལྟར་ན་བོད་མི་ལས་བོད་མི་མ་ཡིན་པ་ས་གནས་ཀྱི་མི་མང་བ་ཆགས་ཡོད། དེ་ནི་དགའ་བསུ་ཞུ་འོས་པ་ཞིག་རེད། ལྷག་པར་དུ་ཆེན་པོ་ཧོར་ལ་སོགས་པ་ནས་ཀྱང་གྲྭ་རྒྱུན་ཇེ་མང་དུ་འགྲོ་བཞིན་པ་རེད། དེ་ཚོའི་གསོ་སྐྱོང་དང་སློབ་གཉེར་ཚད་ལྡན་ཡོང་གི་ཡོད་རེད། མ་འོངས་པར་ཡང་ཐབས་ཤེས་གནང་ནས་རྒྱལ་ཁབ་སོ་སོར་ཕན་ཐོགས་པ་ཞིག་བཟོ་དགོས་ཀྱི་ཡོད་རེད། ཕྱི་རྒྱལ་གྱི་མིའང་མང་ཉུང་ལ་མ་ལྟོས་པར་གྲྭ་པ་བྱེད་མཁན་ཡོང་མུས་རེད། ད་ལྟ་ང་ཚོས་དགོངས་པ་བཞེས་དགོས་པ་ཞིག་ལ། ཧིམཱལཡའི་རི་རྒྱུད་ནས་མ་ཡིན་པར་ནང་པ་གསར་དུ་བྱེད་མཁན་རྒྱ་ཐང་གི་རྒྱ་གར་བའི་ཡུལ་མི་རབ་ཏུ་བྱུང་ནས་གདན་སར་འཛུལ་ཞུགས་བྱེད་མཁན་ཡོད་ན། ཁོང་ཚོར་ཡང་མཐུན་རྐྱེན་དང་གོ་སྐབས་བསྐྲུན་དགོས་པ་གལ་ཆེན་པོ་ཡིན་པ་༸སྐྱབས་མགོན་རིན་པོ་ཆེས་གཟིགས་གནང་གི་ཡོད་རེད། དགའ་ལྡན་ལ་དེ་འདྲའི་གྲྭ་པ་རེ་ཟུང་བྱུང་ཡོད་ས་རེད། སེ་རའི་བྱ་བྲལ་ཁམས་ཚན་ནང་ཚོ་ཁག་གཅིག་འདུག མི་མང་ཉུང་ཤེས་མ་སོང་ཡང་ཁག་ཅིག་ཐུག་སོང་། ཚ་བའི་ཁམས་ཚན་ནང་དུའང་ཡོད་རེད་ཅེས་གོ་ཐོས་བྱུང་། སྤྱིར་བཏང་ད་ལྟ་འཛུལ་ཞུགས་བྱེད་མཁན་འབེལ་པོ་མིན་ཡང་། མ་འོངས་པར་འཛུལ་ཞུགས་བྱེད་མཁན་མང་དུ་སོང་ན་དེའི་མཐུན་རྐྱེན་སྐྲུན་ཕྱོགས་ཁྲིམས་དང་སྒྲིག་གཞི་གང་བཟོ་དགོས་ནའང་གཅིག་གྱུར་ཞིག་བྱུང་ན་ཡག་པོ་ཡོད་རེད། སྤྱིར་བཏང་ཡུལ་མི་མང་པོ་རྒྱུད་སྨིན་པ་དང་མ་སྨིན་པ་ཅི་རིགས་ཡོང་རྒྱུ་ཡིན་སྟབས། དྭོགས་གཟོན་ཡང་གནང་དགོས་པ་དང་། དྭོགས་གཟོན་གནང་བ་དང་ཆབས་ཅིག་ཏུ་གྲྭ་རྒྱུན་གང་མང་ཡོང་ཐབས་ཀྱི་གོ་སྐབས་བསྐྲུན་དགོས་པའང་གལ་ཆེན་པོ་ཡོད་བཟོ་འདུག དེའི་སྐོར་ད་རེས་བཀའ་བསྡུར་དགོངས་བཞེས་གནང་ཐུབ་ན་གང་ལེགས་ཡོང་བ་འདུག།གྲྭ་ཚང་དང་ཁམས་ཚན་སོ་སོའི་གློ་བུར་འཕྲལ་སེལ་གྱི་ཐག་གཅོད་མ་ཡིན་པར། གདན་ས་གཅིག་དང་ཆོས་བརྒྱུད་གཅིག་གི་ངོས་ནས་སྤྱི་ལ་ཁྱབ་པའི་སྲིད་བྱུས་ཤིག་ཡོད་ན་ཡག་པོ་ཡོད་པའི་དགོངས་བཞེས་ཤིག་འདུག
མཐའ་མ་དོན་ཚན་གལ་ཆེ་ཤོས་དེ། ལོ་ཤས་སྔོན་རྣམ་རྒྱལ་མཁན་རིན་པོ་ཆེ་ངོས་གཉིས་འདིར་བཅར་ནས་གདན་ས་ཁག་གི་མཁན་རིན་པོ་ཆེ་རྣམ་པའི་ལྷན་དུ་གདན་སའི་འཆད་ཉན་ཉམས་ཆག་འགྲོ་མིན་སྐོར་བཀའ་བསྡུར་གྱིས་དེའི་ཐོག་དགོངས་འཆར་མང་པོ་བྱུང་ཡོད། དེ་ནས་ལོ་ཤས་སོང་ཡོད། དེའི་བར་ལ་སྔོན་མ་བཀའ་བསྡུར་བྱུང་བ་བཞིན་སློབ་གཉེར་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་། ཡར་རྒྱས་འགྲོ་ཐབས་སྐོར་གྲྭ་ཚང་སོ་སོའི་མཁན་རིན་པོ་ཆེ་རྣམ་པ་ཚོས་གཙོས་ཚང་མས་ཐུགས་སྣང་གནང་དང་གནང་བཞིན་པ་ཡིན་མདོག་ཁ་པོ་རེད། ༸གོང་ས་མཆོག་ལ་ཉམས་ཆག་ཕྱིན་མེད་གསུང་རྒྱུའི་སྒྲུབ་བྱེད་རྐྱང་རྐྱང་མ་ཡིན་པར། ཡར་རྒྱས་གཏོང་རྒྱུའི་ཐབས་ཤེས་གང་ཡོད་མེད། གལ་སྲིད་ཕྱིན་ཡོད་ན་རྒྱུ་རྐྱེན་གང་འདྲ་ལ་ཐུག་ཡོད་མེད། མ་འོངས་པར་ལེགས་སྤེལ་ཉེས་འགོག་གི་གནང་ཕྱོགས་ཀྱི་ཐོག་ལའང་དགོངས་པ་བཞེས་ཏེ་དུས་ནས་དུས་སུ་སྙན་གསན་གནང་ཐུབ་ན་དགེ་མཚན་ཆེན་པོ་མེད་འགྲོ་བསམས་པ་བྱུང་།
དོན་ཚན་དེ་གསུམ་པོ་དེ་ཟུར་འཛར་གྱི་ཚུལ་དུ་ཞུས་ཆོག་པ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།