ཆོས་ཚོགས་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད།
༄༅།། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་༥༠ འཁོར་བ་དང་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་ཚུད་ནས་ལོ་༥༨ འཁོར་བའི་རྗེས་དྲན་དང་བསྟུན། ད་རེས་ཆོས་ཚོགས་ཐེངས་བཅུ་པ་རྡ་རམ་ས་ལར་འཚོགས་པའི་ཐོག་ལ་ཆིབས་བསྒྱུར་བསྐྱངས་པའི་གངས་ལྗོངས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པས་གཙོས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང༌། དེ་རིང་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཕྱག་སྦྲེལ་ཆོས་རིག་བཀའ་བློན། གཞན་ཡང་ཚོགས་བཅར་བ་དང་ཟུར་ཉན་པ་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། རང་གི་སྒེར་ངོས་ནས་གུས་ཕྱག་སྔོན་དུ་འགྲོ་བ་དང་ཆབས་ཅིག བོད་ས་གླང་ལོའི་གནམ་ལོ་གསར་ཚེས་ཀྱི་འཚམས་ཞུའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་རྒྱལ་ཁབ་དང་མི་རིགས་ཆགས་པ་ནས་ད་བར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ནས་བོད་མི་ཙམ་མ་ཟད། འཇིག་རྟེན་ཡོངས་ལ་ཕན་བདེ་སྐྲུན་མཁན་ཞིག་ཆགས་ཡོད། བོད་དུ་ནང་ཆོས་མ་དར་བའི་སྔོན་ནས་གཡུང་དྲུང་བོན་གྱི་ནང་དོན་རིག་པའི་གཞུང་ལུགས་བཤད་སྒྲུབ་ཉམས་ལེན་རྒྱ་ཆེན་པོ་ཡོད་ཅིང༌། ནང་ཆོས་དར་བ་ནས་ད་བར་ཆོས་བོན་གཉིས་ཀྱིས་མཚོན། ནང་དོན་རིག་པའི་གཞུང་ལུགས་ཀྱི་འཛིན་སྐྱོང་འཛམ་གླིང་རྒྱལ་ཁབ་སུ་དང་མི་འདྲ་བ་གཟེངས་སུ་ཐོན་པ་བྱུང་ཡོད།
ལྷག་པར་ནང་པའི་ཆོས་ལུགས་ལ་མཚོན་ན། ད་ལྟ་འཇིག་རྟེན་འདིར་ནང་པའི་རྗེས་འཇུག་དང་བསྟན་པའི་གཞི་རྩ་དགེ་འདུན་གྱི་སྡེ་ཡོད་པའི་རྒྱལ་ཁབ་མང་ཡང༌། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དང༌། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཚང་ལ་མ་ནོར་བའི་སངས་རྒྱས་ཀྱི་བསྟན་པ་མིང་དང་རྟགས་ཙམ་མིན་པར། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་མི་རིགས་དང་རྒྱལ་ཁབ་ནི་བོད་ལས་མེད། དེ་ནི་ང་ཚོས་རང་འདོད་ཀྱིས་བཤད་པ་ཙམ་མིན་པར་མངོན་སུམ་གཟུགས་གྲུབ་ཏུ་ཡོད་མུས་རེད།
དེ་ཡང་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ད་ལྟ་ཡིག་ཐོག་ལ་བཞུགས་པ་ནི་བོད་ཀྱི་བཀའ་འགྱུར་མ་གཏོགས་མེད་ཅིང༌། བཀའ་འགྱུར་གཞན་པའི་ནང་ཐེག་པ་ཐུན་མོང་བའི་ཆོས་ཚན་ཉུང་ངུ་ཞིག་ལས་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་སངས་རྒྱས་ཀྱི་གསུང་མཇལ་རྒྱུ་མེད། ཐོག་མར་བཞུགས་སའི་ལེགས་སྦྱར་སྐད་དུའང་བརྒྱ་ཆ་གཉིས་གསུམ་ཙམ་ལས་མང་ཆེ་བ་བོར་བརླགས་ཕྱིན་ཟིན། ད་ལྟ་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ྋརྒྱལ་བའི་ལུང་གི་ཆོས་ཆ་ཚང་བ་བཞུགས་ས་ནི་བོད་སྐད་དང༌། དེ་ལ་སློབ་སྦྱོང་བྱེད་མཁན་ནི་བོད་པ་གཅིག་པུ་རེད། དེས་ན་བོད་པའི་ངོ་བོའམ་ངོས་འཛིན་བཙལ་དགོས་ན། བོད་དུ་དར་བའི་ཆོས་བོན་གྱི་ནང་དོན་རིག་པའི་རིག་གནས་ལས་གཞན་ནས་རྙེད་དཀའ།
ངས་གོང་དུ་ཞུས་པ་ལྟར། བོད་འདི་རྒྱལ་ཁབ་གཅིག་གི་ངོ་བོར་ཕྲ་ཚུགས་པ་ནས་བཟུང༌། ཕྱི་ལོ་༡༩༥༩ བར་བོད་ཀྱི་ཆོས་རྒྱལ་རིམ་བྱོན་དང་ཆབ་སྲིད་དབང་སྒྱུར་བ་ཚང་མས་རང་ཉིད་རྟག་ཏུ་བསྟན་པ་མཆོད་སྦྱིན་མངའ་བདག་གི་ངོ་བོར་ངོས་འཛིན་རྒྱུ་དང༌། དགེ་འདུན་དང་སྔགས་འཆང་གི་སྡེ་ལ་སྲི་ཞུ་ཞབས་འདེགས་ཞུ་རྒྱུ། བསྟན་པ་སྟོབས་དང་འབྱོར་པས་འཛིན་རྒྱུའི་ཐབས་ལམ་སྒོ་ཀུན་ནས་གནང་རྒྱུ། བསྟན་པ་བཤད་སྒྲུབ་ཀྱིས་འཛིན་མཁན་ལ་སྲུང་སྐྱོབ་དང་མཐུན་རྐྱེན་གང་དགོས་སྦྱོར་རྒྱུ་བཅས་ནི་བོད་མིའི་ཆབ་སྲིད་ཀྱི་ལས་དོན་གཙོ་བོ་གཅིག་ཏུ་གནང་ཡོད། ཕྱི་ལོ་༡༩༥༩ ལོའི་སྡེ་གཟར་བྱུང་བའི་རྗེས་ལའང་བཙན་བྱོལ་གཞུང་གི་སྒྲིག་འཛུགས་མ་སུ་རིར་ཚུགས་སྐབས་ཆོས་དོན་ལས་ཁུངས་ཟུར་བཙུགས་ཀྱིས་ཆོས་ཕྱོགས་ཀྱི་སྲི་ཞུ་ཞབས་འདེགས་ཞུ་རྒྱུའི་ལས་དོན་འགོ་ཚུགས་ཡོད།
ཆོས་ཚོགས་ཐེངས་དང་པོ་རྡ་རམ་ས་ལར་བསྐྱངས་སྐབས་ཆོས་བརྒྱུད་ཆེན་པོ་བཞིའི་ཆེས་གྲགས་ཅན་གྱི་དབུ་ཁྲིད་བླ་ཆེན་བསམ་གྱིས་མི་ཁྱབ་པ་རྣམས་ཞལ་བཞུགས་པའི་སྐབས་ལ་འཁེལ་བས་ཁོང་རྣམས་ཞལ་འཛོམས་བྱུང་བ་ནས་བཟུང༌། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་པའི་བདག་པོ་རྣམ་པ་ཧ་ཅང་ཐུགས་སེམས་དམ་ཚིག་འོ་ཆུ་གཅིག་འདྲེས་ཐོག་ནས་བོད་བསྟན་པ་ཆབ་སྲིད་འཛིན་སྐྱོང་གི་ཐོག་རླབས་ཆེན་མཛད་རྗེས་བཞག་གནང་བ་ལ་ད་རེས་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
འདས་པའི་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་ལས་དོན་གྱི་གྲུབ་འབྲས་སམ་ལག་རྗེས་ལྟ་བུ་ནི། འཛམ་གླིང་ཁྱོན་ཡོངས་ལ་བོད་བརྒྱུད་ནང་བསྟན་དང་བོན་གྱི་ནང་དོན་རིག་པའི་བཤད་སྒྲུབ་ཁྱབ་སྤེལ་ཆེ་བ་དང་རྗེས་འཇུག་སློབ་རྒྱུད་གྲངས་མང་བ་འདི་ཡིན། དེ་ནི་ངོ་མཚར་དངོས་བྱུང་ལྟ་བུ་ཞིག་རེད། དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཀྱང་མ་བརླགས་པར་གནས་ཐུབ་པ་དང༌། བོད་དོན་རྒྱབ་སྐྱོར་བ་གྲངས་ལས་འདས་པ་ཞིག་ཡོང་ཐུབ་པ། ཁོང་ཚོའི་དབང་གིས་མང་གཙོའི་ཆབ་སྲིད་འཛིན་པའི་གཞུང་རྣམས་ཀྱིས་ཀྱང་བོད་དོན་ཐད་དོ་སྣང་མི་བྱེད་ཐབས་མེད་གྱུར་པ་བཅས་བྱུང་ཡོད། དེ་ལྟར་ཡོང་ཐུབ་པའི་རྒྱབ་རྟེན་གྱི་ནུས་པ་ནི་ང་ཚོའི་ནང་དོན་རིག་པ་འདི་ཉིད་རེད།
དེ་ཡང་ང་ཚོས་ཆོས་བོན་གཉིས་ཀྱི་ལུང་རྟོགས་བསྟན་པའི་བྱ་བ་རླབས་ཆེན་གནང་ཐུབ་པའི་དབང་གིས་ཡིན། བོད་ནང་བསྡད་སྐབས་ཆོས་སྲིད་ཟུང་འབྲེལ་ཞེས་པར་དེ་ཙམ་གྱི་གོ་བ་གཏིང་ཟབ་ཅིག་ལོན་དཀའ་ཡང༌། ད་ལྟ་དེ་ལ་གོ་བ་གསར་པ་ཞིག་གང་ལོན་ཐུབ་ཡོད་སྙམ་ན། བོད་མི་རིགས་ཀྱི་ཆབ་སྲིད་དེ་ཆོས་ལུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་བཞིན་པ་དེ་གསལ་པོ་རེད། དེར་བརྟེན་ད་རེས་གོ་སྐབས་འདི་བཟུང་སྟེ་ང་ཚོས་ཆོས་ལུགས་དབུ་ཁྲིད་རྣམ་པས་དབུས་པའི་ཆོས་རྗེ་ཡོངས་ལ་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད།
ལར་ནས་ཆོས་བོན་གྱི་བསྟན་པ་ཞེས་པ་དེ་འགྲོ་བ་ཡོངས་ལ་ཕན་བདེ་སྒྲུབ་བྱེད་ཅིག་ཡིན་པ་ལས། མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ཟུར་བཅད་ཀྱི་ཁེ་ཕན་སྒྲུབ་བྱེད་མིན། བསྟན་པའི་དམིགས་ཡུལ་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཐབས་དང་བདེ་བ་སྒྲུབ་ཐབས་ཡིན་པར་བརྟེན། བོད་མི་རིགས་ཀྱིས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་རླབས་ཆེན་ཞིག་དེ་སྔ་ཕན་ཆད་ང་ཚོས་བསྒྲུབས་ཡོད་ལ། མ་འོངས་པར་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འཐོབ་རྒྱུར་འབད་བརྩོན་བྱེད་པའི་ཕུགས་དམིགས་ཀྱང་འཇིག་རྟེན་སྤྱི་ལ་ཕན་བདེ་སྒྲུབ་ཐུབ་པའི་བོད་ཀྱི་བསྟན་རྒྱུན་མི་ཉམས་རྒྱུན་འཛིན་དང༌། བསྟན་རྒྱུན་དེ་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལེགས་བྱང་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཡིན་པ་ལས། ཆབ་སྲིད་ཀྱི་རང་སྐྱོང་ཙམ་ནི་ང་ཚོའི་དམིགས་ཡུལ་མཐར་ཐུག་དེ་མིན། ཆབ་སྲིད་ཀྱི་རང་སྐྱོང་ནི་ང་ཚོའི་ནང་དོན་རིག་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཆ་རྐྱེན་དུ་འགྱུར་ཆེད་རེད།
ང་ཚོའི་དམིགས་ཡུལ་ནི་ང་ཚོས་མི་རབས་ནས་མི་རབས་བརྒྱུད་ནས་སྲོག་ལས་གཅེས་པར་བཟུང་བའི་ཆོས་བོན་གྱི་བསྟན་པའི་སྲོལ་རྒྱུན་རྣམས་ཡང་དག་པར་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་ཡིན། དེར་བརྟེན་ཆོས་ཀྱི་དབུ་ཁྲིད་རྣམ་པས་ཆོས་ཕྱོགས་ཙམ་མིན་པར། བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་ཐོག་ལའང་རྒྱུན་དུ་ཐུགས་སྣང་དང་ལམ་སྟོན་གནང་དགོས་པ་དང༌། དེ་བཞིན་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ནས་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཐུབ་པའི་ཐུགས་འགན་ཡང་ཆོས་བྱེད་ཀུན་ལ་ངེས་པར་དུ་ཡོད་མུས་རེད།
བོད་དོན་བདེན་མཐའ་གསལ་དང་མི་གསལ་ནི་བོད་སྤྱི་མཐུན་གྱི་བསོད་ནམས་སྨིན་མིན་ལ་རག་ལས་ཤིང༌། དེ་ཡང་བོད་བརྒྱུད་ནང་དོན་རིག་པའི་བསྟན་པ་ཇི་ཙམ་འཕེལ་མིན་དང༌། བོད་མི་རིགས་ཀྱི་སེམས་རྒྱུད་ལ་ལུང་རྟོགས་ཀྱི་བསྟན་པ་འཕེལ་རྒྱས་ཡོང་མིན་ལ་རག་ལས་པར་བརྟེན། དངོས་སུ་ཆབ་སྲིད་ཀྱི་མཚན་གནས་བཞེས་ཏེ་ཕྱག་ལས་གནང་གི་མེད་རུང༌། མདོ་དོན་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་གཙོ་བོ་ནི་དགེ་འདུན་པ་རྣམ་པས་མཚོན་པའི་ཆོས་བྱེད་ཀྱི་སྡེ་ལ་ངེས་པར་དུ་རག་ལས་ཡོད། དེ་སྔའང་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་ལ། ད་ལྟའང་འགག་འཕྲང་ཅན་གྱི་དུས་ཚོད་འདིར་དམིགས་བསལ་གྱིས་ཐུགས་འགན་བཞེས་དགོས། ལྷག་པར་སྔ་ལོ་བོད་ནང་བྱུང་བའི་གནས་ཚུལ་ལ་གཞིགས་ན། ལུས་སྲོག་ལོངས་སྤྱོད་བཅས་པ་བློས་བཏང་ནས་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གདུག་རྩུབ་དང་དྲག་གནོན་མྱོང་རྒྱུའི་དང་བླང་གནང་མཁན་མང་ཆེ་བ་ནི་ཕྱི་ལོ་༡༩༥༩ རྗེས་སུ་སྐྱེས་ནས་འཚར་ལོངས་བྱུང་བའི་མི་རབས་གཞོན་པ་རྣམས་ཡིན། ཁོང་ཚོ་ནི་རང་དབང་ཅན་གྱི་བོད་ཀྱི་གནས་བབ་མྱོང་ཚོར་མེད་ལ། ཆོས་ཕྱོགས་ཀྱི་སློབ་སྦྱོང་ཡང་གཏིང་ཟབ་པ་ཞིག་མེད།
འོན་ཀྱང་བོད་མི་རིགས་སུ་སྐྱེས་པ་ཙམ་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བླ་ན་མེད་པའི་དད་འདུན་དང་ཡིད་ཆེས། བོད་ཀྱི་ཆོས་ཀྱི་སྲོལ་རྒྱུན་ལའང་དམིགས་བསལ་གྱིས་ཡིད་ཆེས་དང་དང་ཞེན་རང་བྱུང་གིས་བྱུང་བ་འདི་བོད་ཁ་བ་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ཞེས་པ་དོན་ལ་གནས་པར་བསྟན་གྱི་ཡོད། ཁོང་ཚོས་དེ་ལྟར་བློས་བཏང་དང་དཀའ་ལས་རྒྱག་སྐབས། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་དེ་བས་ཀྱང་ཐུགས་འགན་དང་འབད་བརྩོན་ཆེ་བ་གནང་དགོས་པ་ནི་སྨོས་མེད་ཡིན།
ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་ནང་ཆོས་ཚོགས་ཐེངས་དགུ་ཙམ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་མཐུན་འགྱུར་གོ་སྒྲིག་ཐོག་ནས་ཚོགས་ཟིན། ད་རེས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་འགོ་འཛུགས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་ལྷ་མི་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་གོ་སྒྲིག་དང་བསྟུན། ཆོས་ཚོགས་ཐེངས་བཅུ་པའང་འདི་གར་ལྷན་འཛོམས་གནང་ཡོད། དེས་ན་འདིར་སྐུ་ངོ་མར་ཆིབས་བསྒྱུར་གནང་བའི་བླ་ཆེན་རྣམ་པ་དང༌། སྐུ་ཚབ་རྣམ་པ། དེ་བཞིན་གདན་ས་ཆེན་པོ་ཁག་གི་མཁན་ལས་ཟུར་རྣམས་ཀྱིས་མཚོན། རིས་མེད་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་སྐུ་ཚབ་ཆ་ཚང་བ་ཞིག་འདི་གར་ཆིབས་བསྒྱུར་གནང་བ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་དང༌། འབྱུང་འགྱུར་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་ཕན་ནུས་ཆེན་པོ་ཡོང་རྒྱུའི་གནས་སྟངས་ཤིག་ལ་ང་ཚོ་བཀའ་ཤག་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད།
བཙན་བྱོལ་གཞུང་གི་ལས་འགན་ནི་ཆོས་ལུགས་ཆོས་བརྒྱུད་ཐམས་ཅད་ལ་མཐུན་འགྱུར་ཞབས་འདེགས་བསྒྲུབ་རྒྱུ་དང༌། ཁོང་རྣམ་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལ་ཁ་ཕན་ཚིག་ཕན་ཙམ་ལས་མེད་ཀྱང་མཐུན་རྐྱེན་སྦྱར་རྒྱུ་སོགས་ཡིན། འདི་ནི་བསྟན་པ་མཆོད་སྦྱིན་མངའ་བདག་གི་གཞུང་ཞིག་གི་ལས་འགན་ཡིན་པ་ལས། ཆོས་ལུགས་ཆོས་བརྒྱུད་སོ་སོའི་དགེ་འདུན་གྱི་སྡེ་དང༌། སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐོག་གཞུང་གི་ངོས་ནས་ཐེ་བྱུས་དང་དབང་བསྒྱུར་བྱ་རྒྱུའི་བསམ་ཚུལ་དང་ཀུན་སློང་གཏན་ནས་མེད་པ་དེ་ངེས་པར་དུ་མཁྱེན་དགོས།
འདས་པའི་བྱུང་རབས་ནང་བལྟས་ཚེ། སྐབས་རེ་བོད་ཙམ་མིན་པར་འཛམ་གླིང་ཡོངས་སུ་ཆོས་ཕྱོགས་ཀྱི་བསམ་ཚུལ་ལམ་ཆོས་བརྒྱུད་གང་ཞིག་ཆབ་སྲིད་ཀྱི་དབང་ཆའི་ཆེད་དུ་བེད་སྤྱོད་བྱས་པ་དང༌། ཆོས་པ་རྣམས་ཀྱང་ཆབ་སྲིད་པའི་དབང་ཆའི་འཐབ་རྩོད་ནང་ཤུགས་མ་ཐུབ་ཀྱིས་ཚུད་པའི་གནས་ཚུལ་བྱུང་ཡོད། དེ་རིགས་ཆོས་དང་མཐུན་པའི་བྱ་བ་གཏན་ནས་མིན་ལ། བསྟན་པར་སྲི་ཞུའང་ཆགས་ཀྱི་མེད། ཆབ་སྲིད་དབང་འཛིན་པ་དང་དེར་རྒྱབ་སྐྱོར་གནང་མཁན་ཕྱོགས་གཉིས་པོས་གང་བྱས་ཀྱང༌།བྱ་བ་དེ་རིགས་ནི་འཇིག་རྟེན་ནག་པོའི་བྱ་བ་ཞིག་ལས། བསྟན་པ་ལ་ཕན་པའམ་བསྟན་པ་ལ་སྲི་ཞུ་བསྒྲུབས་པ་གཏན་ནས་མིན། ང་ཚོའི་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་ལ་བལྟས་ན་གཞུང་དང་ཆོས་སྡེ་ཁག་གི་བར་ལ་དེ་ལྟ་བུའི་གནས་ཚུལ་ངན་པ་རིགས་གཏན་ནས་བྱུང་མེད་ལ། ལྷག་པར་ཆོས་ལུགས་ཆོས་བརྒྱུད་བཅས་པ་ཡོངས་རྫོགས་ནང་ཁུལ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་གནང་ཡོད། དེ་ལྟར་བྱུང་བ་ནི་བོད་ཀྱི་བྱུང་རབས་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང༌། བཟང་ཕྱོགས་ཀྱི་མཛད་རྗེས་ཤིག་ཡིན་པ་ངེས་པར་དུ་ངོས་འཛིན་ཐུབ། དེར་བརྟེན་བོད་ཀྱི་བསྟན་སྲིད་གཉིས་ཀའི་ཐོག་ཏུ་ཕན་ནུས་ཐོན་ཡོད་པ་ནི་ངས་གོང་དུ་ཞུས་པ་བཞིན་རེད།
ཆོས་ཚོགས་འདིའི་ཐོག་ལའང་ད་ལྟ་ཕྱག་སྦྲེལ་ཆོས་རིག་བཀའ་བློན་མཆོག་གིས་སྙན་གསན་གནང་བ་བཞིན། འདས་པའི་ཆོས་ཚོགས་རིམ་པས་གལ་གནད་ཆེ་བའི་གྲོས་ཆོད་བཞག་པ་དེ་ཚོ་ཕྱག་ལེན་དུ་འཁེལ་ཡོད་མེད་བསྐྱར་ཞིབ་གནང་རྒྱུ་དང༌། ད་རེས་བཀའ་ཤག་གམ་བཙན་བྱོལ་གཞུང་གི་ངོས་ནས་དམིགས་བསལ་གྱིས་རེ་འདུན་ཁ་ཤས་ཞུ་རྒྱུ་ཡོད། དམིགས་བསལ་རེ་འདུན་རྣམས་ཚོགས་འདུའི་འགོ་ཐོག་ཏུ་སྙན་སྒྲོན་ཞུས་ན་དགོངས་པ་བཞེས་ཕྱོགས་ལ་ཐུགས་ཕན་ཡོང་སྲིད། འོན་ཀྱང་ང་ཚོས་ཚོགས་འདུ་ཕེབས་མཁན་རྣམ་པར་ངེས་པར་དུ་དེ་ལྟར་གནང་རོགས་ཞེས་གནོན་ཤུགས་སྤྲད་ཀྱི་མེད་པ་ངེས་པར་དུ་མཁྱེན་དགོས། གཞུང་གི་འཛིན་སྐྱོང་དེ་བསྟན་པ་ལ་སྲི་ཞུ་སྒྲུབ་མཁན་ལས། བསྟན་པ་འཛིན་སྐྱོང་གནང་མཁན་ཆོས་སྡེ་ཁག་གི་མཛད་ཕྱོགས་ལ་ཐེ་བྱུས་བྱེད་མཁན་ཞིག་གཏན་ནས་མིན་པས། གནས་ཚུལ་གསན་ཕྱོགས་དང་དགོངས་ཕྱོགས་མ་ནོར་བ་ཞིག་གནང་དགོས་པ་ནི་ཐུགས་གལ་ཆེན་པོ་རེད།
བོད་ནང་རང་དབང་གི་ཆབ་སྲིད་ཕྲ་ཚུགས་པའི་སྐབས་སམ། བཙན་བྱོལ་སྤྱི་ཚོགས་ནང་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་ལ་བལྟས་ནའང༌། ཆོས་སྡེ་ཁག་རྣམས་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་བརྟེན་དགོས་པ་ཏན་ཏན་ཆགས་ཡོད་པར་བརྟེན། ཆབ་སྲིད་སྒྲིག་འཛུགས་དང་ཆོས་སྡེ་དབར་གྱི་འབྲེལ་བ་དེ་ཡང་དག་པར་གནས་དགོས་པ་ནི་གལ་ཆེན་པོ་ཡིན། དེ་ལྟར་གནས་དང་མི་གནས་ནི་ཆོས་སྡེ་ཁག་གི་དབུ་ཁྲིད་རྣམ་པས་གཞུང་ལ་འབྲེལ་བ་གནང་ཕྱོགས་དང༌། གཞུང་གི་ལས་སྣེ་ཚོས་བསྟན་པ་དང་བསྟན་འཛིན་གྱི་སྡེ་ལ་འབྲེལ་བ་ཞུ་སྟངས་གཉིས་ལ་ཧ་ཅང་རག་ལུས་པ་རེད། དེས་ན་བསྟན་པ་ལ་མཆོད་སྦྱིན་ཞུ་མཁན་གྱི་སྒྲིག་འཛུགས་དང་བསྟན་འཛིན་གྱི་སྡེའི་དབར་གྱི་འབྲེལ་ལམ་ལ་ཀུན་སློང་ངན་པས་མ་བསླད་པ་དང༌།བྱ་བ་མ་རུང་བས་མ་འགོས་པ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེ།
བཙན་བྱོལ་བོད་གཞུང་གི་བློན་ཆེན་ལས་ཁུངས་བདུན་གྱི་གྲས་སུ་གཏོགས་པའི་ཆོས་རིག་ལས་ཁུངས་ནི་ད་ལྟའི་སྐབས་སུ་གཞུང་ངམ་བཀའ་བློན་ལས་ཁུངས་ཀྱི་ངོ་བོར་གནས་ཡོད། དེར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་འཛིན་གྱི་སྡེས་རྣམ་ཀུན་ལམ་སྟོན་དང་འཛིན་སྐྱོང་བཏང་འཛིན་གནང་རྒྱུའི་ཆ་རྐྱེན་མེད། སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་སྐུ་ཚབ་སྤྱི་འཐུས་ཡོད་ཀྱང༌། ཁོང་རྣམས་དུས་རྒྱུན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ཙམ་གནང་བ་ལས་འཛིན་སྐྱོང་ནང་ཐད་ཀར་འབྲེལ་བ་མེད། གང་ལགས་ཤེ་ན། མང་གཙོའི་ཀ་བ་གསུམ་གྱི་དབང་ཚད་དང་ཁྱབ་ཁོངས་དབྱེ་འབྱེད་དང༌། ཕན་ཚུན་ལྗིད་མཉམ་བཏང་འཛིན་གྱི་གནས་བབ་ཡོད་པར་བརྟེན། ཁྲིམས་བཟོ་ལྷན་ཚོགས་དང་འཛིན་སྐྱོང་གཉིས་ལ་ལས་དོན་གྱི་ས་མཚམས་ཡོད་མུས་རེད། གལ་ཏེ་འཛིན་སྐྱོང་གི་སྒྲོམ་གཞིའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་བྱུང་ན། ཆབ་སྲིད་ཀྱི་གཞུང་ལའང་ཕན་ཐོགས་པ་དང༌། ཆོས་ལུགས་ཆོས་བརྒྱུད་བཅས་པ་ལའང་ད་ལྟ་ལས་ལྷག་པའི་ཕན་ཐོགས་ཤིག་ཡོང་སྲིད་སྙམ་པ་ང་ཚོའི་འཆར་སྣང་ཡོད་བཞིན་པ་རེད། འོན་ཀྱང་དེ་ལྟར་དངོས་བདེན་ཡིན་མིན་ནི་ཆོས་སྡེ་ཁག་གི་དབུ་ཁྲིད་རྣམ་པས་ཐུགས་ཐག་གཅད་རྒྱུ་ལས། ང་ཚོ་འཛིན་སྐྱོང་གི་སྣེ་མོ་བ་ཚོས་དེ་འདྲ་དགོས་ཞེས་ཐག་གཅོད་ཞུ་མི་ཐུབ། གང་ལྟར་ང་ཚོའི་འཆར་སྣང་ལ་དེ་འདྲ་ཞིག་བྱུང་ན་ཡག་པོ་མེད་དམ་སྙམ་པ་ཞིག་ཡོད་ཅིང༌། ཆོས་རིག་ལས་ཁུངས་དེ་བཞིན་ཆོས་རིག་ལྷན་ཚོགས་ཤིག་ཏུ་ཁྲིམས་ཐོག་ནས་བསྒྱུར་ཏེ། དེའི་བརྒྱུད་ནས་འཛིན་སྐྱོང་གི་གཞུང་དང་ཆོས་སྡེ་རྣམས་ཀྱི་དབར་སྔར་ལས་ལྷག་པའི་འབྲེལ་ལམ་དང༌། གཞུང་གི་ཆབ་སྲིད་ཀྱི་ཐག་གཅོད་ཀྱི་བརྒྱུད་རིམ་ནང་དུའང་ཆོས་ཕྱོགས་ཀྱི་ནུས་པ་སླེབས་ཐུབ་པའི་གནས་སྟངས་ཤིག་བྱུང་ན་ཡག་པོ་མེད་དམ་སྙམ་པ་ཞིག་བཀའ་ཤག་སྐབས་བཅུ་གཉིས་པ་ནས་ཡོད་མུས་རེད། འདིའི་སྐོར་ཆོས་ལུགས་ཆོས་བརྒྱུད་ཚང་མས་ཁྲིམས་ཡིག་སྒྲིག་གཞི་ཟིན་བྲིས་ཐད་རྒྱུན་རིང་པོར་ཐུགས་ཞིབ་གནང་རྒྱུའི་གོ་སྐབས་བྱུང་ཞིང༌། ད་རེས་ཆོས་ཚོགས་འདིའི་གྲོས་གཞིའི་ནང་ལའང་ཡོད། འོན་ཀྱང་འདིའི་ཐད་འཛིན་སྐྱོང་ངོས་ནས་གསལ་པོ་སྙན་གསན་ཞུ་དགོས་པ་ཞིག་ནི། འཛིན་སྐྱོང་ངོས་ནས་དེ་ངེས་པར་དུ་དགོས་འདུག་གནང་རོགས་གནང་ཞེས་གཏན་ནས་ཞུ་གི་མེད། དེ་ལྟར་བྱུང་ན་ཡག་པོ་ཡོད་མེད་ནི་ལྷན་རྒྱས་ཚོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་གཟིགས་ཏེ་ཡག་པོ་མེད་ན་དེ་དགོས་མི་འདུག་ཅེས་གསལ་པོ་གསུང་ན་གྲོས་གཞི་ནས་འཐེན་ནས་གཙང་མ་ཞིག་ཆགས་རྒྱུ་རེད།
ཡང་དེ་འདྲ་ཞིག་དགོས་ཀྱང་ད་ལྟའི་གྲོས་གཞིའི་ནང་ཡོད་པ་དེ་ཕྲན་བུ་མི་འགྲིགས་པར་གཟིགས་ཚེ། དེ་ལ་སྣོན་འཕྲི་སྤོར་གཅོག་གི་འགྱུར་བ་གང་དགོས་གཏོང་ཆོག ཟིན་བྲིས་སུ་ཕུལ་བ་དེ་མཐའ་མའི་ཡིག་ཆར་ངོས་འཛིན་གནང་དགོས་ཀྱི་མེད། དེར་བརྟེན་དེ་འདྲ་ཞིག་དགོས་པའམ། ཡང་ན་མི་དགོས་པ་ཞིག་ཚོགས་ཆེན་འདིའི་ཐོག་ནས་ཕར་འགྱངས་མེད་པར་ཐུགས་ཐག་ཆོད་ན་ཡག་པོ་ཡོང་བ་འདུག འདི་ནི་འཛིན་སྐྱོང་དང་ཐད་ཀར་འབྲེལ་བ་ཡོད་པའི་གྲོས་གཞི་ཞིག་ཡིན་པར་བརྟེན། ཚང་མས་འཛེམས་ཟོན་མེད་པར་མཐའ་མའི་ངེས་གཏན་གྱི་ཐག་གཅོད་ཅིག་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།
ང་ཚོའི་རེ་འདུན་གཉིས་པ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ནང་དོན་རིག་པའི་སྲོལ་རྒྱུན་དེ་ཁོང་ཚོའི་ཆབ་སྲིད་ཀྱི་དབང་ཤུགས་ཐད་འགལ་རྐྱེན་དང་ཉེན་ཁ་ཆེ་ཤོས་སུ་མཐོང་གི་ཡོད། བོད་བརྒྱུད་ནང་བསྟན་དང་ཕཱ་ལུང་གོང་གཉིས་ཀྱི་རྗེས་འཇུག་མི་འབོར་ཆ་ནས་བསྡུར་ན་ཕཱ་ལུན་གོང་ལ་མང་ཡང༌། བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་ཆེ་ལ་གཏིང་ཟབ་པ་དང༌། རྒྱལ་སྤྱིའི་ནང་ཁྱབ་ཆེ་བས་ཁོང་ཚོས་དེ་ལ་ཉེན་ཁ་ཞིག་ཏུ་མཐོང་བར་བརྟེན། རྩ་མེད་གཏོང་བའི་ཐབས་ཤེས་སྒོ་ཀུན་ནས་བྱས་དང་བྱེད་བཞིན་པ་རེད། འོན་ཀྱང་བོད་མི་རིགས་ནི་ནང་དོན་རིག་པ་ལ་བག་ཆགས་གཏིང་ཟབ་ཡོད་པའི་དབང་གིས་གཙང་སེལ་བཏང་ཐུབ་མེད་ཅིང༌། དེ་ལས་ལྷག་པ་བཙན་བྱོལ་ནང་བོད་བརྒྱུད་ནང་བསྟན་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་བའི་དབང་གིས་ད་ལྟ་རྗེས་འཇུག་པ་སྔར་བོད་དུ་ཡོད་པའི་སྐབས་ལས་མང་བ་དང་རྒྱ་ཁྱབ་ཀྱང་ཆེ་བ་ཡོད་པ་ནི་གོང་མོས་ལྟར་རེད།
ཁོང་ཚོའི་ལས་རིམ་ནང་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སྐོར་ཆབ་སྲིད་ལམ་སྟོན་གྱི་ཡིག་ཆ་ཞིག་སྔ་ལོ་གཏན་འབེབས་བྱས་ཡོད། དེའི་རྗེས་ང་ཚོས་དམིགས་བསལ་གྱི་ཆོས་ཚོགས་ཧྲག་བསྡུས་ཤིག་རྡ་རམ་ས་ལར་བསྐོངས་ནས་དེ་ལ་ལན་འདེབས་གནང་རྒྱུ་དང༌། མ་འོངས་པར་སྤྲུལ་སྐུ་ངོས་འཛིན་གནང་ཕྱོགས་ཐད། ད་ལྟ་བཙན་བྱོལ་དུ་བཞུགས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་ཡོངས་གྲགས་དབུ་ཁྲིད་རྣམ་པ་སོ་སོའི་ངོས་བཞེས་དང་ཆོག་མཆན་མེད་པར། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཚད་ལྡན་མིན་པ་ཞིག་ལ་ངོས་འཛིན་གནང་རྒྱུར་དགོངས་པ་མཐུན་པ་དང༌། ཡིག་ཆ་བཞག་སྟེ་ང་ཚོས་དྲིལ་བསྒྲགས་ཀྱང་བྱས་ཡོད། འོན་ཀྱང་དེ་ཉིད་དོ་དམ་པོའམ་ཤུགས་ཆེན་པོའི་ཐོག་ནས་ཕྱག་ལེན་བསྟར་ཐབས་ཐད་ད་ལྟའང་གསལ་པོ་བྱུང་མེད། ཆོས་ལུགས་ཆོས་བརྒྱུད་སོ་སོའི་ངོས་ནས་ངེས་པར་གསལ་པོ་ཞིག་གི་ཐོག་ནས་ཕྱག་ལེན་འཁེལ་རྒྱུའི་ལས་རིམ་གནང་གི་ཡོད་པར་གཞི་བཞག་གི་ཡོད།
ད་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་མཐུན་པའི་ཡང་སྲིད་ངོས་འཛིན་ཞིག་བྱ་དགོས་ན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ཆོག་མཆན་ངེས་པར་དགོས་པའི་བཀའ་རྩའམ་གཏན་ཚིགས་ལྟ་བུ་ཞིག་ཡོད་པ་འཛམ་གླིང་ཐོག་ཏུ་ཡོངས་གྲགས་གསལ་པོ་བཟོ་དགོས་ཤིང༌། དེའི་ཐོག་ནས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀའ་རྩ་ལྟར་འགྲོ་མཁན་རིགས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཁྲོད་ངོས་ལེན་མེད་པ་བཟོ་དགོས། ང་ཚོས་འདི་ལ་ཆགས་སྡང་གིས་འཐབ་རྩོད་དམ་ཁ་གཏད་བྱེད་པ་གང་ཡང་མིན། ཆོས་མེད་རིང་ལུགས་ཀྱི་ཆབ་སྲིད་པས་སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱས་པ་དེས་མཐའ་མར་སྤྲུལ་སྐུ་ཡང་སྲིད་འཁྲུལ་མེད་ཡིན་མིན་ལ་ཚད་མི་འཛིན་པར། ཆབ་སྲིད་དབང་འཛིན་པ་རྣམས་ཀྱི་བློ་ལ་བབས་མ་བབས་ལ་ཚད་འཛིན་པ་དང༌། ངོས་འཛིན་གནང་བའི་རྗེས་སུའང་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་ཆེད་དུ་བེད་སྤྱོད་བྱེད་རྒྱུའི་ལག་ཆ་ཞིག་ཏུ་འགྱུར་རྒྱུ་རེད། འདི་ནི་བསྟན་པ་དང་སྐྱེ་འགྲོའི་བདེ་སྐྱིད་གང་ལའང་གནོད་ཚབས་ཧ་ཅང་ཆེ། དཔེར་ན། ྋཔཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཉིས་བྱུང་བ་དེས་ཆབ་སྲིད་ཀྱི་དབང་བསྒྱུར་འོག་སྤྲུལ་སྐུ་ངོས་འཛིན་བྱས་པའི་མཇུག་འབྲས་ཇི་འདྲ་ཞིག་ཡོང་མིན་གསལ་པོ་བསྟན་ཡོད།
དཔེར་ན། ང་ལྟ་བུར་ཆ་བཞག་ན་སྟབས་ཡག་ཉེས་ཇི་ལྟར་ཡང༌། སྤྲུལ་སྐུའི་མིང་གཅིག་འཁྱེར་ཡོད། འོན་ཀྱང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་དང་ཡག་པོ་ཞིག་ཡིན་པའི་བསམ་ཚུལ་མེད། གང་ལགས་ཤེ་ན། ང་རང་གང་གི་ཡང་སྲིད་དུ་ངོས་འཛིན་པ་དེའི་རྒྱུད་གཅིག་པའི་ཡང་སྲིད་མིན་པ་ཤེས་ཀྱི་ཡོད། དེར་བརྟེན་ང་ལྟ་བུ་རྒྱུད་མི་གཅིག་པའི་ཡང་སྲིད་མང་པོ་ཞིག་ཡོད་སྲིད། དེས་ན་ངས་ནམ་རྒྱུན་ཡང་སྲིད་ངོས་འཛིན་གནང་སྲོལ་དེ་རྩ་བ་ཆེ་ལ་རྒྱུན་འཛིན་དགོས་པ་ཞིག་ཡིན་པར་མཐོང་གི་མེད། དེ་ལྟ་ནའང་བོད་བརྒྱུད་ནང་བསྟན་དུ་ཆེས་མཐོའི་བླ་ཆེན་རྣམ་པས་མཚོན་མང་དག་ཅིག་གི་ངོས་འཛིན་ཡང་སྲིད་ལམ་སྲོལ་སྒོ་ནས་བྱེད་ཀྱི་ཡོད། རིགས་རྒྱུད་སྒོ་ནས་ངོས་འཛིན་གནང་བ་རེ་གཉིས་ལས་མེད་པར་བརྟེན། ང་ཚོས་ཡང་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་དེ་གཙང་མ་ཞིག་བདག་པོ་རྒྱག་དགོས་པ་ནི་ཐབས་མེད་རེད། སྤྲུལ་སྐུ་གང་ཙམ་ཉུང་དུ་གཏོང་ཐུབ་ན་གང་ལེགས་ཡོང་ངེས་ཀྱང༌། ལམ་སྲོལ་དེ་ནི་མེད་ཐབས་མེད་པ་ཞིག་རེད།
དེས་ན་འདི་ཉིད་ཆབ་སྲིད་ཀྱི་ལག་ཆར་གྱུར་ན་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དམིགས་ཡུལ་ཆ་ཚང་བརླག་གི་ཡོད་པར་བརྟེན། རང་དབང་ཅན་གྱི་ལུང་པར་ཡོད་པའི་ཆོས་ལུགས་ཆོས་བརྒྱུད་བཅས་པའི་དབུ་ཁྲིད་རྣམ་པ་ཚོས་ལམ་སྟོན་གསལ་པོའི་ཐོག་ནས་མ་འོངས་པར་བྱ་ལམ་བྱེད་བདེ་དང༌། ལག་ལེན་ཡག་པོ་འཁེལ་ཐབས་སྐོར་བཀའ་བསྡུར་གནང་ན་ཕན་ཐོགས་ཆེན་པོ་ཡོང་ངེས་པས་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།
རེ་འདུན་གསུམ་པ་ནི། དེང་སྐབས་ང་ཚོའི་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་འདིར་དར་ཁྱབ་ཆེ་བ་དང༌། ཞོར་ལ་ཚད་ལྡན་མིན་པའི་བླ་མ་དང་སློབ་དཔོན་རིགས་ཀྱང་མང་པོ་འཐོན་གྱི་ཡོད་པར་བརྟེན། བསྟན་པ་ལ་སྐྱོན་བརྗོད་བྱེད་མཁན་ཡང་ཇི་ལྟ་ཇི་སྙེད་ཅིག་ཡོང་གི་ཡོད། ལྷག་པར་དེང་སང་ཆོས་དང་དཔལ་འབྱོར་ཚོང་བརྒྱབ་རྒྱུའི་གོ་སྐབས་ཤིག་ལ་སླེབས་ཏེ། གོ་ལ་གཅིག་སྒྱུར་གྱི་དུས་རབས་འདིའི་ནང་ཆོས་ཀྱི་ཚོང་ཁང་ཡང་མང་པོ་འཛུགས་རྒྱུའི་གནས་བབ་ཅིག་ཡོད་པས། བསྟན་པ་རྨ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་དོན་དུ་དེ་ཚོའི་ཐོག་ལ་ཞུ་དག་གནང་རྒྱུ་དང༌། དེ་བཞིན་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་པར་བརྟེན། སྒྲུབ་པ་ནི་གང་ཟག་སོ་སོར་རག་ལས་ཤིང༌། འཆད་ཉན་དེ་འདུས་སྡེ་དང་ཚོགས་པ་ལ་ཤས་ཆེར་རག་ལས་པ་ཞིག་ཡིན་སྟབས། དེ་ཚོ་ཡར་རྒྱས་གོང་འཕེལ་དང༌། བླ་མ་སློབ་དཔོན་རིགས་ཀྱང་ཚད་ལྡན་ཡོང་ཐབས་སོགས་ཀྱི་ཆེད་དུ་ཆོས་ལུགས་ཆོས་བརྒྱུད་བཅས་པའི་དབུ་ཁྲིད་རྣམ་པས་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་བཏང་འཛིན་ཇི་ལྟར་གནང་ཕྱོགས་སྐོར་དེ་སྔའང་དགོངས་པ་བཞེས་ཡོད་ལ། ད་ལྟ་དེ་སྔ་གྲོས་ཆོད་དུ་བཞག་པ་རྣམས་ཀྱང་ཕྱག་ལེན་ཇི་ལྟར་བསྟར་དགོས་པ། མ་འོངས་པར་ཡང་གྲོས་ཆོད་གསར་པ་ཇི་འདྲ་འཇོག་དགོས་པ་སོགས་ལ་དགོངས་པ་བཞེས་ཏེ་ལམ་སྟོན་གནང་ཐུབ་ན་བསྟན་འགྲོ་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོང་བ་འདུག་པས་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།
སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་འདས་པའི་ལོ་ལྔ་བཅུའི་ནང་གང་འདྲ་ཞིག་བྱུང་ཡོད་པ་དང༌། ལྷག་པར་དུ་ཕྱི་ལོ་༢༠༠༨ ཀྱི་ལོར་གནས་སྟངས་ཡ་ང་བ་གང་འདྲ་ཞིག་བྱུང་བ་ཚང་མའི་དགོངས་པར་མངའ་གསལ་རེད། ད་ལྟའང་ང་ཚོར་ཞེད་སྣང་ཧ་ཅང་ཆེན་པོ་ཡོང་རྒྱུ་ཞིག་ནི་འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་སླར་ཡང་བོད་དུ་དཀའ་ངལ་ཡོང་མི་སྲིད་པ་མེད་སྙམ་པ་དེ་རེད། དེར་བརྟེན་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་ནང་ཉེ་ཆར་ཕྱི་ཟླ་༡ པོའི་ཚེས་༢༩ དང༌། ཕྱི་ཟླ་༢ ཚེས་༢༡ གཉིས་ལ་འབོད་སྐུལ་སྔ་རྗེས་ཞུས་པ་ཡིན། ད་ལྟ་རྒྱ་ནག་དབང་འཛིན་པ་ཚོས་བོད་ནང་ལས་དོན་བྱེད་སྟངས་ལ་བལྟས་ན། ཁོང་ཚོར་བརྟན་ལྷིང་ལས་ཟིང་ཆ་དེ་དགོས་མཁོ་ཆེ་ཞིང༌། བོད་མིའི་སེམས་ཚོར་ལ་ཇི་ཙམ་གནོད་ཚབས་ཆེ་བ་དེ་དག་ལག་ལེན་བསྟར་བའི་དབང་གིས་གྱེན་ལངས་ངོ་རྒོལ་སོགས་ཐོན་ན་དྲག་ཤུགས་བེད་སྤྱོད་བྱེད་རྒྱུར་ཁག་འཇོག་ཡུལ་ཞིག་འཐོབ་རྒྱུའི་རེ་བ་རྒྱག་གི་མེད་དམ་སྙམ་པའི་དོགས་པ་ཆེན་པོ་ཡོད། ཉེ་ཆར་འདས་པའི་ཟླ་བའི་ནང་ལའང་ཨ་མདོ་དང༌། དཀར་མཛེས། སྡེ་དགེ་སོགས་ལ་གནས་ཚུལ་མང་པོ་ཞིག་བྱུང་ཡོད། དེས་ན་ད་རེས་ཆོས་ལུགས་ཆོས་བརྒྱུད་བཅས་པའི་དབུ་ཁྲིད་རྣམ་པས་གཙོས་པའི་ཆོས་སྡེ་ཡོངས་ནས་འདི་ལོའང་བོད་དུ་དཀའ་རྙོག་མི་ཡོང་བའི་ཆེད་དུ་ཐུགས་སྨོན་བདེན་ཚིག་དང་ཞབས་རིམ་ཇི་དགོས་གནང་སྐྱོང་ཡོང་བ་དང༌། གལ་ཏེ་དེ་འདྲ་ཞིག་བྱུང་ན་ང་ཚོའི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་པ། ལྷག་པར་དུ་ཆོས་ཕྱོགས་ནས་ཇི་ལྟར་གདོང་ལེན་བྱེད་དགོས་པ་སོགས་ཀྱི་ཐོག་ཚོགས་འདུ་འདིར་བཀའ་བསྡུར་གྱིས་ལམ་སྟོན་གནང་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག དེ་ནི་རེ་འདུན་ཐ་མ་དེ་ཡིན།
རྣམ་པ་ཚོ་འདི་གར་ཕེབས་སྐབས་ཕེབས་ལམ་དུ་སྐུ་ངལ་དང༌། རྡ་རམ་ས་ལར་བཞུགས་ཡུལ་དང་གསོལ་ཚིགས་ཀྱིས་མཚོན་སྣེ་ལེན་ཞབས་ཞུའི་རིགས་ཚིམས་ངེས་ཀྱི་གྲ་སྒྲིག་མེད་ཀྱང༌། ཚང་མས་བཟོད་བཞེས་དང་བཅས་ཐུགས་ཁུར་ཆེན་པོས་བསྟན་སྲིད་གཉིས་ལ་དགོངས་ནས་ཆིབས་བསྒྱུར་གནང་བར་བཀྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་གོ་སྒྲིག་ཞུ་མཁན་ཚོའི་ངོས་ནས་མ་ལྕོགས་པ་ལས་ལྷག་བསམ་ལ་རྨ་མེད་པར་བརྟེན། མ་འགྲིགས་མ་འཐུས་རིགས་བྱུང་བ་ལ་ནམ་རྒྱུན་ནས་བཟོད་བཞེས་གནང་གི་ཡོད་ལ། ད་ལྟའང་གནང་རོགས་ཞུ་རྒྱུ་དང༌། ད་རེས་ཆོས་ཚོགས་འདི་དོན་དང་ལྡན་པ་ཞིག་ཡོང་བ་དང༌། འདི་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།
བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷ་སར་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༦ ནས་༨ བར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་བཅས་ཞུགས་པའི་ཆོས་ཚོགས་སྐབས་བཅུ་པའི་ཐོག་གནང་བའི་གསུང་བཤད་དོ།།