༈ ཆོས་དང་མ་འདྲེས་པའི་བཟང་སྤྱོད་སྐོར་ལམ་སྟོན་བཀའ་སློབ།
༄༅།། ༢༠༡༧ ཕྱི་ཟླ་ ༣ ཚེས་ ༦ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཕྱི་ལོ་ ༢༠༡༧ ལོའི་ལས་བྱེད་རྒྱུས་སྟོན་མཛད་སྒོའི་ཐོག་ཆོས་དང་མ་འདྲེས་པའི་བཟང་སྤྱོད་རང་འཁྲིའི་ལས་འགན་བསྒྲུབ་རྒྱུར་འདི་ཕྱི་གཉིས་ལ་མཁོ་གལ་ཆེ་བའི་སྐོར་ལམ་སྟོན་བཀའ་སློབ་གནང་བ།
དེ་རིང་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་དབུ་ལས་ཀྱིས་མཚོན་པའི་དགེ་རྒན་ལས་བྱེད་རྣམ་པ་བཅས་ཚང་མར། ཐོག་མར་རབ་བྱུང་བཅུ་བདུན་པའི་མེ་བྱའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དུས་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལོ་འདི་བོད་མིའི་ཤེས་ཡོན་གྱི་ལས་དོན་རྣམས་དམིགས་བསལ་ཡར་རྒྱས་ཀྱི་ལོ་ཁྱད་པར་ཅན་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
བོད་ཕྲུག་ཁྱིམ་སྡེའི་དབུ་ལས་རྣམ་པས་ང་ལ་སློབ་གྲྭ་འདིར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཡང་ཡང་གནང་གི་ཡོད། སྤྱིར་བཏང་ང་རང་གི་ལོ་ནའི་བབ་དང་ལས་དོན་ནས་རྒས་ཡོལ་ཟིན་པའི་ཆ་ནས་མི་རབས་རྙིང་པ་ཆགས་ཏེ་སྤྱི་ཚོགས་ཀྱི་དྲན་ཡུལ་ནས་ཡལ་དགོས་པ་དང་། ལས་དོན་གང་ཡིན་ཡང་མི་རབས་གསར་པ་ཚོས་ཐུགས་འགན་བཞེས་དགོས་པའི་དུས་ཚོད་ལ་སླེབས་པ་ཡིན་སྟབས། བོད་པའི་སྤྱི་ཚོགས་ནང་འབྲེལ་འདྲིས་དང་གཏམ་བཤད་བྱ་རྒྱུ་སོགས་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད། ཆོས་ཕྱོགས་ཀྱི་ལས་དོན་ཡིན་ན་གནས་ཚུལ་ཐ་དད་རེད། ཡིན་ནའང་འདི་ནས་ཐུགས་རེ་གནང་དུས་མ་བཅར་ཐབས་མེད་ཀྱིས་ཡང་ཡང་སླེབས་བསྡད་པ་རེད། འོན་ཀྱང་དམིགས་བསལ་གནད་དོན་གསར་པ་ཞུ་རྒྱུ་གང་ཡང་མེད།
དེ་རིང་ལོ་འདིའི་སློབ་དུས་གསར་པ་ཚོགས་པ་དང་བསྟུན་དགེ་རྒན་ལས་བྱེད་རྣམས་ལ་ལམ་སྟོན་གྱི་མཛད་སྒོ་ཉིན་གཅིག་པོ་དེའི་མཛད་རིམ་ནང་ “ཆོས་དང་མ་འདྲེས་པའི་བཟང་སྤྱོད་རང་འཁྲིའི་ལས་འགན་བསྒྲུབ་རྒྱུ་” ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཞུ་རྒྱུ་ཞེས་བཀོད་འདུག ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་མང་པོ་གནང་ཡོད་པའི་ནང་ནས་ “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་” དང་ “འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་” ཞེས་པའི་གདམས་ངག་རྣམ་པ་གཉིས་པོར་དེང་སང་འཇིག་རྟེན་ཁྱོན་ཡོངས་ཀྱིས་ངོས་འཛིན་དང་། གདེང་འཇོག་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད། “འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་“ (Universal Responsibility) སྐོར་གྱི་གདམས་ངག་དེ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནས་༧གོང་ས་མཆོག་ནུབ་ཕྱོགས་སུ་༧ཞབས་སོར་འཁོད་རྒྱུའི་དབུ་འཛུགས་གནང་བའི་སྐབས་ཙམ་ནས་བཀའ་གནང་བའི་གདམས་ངག་ཅིག་རེད། དེ་ལ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དང་ལེན་དང་། དཔྱད་ཞིབ། ཉམས་ལེན་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་རེད།
“ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་“ ཅེས་པ་དེ་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་མདོར་བསྡུས་སུ་བཀའ་གནང་རྒྱུ་དབུ་ཚུགས་ཟིན་རུང་། ཕྱི་ལོ་ ༢༠༠༠ ཐམ་པའི་ལོ་གསར་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་རཱ་ཎ་སཱིར་༧ཞབས་སོར་འཁོད་པའི་སྐབས་དང་འཁེལ་བ་ཡིན་སྟབས། སྐབས་དེར་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་ད་ལྟ་བཞིན་འཛོམས་པོ་མེད་རུང་། ཁ་པར་དང་ཀམ་པུའུ་ཊར་གྱི་ཐོག་ནས་ཨ་རི་སོགས་ཡུལ་གྲུ་མང་པོ་ཞིག་ལ་ཕྱི་ལོ་སྟོང་ཚོ་གསར་པའི་ལམ་སྟོན་བཀའ་སློབ་ཅིག་གནང་བ་རེད། དེ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དངོས་སུ་བཀའ་གནང་དབུ་ཚུགས། དེ་ལ་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་རིགས་ཧ་ཅང་མང་པོས་དད་གུས་ཆེན་པོ་དང་། ད་ལྟའི་དུས་སྐབས་སུ་དམིགས་བསལ་གྱིས་དགོས་མཁོ་ཡོད་པ་ཞིག་ཏུ་མཐོང་ནས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དང་། སློབ་གྲྭ་ཁག་གི་ནང་དུ་ཉམས་ཞིབ་དང་ལག་བསྟར་འགྲོ་དང་འགྲོ་མུས་ཡིན་རུང་། བོད་པའི་སྤྱི་ཚོགས་ནང་གདམས་ངག་དེ་གཉིས་ཀའི་ཐོག་ཐུགས་སྣང་དེ་ཙམ་མ་བྱུང་བ་ལྟ་བུ་འདུག
སྒྲུང་ཞིག་ཞུ་ན། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་༧སྐྱབས་མགོན་རིན་པོ་ཆེ་སཱ་ར་ནཱ་ཐར་༧ཞབས་སོར་འཁོད་སྐབས་ཤིག་ལ། སྐབས་དེའི་སཱ་ར་ནཱ་ཐ་གཙུག་ལག་སློབ་གཉེར་ཁང་གི་ལྷག་པའི་རིགས་བདག་ཌོག་ཊར་ཀ་པི་ལཱ་བཱཏསྱཱཡན་ (Dr. Kapila Vatsyayan) མཆོག་གིས་༧གོང་ས་མཆོག་ལ། མགོན་པོ་གང་གིས་སྔར་མེད་པའི་ལམ་སྟོན་གསར་པ་ “འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་“ ཐོག་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཧ་ཅང་མང་པོ་འདུག རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་ད་ལྟ་དེའི་སྐོར་གླེང་མོལ་དེ་ཙམ་མི་འདུག་པས། གལ་ཏེ་སཱ་ར་ནཱ་ཐ་གཙུག་ལག་སློབ་གཉེར་ཁང་དུ་ཉམས་ཞིབ་པ་གསུམ་བཞི་ཞིག་ཆེད་མངགས་འདིའི་ཐོག་ཉམས་ཞིབ་དང་རྩོམ་སྒྲིག་བྱེད་རྒྱུའི་ཆེད་དུ་གཞག་ན་གང་འདྲ་ཡོང་ཞེས་བཀའ་འདྲི་ཞུས་སོང་། དེ་དུས་ང་ཡང་མཉམ་བཅར་ཡོད། ༧གོང་ས་མཆོག་གིས་ངས་བཤད་པ་དེ་ཚོ་དོན་དག་ཡོད་པ་དང་། དོ་སྣང་བྱེད་འོས་པར་མཐོང་ན་སློབ་གཉེར་བ་སོ་སོས་རང་འགུལ་དང་དྭང་བླངས་ཐོག་ནས་ཉམས་ཞིབ་བྱེད་དགོས་པ་ལས། སྒྲིག་འཛུགས་ཀྱི་ངོས་ནས་བཀོད་བསྒྲིགས་བྱེད་ན་འོས་པོ་མེད། དེ་དུས་ཞལ་ཤོབ་དང་སྦྲགས་ནས་ང་མའོ་ཙེ་ཏུང་ནང་བཞིན་ངའི་རྩོམ་ཡིག་དེ་ཚོ་ཚང་མས་ཀློག་དགོས་ཞེས་བཙན་བཀའ་བཏང་བ་ལྟ་བུ་ཆགས་ཉེན་ཡོད། ཅི་སྟེ་དོ་སྣང་བྱེད་མཁན་ཡོད་ན་སྒྲིག་འཛུགས་ངོས་ནས་མཐུན་རྐྱེན་བསྐྲུན་ན་འགྲིགས། དེ་མིན་སྒྲིག་འཛུགས་རང་ངོས་ནས་དེ་འདྲའི་ལག་ལེན་མ་བསྟར་ན་ཡག་གི་རེད་ཅེས་བཀའ་གནང་སོང་། དེ་དུས་ངའི་བསམ་བློའི་ནང་ཕྲན་བུའི་མི་བདེ་བ་ལྟ་བུ་བྱུང་། འོན་ཀྱང་༧གོང་ས་མཆོག་རང་ཉིད་ཀྱི་བཀའ་ཡིན་སྟབས། མཐོ་སློབ་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་ཉམས་ཞིབ་བྱེད་དགོས་པའི་འབོད་སྐུལ་དང་བཀོད་བསྒྲིགས་ཞུ་བདེ་མ་བྱུང་།
༧གོང་ས་མཆོག་གིས་སྔ་མོ་ནས་ཞལ་ཚོར་བའི་རྒྱ་གར་གྱི་གཱཾདྷཱིའི་རྗེས་འཇུག་འགྲེས་སོང་ཀེ་བི་བཀྵཱི་ (K.B. Bakshi) ཞུ་བ་ཞིག་ཡོད། ཁོང་གི་ཐུགས་ངོ་མཁྱེན་པ་མེརཋ་ (Meerut) ལ་ཡོད་པའི་ IMT Group of Colleges དེའི་གཙོ་འཛིན་བཅས་ཕྱི་ལོ་ ༢༠༡༢ ཡས་མས་ཤིག་ལ་༧གོང་ས་མཆོག་གི་སྐུ་མདུན་བཅར་ཏེ། ཧི་མཱ་ཅལ་ནང་༧གོང་ས་མཆོག་གི་མཚན་ཐོག་ནས་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་རྒྱུའི་འདོད་པ་ཡོད། མཚན་དེ་ལྟར་བཏགས་ཆོག་པའི་བཀའ་ཁྲོལ་ཞུས་སོང་། ༧གོང་ས་མཆོག་གིས་ངའི་མིང་ཐོག་ཏུ་གཙུག་ལག་སློབ་ཁང་བཙུག་ན་ཆོ་ཡོད་མ་རེད། དེ་ལས་ད་ལྟ་ནུབ་ཕྱོགས་སུ་སེམས་དང་སྲོག་གི་སྐོར་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་པའི་གྲུབ་དོན་དུ་སེམས་དང་སྲོག་གི་སྒྲིག་འཛུགས་ཤིག་བཟོས་ཡོད་ཅིང་། དེའི་ཡན་ལག་ཅིག་རྒྱ་གར་དུ་བཟོ་ཐུབ་ན་ཡག་པོ་རེད་ཅེས་བཀའ་གནང་སོང་། ཁོང་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ལྟར་གཙུག་ལག་སློབ་གཉེར་ཁང་གི་ཚབ་ཏུ་སེམས་དང་སྲོག་གི་སྒྲིག་འཛུགས་ཀྱི་ཡན་ལག་ཅིག་རྒྱ་གར་ནང་བཟོ་རྒྱུ་ཡིན་ཞེས་ཞུས་སོང་། ཀེ་བི་བཀྵཱི་ཁོང་ནམ་རྒྱུན་ནས་༧སྐྱབས་མགོན་རིན་པོ་ཆེ་དང་ནང་ཚགས་ལྟ་བུས་ཐུགས་ལ་གང་ཤར་ཐད་ཀར་ཞུ་མཁན་ཞིག་རེད། དེའི་སྐབས་སུ་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཞུགས་ནའང་། བཀའ་སློབ་མན་ངག་རྩ་ཆེ་བ་ཚང་མ་ནུབ་ཕྱོགས་སུ་གནང་གི་འདུག དེ་ག་རེ་ཡིན་ནམ་ཞེས་ཞུས་སོང་། ༧སྐྱབས་མགོན་རིན་པོ་ཆེས་བཞད་མོ་དང་སྦྲགས་ངས་སུ་ལའང་ང་ལ་གཅིག་བཤད་རྒྱུ་ཡོད། ཉན་དགོས་ཞེས་བརྗོད་ཀྱི་མེད། ང་ལ་ཤོད་ཅེས་ཚུར་ལབ་མཁན་དེ་ཚོ་ལ་ངས་བཤད་ཀྱི་ཡོད། དེ་ངའི་ནོར་འཁྲུལ་མ་རེད། རྒྱ་གར་བའི་ནོར་འཁྲུལ་རེད། ཁྱེད་རང་ཚོར་དོན་གཉེར་ཡོད་ན་ཁྱེད་རང་ཚོས་དོ་སྣང་བྱེད་དགོས་རེད་མ་གཏོགས། རྒྱ་གར་བས་དེར་དོ་སྣང་བྱེད་ཆོག་གི་མ་རེད་ཅེས་བརྗོད་མཁན་སུའང་མེད་ཅེས་གསུངས་སོང་། དེ་ནས་ཀེ་བི་བཀྵཱིས་དེ་འདྲ་ཡིན་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་དེང་རབས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ནང་འཁྱེར་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་༧སྐྱབས་མགོན་རིན་པོ་ཆེས་གསུངས་པ་དེ་ནུབ་ཕྱོགས་སུ་ལས་གཞི་ཤུགས་ཆེན་པོ་ཆགས་འདུག། དེར་བརྟེན་ང་ཚོས་རྒྱ་གར་གྱི་སེམས་དང་སྲོག་གི་ཡན་ལག་དེའི་ཐོག་ནས་ལས་ཀ་དེ་རྩོམ་ཆོག་པ་ཞུ་ཞེས་ཞུས་པར་བརྟེན། དེ་བྱེད་ན་འགྲིག་གི་རེད་ཅེས་བཀའ་གནང་སོང་།
དེ་ལྟར་འདས་པའི་ལོ་གསུམ་རིང་ནུབ་ཕྱོགས་སུ་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གིས་ཐུགས་འགན་གཙོ་བོ་བཞེས་པ་དང་། དེ་མིན་གཙུག་ལག་སློབ་ཁང་ཁ་ཤས་ནང་༧གོང་ས་མཆོག་གི་མཚན་ཐོག་ནས་སྒྲིག་འཛུགས་བཟོས་ཏེ་ཕྱག་ལས་གནང་མཁན་དང་། དེ་བཞིན་མངའ་སྡེ་དང་གྲོང་སྡེ་སོ་སོའི་ནང་དུའང་དམིགས་བསལ་གྱི་ཕྱག་ལས་གནང་མཁན་གང་ལ་གང་འཚམས་བྱུང་ཡོད། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་གི་ནང་དེའི་སྐོར་ལས་འཆར་དང་། རང་འགུལ་གྱིས་ཐུགས་སྣང་གནང་མཁན་དེ་ཙམ་དེ་སྔོན་བྱུང་མེད་པ་ལྟ་བུ་འདུག
ད་རིང་གི་བརྗོད་གཞིའི་ནང་ “ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་“ ཅེས་བྲིས་འདུག་རུང་། “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་“ ཅེས་པ་དེ་ད་ཆ་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཆགས་ཡོད། རིག་པའི་གཞུང་ལུགས་འདིའི་གཏིང་ཟབ་ལོད་དང་། རྒྱ་ཆེ་ཆུང་ལ་བལྟས་ན། དེང་སང་ནུབ་ཕྱོགས་པའི་སློབ་ཚན་སྤྱི་ཚོགས་ཚན་རིག་དང་། སྲིད་དོན་ཚན་རིག། ས་ཁམས་རིག་པ་ལྟ་བུ་དང་དོ་མཉམ་པའི་སློབ་ཚན་ཞིག་ཆགས་ཡོད། ལྷག་པར་དུ་སློབ་ཚན་གཞན་དང་མཉམ་འབྲེལ་སློབ་སྦྱོང་ (Interdisciplinary study) བྱེད་རྒྱུའི་ནང་དུ་ཚུད་པ་ཞིག་རེད། དེས་ན་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་དེ་ལྟ་བུ་ཞིག་ངས་ད་ལྟ་འདིར་ཚོགས་ཐེངས་གཅིག་ནང་ཞུ་ཐུབ་ཐབས་མེད། འོན་ཀྱང་དེའི་སྒྲོམ་གཞི་དང་ས་བཅད་ལྟ་བུ་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་ན་བསམས་སོང་། གང་ལགས་ཤེ་ན། གལ་ཏེ་དེའི་ཐོག་ཚང་མས་ཐུགས་སྣང་གནང་ན། ནུབ་ཕྱོགས་སུ་ཡོ་རོབ་དང་ཨ་མི་རི་ཀ་གཉིས་ཀའི་ནང་དེའི་ཚོད་བལྟ་གང་འཚམས་ཤུགས་ཆེན་པོ་འགྲོ་བཞིན་པ་དང་། རྒྱ་གར་ནང་དུའང་ ༢༠༡༧ ཕྱི་ཟླ་བདུན་པ་ཙམ་ནས་སྐད་ཡིག་གི་བརྒྱུད་ལམ་མི་འདྲ་བའི་རྒྱ་གར་གྱི་སློབ་གྲྭ་བཅུ་གྲངས་ཤིག་ཏུ་འདིར་གྲ་སྒྲིག་བྱས་པའི་སློབ་ཚན་དེ་ཚོད་བལྟ་བྱེད་རྒྱུའི་འཆར་གཞི་ཡོད་རེད། དེར་བརྟེན་དེ་ཚོའི་ཐོག་ང་ཚོ་བོད་པའི་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པ་ཚོ་དང་། འཛིན་སྐྱོང་བཅས་ནས་ཐུགས་སྣང་གནང་ན་ཧ་ཅང་ཡག་པོ་རེད།
༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་དང་། ཡང་སྐབས་རེ་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ (Secular Ethics) ཅེས་གསུངས་དགོས་པའི་རྒྱུ་མཚན་གང་ལགས་ཤེ་ན། དོན་ཚན་དང་པོ། ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་སུ་འགྲོ་བ་མི་རིགས་ཀྱིས་མཚོན་པའི་སྲོག་ལྡན་ཚང་མ་ལ་དཀའ་ངལ་ཆེན་པོ་ཧ་ཅང་མང་པོ་ཞིག་ཡོད། སའི་གོ་ལ་འཐོར་ཞིག་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དཀའ་ངལ་ཡང་ཡོད་རེད། དེ་དག་ཚང་མ་ཡོང་དགོས་པའི་གནད་དོན་གང་ལ་ཐུག་ཡོད་ཅེ་ན། དེ་ནི་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པའི་དབང་གིས་བྱུང་བ་ཞིག་རེད། དེ་ལ་རྒྱས་བཤད་མང་པོ་བྱེད་རྒྱུ་ཡོད་རུང་། བསྡོམས་བརྒྱབས་ནས་རྡོག་རྡོག་ལྟ་བུ་ཞུ་ན་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པ་ལ་ཐུག་ཡོད།
འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཅིའི་ཕྱིར་ཕྱིན་པ་རེད་ཅེ་ན། ང་ཚོས་ཕྱི་བལྟས་ཤིག་སློག་ན། ཧ་ལམ་ལོ་ ༢༥༠ དང་ ༣༠༠ ཡས་མས་ཤིག་གི་སྔོན་ནས་འཇིག་རྟེན་ཁྱོན་ཡོངས་སུ་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་པ་རེད། འགྱུར་བ་དེའང་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དབང་གིས་ནུབ་ཕྱོགས་བཟོ་ལས་ཅན་དུ་བསྒྱུར་བའི་གནས་ཚུལ་ལ་བརྟེན་ནས་བྱུང་བ་རེད། དཔལ་འབྱོར་བཟོ་ལས་ཅན་དུ་བསྒྱུར་བ་དང་ཆབས་ཅིག་ཏུ་ཆབ་སྲིད་མང་གཙོའི་རིང་ལུགས་སུ་འགྱུར་བ་ཕྱིན་པ་རེད། རྒྱལ་པོའི་རིང་ལུགས་དང་མི་གཅིག་དབང་འཛིན་གྱི་རིང་ལུགས་དེ་དག་རིམ་པས་མེད་པ་ཆགས་པ་རེད། ཁོ་རང་ཚོ་ནུབ་ཕྱོགས་པའི་ཤོད་སྟངས་ལྟར་ན་དེ་ལ་བསྐྱར་སད་ཀྱི་དུས་ (Renaissance) ཞེས་ཡག་པོ་ཞིག་ལ་བརྩི་བ་རེད། གཅིག་བྱས་ན་ཡག་པོ་ཡིན་སྲིད། འོན་ཀྱང་ཡག་པོ་དེ་དང་མཉམ་དུ་སྡུག་པོའང་ཧ་ཅང་མང་པོ་ཁྲིད་ཡོང་བ་རེད།
དེའི་སྐབས་སུ་ཆོས་དང་ཆབ་སྲིད་ཐ་དད་དུ་དབྱེ་དགོས་པའི་བསམ་ཚུལ་དང་ལས་འགུལ་ཤུགས་ཆེན་པོ་བྱུང་བ་ཡིན་སྟབས། འཇིག་རྟེན་སྲིད་ལུགས་རྐྱང་པ་ལ་ Secularism ཞེས་བརྗོད་སྐབས་ད་ལྟའང་ནུབ་ཕྱོགས་པའི་བསམ་བློའི་ནང་ཆོས་འགལ་རིང་ལུགས་དང་། ཆོས་འགོག་རིང་ལུགས། ཆོས་ལ་དགག་པ་རྒྱག་མཁན། ཆོས་མི་དགོས་ཟེར་མཁན་སོགས་ལ་བསམ་བློ་བཏང་ནས་ Secular ཞེས་པའི་ཚིག་ལ་ང་ཚོ་ཤར་ཕྱོགས་པས་གོ་བ་རྒྱག་སྟངས་བཞིན་བརྒྱབ་ཀྱི་མེད། དེར་བརྟེན་༧གོང་ས་མཆོག་གིས་ཕྱག་དེབ་དེའི་ཞལ་བྱང་མཛད་པའི་སྐབས་སུ་ཐོག་མར་ Beyond Religion, Secular Ethics ཞེས་ཡོད། ནུབ་ཕྱོགས་པའི་མཁས་པ་མང་པོས་ Secular ཞེས་བརྗོད་ན། ངེས་པར་དུ་ཆོས་ལ་འགལ་ཟླ་བྱེད་མཁན་དང་། ཆོས་ལ་དགག་པ་རྒྱག་མཁན་ལྟ་བུ་ཞིག་ཏུ་གོ་རྒྱུ་རེད། དེས་ན་ Secular ཞེས་པའི་ཚིག་དེ་མ་འཇོག་རོགས་གནང་ཞེས་ཞུས་འདུག དེ་ལ་བརྟེན་ནས་ད་ལྟ་ཕྱག་དེབ་དེའི་ཞལ་བྱང་ལ་ Beyond religion, Ethics for a whole world ཞེས་བཀོད་གནང་ཡོད། འོན་ཀྱང་ཕྱག་དེབ་ནང་ Secular ethics ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་གནང་ཡོད། སྤྱིར་བཏང་ Secular ཞེས་པའི་ཚིག་དེ་ཨིན་སྐད་ཀྱི་ཚིག་མཛོད་ཆེན་པོ་ (Encyclopedia) དེ་ཚོའི་ནང་དུ་བལྟས་པ་ཡིན་ན་དེའི་དོན་བཤད་སྟངས་མི་འདྲ་བ་ཕལ་ཆེར་ ༤༠ ཡས་མས་ཤིག་འདུག ལྷག་པར་དུ་རྒྱ་གར་གྱི་མཁས་པ་སློབ་དཔོན་ཨེ་ཀེ་སརཎ་ (Prof. A.K. Saran) ལྟ་བུ་ཡིན་ན་ Secular གྱི་རྣམ་གཞག་གསུང་སྟངས་དེ་རྦད་དེ་ཐ་དད་རེད། གང་ལྟར་དེང་སང་བདག་ཉིད་ཆེན་པོ་གཱཾདྷཱི་(Mahatma Gandhi) དང་། ཨཱཅཱརྱ་བིནོབཱ་བྷཱབེ། (Acharya Vinobha Bhave) སྭཱམཱི་བིབེཀཱནནྡ་ (Swami Vivekanand) སོགས་ཀྱི་གསུང་སྟངས་ལྟར་ན། Secular དེ་ཆོས་འགོག་རིང་ལུགས་དང་ཆོས་འགལ་རིང་ལུགས་སུ་མ་བསྒྱུར་བར་ཆོས་ལུགས་རིས་མེད་ (སརྦ་དྷརྨ་སམྦྷབ) ལ་བསྒྱུར་ཡོད། རྒྱ་གར་གྱི་སྐད་དུ་སམྦྷབ་ཞེས་པ་དེ་གཅིག་གྱུར་གྱི་མཐོང་སྣང་དང་གཅིག་གྱུར་གྱི་གུས་ཞབས་ལ་གོ སརྦ་དྷརྨ་ཞེ་ན་ཆོས་ལུགས་ཐམས་ཅད་ཞེས་པའི་དོན་ཡིན། ཆོས་ལུགས་ཐམས་ཅད་ལ་ཉེ་རིང་མེད་པར་གཅིག་གྱུར་གྱིས་གུས་ཞབས་བྱེད་རྒྱུ་དེ་ Secular གྱི་གོ་དོན་ལ་བཟུང་བ་རེད། དེར་བརྟེན་ད་ལྟ་ང་ཚོས་བེད་སྤྱོད་བྱེད་པའི་ Secularism དང་ Secular ethics གསུང་རྒྱུ་དེ་ཆོས་ལུགས་རིས་མེད་ཀྱི་གནས་སྟངས་མ་གཏོགས་ཆོས་འགལ་རིང་ལུགས་མིན་པ་དེ་གསལ་པོ་མཁྱེན་དགོས།
ཆོས་དང་ཆབ་སྲིད་གཉིས་ཐ་དད་དུ་དབྱེ་བ་ཕྱེ་བའི་རྗེས་སུ་མིའི་བཟང་སྤྱོད་ཀྱི་འགན་ཁུར་དེ་ཆོས་ལུགས་ཁག་ལ་མེད་པ་ལྟ་བུ་ཆགས་པ་རེད། སློབ་གྲྭ་ཁག་གི་ནང་དུའང་ཆོས་ཀྱི་སྒོ་ནས་བཟང་སྤྱོད་ཀྱི་སློབ་སྟོན་མི་དགོས་པ་གཙོ་འདོན་གྱིས་ Secular ཀྱི་ལུང་པ་དེ་ཚོའི་སློབ་གྲྭ་ཁག་ནང་ཆོས་བསླབ་ན་འགྲིག་གི་མ་རེད་ཅེས་པའི་གནས་སྟངས་སླེབས་པ་རེད།
དོན་ཚན་གཉིས་པ། ཆོས་ལུགས་སོ་སོ་ཉམས་ཆག་ཕྱིན་ནས་ཆོས་ལུགས་ཀྱི་ནང་ནས་གསུངས་པའི་དོན་ཇི་བཞིན་ཉམས་ལེན་བྱེད་མཁན་དཀོན་པོ་ཆགས་པ་རེད། ང་ཚོ་ནང་པ་ལྟ་བུར་ཆ་བཞག་ནའང་ཉིན་ལྟར། “སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།” ཞེས་སོགས་འདོན་གྱི་ཡོད་རུང། དངོས་གནས་སྐྱབས་འགྲོ་སེམས་བསྐྱེད་དེའི་ཚིག་དོན་དང་མཐུན་པའི་མི་ཚེའི་ཀུན་སྤྱོད་ཅིག་ལག་བསྟར་བྱེད་ཀྱི་ཡོད་དམ་ཞེ་ན། དེ་ཧ་ཅང་དཀོན་པོ་རེད། བསླབ་པ་ལྔའི་ཚུལ་ཁྲིམས་ཉིན་ལྟར་ལེན་མཁན་དེ་ཚོས་ཀྱང་། བསླབ་པ་ལྔའི་ཚུལ་ཁྲིམས་གཅིག་ཀྱང་མ་སྲུང་མཁན་དེ་འདྲ་མཐོང་དང་མཐོང་མུས་རེད། དེར་བརྟེན་ཆོས་ནས་བཤད་པ་དང་། གང་ཟག་གི་ཉམས་ལེན་གཉིས་པོ་རྒྱབ་འགལ་ཕྱིན་པ་ཡིན་སྟབས། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་གིས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་སྒྲུབ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་སོང་བ་རེད།
དོན་ཚན་གསུམ་པ། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་གཅིག་གྱུར་མེད། མང་ཆེ་བ་གཅིག་པ་ལྟ་བུ་ཡོད་རུང་། ཆོས་ལུགས་སོ་སོ་དང་འབྲེལ་བའི་བཟང་སྤྱོད་ཀྱི་བཞེད་ཚུལ་མི་འདྲ་བའང་མང་པོ་ཡོད་སྟབས། ཆོས་ལུགས་ཚང་མའི་བཞེད་ཚུལ་གཅིག་གྱུར་གྱི་བཟང་སྤྱོད་ཅིག་ཡོང་ཐུབ་རྒྱུ་ཁག་པོ་རེད། དཔེར་ན་ཕྱི་ལོ་ ༡༩༩༧ ལོར་ཤི་ཁ་གོ་ (Chicago) ལ་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ (World Parliament of Religions) ཚོགས་པའི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཡོད་པ་བཞིན་འགྲོ་བ་མིའི་ལས་འགན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་བཟོ་དགོས་ཀྱི་འདུག་ཅེས་བཀའ་མོལ་བྱུང་ནས་དེའི་ཆེད་མི་དྲུག་ཅུ་རེ་གྲངས་ཡོད་པའི་ཚོགས་ཆུང་ཞིག་བཟོས་པ་རེད། ཚོགས་ཆུང་དེའི་ནང་ཕེབས་མཁན་ཆོས་ལུགས་ཀྱི་དབུ་ཁྲིད་ཤ་སྟག་རེད། ཚོགས་ཆུང་དེས་ཉིན་གཉིས་རིང་བཀའ་བསྡུར་གནང་བའི་རྗེས་སུའང་དགོངས་པ་མཐུན་པ་བྱུང་མེད། དཔེར་ན་ “འཚེ་བ་མེད་པ་” དེ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ལས་འགན་ནང་འཇོག་དགོས་མིན་ཆོས་ལུགས་སོ་སོའི་དགོངས་པ་བཞེས་སྟངས་ཀྱི་ཐོག་ནས་གཅིག་གྱུར་མ་བྱུང་བ་རེད། དེ་ནི་དཔེ་མཚོན་ཙམ་ཞིག་རེད། དེར་བརྟེན་ཆོས་ལུགས་སོ་སོའི་བཟང་སྤྱོད་ཀྱི་རྣམ་གཞག་མི་འདྲ་བ་ཡོད་པ་ཡིན་སྟབས་སྤྱི་ཡོངས་ལ་ཁྱབ་མི་ཐུབ།
དོན་ཚན་བཞི་པ། ལྷག་པར་དུ་ད་ལྟ་སའི་གོ་ལ་འདིའི་ཐོག་མིའི་འགྲོ་བ་ཐེར་འབུམ་བདུན་ཡན་མན་ཞིག་ཡོད་པའི་ནང་དུ་བརྒྱ་ཆ་གང་ལ་གང་འཚམས་ཤིག་ཆོས་ལ་ཡིད་ཆེས་མེད་མཁན་རེད། ལྷག་པར་དུ་ཚན་རིག་པ་ཚོས་ཆོས་ལ་ཡིད་ཆེས་དང་རྨོངས་དད་བྱས་པ་གཉིས་དབྱེ་བ་མ་ཕྱེ་བར་གཅིག་གྱུར་བརྩིས་ཏེ། ཚན་རིག་པ་ཡིན་ཕྱིན་སེམས་ཀྱི་གཏིང་ནས་ཆོས་ལ་ཡིད་ཆེས་ཡོད་ཀྱང་། ཕྱི་ལ་ཆོས་ལ་ཡིད་ཆེས་མེད་ཁུལ་གྱི་རྣམ་འགྱུར་སྟོན་དགོས་པ་ཆགས་ཡོད།
དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གནས་བབ་མ་བྱུང་བར། ཆོས་ལུགས་རྐྱང་པའི་ཐོག་ལ་བཞག་ན། ཕྱོགས་གཅིག་ནས་ཆོས་ཀྱི་ཉམས་ལེན་ཇི་བཞིན་མ་བྱུང་བའི་དབང་གིས་ནུས་པ་མེད་པར་གྱུར་པ་དང་། སོ་སོས་ཉམས་ལེན་མ་བྱེད་མཁན་ཞིག་གིས་གཞན་ལ་ཉམས་ལེན་བྱེད་དགོས་ཞེས་བརྗོད་ན་དེ་ལ་ནུས་པ་གང་ཡང་མེད། གཉིས་ནས་ཆོས་ལུགས་མི་འདྲ་བའི་དབང་གིས་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱང་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། གསུམ་ནས་ཆོས་ལ་ཡིད་ཆེས་མེད་མཁན་ཚོར་མ་ཁྱབ་པ་དང་། ལྷག་པར་དུ་ཚན་རིག་གི་རྗེས་འཇུག་པས་ཆོས་ནས་བྱུང་བའི་གནས་སྟངས་ལ་ཟུར་ཟའི་ཚུལ་དུ་ལྟ་བ་ཡིན་སྟབས། ཚང་མས་ཁས་ལེན་པའི་གནས་སྟངས་ཤིག་མེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བཟང་སྤྱོད་དེ་ཤེས་ཡོན་གྱི་ལམ་སྲོལ་ནང་འཁྱེར་དགོས་ན་དེ་ནི་ཆོས་ལུགས་ལ་མ་བརྟེན་པ་ཞིག་ངེས་པར་དགོས་པ་ཞིག་གཟིགས་པ་རེད།
ཆོས་ལུགས་ལ་མ་བརྟེན་པ་ཡིན་ན། དཀའ་ངལ་གང་ཡང་མེད། སློབ་ཚན་གཞན་སྤྱི་ཚོགས་ཚན་རིག་དང་། དངོས་ཁམས་རིག་པ་ལྟ་བུ་གང་བསླབ་ནའང་ཚང་མ་ལ་གཅིག་གྱུར་བསླབ་རྒྱུ་མ་གཏོགས། འདི་ང་ཚོས་ཁས་ལེན་རྒྱུ་དེ་རེད། འདི་ང་ཚོས་ཁས་མི་ལེན་རྒྱུ་དེ་རེད་ཅེས་བརྗོད་རྒྱུ་མེད་པ་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱང་དེ་ཚོ་དང་གཅིག་མཚུངས་ཤིག་ཆགས་ཀྱི་རེད། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་ལ་ཆ་བཞག་ན། ཆོས་ལུགས་ནང་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་། འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་ཁག་གཉིས་ཡོད། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་བཟང་སྤྱོད་དེ་དག་གཅིག་བྱས་ན་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་ཚོར་ངན་སྤྱོད་ཆགས་ཉེན་ཡོད། དེ་བཞིན་བདག་ཁས་ལེན་མཁན་དང་། བདག་ཁས་མི་ལེན་མཁན་གཉིས་པོའི་གཞི་རིམ་གྱི་ལྟ་གྲུབ་འགལ་བ་ཡིན་སྟབས། བཟང་སྤྱོད་ཀྱང་འགལ་བའམ་མི་འདྲ་བ་ཆགས་ཉེན་ཡོད་པ་ཡིན་སྟབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གསུངས་དགོས་དོན་དེ་རེད།
ང་ཚོས་ཚིག་བེད་སྤྱོད་གཏོང་བའི་སྐབས་སུའང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གསུང་དགོས་མ་གཏོགས། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་གསུངས་ན་ཚིག་དེ་ཏག་ཏག་བསྡད་ཀྱི་མེད། ཆོས་ལ་མ་བརྟེན་པ་ཡོང་ཁག་པོ་རེད། ཆོས་དང་ཆོས་ལུགས་གཉིས་པོ་ནི། དཔེར་ན། ཨིན་སྐད་དུ་ Buddha Dharma ཞེས་བརྗོད་ན་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་རེད། Buddhism ཞེས་ Ism ཞེས་པའི་ཚིག་དེ་སླེབས་ན་ལུགས་གཅིག་ཆགས་འགྲོ་བ་རེད། ཨིན་སྐད་དུ་ Ism ཞེས་པ་ལ་བོད་སྐད་དུ་ལུགས་ཞེས་པའི་ཚིག་དེ་བེད་སྤྱོད་གཏང་ན་མི་འགྲིགས་པ་མི་འདུག དེ་ནི་ཕྱོགས་གཅིག་གི་འདོད་ཚུལ་ལམ་གྲུབ་དོན་ཞིག་ལ་གོ་བ་རེད། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་གསུངས་ན་ Secular Ethics ཞེས་པའི་ཚིག་གི་དོན་དང་ཉེ་བ་ཆགས་ཀྱི་འདུག
གང་ལྟར་༧གོང་ས་མཆོག་གིས་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པའི་སྐྱེ་འགྲོའི་དོན་དུ་བཟང་སྤྱོད་གལ་ཆེན་པོ་ཡིན་པ་དང་། བཟང་སྤྱོད་དེ་ལག་ལེན་དུ་བསྟར་བ་ལ་ཤེས་ཡོན་སློབ་གསོའི་ནང་དུ་བཟང་སྤྱོད་ཀྱི་ཆ་ཤས་ཡོད་དགོས་པ་དང་། དེའང་ཆོས་ལུགས་ལ་མ་བརྟེན་པར། ཆོས་ལུགས་འདྲ་མིན་སྣ་ཚོགས་དང་ཆོས་ཡོད་མེད་ཡོངས་རྫོགས་ལ་གཅིག་གྱུར་དུ་ཁྱབ་ཐུབ་པའི་བཟང་སྤྱོད་ཀྱི་གནས་བབ་ཅིག་དགོས་ཀྱི་ཡོད་པ་གཟིགས་ཏེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་གདམས་ངག་དེ་གནང་དགོས་པའི་རྒྱུ་མཚན་དེ་ལྟར་རེད། རྒྱུ་མཚན་དེ་རྣམས་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་བ་ཤ་སྟག་རེད།
དེ་ལྟ་བུའི་གདམས་ངག་སྟོན་པའི་གཞུང་ངམ་རིག་པའི་གཞུང་ལུགས་གང་དང་གང་ཡོད་ཅེ་ན། ད་ལྟ་བོད་སྐད་ཐོག་ཧ་ལམ་མེད་པ་ལྟ་བུ་རེད། ཨིན་སྐད་ནང་༧གོང་ས་མཆོག་གི་ལྗགས་རྩོམ་དགའ་བདེའི་སྒྱུ་རྩལ་ (Art of happiness) ཞེས་པའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ས་བོན་དང་པོ་ལྟ་བུ་ཡོད། དེ་ནས་ Good heart ཞེས་པའི་ནང་དུའང་ཕྲན་བུ་ཡོད། དེ་རྗེས་སྟོང་ཚོ་གསར་པའི་བཟང་སྤྱོད་ (Ethics for new millennium) ཞེས་པའི་ནང་བཟང་སྤྱོད་གང་འདྲ་དགོས་མིན་གསལ་ཡོད། དེ་ནས་ཉེ་ཆར་ལོ་གཅིག་གཉིས་སྔོན་དུ་ལྗགས་རྩོམ་མཛད་པའི་ Beyond Religion: Ethics for a Whole World ཞེས་པའི་ནང་ཞིབ་ཚགས་གསུངས་ཡོད། ད་ལྟ་ངས་གོང་དུ་ཞུས་པའི་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་དེ་དག་གཟིགས་པ་ཡིན་རུང་། དེ་ཚོའི་ནང་དུའང་ཅུང་ཟད་ཁ་ཐོར་ནས་ཡོད་པར་བརྟེན། འདིའི་སྐོར་སྤྱི་ཡོངས་ཀྱི་གོ་བ་རགས་པ་ཞིག་མེད་ན་ཕྲན་བུ་ཁག་པོ་ཡོད། གལ་ཏེ་སྤྱི་ཡོངས་སྒྲོམ་གཞིའི་གོ་བ་རགས་པ་ཙམ་ཡོད་ན་ཕྱག་དེབ་དེ་ཚོའི་ནང་གསུངས་པ་རྣམས་རུག་རུག་བཟོས་ཏེ་གོ་བ་ཆགས་ཐུབ།
ཆོས་ལུགས་ལ་མ་བརྟེན་པ་ཞེས་གསུངས་པ་དེ་ལ་ད་དུང་ངས་གནས་ཚུལ་གཞན་ཞིག་ཞུས་ན། ༧གོང་ས་མཆོག་གིས་མཁྱེན་དཔྱོད་ཀྱིས་གསར་གཏོད་མཛད་པའི་གདམས་ངག་ཁྱད་པར་བ་ཞིག་ནི། སྤྱིར་ཆོས་ལུགས་ཐམས་ཅད་དང་། ལྷག་པར་དུ་ནང་པའི་གཞུང་ལུགས་སྡེ་སྣོད་གསུམ་གྱི་བརྗོད་བྱ་ལ་དབྱེ་བ་ཕྱེ་ན། ཚན་རིག་གི་ཆ་དང་། ལྟ་གྲུབ་ཀྱི་ཆ། ཆོས་ཀྱི་ཆ་བཅས་གསུམ་དུ་དབྱེ་རྒྱུ་ཡོད་ཅེས་གསུངས་པ་དེ་ཡིན། དེའི་དགོངས་དོན་ཚན་རིག་གི་ཆ་ནི་གཞི་དངོས་པོའི་གནས་ལུགས་བསྟན་པ་རྣམས་ཏེ། དཔེར་ན་རྡུལ་ཕྲན་ཇི་ལྟར་གྲུབ་པ་དང་། འཇིག་རྟེན་ཇི་ལྟར་ཆགས་པ་ལྟ་བུ་རེད། ལྟ་གྲུབ་ཀྱི་ཆ་ནི་བདག་ཡོད་མེད་དང་། དངོས་པོ་བདེན་པར་གྲུབ་དང་མ་གྲུབ། ཕྱི་རོལ་གྱི་དོན་ཡོད་མེད་ལྟ་བུ་རེད། ལམ་ཇི་ལྟར་ཉམས་སུ་ལེན་དགོས་པ། ཉམས་སུ་ལེན་ནས་ས་ལམ་གྱི་རིམ་པ་ཇི་ལྟར་བགྲོད་དགོས་པ། བགྲོད་ནས་མཐར་ཐུག་གི་འབྲས་བུ་གང་འདྲ་ཐོབ་ཀྱི་རེད་ཅེས་པ་ལྟ་བུ་ནི་ཆོས་ཀྱི་ཆ་དེ་རེད། དེར་བརྟེན་ཆོས་ཀྱི་ཆ་དེ་ཆོས་པའི་དོན་དུ་རེད། དེ་མིན་ལྟ་གྲུབ་ཀྱི་ཆ་དང་ཚན་རིག་གི་ཆ་ནི་ཆོས་ཁས་ལེན་མི་ལེན་དང་། ཆོས་ལུགས་འདྲ་མིན་གང་འདྲ་ཡིན་རུང་། ཚང་མས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དང་། བྱེད་ཆོག་པ་ཞིག་རེད། ཚང་མས་སློབ་སྦྱོང་བྱེད་ཆོག་ཅེས་བརྗོད་སྐབས་ཚང་མས་དེ་ཁས་ལེན་དགོས་ཞེས་བཤད་ཀྱི་མེད། དཔེར་ན། ནང་པ་ལྟ་བུར་ཆ་བཞག་ན། གྲུབ་མཐའ་མི་འདྲ་བ་བཞི་ཡོད་ཀྱང་། སོ་སོའི་གྲུབ་མཐའ་གང་ཡིན་བཟུང་བ་མ་གཏོགས་གྲུབ་མཐའ་གཞན་གྱི་འདོད་པ་ཚང་མ་ཁས་ལེན་གྱི་མེད། ཡིན་ནའང་དཔྱད་བྱའི་གཞི་ལྟ་བུར་སློབ་སྦྱོང་བྱེད་ཀྱི་ཡོད། དེས་ན་སངས་རྒྱས་པའི་གཞུང་ལུགས་ནས་བཤད་པ་ཡིན་ཕྱིན་ནང་པའི་ཆོས་ལུགས་ལ་བརྟེན་པ་ཞིག་ཡིན་དགོས་ཀྱི་མེད། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་ཉམས་སུ་ལེན་པའི་རིམ་པ་རྣམས་ཆོས་རང་གི་ཆ་ཤས་རེད། དེ་ལ་མ་བརྟེན་པ་ཞེས་བརྗོད་ཀྱི་ཡོད། འདིིའི་སྐོར་འདི་ཙམ་གྱིས་འཐུས་པ་ཞུས།
དེ་ནས་༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེ་གཞི་རྩའི་གྲུབ་དོན་གང་ལ་ཆ་བཞག་ནས་བཀའ་གནང་ཡོད་ཅེ་ན། དཔེར་ན། ནང་པའི་སྐད་ཆ་ཤོད་སྟངས་ལྟ་བུ་བྱས་ན། ནང་པའི་གྲུབ་མཐའ་གང་ཡིན་ཡང་། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་འབའ་ཞིག་ཞི་བ་ཞེས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་དེའི་ཐོག་ནས་སྒྲོམ་གཞི་བསླངས་ཡོད་ཅིང་། དེ་ལས་མ་བརྒལ་བ་ཞིག་དགོས། དེ་དང་མཚུངས་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེའི་སྒྲོམ་གཞི་གཞི་རྩའི་དངོས་པོའི་གནས་ཚུལ་གང་འདྲ་ཞིག་གི་ཐོག་བསླངས་ཡོད་ཅེ་ན། གནས་ཚུལ་དང་པོ། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དེ་རེད། དེང་རབས་ཀྱི་སྐད་ཆ་ཤོད་སྟངས་ལྟར་ན། མིའི་སྤྱི་ཚོགས་འདྲ་མཉམ་ཡིན་པ་མ་གཏོགས་སེམས་ཐམས་ཅད་ཀྱི་སྐད་ཆ་ཤོད་མཁན་ཉུང་ཉུང་ཡིན་ནའང། དངོས་དོན་དུ་སེམས་ཅན་ཞིག་ཡིན་ཕྱིན་ཁྱད་པར་ཕྱེ་རྒྱུ་གང་ཡང་མེད་ཅིང་། ཚང་མ་འདྲ་མཉམ་ཡིན་པ་དེ་དངོས་ཡོད་ཀྱི་གནས་སྟངས་རེད།
འདྲ་མཉམ་ཡིན་པའི་རྒྱུ་མཚན་གསུམ་ཡོད། དང་པོ་ནི། སྲོག་ཆགས་ཤིག་ཡིན་ཕྱིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། སྡུག་བསྔལ་འདོད་མཁན་དང་བདེ་བ་མི་འདོད་མཁན་སུའང་མེད། སྡུག་བསྔལ་དང་བདེ་བ་ངོས་མ་ཟིན་པ་ཡོང་སྲིད་ཀྱང་། གང་ལྟར་རང་གིས་སྡུག་བསྔལ་ལ་བརྩི་རྒྱུ་དེ་མི་འདོད་པ་དང་། རང་གིས་བདེ་བ་ལ་བརྩི་རྒྱུ་དེ་འདོད་མཁན་ཞིག་སྲོག་ཆགས་ཡིན་ཕྱིན་གཅིག་གྱུར་རེད།
གཉིས་པ་ནི། སྲོག་ཆགས་ཡིན་ཕྱིན་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པའང་འདྲ་མཉམ་རེད། སེམས་ཅན་སུ་ལའང་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་མ་རེད་ཅེས་བརྗོད་ཐབས་མེད། དེ་ནི་རང་བཞིན་གྱིས་སྐྱེས་ཙམ་ཉིད་ནས་ཡོད་པའི་ཐོབ་ཐང་ཞིག་རེད། དེར་བརྟེན་སྲོག་ཆགས་ཡིན་ཕྱིན་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ་གཅིག་གྱུར་རེད།
གསུམ་པ་ནི། སྲོག་ཆགས་ཡིན་ཕྱིན་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་ནུས་པ་ཡོད་པའང་གཅིག་པ་རེད། ང་ཚོ་ནང་པའི་ལྟ་གྲུབ་ནང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་ཡོད་ཅེས་པ་དེ་གང་བརྗོད་ཀྱི་ཡོད་ཅེ་ན། གླང་པོ་ཆེ་དང་དུག་སྦྲང་ལྟ་བུ་ལུས་ལ་ཆེ་ཆུང་གི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་རུང་། སེམས་ཀྱི་སྟེང་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ནུས་པ་གཅིག་གྱུར་མ་གཏོགས་ཆེ་བ་ལ་ཆེ་བ་དང་། ཆུང་བ་ལ་ཆུང་བ་གང་ཡང་མེད།
རྒྱུ་མཚན་གསུམ་པོ་དེའི་ཐོག་ནས་སེམས་ཅན་ཡིན་ཕྱིན་གཅིག་གྱུར་འདྲ་མཉམ་མ་གཏོགས། འདི་དམན་པ་རེད། འདི་མཆོག་རེད་ཅེས་པ་དང། ཁོ་ལ་བདེ་བ་དགོས། ཁོ་ལ་བདེ་བ་མི་དགོས་ཞེས་བཤད་རྒྱུ་མེད་པ་དེ་དངོས་ཡོད་གནས་སྟངས་ཤིག་རེད། བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་ནའང་། བདེ་བའི་རྒྱུ་གང་ཡིན་པ་དང་སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་མ་ཤེས་པར་འཁྲུགས་བསྡད་པ་མང་ཆེ་བ་རེད། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱིས་བདེ་བ་འདོད་ན་བདེ་བའི་རྒྱུ་ཇི་ལྟར་བསྒྲུབ་དགོས་པ་དང་། སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་སྤང་དགོས་པ་དེ་ངོ་སྤྲོད་བྱེད་ཀྱི་ཡོད།
དེ་དང་ཕྱོགས་མཚུངས་དངོས་ཡོད་གནས་ཚུལ་གཞན་ཞིག་ནི། ད་ལྟ་ངས་གོང་དུ་ནུས་པ་གཅིག་པ་རེད་ཅེས་ཞུས་པ་བཞིན་ནུས་པ་གཅིག་པ་ཡོང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་དང་། ཉོན་མོངས་པའི་བློ་དེ་ཚོ་གློ་བུར་བ་དང་། དེའི་འགལ་ཟླ་བསྟེན་པ་ཡིན་ན་ཉོན་མོངས་པའི་བློ་དེ་དག་གི་ཤུགས་གཅོག་ཐུབ་པའམ་དུས་ཡུན་ཐུང་དུ་གཏོང་ཐུབ་པ། གནས་སྐབས་ལ་མི་སྐྱེ་བ་བྱེད་ཐུབ། དེ་འདྲའི་བསམ་བློ་དེ་སྦྱང་ན། ཚང་མས་སྦྱང་ཐུབ་པ་ཞིག་རེད། དེས་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱིས་སེམས་ཅན་སྤྱི་ཡོངས་ཀྱི་བདེ་དོན་སྒྲུབ་ཐུབ་པ་དང་། ལྷག་པར་དུ་མིའི་སྤྱི་ཚོགས་ནི་དུད་འགྲོའི་སྤྱི་ཚོགས་དང་མི་འདྲ་བར་རྣམ་འབྱེད་ཤེས་རབ་ཡོད་པ་ཡིན་སྟབས། རང་གི་བདེ་དོན་སྒྲུབ་པའི་ནུས་པ་ཁྱད་པར་བ་ཞིག་ཡོད།
ད་དུང་གཞི་རིམ་གྱི་དངོས་ཡོད་ཀྱི་གནས་ཚུལ་གཞན་ཞིག་ནི། བདེ་བ་དང་སྡུག་བསྔལ་གཙོ་བོ་ཕྱིའི་རྐྱེན་ལ་བརྟེན་ནས་བྱུང་བ་མིན་པར། གཙོ་བོ་ནང་གི་སེམས་རྒྱུད་ཀྱི་གནས་སྟངས་ལ་བརྟེན་ནས་བྱུང་བ་ཡིན་པའང་དངོས་ཡོད་ཀྱི་གནས་སྟངས་རེད། དེ་ཆོས་ཀྱི་སྐད་ཆ་མིན། སྲོག་ཆགས་ཐམས་ཅད་ཀྱི་བསམ་བློའི་འགྱེར་བག་ལ་བཟང་ཕྱོགས་དང་ངན་ཕྱོགས་གཉིས་ཡོད་པ་དང་། ངན་ཕྱོགས་ཀྱི་བསམ་བློའི་འགྱེར་བག་དེས་སྡུག་བསྔལ་དང་། བཟང་ཕྱོགས་ཀྱི་བསམ་བློའི་འགྱེར་བག་དེས་བདེ་བ་འདྲེན་ཞིང་། དེ་ལྟ་བུའི་སེམས་ཀྱི་འགྱེར་བག་དེ་དག་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་དང་གློ་བུར་བ་ཡིན་སྟབས། བློ་སྦྱང་བ་ཡིན་ན་བསྒྱུར་བཅོས་གཏོང་རྒྱུ་ཡོད་པ་དེ་ཚན་རིག་པའི་ཉམས་ཞིབ་ལས་ཀྱང་གསལ། སྔོན་མ་ཡིན་ན་ཚན་རིག་པས་སེམས་དང་ཀླད་པ་གཉིས་པོ་གཅིག་མ་གཏོགས། ཀླད་པ་ལས་གཞན་པའི་སེམས་ཤིག་ཁས་མི་ལེན། ༧གོང་ས་མཆོག་གིས་འདས་པའི་ལོ་སུམ་ཅུ་སོ་གྲངས་རིང་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གནང་བའི་གྲུབ་དོན་ལ། ད་ལྟ་ཚན་རིག་པ་སྤྱི་དང་། ལྷག་པར་དུ་ཀླད་པའི་ཚན་རིག་པ་དང་། དངོས་ཁམས་རིག་པའི་ཚན་རིག་པ་ཚོའི་ཁྲོད་དུ་བསམ་བློ་གཏོང་སྟངས་ཀྱི་གཞི་རིམ་ལྟ་གྲུབ་ནང་འགྱུར་བ་མང་པོ་འགྲོ་འགོ་ཚུགས་ཡོད། དེར་བརྟེན་འདས་པའི་ལོ་བཅུ་ཕྲག་ལྷག་རིང་ཀླད་པའི་ཚན་རིག་པའི་བསམ་བློའི་ནང་ཀླད་པ་ལས་གཞན་པའི་སེམས་ཤིག་མེད་ཅེས་ཐག་བཅད་ནས་བཤད་རྒྱུ་དེ་ཤུགས་ཆུང་དུ་ཕྱིན་ནས། ད་ཆ་དེ་ལ་བལྟ་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད། གང་ལྟར་ཀླད་པ་ལས་ལོགས་སུ་གསལ་རིག་གི་སེམས་ཤིག་མེད་དམ་སྙམ་པའི་ཐེ་ཚོམ་གྱི་གནས་སུ་སླེབས་ཡོད། དེ་ནི་ཡག་པོ་རེད། མཐའ་གཅིག་འཛིན་གྱི་ལོག་རྟོག་ནས་གོམ་པ་གང་འཚམས་བརྒྱབས་ཏེ་ཐེ་ཚོམ་གྱི་གནས་སུ་སླེབས་པ་རེད། དེ་དང་ཕྱོགས་མཚུངས་ཀླད་པའི་རྡུལ་ཕྲན་ (Brain cells) དེ་དག་གསར་དུ་སྐྱེ་རྒྱུ་འདུག འགྱུར་བ་གཏོང་རྒྱུ་འདུག་ཅེས་བརྗོད་ཀྱི་ཡོད། སྔོན་མ་ཡིན་ན་ཀླད་པའི་རྡུལ་ཕྲན་རེ་ཤི་ཚར་ན་ཤི་རྐྱང་མ་གཏོགས་མི་ཚེའི་ནང་ལ་གསར་དུ་ཡོང་རྒྱུ་མེད་པའི་བསམ་ཚུལ་ཡོད་རེད། ད་ལྟ་བསམ་ཚུལ་དེ་བཞག་ནས་ཕལ་ཆེར་གསར་དུ་ཡོང་རྒྱུ་ཡོད་པ་དང་། མཉེན་ཆས་ལྟ་བུ་མ་གཏོགས་མཁྲེགས་པོ་མིན་པ་ཞིག་ཏུ་མཐོང་གི་ཡོད། གང་ལྟར་ལོ་མང་སྒོམ་སྒྲུབ་ཉམས་ལེན་པའི་ཀླད་པ་ལ་བརྟག་དཔྱད་དང་། འཆི་སྐབས་ཐུགས་དམ་ལ་བཞུགས་མཁན་གྱི་ཀླད་པ་ལ་བརྟག་དཔྱད་བཅས་ཀྱི་གྲུབ་དོན་ནས་བལྟས་སྐབས་གསལ་རིག་གི་སེམས་དང་ཀླད་པ་གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དེ་མཐའ་གཅིག་ཏུ་ཁས་ལེན་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། དེས་ན་བསམ་བློ་དེ་སྦྱང་ན་སྦྱང་རྒྱུ་ཡོད་པ་ཞིག་ཏུ་མཐོང་ཐུབ།
ལྷག་པར་དུ་ད་ལྟ་ཚན་རིག་པའི་གྲུབ་དོན་གཞན་ཞིག་གང་ཡོད་ཅེ་ན། མིའི་རང་བཞིན་བྱམས་རྩེ་ཅན་ཡིན་པ་ལས། ཁྲོ་གཏུམ་ཅན་རེད་མི་འདུག ཞེ་སྡང་དང་། ཁོང་ཁྲོ། འཁོན་འཛིན་སོགས་ཡུལ་དུས་གནས་སྐབས་ལས་ཡོང་བ་མ་གཏོགས། བསམ་བློའི་རང་བཞིན་ནང་དང་པོ་ནས་མེད་པ། དཔེར་ན། ཕྲུ་གུ་སྐྱེས་ནས་ཟླ་བ་ལྔ་དྲུག་སོང་བ་ཁ་གྲག་མི་ཤེས་པའི་མདུན་དུ་འཁྲུགས་པ་རྒྱག་མཁན་གྱི་ཕྲུ་གུ་དང་། གཅིག་གིས་གཅིག་ལ་རྡུང་བའི་པར་དང་བརྙན་ཐུང་བསྟན་ན་ལྟ་འདོད་དང་དོ་སྣང་མི་བྱེད་པ་མ་ཟད། མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། ཡང་གཅིག་གིས་གཅིག་ལ་བྱམས་སྐྱོང་བྱེད་པའི་པར་སོགས་བསྟན་ན་དེ་ལ་བལྟས་པ་ཙམ་དུ་མ་ཟད། གད་མོ་ཤོར་བ་དང་ལག་པ་འཆང་རྒྱུའི་ཐབས་ཤེས་བྱེད་པ་ལྟ་བུའི་དཔེ་མཚོན་མང་པོ་ཡོད།
དེང་སང་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་པའི་ནང་ཡར་རྒྱས་ཕྱིན་ཟིན་པ་དང་། ཡར་རྒྱས་འགྲོ་བཞིན་པ། ཡར་རྒྱས་འགྲོ་རྒྱུ་བསྡད་པ་བཅས་ཀྱི་ལུང་པ་གང་དུ་ཡིན་ཡང་། ཕྲུ་གུ་ཆུང་ཆུང་སྐབས་སུ་ཤེས་ཡོན་གྱི་གོ་སྐབས་མ་འཐོབ་མཁན་ཧ་ཅང་ཉུང་དུ་འགྲོ་མུས་རེད། མ་འོངས་པར་རྒྱལ་ཁབ་རྣམས་རིམ་པས་ཡར་རྒྱས་འགྲོ་སྐབས་ཤེས་ཡོན་གྱི་མཐུན་རྐྱེན་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཁྱབ་པ་ཏན་ཏན་ཆགས་ཀྱི་རེད། དཔེར་ན་རྒྱ་གར་རང་བཙན་ཐོབ་ནས་ལོ་ ༧༠ སོང་བ་འདིའི་ནང་བལྟས་པ་ཡིན་ནའང་ཤེས་ཡོན་གྱི་དར་སྤེལ་ཧ་ཅང་རྒྱ་ཆེན་པོ་རེད། དེས་ན་མ་འོངས་པར་ཡག་ཉེས་ལ་མ་ལྟོས་པར་ཤེས་ཡོན་གྱི་གོ་སྐབས་ཚང་མ་ལ་འཐོབ་རྒྱུའི་གནས་སྟངས་ཡོད་པ་རེད། དེ་སྐབས་ང་ཚོའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་སྤྲོད་ཐུབ་པ་ཡིན་ན། འཇིག་རྟེན་ཁྱོན་འདིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་འགྲོས་ཆེན་པོ་ཡོང་ཐུབ་པའི་༧གོང་ས་མཆོག་གིས་ཐུགས་རེ་གནང་གི་ཡོད། དེ་ནི་ལོ་བཅོ་ལྔ་དང་ཉི་ཤུའི་སྐད་ཆ་མིན་པར། ལོ་ལྔ་ཅུ་དང་བརྒྱ་ཕྲག་གི་འཆར་སྣང་བྱས་ནས་འགྲོ་དགོས་པའི་གནས་སྟངས་ཤིག་རེད།
དེ་འདྲའི་བཟང་སྤྱོད་དེ་ཆོས་ལུགས་ལ་མ་བརྟེན་པར་ཤེས་ཡོན་གྱི་སློབ་ཚན་ནང་འཁྱེར་སྐབས་སྒྲོམ་གཞི་ཞིག་དགོས་ཀྱི་ཡོད། ད་ལྟའི་གནས་སྐབས་སུ་སྒྲོམ་གཞི་རགས་པ་གཉིས་ཡོད། དང་པོ་ནི་ Mind and Life Institute ནས་བཟོས་པའི་ CARE ཞེས་པ་ཤོག་གྲངས་བརྒྱ་ལྷག་ཙམ་ཡོད་པ་ཞིག་དང། དེ་ནས་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གཱི་ཁོང་ཚོའི་ཚོགས་ཆུང་གིས་ཟླ་བ་མང་པོར་དཀའ་ལས་བརྒྱབས་ཏེ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་བཅུ་གཉིས་ཀྱི་བར་དུ་བཟོས་པ་ཞིག་ཡོད།
ད་ལྟ་རྒྱ་གར་ནང་སྐུ་གཤེགས་ཀེ་བི་བཀྵཱི་མཆོག་གིས་དབུ་འཛུགས་གནང་བའི་སྒྲིག་འཛུགས་ཀྱིས་བཟོས་པའི་སྒྲོམ་གཞི་ཞིག་ཡོད། དེ་ལ་ནང་གསེས་དོན་ཚན་བཞི་ཡོད་པའི་ནང་ནས་དང་པོ་དེའི་ཐོག་མའི་ཟིན་བྲིས་ཤོག་གྲངས་བརྒྱད་ཅུ་ཙམ་ཡོད་པ་དེ་ཁ་སང་ཟིན་འདུག ཡིག་ཆ་དེ་སློབ་ཕྲུག་གི་དོན་དུ་མིན་པར། དགེ་རྒན་གྱི་དོན་དུ་རེད། དེ་ནི་དགེ་རྒན་གྱི་ལག་དེབ་ (Manual) ལྟ་བུ་རེད། དེའི་ནང་དགེ་རྒན་ཞེས་བརྗོད་ཀྱི་མེད། མཐུན་འགྱུར་བྱེད་མཁན་ནམ་མཐུན་རྐྱེན་སྐྲུན་མཁན་ཞེས་བརྗོད། ཨིན་སྐད་དུ་ Facilitator ཞེས་བཀོད་ཡོད། དགེ་རྒན་ཞེས་བརྗོད་སྐབས་ Teacher, Teaching, Taught བཅས་དབྱེ་བ་གསུམ་གསལ་པོ་ཆགས་འགྲོ་བ་རེད། ད་ལྟ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ་ནང་དགེ་རྒན་རྣམས་ནང་པའི་གཞུང་ལུགས་ནང་གསུངས་པ་བཞིན་གྲོགས་པོའི་འདུ་ཤེས་དང་བཤེས་གཉེན་གྱི་འདུ་ཤེས་འཛིན་པ་རེད། མིཏྲ་ཞེས་པའི་སཾསྐྲྀཏའི་ཚིག་གཅིག་པོ་དེ་ལ་བོད་སྐད་ནང་བཤེས་གཉེན་ཞེས་པ་དང་གྲོགས་པོ་ཞེས་པ་གཉིས་སུ་བསྒྱུར་བ་རེད། ཀལྱཱཎ་མིཏྲ་ཞེས་བོད་སྐད་ལ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་གཉིས་སུ་བསྒྱུར་ཡོད། སྔགས་ཀྱི་སྐབས་སུ་བླ་མ་དང་སློབ་དཔོན་ཞེས་པའི་ཐ་སྙད་བྱུང་བ་མ་གཏོགས། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་དགེ་རྒན་ལ་བཤེས་གཉེན་དང་གྲོགས་ཀྱི་ཐ་སྙད་དེ་མང་བ་རེད། དགེ་རྒན་གྱིས་ཚང་མ་ཤེས་པར་བྱས་ནས་དགེ་ཕྲུག་གང་ཡང་མི་ཤེས་པ་དེ་ལ་བསླབ་རྒྱུ་དེ་དེང་རབས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་སྟངས་རེད། དགེ་བའི་བཤེས་གཉེན་ཞེས་བརྗོད་སྐབས། དཔེར་ན་ང་ཚོའི་གྲྭ་སར་དགེ་རྒན་ཚོས་ཕྱག་དཔེ་འཁྲིད་པའི་སྐབས་སུ་འདི་རེད་འདི་མ་རེད་ཅེས་ཧ་ཅང་ཉུང་ཉུང་གསུང་གི་རེད། ག་དུས་ཡིན་ཡང་བགྲོ་གླེང་དང་རྟགས་གསལ་བཏང་ནས་འགྲོ་རྒྱུ་དེ་རེད། རྩོད་པའི་མཐའ་ལ་དགེ་ཕྲུག་ལ་ལབ་མི་བདེ་བ་བྱུང་བ་ཡིན་ནའང་ཟིན་མཚམས་འདི་འདྲ་བྱེད་དགོས་ཞེས་དགེ་རྒན་མང་ཆེ་བས་བསླབ་ཀྱི་མ་རེད། གང་ལགས་ཤེ་ན། དགེ་ཕྲུག་དང་དགེ་རྒན་གཉིས་མཉམ་དུ་ཞིབ་འཇུག་གིས་དཔྱད་མཐའ་རྙེད་པ་བྱུང་ན། དེ་ནི་ཐོས་པ་དང་བསམ་པ་གཉིས་ཟུང་དུ་འབྲེལ་བའི་སྒོ་ནས་སློབ་སྦྱོང་བྱེད་སྟངས་ཀྱི་གནད་འགག་དེ་རེད། དེ་ལྟར་བྱུང་ན་ཨིན་སྐད་དུ་Collective learning ཞེས་དགེ་རྒན་དགེ་ཕྲུག་གཉིས་མཉམ་སྦྱོང་གནང་བ་ཞིག་རེད། དེ་ལྟ་བུའི་སློབ་སྦྱོང་དེ་དགེ་ཕྲུག་རང་གི་བདག་དབང་ཡོད་པ་ཞིག་རེད། མཛོད་ནང་ཐོས་བྱུང་གི་ཤེས་རབ་དེ་གཡར་བའི་ཤེས་རབ་ཡིན་ཞེས་གསུངས་ཡོད། དེར་བརྟེན་ཐོས་བསམ་ཟུང་འབྲེལ་ཐོག་ནས་ཕྱིན་ན་རང་གི་ཤེས་རབ་བསམས་བྱུང་གི་ངོ་བོར་བསྐྱེད་ཐུབ།
དེ་ནས་སྒྲོམ་གཞི་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་ན། Mind and Life ནས་བཟོས་པའི CARE ཞེས་པ་དེའི་ནང་སྒྲོམ་གཞི་སྡེ་ཚན་གསུམ་ལ་ཕྱེ་ཡོད། དེའང་བྱམས་སྐྱོང་ཉམས་སུ་མྱོང་བ་དང་། བྱམས་སྐྱོང་གོང་འཕེལ་གཏོང་བ། བྱམས་སྐྱོང་གཞན་ལ་སྤྲོད་པ་ (Receiving care, development of self care, taking care the others) བཅས་རེད། བཟང་སྤྱོད་ཅེས་པ་དེ་ནང་པའི་ཚིག་གི་ནང་ཚུལ་ཁྲིམས་ཞེས་པ་དེ་རེད། ཨིན་སྐད་ཀྱི་ Ethics དེ་ཐད་ཀར་བསྒྱུར་ན་ཚུལ་ཁྲིམས་རེད། ཚུལ་ཁྲིམས་ཞེས་པ་དེ་ཆོས་ལུགས་ཀྱི་ཚིག་ཡིན་སྟབས། ཉིན་རེའི་རྒྱུན་སྤྱོད་ཀྱི་ཚིག་ནང་འཁྱེར་བའི་སྐབས་སུ་བཟང་སྤྱོད་ཅེས་བརྗོད། བཟང་ཞེས་པ་ནི་ཀུན་སློང་དང་བསམ་པ་ལ་གོ་བ་དང་། སྤྱོད་ཅེས་པ་ནི་དེས་དྲངས་པའི་ལུས་ངག་གི་རྣམ་རིག་ཅིག་ལ་གོ གང་ལྟར་གང་ཟག་གཞན་དང་འབྲེལ་བ་བྱེད་སྟངས་ (Relationship) དེ་རེད། བཟང་སྤྱོད་ངན་སྤྱོད་ཡོང་སའི་གཞི་རྩ་གཙོ་བོ་དེ་གང་ཟག་གཞན་དང་འབྲེལ་བ་བྱེད་པའི་སྐབས་སུ་ཡོང་བ་ཡིན་སྟབས། ཐོག་མར་རང་གི་ཕ་མའི་མདུན་ནས་བྱམས་སྐྱོང་ཇི་ལྟར་ལེན་གྱི་ཡོད་པ་དང་། བྱམས་སྐྱོང་ལེན་ཤེས་མཁན་དང་། བྱམས་སྐྱོང་ལེན་མི་ཤེས་མཁན་གྱི་ཁྱད་པར་ཡང་ཡོད་པ་ཞིག་རེད། རང་གི་ཕ་མ་དང་། གྲོགས་པོ། དགེ་རྒན་སོགས་ནས་བྱམས་སྐྱོང་ལེན་པ་དེ་རང་གི་རྒྱུད་ལ་ཉམས་ཆག་མེད་པར་ཡར་རྒྱས་ཇི་ལྟར་གཏོང་དགོས་པ། ཡར་རྒྱས་བཏང་བ་དེས་གཞན་ལ་བྱམས་སྐྱོང་ཇི་ལྟར་བྱེད་དགོས་པ་བཅས་སྒྲོམ་གཞི་གསུམ་དུ་ཕྱེ་ནས་བསྒྲིགས་ཡོད།
དེའི་རྗེས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་བཟོས་པ་དང་། རྒྱ་གར་ནས་བཟོས་པའི་ནང་དུ་སྒྲོམ་གཞི་ཅུང་ཟད་མི་འདྲ་བ་ཡོད། དེའི་སྒྲོམ་གཞི་མང་ཆེ་བ་ཚུལ་ཁྲིམས་གསུམ་གྱི་རྣམ་གཞག་དང་མཐུན་པོ་རེད། རྣམ་གཞག་དང་མཐུན་པོ་ཞེས་བརྗོད་སྐབས་དེ་ནས་བླངས་པ་གང་ཡང་མིན། གང་ལྟར་དངོས་ཡོད་གནས་ཚུལ་ཐོག་གསུམ་པོ་དེ་མ་ཚང་ན་ཡོང་ཐབས་མེད། དང་པོ་དེ་གང་རེད་ཅེ་ན། ཉེས་སྤྱོད་ལས་ལྡོག་པ་ཞེས་པ་དེ་རེད། དེ་ནི་ཉེས་སྤྱོད་བསྡོམས་པའི་ཚུལ་ཁྲིམས་ལྟ་བུ་རེད། ཉེས་སྤྱོད་ལས་ལྡོག་པའམ་སྤྱོད་པ་ངན་པ་ལས་ཇི་ལྟར་ལྡོག་དགོས་པ། ཨིན་སྐད་དུ་ Ethics of restraint ཞེས་བརྗོད། བོད་སྐད་དུ་ཚིག་ངེས་ཅན་ད་ལྟ་བཟོས་མེད། ངས་ད་ལྟ་ཐད་ཀར་བསྒྱུར་ནས་ཞུས་ཀྱི་ཡོད་མ་གཏོགས། རྗེས་སུ་ཚིག་དེ་ཚོ་གཏན་འཁེལ་དགོས་བྱེད་ཀྱི་རེད། ཉེས་སྤྱོད་ལས་ལྡོག་པའི་བཟང་སྤྱོད་ (Ethics of restraint) ནི་བྱ་བ་གང་དང་གང་ལ་ཞུགས་མི་རུང་བ་དང་། དེ་ལས་ཇི་ལྟར་ལྡོག་དགོས་པའི་རྣམ་གཞག་དེ་དང་པོ་རེད། དེ་ནས་གཉིས་པ་ཡོན་ཏན་སྤེལ་བའི་བཟང་སྤྱོད་ (Ethics of virtues) ནི་བཟང་པོའི་ཡོན་ཏན་ཇི་ལྟར་སྤེལ་བ་དེ་རེད། གསུམ་པ་བྱམས་བརྩེའི་བཟང་སྤྱོད་ (Ethics of compassion) ནི་ཉེས་སྤྱོད་ལས་ལྡོག་པ་དང་། ཡོན་ཏན་སྤེལ་བ་གཉིས་ཀའི་གཞི་རྩའི་ཀུན་སློང་དེ་རེད། དཔེར་ན། སྲོག་གཅོད་ན་བཙོན་ཁང་ནང་འགྲོ་རྒྱུ་རེད་བསམ་པའི་འཇིགས་སྣང་གིས་སྲོག་མི་གཅོད་པ་དེ་བཟང་སྤྱོད་མ་རེད། དེ་འཇིགས་སྣང་གིས་མ་བྱས་པ་མ་གཏོགས། འཇིགས་སྣང་མེད་ན་སྲོག་གཅོད་ཉེན་ཡོད། རང་དང་གཞན་མཉམ་པ་དང་གཞན་ལ་བརྩེ་བའི་སྒོ་ནས་སྲོག་མི་གཅོད་པ་དེ་དངོས་གནས་བཟང་སྤྱོད་རེད། ཉེས་པ་ལས་ལྡོག་པ་དང་། ཡོན་ཏན་སྤེལ་བ་གཉིས་ཀའི་འབྱུང་ཁུངས་དེ་བྱམས་བརྩེའི་སེམས་ལ་བརྟེན་ནས་བྱུང་ན་བརྟན་པོ་ཞིག་ཆགས་རྒྱུ་རེད། འོན་ཀྱང་བྱམས་བརྩེ་རྐྱང་པས་མི་འགྲིགས། བྱམས་བརྩེ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཞིག་དགོས། ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཞིག་མ་བྱུང་ན་བྱམས་བརྩེ་རྐྱང་པས་བཟང་སྤྱོད་དང་ངན་སྤྱོད་ཀྱི་དབྱེ་བ་ཡག་པོ་ཕྱེ་ཐུབ་ཀྱི་མེད་པ་ཡིན་སྟབས། བཞི་པར་ཤེས་རབ་ཀྱི་བཟང་སྤྱོད་ (Ethics of discernment) དེ་བཞག་པ་རེད། དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བཟང་སྤྱོད་དེ་ཡོང་བ་ལ་ཤེས་རབ་ཇི་ལྟར་བསྐྱེད་ཚུལ་དེ་རེད།
སྒྲོམ་གཞི་བཞི་པོ་དེའི་ནང་སློབ་སྟངས་གང་རེད་ཅེ་ན། སློབ་སྟངས་ཡོངས་རྫོགས་བསམ་བློ་ལ་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱས་ནས་བློའི་འགྱེར་བག་ (Mind set) ད་ལྟ་ཡོད་པ་བཞིན་མ་བཞག་པར། རྟག་ཏུ་དགེ་རྒན་དང་དགེ་ཕྲུག་གཉིས་ཀའི་བསམ་བློའི་ནང་ཉོན་མོངས་ཅན་གྱི་བློ་དང་། དགེ་བའི་བློ་ཇི་བྱུང་ལ་ཞིབ་འཇུག་གིས་བཏང་འཛིིིན་བྱེད་རྒྱུ་དེ་རེད། བཏང་འཛིན་བྱེད་སྟངས་དེའང་རྒྱུ་མཚན་གྱི་ལམ་ནས་བྱེད་པ་མ་གཏོགས། དེ་ཡག་པོ་མ་རེད། བྱེད་རྒྱུ་ཡོད་མ་རེད། དེ་ཡག་པོ་རེད་ཅེས་སྨྲས་པ་ཙམ་མིན་པར། ཡག་པོ་ཡིན་པའི་རྒྱུ་མཚན་དང་། ཡག་པོ་མིན་པའི་རྒྱུ་མཚན་རྣམས་ཕྲུ་གུ་རང་ཉིད་ཀྱིས་རིགས་པའི་ལམ་ལ་བརྟེན་ནས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ། དེའི་ཆེད་བློ་སྦྱོང་བའི་སྐབས་སུ་སྐབས་རེ་དྲན་ཤེས་བཞིན་བསྟེན་སྟངས་སློབ་རྒྱུ། དཔེར་ན། Mindfulness དང་ བིཔཤྱནཱ་བཅས་སྔོན་མ་ནས་ཆོས་ལུགས་ལ་མ་བརྟེན་པ་བཟོས་ཟིན། གོཡནཀ་ (Goenka) ནས་བིཔཤྱནཱའི་ཉིན་གྲངས་ཀྱི་སློབ་ཚན་དེ་ཚོའང་ནང་པའི་ཆོས་ལུགས་དང་རྦད་དེ་དབྱེ་བ་ཕྱེ་སྟེ། སུ་ཡོང་ནའང་འགྲིགས་པ་དང་། འགོ་འཛུགས་སྐབས་སུ་སྐྱབས་འགྲོ་དང་སྡོམ་པ་བླང་རྒྱུ་དེ་ཚོའང་མི་དགོས་པ། སངས་རྒྱས་ཀྱི་སྐུའང་མ་བཤམས་པར་གནང་གི་ཡོད། དེ་བཞིན་ནུབ་ཕྱོགས་སུའང་དྲན་ཤེས་བཞིན་(Mindfulness) ཞེས་པ་དེའང་ཆོས་ལུགས་ལ་མ་བརྟེན་པར་དེང་སང་དེའི་ཐོག་སློབ་ཚན་བཟོས་ནས་འགྲོ་མུས་རེད། གང་ལྟར་ད་ལྟ་ང་ཚོའི་ལག་དེབ་ནང་དུ་བསམ་བློའི་ས་ཁྲ་ (Mapping of the mind) ལྟ་བུ་ཉིན་ལྟར་བཟོ་རྒྱུ་དེ་རེད། དཔེར་ན། གནའ་སྔ་མོ་བཀའ་གདམས་པའི་དགེ་བཤེས་འབན་གུང་རྒྱལ་གྱིས་བྲག་ཕུག་ནང་བཞུགས་སྐབས་ས་དཀར་གཅིག་དང་སོལ་བ་གཅིག་ཐུགས་ཉར་གནང་སྟེ། ཉོན་མོངས་ཅན་གྱི་བློ་རེ་སྐྱེ་སྐབས་སོལ་བ་ནག་པོས་ཐིག་རེ་འཐེན་པ་དང་། དགེ་བའི་བློ་རེ་སྐྱེ་སྐབས་ས་དཀར་གྱིས་ཐིག་རེ་འཐེན་གྱི་ཡོད། དགོང་མོ་གཟིམས་ཁར་དཀར་པོ་དང་ནག་པོ་གང་མང་བ་བྱུང་འདུག་གྲངས་ཀ་རྩིས་གནང་གི་ཡོད། དཀར་པོ་མང་བ་བྱུང་ན་རང་གིས་རང་ལ་གཟེངས་བསྟོད་དང་རྗེས་སུ་ཡི་རངས་གནང་བ་དང་། ནག་པོ་མང་བ་བྱུང་ན་སོ་སོས་སོ་སོར་བཀའ་བསྐྱོན་གནང་བའི་བྱུང་རབས་འདུག
དེ་ལྟ་བུ་གང་ལྟར་ཕྲུ་གུ་ཆུང་དུས་ནས་སེམས་ཀྱི་རྣམ་གཞག་ལ་ཁ་ནང་དུ་ཕྱོགས་ནས་བལྟ་རྒྱུ་དང་། ཉོན་མོངས་ཅན་གྱི་བློ་དང་། དགེ་བའི་བློ་ཡི་ཁྱད་པར་ཕྱེ་རྒྱུ། དེ་ག་དུས་ཡོང་གི་འདུག གང་འདྲ་བྱས་ནས་ཡོང་གི་འདུག་བལྟ་རྒྱུ་དེ་རེད། ཉོན་མོངས་ཅན་གྱི་བློ་གཏན་ནས་སྤང་རྒྱུ་དེ་ཆོས་ལ་མ་བརྟེན་པར་ཡོང་ཐབས་མེད། ས་བོན་དང་བཅས་པ་སྤངས་པ་ཞེས་པ་དེ་ཆོས་ཀྱི་རྣམ་གཞག་དང་ལམ་གྱི་རྣམ་གཞག་ཅིག་རེད། དེ་མིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནང་ཉོན་མོངས་པའི་བློ་ (Negative emotion) མ་སྐྱེས་གོང་དུ་དྭོགས་ཟོན་བྱས་ཏེ་མ་སྐྱེས་པའམ་ཤུགས་ཆེན་པོ་སྐྱེ་རུ་མ་བཅུག་པར་བཀག་པའི་ཐབས་ཤེས་ཡོད། སྐྱེས་ཟིན་ནའང་དེ་ཤུགས་ཆུང་དུ་གཏོང་རྒྱུ་དང་། དེའི་དུས་ཡུན་ཐུང་དུ་གཏོང་རྒྱུ་ཡོད། དེ་འདྲའི་གནས་སྟངས་དེ་ཆོས་ལུགས་ལ་མ་བརྟེན་པའི་ཐོག་ནས་བཟོ་ཐུབ་པ་དང་། དེའི་ཐོག་ནས་བློ་གཏན་ལྷིང་གནས་ཐབས་ཡོད། དེའང་བསྐུལ་བཞག་པའམ་ཆོག་དང་མི་ཆོག་ཅེས་བཀའ་བཏང་བ་མིན་པར། སོ་སོའི་བསམ་བློའི་ནང་ནས་རྒྱུ་མཚན་ལྡན་པའི་གནས་ཚུལ་མཐོང་བའི་ཐོག་ནས་བཟང་སྤྱོད་ཀྱི་ཐོག་ཏུ་འགྲོ་ཐུབ་པ། དེ་དང་ཆབས་ཅིག་བྱམས་བརྩེའི་གཞི་རྩ་ཟིན་པར་བྱས་ནས། དུས་དང་། གནས་སྐབས། ཁོར་ཡུག་གང་འདྲའི་ནང་དུ་སྤྱོད་པ་གང་འདྲ་བྱེད་ན་བཟང་སྤྱོད་དང་ངན་སྤྱོད་ཆགས་ཀྱི་རེད། དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དབྱེ་བ་ཕྱེ་ཐུབ་པ་བྱུང་ན། དངོས་གནས་དོན་ཕན་ཡོད་པ་ཡོང་རྒྱུ་རེད། བློའི་གོམས་ཤུགས་ལ་བརྟེན་ནས་རྩོལ་བ་མི་དགོས་པར་རང་ཤུགས་ཀྱིས་ངན་སྤྱོད་ལས་ལྡོག་ཅིང་། བཟང་སྤྱོད་ལ་འཇུག་པ་ཞིག་ཡོང་ཐབས་བྱེད་དགོས། དེས་ན་ Ethics of restraint, ethics of virtues, ethics of compassion and ethics of discernment བཅས་སྒྲོམ་གཞི་བཞིའི་ཐོག་ནས་བསླབ་རྒྱུ་དང་། དེའི་དོན་དུ་སློབ་ཚན་བྱེ་བྲག་པ་གཅིག་མ་ཡིན་པར། སློབ་ཚན་ཡོངས་རྫོགས་ནང་དེའི་ཆ་ཤས་ཀྱིས་ཁྱབ་ཐུབ་པ་བཟོ་རྒྱུ་དེ་རེད།
ད་དུས་ཚོད་རྫོགས་གྲབས་འདུག། ཁྱེད་རྣམ་པས་གཅིག་བྱས་ན་ Secular ethics ཞེས་མང་པོ་གསན་ཡོད་ཀྱི་རེད། འོན་ཀྱང་དེའི་རྩ་བའི་སྒྲོམ་གཞི་ཆ་ཚང་བ་ཐུགས་ལ་མ་དགོངས་པ་ཡོད་ན། ཐུགས་ཕན་གསོས་མི་ཡོང་ངམ་བསམས་ནས་ད་ལྟ་སྒྲོམ་གཞི་མདོར་བསྡུས་ཤིག་ཞུས་པ་ཡིན། སྤྱིར་བཏང་འདིའི་རིག་པའི་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་རེད། ཕྱག་བྲིས་ནང་དུ་འདི་ཕྱི་གཉིས་ལ་གལ་ཆེ་ཆུང་གང་རེད་བཤད་དགོས་ཞེས་གསུངས་འདུག། ང་ཚོས་ Secular བཤད་སྐབས་ཚེ་འདི་མ་གཏོགས་སྐྱེ་བ་ཕྱི་མ་བཤད་ཀྱི་མེད། སྐྱེ་བ་ཕྱི་མ་བཤད་ན་ཆོས་དང་འདྲེས་འགྲོ་བ་རེད།
དེས་ན་ང་ཚོས་ Secular Ethics བཤད་སྐབས་ཚེ་འདིའི་ནང་དགོས་གལ་གང་ཡོད་མིན་དེ་རེད། ཚེ་འདིའི་ནང་མི་སུ་དང་སུ་ཡིན་ནའང་བདེ་བ་དགོས་པ་དང་། སྡུག་བསྔལ་མི་དགོས་པ་རེད། འཇིག་རྟེན་སྤྱི་ཡོངས་སུ་ད་ལྟའི་གནས་སྐབས་སུ་འཚེ་བའི་དཀའ་ངལ་དང་། ཁོར་ཡུག་གི་དཀའ་ངལ། དཔལ་འབྱོར་གྱི་དཀའ་ངལ། ཆོས་ལུགས་འཐེན་འཁྱེར་གྱི་དཀའ་ངལ། མི་རིགས་འཐེན་འཁྱེར་གྱི་དཀའ་ངལ་བཅས་ཚང་མ་ང་ཚོ་ལ་མི་དགོས་པ་ཤ་སྟག་རེད། དེར་བརྟེན་མི་དགོས་པ་དེ་དག་མི་ཡོང་བ་དང་། དགོས་པ་དེ་དག་ཡོང་རྒྱུའི་རྩ་བ་གང་དུ་ཐུག་ཡོད་ཅེ་ན། མིའི་སྤྱི་ཚོགས་ཀྱི་བཟང་སྤྱོད་ཀྱི་གནས་ཚད་མཐོ་དམན་ལ་རག་ལས་པ་ཡིན་སྟབས། མིའི་སྤྱི་ཚོགས་ཀྱི་བཟང་སྤྱོད་གོང་འཕེལ་གཏང་དགོས་པ་དང་། བཟང་སྤྱོད་གོང་འཕེལ་དེ་ཆོས་ལུགས་ཀྱི་ཆ་ནས་མིན་པར་འཇིག་རྟེན་སྲིད་ཕྱོགས་སམ་ཆོས་ལུགས་རིས་མེད་ཀྱི་ཆ་ནས་གོང་འཕེལ་གཏོང་ཐུབ་པ་ཞིག་གནང་རྒྱུ་དེ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དགོངས་གཞི་ཡིན་ས་རེད་བསམ་གྱི་ཡོད། རང་གི་གོ་ཕྱོགས་ཙམ་ཞུས་པ་ཡིན། ཐུགས་རྗེ་ཆེ།