༈ ཀིརྟིའི་གྲྭ་ཚང་གི་མཁས་པའི་བགྲོ་གླེང་ཆེན་མོའི་ཐོག་གནང་བའི་གསུང་བཤད་ཡིག་ཐོག་ཕབ་པ།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༧ ཉིན།
༄༅།། འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བགྲོ་གླེང་ཚོགས་འདུར་ཕེབས་པའི་མཁས་དབང་རྣམ་པ། གཞན་ཡང་འདིར་འདུས་པ་ཡོངས་རྫོགས་ལ། ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་མ་འོངས་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་སྐྱེད་སྲིང་མཛད་སྟངས་སྐོར་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གནང་སྟེ། དེའི་ཐོག་གཏམ་བཤད་མདོར་བསྡུས་ཤིག་བྱེད་དགོས་ཞེས་སྔོན་མ་ནས་བཀའ་གནང་བྱུང། ཁྱེད་རང་ཚོས་བཀའ་གནང་བ་བཞིན་ཡིག་ཐོག་ཏུ་བྲིས་ཐུབ་མ་སོང། དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། དངོས་གནས་བྱས་ན་ངའི་བསམ་ཚུལ་འདི་སང་ཉིན་ཞུ་དགོས་པ་ཞིག་རེད། ཡིན་ནའང་སང་ཉིན་དིལླཱི་ལ་ལས་འཆར་ཞིག་སྔོན་ནས་ཁས་ལེན་ཞུས་ཟིན་པར་བརྟེན། དེ་རིང་སྔ་བསྣུར་བྱེད་དགོས་བྱུང་། དེ་རིང་ཞོགས་པའི་མཛད་འཆར་རིང་པོ་ཆགས་སྟབས། ཚོགས་ཐེངས་འདི་གྲོལ་ནས་བགྲོ་གླེང་བ་ཚོ་རྐྱང་པ་ཚོགས་པའི་སྐབས་སུ་ཞུས་ན་བསམ་པ་བྱུང་ཡང་། གོ་སྒྲིག་གནང་མཁན་ཚོས་སྔོན་མ་འཆར་གཞི་བཟོས་པ་བཞིན་ད་ལྟ་ཞུ་དགོས་གསུང་གི་འདུག དེར་བརྟེན་ངས་བྱ་གཏོང་༸སྙན་སྒྲོན་གྱི་ཚུལ་དུ་མདོར་བསྡུས་ཤིག་ཞུས་ཆོག་པ་ཞུ་རྒྱུ་ཡིན།
དང་པོ། བགྲོ་གླེང་གི་དམིགས་ཡུལ་དང་དགོས་པ། བརྗོད་གཞི་དང་བཅས་པ་ཧ་ཅང་ཡག་པོ་བྱུང་འདུག ད་ལྟའི་དུས་ཚོད་འདིར་དགོས་ངེས་ཤིག་རེད། འཇིག་རྟེན་འགྲོ་བ་སྤྱི་ཡོངས་ཀྱི་ཕན་བདེའི་སྲོག་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆགས་བསྡད་ཡོད། བསྟན་པ་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་འཇིག་རྟེན་གྱི་ཕན་བདེའི་གཞི་རྩ་ཡིན་པར་ཚང་མས་ཁས་ལེན་པ་ཞིག་རེད། བསྟན་པ་གནས་དང་མི་གནས་རབ་བྱུང་གི་སྡེ་ལ་རག་ལས་པ་ཡིན་དུས་རབ་བྱུང་ཕོ་མོ་ཚད་དང་ལྡན་པ་ཞིག་ཡོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་སྐྱེད་སྲིང་མཛད་ཕྱོགས་སྔོན་སྲོལ་གཞིར་བཞག་ཐོག་དེང་རབས་ཀྱི་ལེགས་ཆ་རྣམས་བླངས་ཏེ་གནང་དགོས་པ་ཞིག་རེད། དེའི་ཆེད་དུ་ང་རང་ཚོའི་སྔོན་སྲོལ་མ་ཉམས་པ་གནང་དགོས་པ་དང་། གསར་གཏོད་གནང་དགོས་པ། གཞན་ནས་ཁེ་ཕན་ལེན་ཐུབ་པ་ག་རེ་ཡོད་པ། དེ་ཚོའི་ཐོག་ལ་ཞིབ་ཚགས་པོས་བགྲོ་གླེང་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ལྷག་པར་དུ་གྲྭ་བཙུན་ན་གཞོན་ལོ་བདུན་ནས་དགུ བཅུ་ནས་བཅོ་བརྒྱད་སོགས་ཀྱི་ཆེད་དུ་དམིགས་ཀྱིས་བཀར་ནས་གྲོས་གཞི་བཞག་འདུག དེ་དགོངས་པ་བཞེས་ཕྱོགས་ཧ་ཅང་ཡག་པོ་བྱུང་འདུག། ཐོག་མར་ང་ཚོ་རྒྱ་གར་ལ་གསར་དུ་འབྱོར་སྐབས་གདན་ས་དང་བཤད་གྲྭ་ཁག་གི་ནང་དེང་རབས་ཀྱི་སློབ་སྦྱོང་སྤྲོད་པའི་གཞི་རིམ་སློབ་གྲྭ་དགོས་དང་མི་དགོས་ཀྱི་རྩོད་པ་ཆེན་པོ་བྱུང་བ་རེད། ཡོད་ན་གནོད་སྐྱོན་ཡོང་གི་འདུག་གསུང་མཁན་དང་། མེད་ན་ཚང་གི་མི་འདུག་གསུང་མཁན་ཕྱོགས་གཉིས་ཀ་ཡོད་རེད། ཐ་མ་དགེ་སྐྱོན་ཚང་མར་རྟོག་ཞིབ་གནང་བའི་རྗེས་སུ་གདན་ས་ཁག་གི་ནང་གཞི་རིམ་སློབ་གྲྭ་དགོས་ཀྱི་ཡོད་པར་ངེས་པ་རྙེད་ནས་དེའི་ཐོག་ཐུགས་མཐུན་བྱུང་བ་རེད། དེ་སྔ་གཞི་རིམ་སློབ་གྲྭའི་སློབ་སྦྱོང་མེད་པར་སྲོལ་རྒྱུན་རྐྱང་པའི་ཐོག་ནས་སློབ་སྦྱོང་གནང་མཁན་གྱི་མཁས་པ་དེ་ཚོ་ཡུལ་ལུང་གང་དུ་ཕེབས་ནའང་ཕེབས་ཐུབ་པ་ཞིག་ཡོད་རེད། ལྷག་པར་དུ་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ནུབ་ཕྱོགས་ལ་ཐོག་མར་ནང་པའི་བསྟན་པ་སྤེལ་མཁན་གྲས་སུ་གཞི་རིམ་སློབ་གྲྭ་འགྲིམས་མྱོང་བ་དང། ཕྱིའི་སྐད་ཡིག་ཤེས་མཁན་ཧ་ལམ་མེད་ཀྱང་། དེ་ཚོ་གར་བཏང་གོ་ཆོད་ཀྱིས་བསྟན་པ་རྒྱ་ཆེར་སྤེལ་ཐུབ་པ་བྱུང་བ་རེད། ཡིན་ནའང་གནས་ཚུལ་གཞན་པ་མང་པོ་ཞིག་གི་ཐོག་ནས་གྲྭ་གཞོན་དེ་ཚོ་ལ་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པའི་ཐོག་ཏུ་ནང་དོན་རིག་པའི་སློབ་སྦྱོང་ཡོད་པ་ཞིག་བྱུང་ན་ཕུན་སུམ་ཚོགས་པ་ཡིན་པ་དེའི་ཐོག་མཁས་པ་ཚང་མ་ཐུགས་མཐུན་ནས་ད་ལྟའི་གནས་སྐབས་སུ་གདན་ས་ཚང་མའི་ནང་སློབ་གྲྭ་ཚུགས་པ་རེད། ལྷག་པར་དུ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་གཟིགས་སྐྱོང་འོག་བོད་ནང་ཡོད་པའི་ཀིརྟིའི་དགོན་ཆེན་ཁག་གི་ནང་གྲྭ་བཙུན་ན་གཞོན་མང་པོས་སློབ་སྦྱོང་གནང་ཐུབ་པ་དེས་བསྟན་འགྲོ་ལ་ཕན་ཐོགས་ཆེན་པོ་བྱུང་འདུག་ཅེས་ཞུ་རྒྱུ་ཡིན།
གཉིས་པ། སློབ་དེབ་རྩོམ་སྒྲིག་གནང་རྒྱུ་དེ་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་མཛད་པ་ཞིག་ཆགས་ཡོད། སློབ་སྦྱོང་ཚད་ལྡན་ཡོང་དང་མི་ཡོང་ནི་སློབ་ཚན་ཚད་ལྡན་ཡོད་མེད་ལ་རག་ལས་པ་དང། སློབ་ཚན་ཚད་ལྡན་ཡོང་དང་མི་ཡོང་ནི་སློབ་དེབ་ཚད་ལྡན་ཡོད་མེད་ལ་རག་ལས་པ་རེད། རིན་པོ་ཆེ་སྐུ་རྐྱང་གིས་ལོ་གསུམ་གྱི་ནང་དེབ་གྲངས་དྲུག་ཅུ་རེ་དགུ་ “བློ་གསལ་མགུལ་རྒྱན་” གྱི་མཚན་ཐོག་ནས་རྩོམ་སྒྲིག་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག ངས་ཆ་ཚང་ཀློག་པའི་གོ་སྐབས་མ་བྱུང་ནའང་ཆ་ཚང་གི་དཀར་ཆག་དང་དེབ་ཁ་ཤས་རོབ་ཙམ་མཇལ་རྒྱུ་བྱུང་། དེ་ཚོའི་ནང་མ་འགྲིག་ལྷུན་གྲུབ་ཅིག་ལ་སྔོན་མ་ནས་ངའི་བསམ་བློའི་ནང་ལ་ཡོད་པ་ནང་བཞིན་བྱུང་འདུག སྔོན་མ་ང་ཚོས་སྲོལ་རྒྱུན་གྱི་སློབ་སྦྱོང་སྤྲོད་སྐབས་སློབ་དེབ་ཟུར་དུ་མེད། སློབ་དེབ་ཟུར་དུ་དགོས་པའི་ལམ་སྲོལ་དེ་རྗེས་སུ་དར་བ་རེད། ང་ཚོ་རྒྱ་གར་དུ་འབྱོར་རྗེས་སྤྱི་ཡོངས་ནང་བཞིན་སློབ་དེབ་ཟུར་དུ་དགོས་པ་ཆགས་པ་རེད། སློབ་དེབ་དེ་ཚོའི་ནང་དུ་ཚིག་སྦྱོར་གསར་རྩོམ་བྱེད་པ་ལས། སྔོན་གྱི་གཞུང་དེ་ཚོ་རང་འཇགས་བཞག་ནས་དེ་དུམ་བུ་དུམ་བུར་བཟོས་ཏེ་སློབ་དེབ་ནང་བསྒྲིག་ན་ཡག་པོ་ཡོད་པའི་བསམ་ཚུལ་ཞིག་སྔོན་མ་ནས་ཡོད་པ་བཞིན་རིན་པོ་ཆེས་དེ་རང་གནང་འདུག
དེའི་ནང་དུ་ཡོད་པའི་དཔྱད་རྩོམ་དང་མཐའ་དཔྱོད་ཀྱི་རིགས་དེ་དམིགས་བསལ་གྱིས་ཡག་པོ་བྱུང་འདུག སྔོན་གྱི་སློབ་དེབ་དེ་ཚོའི་ནང་དུ་སྤྱི་དོན་མ་གཏོགས་མཐའ་དཔྱོད་ཀྱི་རིགས་ཧ་ཅང་ཉུང་ཉུང་རེད། སྤྱི་དོན་སོ་སོའི་འོག་ཏུ་དཔྱད་རྩོམ་གྱི་ལམ་ནས་མཐའ་དཔྱོད་ཡོད་པ་དེ་ཐེངས་དང་པོ་ཡིན་དུས་ཕན་ཐོགས་ཆེན་པོ་བྱུང་འདུག ལྷག་པར་དུ་འཛིན་གྲྭ་སོ་སོའི་སློབ་དེབ་ཀྱི་མཇུག་ལ་ཟུར་བཀོལ་གྱི་སློབ་དེབ་ཅིག་འདུག དེ་ནི་དམིགས་བསལ་གྱིས་ཕུན་སུམ་ཚོགས་པ་ཞིག་ཆགས་འདུག ལྷག་པར་དུ་འཛིན་གྲྭ་བརྒྱད་པ་དགུ་པའི་ཟུར་བཀོལ་གྱི་སློབ་ཚན་དེ་ཚོ་དགེ་བཤེས་ཐོན་པ་ཚོས་ཀྱང་གཟིགས་པ་ཡིན་ན་ཐུགས་ཕན་གསོས་པ་ཞིག་དང། སྤྱིར་བཏང་ཤེས་བྱའི་ཐོག་ལའང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེར་བརྟེན་རིན་པོ་ཆེ་ལ་དམིགས་བསལ་གྱིས་ང་རང་སྒེར་གྱི་ངོས་ནས་བཀའ་དྲིན་རྗེས་དྲན་དང་། ལེགས་སོ་བསྔགས་བརྗོད། ཐུགས་རྗེ་ཆེ་བཅས་ཞུ་རྒྱུ་ཡིན། སློབ་དེབ་སྒྲིག་རྩོམ་གྱི་བྱ་བ་དེ་དགོས་ཀྱི་འདུག་ཟེར་མཁན་མང་པོ་ཡོད། དེ་བཞིན་མང་པོས་འབད་བརྩོན་ཡང་གནང་བ་རེད། སེ་ར་བྱེས་ཀྱི་འབྲིང་རིམ་སློབ་གྲྭས་སློབ་དེབ་གསར་བཟོའི་འབད་བརྩོན་གནང་ཡོད། རྗེས་སུ་མཐར་འཁྱོལ་བྱུང་མིན་མ་ཤེས། རིན་པོ་ཆེས་མཐའ་འཁྱོལ་གནང་བ་དེ་ཧ་ཅང་ཡག་པོ་རེད།
སློབ་དེབ་འདིའི་སྐོར་ལ་དོགས་གཞི་གཅིག་གཉིས་ཤིག་ཡོད། དོགས་གཞི་དང་པོ་དེ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་དགུ་པའི་བར་དུ་དེབ་དྲུག་ཅུ་རེ་དགུ་ཆ་ཚང་སློབ་དུས་ནང་འགྲོ་ཐུབ་ཀྱི་ཡོད་མེད་དེ་གཟིགས་དགོས། གཞི་རིམ་སློབ་གྲྭ་ལ་གདན་སའི་སློབ་གཉེར་བཞིན་ཡོང་ཐབས་མེད་པར་སྤྱིར་བཏང་གི་འགྲོ་སྟངས་བཞིན་བྱེད་དགོས་པ་རེད། རྒྱ་གར་ནང་ལོ་གཅིག་ལ་འཛིན་གྲྭ་ཚོགས་པའི་ལས་ཉིན་དེ་ཉིས་བརྒྱ་ལས་མ་ཉུང་བ་ཡོང་བའི་འབད་བརྩོན་བྱེད་མུས་རེད། དེ་བྱུང་ན་དེའི་ནང་སློབ་ཚན་དེ་ཚོ་ལ་དམིགས་ཀྱིས་བཀར་ནས་ཚོགས་ཐེངས་ག་ཚོད་ཡོད་པ་དང་། ཚོགས་ཐེངས་དེ་ཚོའི་ནང་ཏག་ཏག་འགྲོ་མིན་ཚན་རིག་དང་མཐུན་པར་ཆ་བགོས་བྱས་ཏེ་སློབ་ཚན་གྱི་ཉིན་དེབ་ཅིག་བཟོ་ཐུབ་ན། ཉིན་རེ་ལ་སློབ་ཚན་ཇི་ཙམ་འགྲོ་བ་དང་། ལོ་གཅིག་གི་ཚོགས་ཐེངས་ལས་དུས་ཉིན་ཉིས་བརྒྱའི་ནང་འདི་འདྲ་ཞིག་ཚར་གྱི་རེད་ཅེས་ཡོང་ཐུབ། གལ་སྲིད་དེ་ཚར་གྱི་མེད་ན་རྒྱས་བསྡུས་གཏོང་སྟངས་ལ་དགོངས་པ་བཞེས་དགོས། གང་ལྟར་དགེ་སློབ་གཉིས་ཀས་ལོ་རེའི་སློབ་ཚན་དེ་འཛིན་གྲྭའི་དུས་ཡུན་ནང་ཏག་ཏག་འགྲོ་ཐུབ་པའི་འཆར་གཞི་དེ་དང་པོ་ནས་བསམ་བློའི་ནང་ཚུད་དགོས་པ་དེ་གལ་ཆེན་པོ་རེད།
དོགས་གཞི་གཉིས་པ་སློབ་ཚན་བཞག་ཕྱོགས་དེ་ཡིན། ད་ལྟ་རིན་པོ་ཆེས་སློབ་ཚན་འཇོག་ཚུལ་བརྡ་སྤྲོད་དང་། སྙན་ངག ནང་པའི་ལྟ་གྲུབ། ཆོས་འབྱུང། རྒྱལ་རབས་ཏེ་སྡེ་ཚན་ལྔ་ལ་ཕྱེས་ཏེ་ཟུར་བཀོལ་བཅས་བཞག་འདུག སྤྱིར་བཏང་བརྡ་སྤྲོད་དང་སྙན་ངག་གཉིས་སྐད་ཡིག་ནང་མཉམ་དུ་བཞག་ན་མ་འགྲིགས་པ་མེད། དེ་བཞིན་ཆོས་འབྱུང་དང་རྒྱལ་རབས་གཉིས་པོའང་དེ་བྱུང་རིག་པའི་ནང་མཉམ་དུ་བཞག་ན་མི་འགྲིག་པ་མེད། བོད་ཀྱི་སྔར་སྲོལ་ནང་ཆོས་འབྱུང་དང་རྒྱལ་རབས་ཞེས་གསུང་གི་ཡོད་ཀྱང། ཆོས་འབྱུང་ནང་དེ་ལྟ་བུའི་བྱུང་བ་མ་ཡིན་པའི་རྟོགས་པ་བརྗོད་པ་དང་སྐྱེས་རབས་ཀྱི་སྡེ་ལ་སོགས་པའང་སླེབས་ཀྱི་ཡོད། དེ་ལྟ་བུའི་བྱུང་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ནང་ཟུར་དུ་བཞག་ཡོད། དེ་ལྟ་བུའི་བྱུང་བ་ལ་ཨིན་སྐད་དུ་ History དང་། སཾསྐྲྀཏའི་སྐད་དུ་ཨིཏིཧཱས་ཞེས་བརྗོད། དེ་ལྟ་བུའི་བྱུང་བའི་ནང་དངོས་བྱུང་གི་གནས་སྟངས་མ་གཏོགས་རྟོག་པའི་སྒྲོ་བཏགས་དང། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་སོགས་སླེབས་ཀྱི་མེད། ལྷག་པར་དུ་བྱུང་རབས་ནང་རྒྱལ་རབས་རྐྱང་པ་བཞག་པ་དེ་འགྲིག་གི་མེད་ཚུལ་བདག་ཉིད་ཆེན་པོ་གཱཾདྷཱིས་ཡང་ཡང་གསུངས་ཡོད། ཁོང་གིས་རྒྱལ་པོ་མ་གཏོགས་མ་བྱུང་བ་རེད་དམ། མི་དཀྱུས་མ་དང་སྤྱིར་བཏང་སྤྱི་ཚོགས་ཀྱི་གནས་སྟངས་དེ་བྱུང་རབས་ནང་སླེབས་ཁག་པོ་ཡོད་པ་དེ་གང་ཡིན་ནམ་ཞེས་གསུངས་ཡོད། བོད་ནང་དེ་བྱུང་རིག་པའི་མཚན་ཉིད་སྟོན་པའི་གཞུང་མེད་པས་ང་ཚོའི་སྲོལ་རྒྱུན་གྱི་དེ་བྱུང་རིག་པའི་གནས་སྟངས་ཚད་ལྡན་རང་མེད་པ་ཆགས་ཡོད། དེ་ཚོའི་སྐོར་ལ་མ་འོངས་པར་དགོངས་པ་བཞེས་རྒྱུ་མེད་འགྲོ་དྲན་གྱི་འདུག
སློབ་དེབ་གསར་སྒྲིག་དེ་ཚོ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་གི་སྐོར་ཁོ་ན་རེད། གཞི་རིམ་སློབ་གྲྭའི་སློབ་ཚན་ནི་བོད་ནང་ལ་ཡིན་ན་རྒྱ་ནག་གི་འགྲོ་སྟངས་དང། རྒྱ་གར་ལ་ཡིན་ན་རྒྱ་གར་གྱི་འགྲོ་སྟངས་བཞིན་འགྲོ་གི་ཡོད་སྟབས་སློབ་ཚན་གཞན་མང་པོ་ཡོད། སློབ་ཚན་གཞན་དག་རྣམས་བོད་སྐད་ཐོག་སློབ་དེབ་བཟོ་ཐུབ་ཀྱི་ཡོད་དམ། གང་ལྟར་དགོན་པ་ཁག་གི་ནང་ཡོད་པའི་གཞི་རིམ་སློབ་གྲྭ་དེ་ཚོའི་ནང་སློབ་སྦྱོང་གི་བརྒྱུད་ལམ་གྱི་སྐད་ཡིག་དེ་བོད་སྐད་ནང་གནང་ཐུབ་དགོས་པ་དེ་ཐུགས་གལ་ཆེན་པོ་ཆགས་ཡོད། དེ་མ་བྱུང་བར་སློབ་སྦྱོང་གི་བརྒྱུད་ལམ་སྐད་ཡིག་གཞན་ཞིག་བསྟེན་དགོས་ན། འཛིན་གྲྭ་དགུ་ལ་སློབ་དེབ་རེ་དགུ་ཡོད་པ་དེའི་ཐོག་སློབ་ཚན་གཞན་ཚང་མ་ཁ་སྣོན་བྱས་པ་ཡིན་ན་མང་པོ་ཞིག་ཆགས་འགྲོ་རྒྱུ་རེད། སྐད་ཡིག་ལས་གཞན་པའི་སློབ་ཚན་ཚང་མ་བོད་སྐད་ཐོག་བསླབ་ཐུབ་པ་བྱུང་ན་ཡག་པོ་ཡོང་རྒྱུ་རེད། ཁྱད་པར་རབ་བྱུང་གི་སྡེ་ཚན་ནང་ཡོད་པའི་གཞི་རིམ་སློབ་གྲྭའི་སློབ་སྦྱོང་གི་བརྒྱུད་ལམ་དེ་བོད་ཀྱི་སྐད་ཡིག་གམ་ཕ་སྐད་རང་གི་ཐོག་ནས་གནང་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད།
དེ་བཞིན་སློབ་དེབ་ནང་སྤྱིར་བཏང་གོ་བདེ་པོ་བཟོ་རྒྱུ་དེ་གལ་ཆེན་པོ་རེད། བོད་པའི་སྐད་ལ་ཆོས་སྐད་དང། ཕལ་སྐད་ཞེས་པའི་ཐ་སྙད་དེ་ཁྱབ་ཆེ་དྲགས་པ་རེད། དངོས་གནས་བྱས་ན་བརྡ་སྤྲོད་དང་མཐུན་པའི་གཞུང་ལུགས་ཀྱི་སྐད་དང། སྙན་ངག་གི་ནང་བཤད་པའི་གྲོང་པའི་སྐད་ཅེས་དབྱེ་བ་གཉིས་བཤད་ཆོག གྲོང་ཚིག་དེ་མེད་དགོས་པ་ཞིག་རེད། དེ་མིན་ཚིག་བརྗོད་རྣམས་ག་ཚོད་ཐུབ་ཐུབ་ཀྱིས་གོ་བདེ་པོ་ཡོང་རྒྱུར་གཙོ་འདོན་བྱེད་དགོས་པ་གལ་ཆེན་པོ་རེད། ཡིན་ནའང་ཐུགས་སྣང་གནང་དགོས་པ་ཞིག་ལ། དཔེར་ན། གཞུང་ལུགས་ནང་ཡོང་བའི་བརྡ་ཆད་དང། དེ་བཞིན་ཡུལ་སྐད་ནང་ཡོང་བའི་བརྡ་ཆད་གཉིས་པོ་དེ་དོན་མི་འདྲ་བ་ཡོད་ན་གཞུང་ལུགས་ཀྱི་བརྡ་ཆད་གཙོ་བོར་བཟུང་དགོས་པ་དེ་ཐུགས་གལ་ཆེན་པོ་ཆགས་ཀྱི་འདུག དཔེར་ན། “ལྭ་བ་” ཞེས་པའི་ཚིག་ལྟ་བུ་ཡིན་ན། གཞུང་ལུགས་ནང་ “ལྭ་བ་” ཞེས་པ་མིས་མ་བཙེམ་པའི་སྣམ་བུ་ཞིག་ལ་ལྭ་བ་ཞེས་བརྗོད་ཀྱི་ཡོད། ཡུལ་ལུང་ཁ་ཤས་ནང་ལྭ་བ་ཞེས་པ་དེ་ཕྱུ་པའི་མིང་རེད། ཕྱུ་པའི་མིང་ལ་བེད་སྤྱོད་བྱེད་པའི་ལྭ་བ་དེ་སློབ་དེབ་ནང་འཁོད་ན། རྗེས་སུ་གཞུང་གི་ནང་ལྭ་བ་ཞེས་པའི་ཐ་སྙད་དེ་མཐོང་བའི་སྐབས་སུ་མགོ་འཁྲུགས་པའི་ཉེན་ཁ་ཡོད། དེར་བརྟེན་གཞུང་ལུགས་ཀྱི་སྐད་དེ་གཙོ་བོ་བྱེད་དགོས། ཡུལ་སྐད་དེ་གཞུང་ལུགས་ཀྱི་སྐད་དང་འགལ་ཟླ་མེད་ན་དཀའ་ངལ་མེད། འགལ་ཟླ་ཡོད་ན། ཐུགས་སྣང་གནང་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། དེ་བཞིན་སྔོན་བོད་ཀྱི་སྲོལ་རྒྱུན་གྱི་ཐ་སྙད་ནང་མེད་པ་དང་། རྒྱ་མིས་དབང་བསྒྱུར་ཟིན་པའི་རྗེས་སུ་ཐ་སྙད་མང་པོ་ཞིག་སླེབས་ཡོད། དེའི་ནང་ཁ་ཤས་དགོས་པ་ཡོང་སྲིད། འོན་ཀྱང་མང་ཆེ་བ་མི་དགོས་པ་ཤ་སྟག་རེད། དཔེར་ན། “སྤྱི་ཚོགས་རྙིང་པ་” ཞེས་པ་དེ་རྒྱ་མིས་བཟོས་པའི་སྐད་ཅིག་རེད། ང་རང་ཚོ་ལ་སྲོལ་རྒྱུན་གྱི་སྤྱི་ཚོགས་དང་ད་ལྟའི་སྤྱི་ཚོགས་ལ་སྤྱི་ཚོགས་རྙིང་པ་དང་། སྤྱི་ཚོགས་གསར་པ་ཞེས་ཟུར་དུ་བཞག་དགོས་པ་མེད། སྤྱི་ཚོགས་རྙིང་པ་ཞེས་པའི་ཐ་སྙད་དེ་རྒྱ་མིས་ཆེད་མངགས་ཀླད་པ་བཀྲུས་པའི་རིམ་པའི་ནང་བཟོས་པའི་ཐ་སྙད་ཅིག་ཡིན་པ་དེ་ངོས་ཟིན་དགོས་པ་དང། དེ་འདྲའི་རིགས་ལ་དོགས་ཟོན་གནང་དགོས།
སྤྱིར་བཏང་སྐད་ཡིག་ཉམས་ཆག་དེ་སྐད་ཡིག་གཞན་གྱི་གནོན་ཤུགས་ལ་བརྟེན་ནས་འགྲོ་བ་དང། ཆབ་སྲིད་ཀྱི་གནས་སྟངས་ལ་བརྟེན་ནས་འགྲོ་བ་དེ་དངོས་ཡོད་གནས་ཚུལ་རེད། ད་ལྟ་ང་ཚོའི་སྐད་ཡིག་ལ་གཞན་གྱི་ཉེན་ཁ་ཡོད་པ་དེ་བོད་ནང་ཡོད་པ་དེ་ཚོ་རྒྱ་སྐད་ཀྱི་གནོན་ཤུགས་འོག་ཏུ་ཉམས་ཆག་འགྲོ་བ་དང། ཕྱི་རྒྱལ་དང་བཙན་བྱོལ་ལ་ཡོད་པ་དེ་ཚོ་ཨིན་སྐད་ཀྱི་གནོན་ཤུགས་འོག་ནས་ཉམས་ཆག་འགྲོ་བ་དེ་གསལ་པོར་མཐོང་ཐུབ། གནས་ཚུལ་དེ་ཚོ་ཞིབ་ཚགས་པོ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད།
དེ་ནས་དགེ་རྒན་གྱི་ལག་དེབ་དེ་ཧ་ཅང་ཡག་པོ་བྱུང་འདུག དགེ་རྒན་འོས་སྦྱོང་གི་དགོས་མཁོ་ཆ་ཚང་ཚང་བ་ལྟ་བུ་འདུག རིན་པོ་ཆེ་དགེ་རྒན་འོས་སྦྱོང་ཐོག་མའི་གྲས་སུ་ཡིན་དུས་དེས་ཐུགས་ཁྱད་བྱུང་ཡོད་རེད་བསམ་གྱི་འདུག ལག་དེབ་དེ་ནི་ཨ་མདོ་རྔ་པ་ཙམ་མིན་པར་བོད་ཡོངས་རྫོགས་ཀྱི་དགེ་རྒན་སུས་གཟིགས་པ་ཡིན་ནའང་ཧ་ཅང་ཡག་པོ་འདུག་བསམས་པ་ཞིག་ཡོང་རྒྱུ་རེད། དེའི་ནང་དགེ་རྒན་གྱི་འོས་ཆོས་ཕར་ཕྱིན་ཐེག་པ་ནས་བཤད་པ་དང། འདུལ་བ་ནས་བཤད་པ་དེ་ཚོ་ཚང་མ་གསལ་པོ་བཀོད་འདུག ནམ་རྒྱུན་དགེ་རྒན་གྱི་འོས་ཆོས་ནང་གལ་ཆེ་ཤོས་ཡོངས་འཛིན་གྱི་འོས་ཆོས་དེ་ཚོ་རེད། སེམས་མི་འགོངས་པ་ཉིད་ལ་སོགས།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་པའི་ཚིགས་བཅད་གཅིག་པོ་དེའི་ནང་རྒྱ་གར་གྱི་ཟླ་བ་དགུའི་རིང་དགེ་རྒན་འོས་སྦྱོང་ལ་བསླབ་རྒྱུའི་སློབ་ཚན་ཡོངས་རྫོགས་ཚང་འདུག་ཅེས་རྒྱ་གར་མཁས་པ་འགས་ང་ལ་བཤད་མྱོང་། ད་ལྟ་རྒྱ་གར་གྱི་དགེ་རྒན་འོས་སྦྱོང་ལོ་གཉིས་ཆགས་ཟིན་པ་རེད། ཡོངས་འཛིན་གྱི་འོས་ཆོས་དེ་དག་དགེ་རྒན་གྱི་ལག་དེབ་ནང་བཞག་ན། དེང་རབས་ཀྱི་དགེ་རྒན་གྱི་དགོས་མཁོ་མང་ཆེ་བ་ཞིག་དེའི་ནང་ཚང་ཡོད། དུལ་བ་ཞི་བ་ཉེར་ཞི་བ་སོགས་གལ་ཆེན་པོ་ཡིན་པ་དེ་བཤད་མི་དགོས་པ་རེད། དེའི་ཐོག་ད་དུང་རྩལ་དུ་བཏོན་ཏེ། ཡོངས་འཛིན་གྱི་འོས་ཆོས་དེ་བཞག་ཐུབ་ན་ཡག་པོ་ཡོད་རེད་བསམ་པ་དེ་ང་རང་གི་རྨོངས་འཆར་ལྟ་བུ་ཡིན།
གང་ལྟར་ང་ཚོས་ངེས་པར་དུ་ཐུགས་དྲན་གསོ་དགོས་པ་ཞིག་ལ། རྒྱ་གར་ལྟ་བུར་མཚོན་ན། ཕྱི་ལོ་ ༡༨༣༤ ནས་འགོ་བཙུགས་ཀྱིས་མེ་ཀོ་ལེས་ (Macaulay) ཤེས་ཡོན་ལམ་སྲོལ་གསར་པ་བཏོད་པ་ནས་བཟུང་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་གྲངས་བར་ལོ་བརྒྱ་མ་ཟིན་ཙམ་ཞིག་ནང་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་ཡོངས་སུ་རྫོགས་པ་དེ་རྩ་མེད་ལ་ཕྱིན་པ་རེད། ང་ཚོ་རྒྱ་མིའི་འོག་ཏུ་ལོ་དྲུག་ཅུ་སོང་ཟིན་ནའང་བཙན་བྱོལ་དང་བོད་གཉིས་ཀའི་ནང་བོད་པའི་ཤེས་ཡོན་གྱི་ལམ་སྲོལ་རྩ་མེད་དུ་མ་ཕྱིན་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང། བཙན་བྱོལ་བོད་མིས་འབད་བརྩོན་གྱིས་བོད་ནང་ལའང་ཕན་ཐོགས་པ་མང་པོ་བྱུང་ཡོད་ལ། དེ་ཙམ་དུ་མ་ཟད་བོད་ནང་ཡོད་པའི་མཁས་དབང་རིམ་བྱོན་དང། བོད་མི་ཚོས་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་རྒྱུན་འཛིན་བྱེད་ཐུབ་པ་དེའི་དབང་གིས་བྱུང་བ་རེད། ད་ལྟ་ལོ་དྲུག་ཅུ་གནས་ཐུབ་པ་ལ་བལྟས་ན། མ་འོངས་པར་ལོ་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ་པའི་འབད་བརྩོན་གནང་བ་ཡིན་ན། ཏན་ཏན་འབད་བརྩོན་ཐུབ་ངེས་ཤིག་རེད། དེ་ཚོ་སློབ་དེབ་དང་སློབ་ཚན་དང་འབྲེལ་བ་ཡོད་པའི་སྐོར་རྣམས་ཡིན།
གྲོས་གཞི་དང་པོའི་ནང་སློབ་ཕྲུག་ལོ་བདུན་ནས་ལོ་དགུ་བར་གྱི་ན་གཞོན་ཚོའི་སྐོར་རེད། དེ་ལ་དམིགས་བསལ་རྡོག་རྡོག་ཞུ་རྒྱུ་ཞིག་ལ། སློབ་སྦྱོང་གི་ལས་རིམ་དང་འབྲེལ་བ་གཏིང་ཟབ་ཡོད་པའི་སྡེ་ཚན་ཁ་ཤས་ཤིག་ཡོད། དང་པོ་དེ་ཕ་མ་རེད། གཉིས་པ་དེ་དགེ་རྒན་རེད། གསུམ་པ་དེ་སློབ་ཕྲུག་རེད། བཞི་པ་དེ་འཛིན་སྐྱོང་རེད། ལྔ་པ་དེ་སྤྱི་ཚོགས་རེད། དེ་ལྔ་པོ་སློབ་སྦྱོང་གི་ལས་རིམ་ག་འདྲ་ཞིག་ཡིན་ནའང་ཐེ་བྱུས་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ཕྲུ་གུ་མ་འབྱར་ནས་ལོ་བརྒྱད་བར་གྱི་གནས་སྐབས་སུ་ཀླད་པའི་གནས་ཚད་ཡར་རྒྱས་འགྲོ་བའི་གོ་སྐབས་བཟང་ཤོས་ཡིན་པ་ཚང་མས་བཤད་ཀྱི་ཡོད། ཕྲུ་གུ་དགེ་རྒན་ས་ལ་མ་སླེབས་གོང་དུ་ཕ་མས་གསོ་སྐྱོང་བྱེད་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་རབ་བྱུང་བྱེད་པའི་གོ་སྐབས་ཡོད་པའི་ཕྲུ་གུའི་ཕ་མ་དེ་ཚོ་ལའང་རྒྱུན་དུ་ཟབ་སྦྱོང་དང་ལམ་སྟོན་གནང་ཐུབ་ན་ཡག་པོ་ཡོད་རེད།
དེ་ལ་དེང་རབས་ཀྱི་ལྟ་ཚུལ་མི་འདྲ་བ་གཉིས་རེད། ལོ་བརྒྱད་ཀྱི་བར་དུ་སྐད་ཡིག་མང་པོ་བསླབ་ན་ཤེས་བདེ་ཤོས་ཀྱི་སྐབས་ལ་བརྩི་བ་རེད། དེ་ཡིན་དུས་ཆུང་དུས་ནས་སྐད་མང་པོ་བསླབ་དགོས་རེད་ཟེར་བའི་བསམ་ཚུལ་གཅིག་དང། ལོ་གཅིག་ནས་བརྒྱད་ཀྱི་བར་དུ་ཀླད་པ་ཡར་རྒྱས་ཆེ་ཤོས་འགྲོ་བའི་སྐབས་དེར་སྐད་ཡིག་གཅིག་མ་གཏོགས་བསླབ་རྒྱུ་ཡོད་པ་མ་རེད། དེ་རང་སྐད་མ་གཏོགས་བསླབ་རྒྱུ་ཡོད་པ་མ་རེད། སྐབས་དེར་སྐད་ཡིག་མང་པོ་བསླབ་ན་བསམ་བློ་ཚང་མ་འཁྲུགས་འགྲོ་གི་རེད་ཅེས་པའི་ལྟ་ཚུལ་གཅིག་རེད། དེ་གཉིས་པོའི་ནང་ནས་ད་ལྟའི་གནས་སྐབས་སུ་ཆུང་དུས་སྐབས་ལ་སྐད་ཡིག་མང་པོ་བསླབ་རྒྱུ་མེད་པ་དེའི་ཐོག་མཁས་པ་མང་ཆེ་བས་མོས་མཐུན་གནང་གི་ཡོད། གང་ལགས་ཤེ་ན། སྒྲ་དེ་རྣམ་རྟོག་གི་རྗེས་སུ་འབྲངས་པ་དང་རྣམ་རྟོག་དེ་སྒྲའི་རྗེས་སུ་འབྲངས་པ་རེད། སྐད་ཡིག་གཅིག་གི་ཐོག་ནས་བསམ་བློ་གཏོང་བའི་ནུས་པ་དེ་ཕྲུ་གུ་ལ་ཡོད་ན། འཛིན་གྲྭ་བཞི་པ་ཡན་ནས་སྐད་ཡིག་བཅུ་བཅོ་ལྔ་ག་ཚོད་བསླབ་ནའང་། རང་གི་སྐད་ཅིག་ཡོད་པའི་ཐོག་ནས་སྐད་ཡིག་གཞན་སློབ་སྦྱོང་བྱེད་པའི་གནས་སྟངས་ཆགས་ཀྱི་ཡོད་དུས། སོ་སོའི་ལང་ས་ལྟ་བུ་དེ་མ་ཤོར་བར་བསྡད་ཐུབ་པ་མ་ཟད། བསམ་བློ་གཏོང་དུས་རང་སྐད་ཀྱི་ཐོག་ནས་གཏང་ཐུབ་པ་དང་། རང་གི་རྣམ་རྟོག་དེ་རང་སྐད་ཀྱི་མཉམ་དུ་འགྲོ་བ། སྐད་ཡིག་གཞན་པ་ཞིག་ཏུ་ཕར་འགྱུར་མི་འགྲོ་བ་བཅས་ཡོང་ཐུབ། དེར་བརྟེན་ལོ་བརྒྱད་ཀྱི་བར་དུ་ཕ་མ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅིང་། སྐད་ཀྱང་རང་སྐད་ཁོ་ན་བེད་སྤྱོད་བྱ་རྒྱུ་གལ་ཆེ།
དེང་རབས་ཀྱི་བཤད་ཚུལ་དུ་དགེ་རྒན་ཚོས་ཕྲུ་གུའི་སེམས་ཁམས་ཀྱི་གནས་བབ་དེ་ཤེས་པ་ཞིག་དགོས་ཞེས་པ་དེ་དངོས་ཡོད་གནས་སྟངས་རེད། ཕྲུ་གུའི་སེམས་ཁམས་ཡག་པོ་མ་ཤེས་ན། དགེ་རྒན་གྱིས་ཕྲུ་གུའི་བློ་ལ་འཇུག་པའི་སློབ་ཁྲིད་ཡག་པོ་ཞིག་བྱེད་མི་ཐུབ། དེར་བརྟེན་ཕྲུ་གུའི་སེམས་ཁམས་ཤེས་དགོས་ཞེས་པ་དེ་དེང་རབས་དང། སྔར་སྲོལ་གཉིས་ལ་མི་མཐུན་པ་མེད། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་མ་ཤེས་པ་ཡིན་ན་གདུལ་བྱ་བཀྲི་མི་ཐུབ་པ་དེ་སངས་རྒྱས་ཀྱི་གསུང་ནང་ཡང་ཡང་ཡོང་བ་ཞིག་རེད། དེ་དང་ཆབས་ཅིག་ང་རང་ཚོ་ལ་ཐུན་མོང་མ་ཡིན་པའི་དགོས་མཁོ་དེ་དགེ་རྒན་ཚོས་ཕྲུ་གུའི་སེམས་ཁམས་ཤེས་པ་ཙམ་དུ་མ་ཟད། ཕྲུ་གུའི་སེམས་ཁམས་ལ་འགྱུར་བ་བཏང་བའམ་བློ་སྦྱངས་ནས་སློབ་སྦྱོང་བྱེད་པའི་བརྩོན་འགྲུས་སླེབས་ཐུབ་པ་དང་། བྱ་བ་ངན་ཞེན་དང་བདག་ཉིད་ལ་བརྙས་པའི་ལེ་ལོ་སྤངས་ཐུབ་པ་སོགས་དེ་འདྲའི་བསམ་བློའི་རྣམ་རྟོག་དེ་ཚོ་ཕྲུ་གུའི་ཀླད་པའི་ནང་བླུག་ཐུབ་པའི་ཐབས་ཤེས་གནང་དགོས། གང་ལྟར་ཕྲུ་གུ་ཆུང་ཆུང་ཁོ་རང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་བསྟུན་ནས་འགྲོ་དགོས་ཞེས་པ་དེ་ཁས་ལེན་པ་དང་ཆབས་ཅིག དེ་ལའང་བཟོ་བཅོས་དང་སྣོན་པ་བརྒྱབ་རྒྱུ་ཡོད་པ་དང་། བསམ་པའི་འཁྱེར་སོ་ཁྱད་པར་བ་ང་རང་ཚོས་ཆེད་དུ་གཉེར་ནས་བསྐྲུན་རྒྱུ་ཡོད་པ་ཞིག་དགེ་རྒན་ཚོས་ངེས་པར་དུ་མཁྱེན་དགོས་པ་དེ་ཐུགས་གལ་ཆེན་པོ་རེད། གྲོས་གཞི་དང་པོའི་སྐོར་ལ་དེ་ཙམ་ཞིག་ཡིན།
གྲོས་གཞི་བཞི་པའི་ནང། དགེ་རྒན་དང་དགེ་ཕྲུག་གི་བར་དང། ལྷག་པར་དུ་དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭའི་ནང་དགེ་རྒན་དགེ་ཕྲུག་དབར་བླ་མ་དང་སློབ་མའི་འདུ་ཤེས་དགོས་མིན་སྐོར་རེད་འདུག འཛིན་གྲྭའི་ནང་སློབ་མཁན་དགེ་རྒན་དང། ཆོས་ཀྱི་རྒྱུན་སྤེལ་མཁན་དགེ་རྒན་གཉིས་པོ་ཐ་དད་བྱས་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག སྤྱིར་བཏང་ང་ཚོའི་སྲོལ་རྒྱུན་ནང་ཐ་སྙད་རིག་པ་སློབ་མཁན་རྣམས་དགེ་རྒན་ལ་བརྩི་བ་དང་མི་བརྩི་བ་སྣ་ཚོགས་ཤིག་ཡོང་གི་འདུག བོད་ནང་ལའང་ཐ་སྙད་རིག་གནས་སློབ་མཁན་དགེ་རྒན་རྣམས་བླ་མའི་གྲངས་སུ་མི་བརྩི་བ་མང་པོ་རེད། ལྷག་པར་དུ་སྦག་ས་དེ་སློབ་གྲྭའི་རྣམ་པ་ལ་བསྒྱུར་གྱི་ཡིན་ཞེས་འཛིན་གྲྭ་སོ་སོའི་ནང་དགེ་རྒན་གཅིག་བཙུགས་ཏེ་འཛིན་གྲྭ་བརྗེ་པོ་རྒྱག་པའི་ལམ་སྲོལ་བྱུང་སྐབས་བཤེས་གཉེན་བསྟེན་ཚུལ་ཁག་པོ་ཡོང་གི་འདུག་ཅེས་དེའི་སྐོར་ལ་བགྲོ་གླེང་མང་པོ་བྱུང་བ་རེད། གཞན་ཡང་མཁན་པོ་སོ་སོའི་བརྩི་བཞག་དང་ཆོས་གནང་རྒྱུ་དེ་ཚོ་བླ་མར་བརྩི་བ་དང་མི་བརྩི་བ་ཅི་རིགས་རེད། ང་ཚོས་འཛིན་གྲྭའི་ནང་ཤེས་བྱ་རིག་པའི་གནས་ཁོ་ན་བྱས་ནས་བསླབ་རྒྱུ་དེ་རེད། དེས་ན་སློབ་མས་ཕྱག་འཚལ་བ་དང་མཎྜལ་འབུལ་བ་སོགས་བླ་སློབ་ཀྱི་འབྲེལ་བ་བཞག་མི་དགོས། སྔོན་མ་བོད་པའི་གཞི་རིམ་སློབ་གྲྭ་ཐོག་མ་ཚུགས་སྐབས་ཆོས་དགེ་ཟེར་བ་ཞིག་ལོགས་སུ་བཙུག་པའི་གནས་སྟངས་དེ་ཕལ་ཆེར་དེ་འདྲ་ཞིག་ལ་དགོངས་པ་བཞེས་ཡིན་ཚོད་འདུག
དགེ་རྒན་གྱི་ཁྱད་ཆོས་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་ནི་དགེ་རྒན་སོ་སོའི་ཀུན་སྤྱོད་དེ་རེད། རབ་བྱུང་ཡིན་ན་འདུལ་བ་དང་མཐུན་པ་དང་། ཁྱིམ་པ་ཡིན་ན་ཡ་རབས་ཀྱི་སྤྱོད་ཚུལ་ལྡན་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། དགེ་རྒན་ལ་ཤེས་ཡོན་ཡག་པོ་ཡོད་པ་ཡིན་ནའང་ཀུན་སྤྱོད་ཚད་ལྡན་མེད་ན། སློབ་ཕྲུག་ཀུན་སྤྱོད་ཡག་པོ་ཡོང་བ་དང་བསྟན་པ་འཛིན་སྐྱོང་གནང་ཐུབ་མཁན་ཞིག་ཡོང་བའི་གནས་སྟངས་ཁག་པོ་རེད། དགེ་རྒན་རང་ཉིད་ལུང་རྟོགས་ཀྱི་བསྟན་པ་འཛིན་ཐུབ་པ་ཞིག་བྱུང་བ་ཡིན་ན་དགེ་ཕྲུག་ཀྱང་དེ་བཞིན་ཏན་ཏན་ཡོང་ཐུབ་མདོག་ཁ་པོ་རེད།
དེང་སང་སྤྱིར་སློབ་སྦྱོང་དང་། དམིགས་བསལ་ཆོས་ལ་སློབ་སྦྱོང་གི་འགལ་རྐྱེན་ཆེ་ཤོས་ནི་འདོད་རྔམས་སྤྱི་དང་། ཁྱད་པར་དཔལ་འབྱོར་ལ་རྔམས་པ་དེ་རེད། དགེ་རྒན་གྱི་རིགས་དང་། ལྷག་པར་དུ་རབ་བྱུང་གི་དགེ་རྒན་གྱི་རིགས་དེ་ཚོ་དོན་ཉུང་བ་བྱ་བ་ཉུང་བ་དང་། དཔལ་འབྱོར་ལ་ཁྱོན་ནས་དོ་སྣང་མེད་པ། དངུལ་ལ་དོ་སྣང་མེད་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། དགེ་རྒན་དངུལ་ལ་རྔམས་པ་ཞིག་ཡིན་ན། དགེ་ཕྲུག་ལ་དངུལ་ལ་རྔམས་རྒྱུ་ཡོད་པ་མ་རེད་ཅེས་གསུངས་པ་ཡིན་ན། དེ་ནི་དོན་མི་མཐུན་པའི་སྐད་ཆ་རེད། དེས་ཕན་ཐོགས་གང་ཡང་ཡོད་མ་རེད། ད་ལྟའི་གནས་སྐབས་ལ། མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས།། ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ།། ཞེས་གུང་ཐང་གིས་གསུངས་པ་དེ་དངོས་ཡོད་གནས་སྟངས་རེད། ད་ལྟ་ཚང་མ་ལ་གནས་ཚུལ་ཐབས་སྐྱོ་པོ་ཡོང་བ་དེ་དཔལ་འབྱོར་གྱི་འདོད་རྔམས་དང་། ལྷག་པར་དུ་བག་མེད་ལོངས་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་འདིའི་ནང་དགོས་མཁོ་དང་མཐུན་པའི་ལོངས་སྤྱོད་བྱེད་པའི་གོ་སྐབས་མ་བྱུང་བའི་དབང་གིས་གནས་ཚུལ་མང་པོ་ཞིག་འཁྲུགས་བསྡད་ཡོད་རེད། དགེ་རྒན་དགེ་ཕྲུག་གཉིས་ཀས་རང་རང་སོ་སོའི་ཆོས་དང་མཐུན་པའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང། ཐོག་མར་རང་གིས་ཉམས་སུ་ལེན་པ་དང་། དེ་ནས་གཞན་ལ་བསྟན་ཐུབ་པ་ཞིག་བྱུང་བ་ཡིན་ན། ཡག་པོ་ཡོང་བའི་རེ་བ་བརྒྱབ་ཆོག
དུས་ཚོད་ཀྱི་རྐྱེན་པས་འདིར་མཚམས་འཇོག་ཞུ་རྒྱུ་ཡིན། དེ་ནས་ཁྱེད་རང་ཚོས་བགྲོ་གླེང་དེ་དོན་དང་ལྡན་པ་ཡོང་བ་དང། འདི་ནས་ཐོན་པའི་གྲུབ་དོན་དེ་ཚོ་བོད་རིགས་ཙམ་མ་ཡིན་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་ཞུགས་པའི་མི་རིགས་ཚང་མར་ཕན་ཐོགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།