རབ་ཏུ་བྱུང་བ་ཚོས་<<འོས་བསྡུའི་>>ནང་ཆ་ཤས་བཞེས་སྟངས་སྐོར་གསུང་བཤད།

ཕྱི་ལོ་ ༢༠༡༠ ཟླ་བ་ ༡༡ ཚེས་ ༡༦ ཉིན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིར་འཚམས་གཟིགས་སུ་ཕེབས་སྐབས་ཆོས་སྲིད་ཟུང་འབྲེལ་དང་། རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་སྟངས་སྐོར་སོགས་གསུང་བཤད་ཞིབ་རྒྱས་གནང་ཡོད་པ་ལས། འདིར་རབ་ཏུ་བྱུང་བ་ཚོས་<<འོས་བསྡུའི་>>ནང་ཆ་ཤས་བཞེས་སྟངས་སྐོར་གསུངས་པའི་གསུང་བཤད་ཀྱི་དུམ་བུ་ཞིག་བཀོད་ཡོད།

Samdhong Rinpoche at Seraབདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། “རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་སྐབས། རང་ཉིད་རབ་བྱུང་ཡིན་པའི་འདུ་ཤེས་ཤིག་ཡོད་ན། ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་དང་། རང་གཞན་གྱི་རྣམ་དབྱེ་ཕྱེ་ནས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མི་འགྲོ་བ་ཞིག་ཏན་ཏན་ཡོང་ངེས། ཆབ་སྲིད་ནང་ཆ་ཤས་བཞེས་སྐབས་ཁྱིམ་པ་དང་མི་འདྲ་བར་རབ་བྱུང་ཡིན་པའི་འདུ་ཤེས་གསལ་པོ་མེད་ན། སྐྱེ་བོ་ཕལ་པ་ཉོན་མོངས་རག་པའི་དབང་དུ་སོང་བ་དེ་ཚོ་ནང་བཞིན་གནང་བའི་ཉེན་ཁ་ཆེན་པོ་ཡོད།

དེ་འདྲ་སོང་བ་ཡིན་ན་རྗེས་སུ་གྲྭ་ཚོགས་ཆེན་པོ་ཡིན་པའི་གདན་ས་དེ་ཚོ་ཆབ་སྲིད་པ་ཚོས་བེད་སྤྱོད་གཏོང་བའི་ལག་ཆ་ཞིག་དང་། ཆབ་སྲིད་པ་ཚོས་འོས་ཤོག་བླང་སའི་མཛོད་ལྟ་བུ་ཞིག་སྟེ། ནུབ་ཕྱོགས་པའི་སྐད་ལ་(Vote-Bank) ཞེས་བརྗོད། འོས་ཤོག་གི་མཛོད་དེ་ལྟ་བུ་ཞིག་རབ་བྱུང་གི་སྡེའི་ནང་ཆགས་པ་ཡིན་ན། ཆོས་དང་མ་མཐུན་པ་དང་། འདུལ་བ་དང་མ་མཐུན་པ། ཡ་རབས་བཟང་སྤྱོད་དང་མ་མཐུན་པ། དགེ་འདུན་གྱི་ནང་ཁྲིམས་དང་མ་མཐུན་པ། རབ་ཏུ་བྱུང་བའི་ཁྱད་ཆོས་དང་མ་མཐུན་པ་བཅས་ཆགས་ཉེན་ཆེ། དེ་ནི་ཧ་ཅང་ཞབས་འདྲེན་ཞིག་རེད།

Samdhong Rinpoche at Sera2དེར་བརྟེན་རབ་ཏུ་བྱུང་བ་རྣམས་ཀྱིས་རབ་བྱུང་གི་འདུ་ཤེས་མ་འདོར་བའི་ཐོག་ནས་འོས་ཤིང་འཚམས་པའི་སྤྱི་ཚོགས་དང་ཆབ་སྲིད་ནང་ཆ་ཤས་བཞེས་སྟངས་དེ་མཐའ་གཉིས་སུ་མ་ལྷུང་བ་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བར་ལམ་དམིགས་བསལ་གྱིས་དེའི་ཐོག་ཚོར་སྣང་ཞིག་བྱུང་། ཉེ་ཆར་འདིར་ཡོང་ཁར་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་གདན་ས་ཁག་གི་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་ཐོས་བྱུང་། དེ་དུས་ཡ་མཚན་པོ་དང་ཕྲན་བུ་ཧང་སངས་བྱུང་། གྲྭ་པ་ཚོས་ཀྱང་འདི་འདྲ་གནང་གི་ཡོད་འདུག་ཨང་བསམས་པ་ཞིག་བྱུང་། དེ་ལྟར་ན་གྲྭ་པས་ཆབ་སྲིད་ནང་ཆ་ཤས་བཞེས་དགོས་ཞེས་ང་ཚོས་རྒྱུན་ལྡན་བཤད་བཞིན་པ་དེ་ཆོས་སྲིད་ཟུང་འབྲེལ་ཡིན་ནམ། ཡང་ན་ཆོས་འགལ་ཡིན་ངེས་པ་མི་འདུག་སྙམ་པའི་འཇིགས་སྣང་ཞིག་སྐྱེས་སོང་། དེ་དག་ནི་རང་ལ་ཚོར་སྣང་གང་བྱུང་བ་དེ་འདིར་ནང་ཚགས་ཀྱིས་ཞུས་པ་ཡིན། འོན་ཀྱང་དེར་འགྲེལ་བཤད་ལོག་པ་གནང་རྒྱུ་མེད། ངས་ཞུས་པ་དེ་ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ལས་རིམ་དང་འབྲེལ་བ་གང་ཡང་མེད་ལ། ལྷག་པར་དུ་འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་སྐབས་སུ་འདི་བྱོས་དང་འདི་མ་བྱེད་ཞེས་པའི་ལམ་སྟོན་གྱི་ངོ་བོར་ཡང་བརྩི་གནང་རྒྱུ་མེད། འོས་བསྡུའི་ལས་རིམ་འགྲོ་བཞིན་པ་ཡིན་སྟབས། འདི་དག་ནི་ང་རང་གི་ཚོར་སྣང་ཙམ་ཞིག་རེད། རབ་བྱུང་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་སྐབས་རང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་སྙམ་པའི་འདུ་ཤེས་དེ་ཕལ་ཆེར་གསལ་པོ་མེད་པའི་ཚོར་སྣང་ཞིག་བྱུང་། ཚོར་སྣང་དེའི་ཐོག་ནས་ད་ལྟ་ངས་འདིར་ཞུས་པ་ཡིན་” ཞེས་གསུངས།། །།