པཎ་ཆེན་འཁྲུངས་ཚེས་དང་བསྟུན་མཁས་པའི་ཚོགས་འདུ་ཞིག་ཐོག་གནང་བའི་གསུང་བཤད།

༄༅། ། བར་སྐབས་བྱེས་བཀྲ་ཤིས་ལྷུན་པོ་དགོན་པ་དང༌། པཎ་ཆེན་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་མྱུར་བཙོན་འགྲོལ་ཡོང་ཐབས་དང་མཛད་འཕྲིན་གོང་མཐོར་སྤེལ་ཐབས་ཆོས་དང་ཆབ་སྲིད་གཉིས་ཐད་ནས་ལྷག་བསམ་རྣམ་དག་གི་ལས་འགུལ་མང་པོ་ཞིག་མུ་མཐུད་ནས་སྤེལ་ཡོད་པ་རེད། དེ་དག་ལ་བཙན་བྱོལ་བོད་གཞུང་དང༌། ང་རང་སྒེར་གྱི་ངོས་ནས་རྗེས་སུ་ཡི་རངས་དང་འབྲེལ་བའི་བསྔགས་བརྗོད་དང༌། རྒྱབ་སྐྱོར་ཆ་ཚང་ཡོད། ལྷག་པར་པཎ་ཆེན་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་ཡིག་ཆ་མང་པོ་འགྲེམས་སྤེལ་གནང་བ་དང༌། དེ་དག་ནང་སྐུ་འཕྲེང་བཅུ་པ་ཆེན་པོའི་བཀའ་སློབ་གཞིས་བྱེས་བོད་མིར་དེང་གི་སྐབས་ཧ་ཅང་རྙེད་དཀའ་བ་མང་པོ་ཞིག་པར་བསྐྲུན་གནང་འདུག་པ་དེ་དག་བརྗོད་དོན་གསལ་ཞིང༌། དག་ཆ་ནོར་འཁྲུལ་མེད་པ་བཅས་ཧ་ཅང་ལེགས་པོ་ཡོད་པར་བརྟེན་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཆེན་པོ་ཡོད།

ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང༌། པཎ་ཆེན་སྐུ་འཕྲེང་བཅུ་པ་གཉིས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གཉན་འཕྲང་ཆེ་བའི་དུས་སུ་དགུང་གྲངས་བཞི་ལྔ་ལས་སྔ་ཕྱི་མེད་པར་སྐུའི་མཚན་དཔེའི་དཀྱིལ་འཁོར་བཞད་ཡོད། ྋརྒྱལ་བ་ཡབ་སྲས་རྣམ་གཉིས་བར་གཞན་དང་མི་འདྲ་བའི་ཐུགས་སྣང་གཤིན་ཞིང༌། དམ་ཚིག་གཙང་བའི་ངང་བོད་ནང་ལྷན་བཞུགས་གནང་རྒྱུའི་གོ་སྐབས་གང་འཚམས་བྱུང་ཡོད། རིམ་པས་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། ཀུན་གཟིགས་རིན་པོ་ཆེ་བཙན་བྱོལ་དུ་མ་ཕེབས་པར་བོད་ནང་བཞུགས་དགོས་པའི་གནས་ཚུལ་བྱུང་ཡོད། གནས་ཚུལ་དེ་ཚོ་ནི་འ་ཆད་འུ་ཐུག་དང༌། སྟབས་མ་འགྲིགས་པའི་གནས་ཚུལ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད། ྋརྒྱལ་བ་ཡབ་སྲས་རྣམ་གཉིས་ནས་གཅིག་གིས་བཙན་བྱོལ་དུ་ཕེབས་ནས་བོད་མི་རིགས་དང༌། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་མཛད་འཕྲིན་རྒྱལ་སྤྱིའི་ཁྱོན་དུ་མུ་མཐུད་བསྐྱངས་ཏེ་བོད་གངས་ཅན་ལྗོངས་རྗེས་སུ་འཛིན་པར་མཛད་པ་དང༌། གཅིག་གིས་བོད་ནང་བོད་མི་རིགས་མང་ཆེ་བ་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་གནང་སྟེ་གཞིས་སུ་བཞུགས་ནས་བོད་མི་རིགས་དང༌། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བསམ་བཞིན་ཐུགས་བསྐྱེད་སྔོན་དུ་སོང་བའི་ངང་བཞུགས་པ་ཞིག་ལས་གང་ཟག་ཐ་མལ་པ་ལྟར་ྋརྒྱལ་བ་གཅིག་རྒྱ་གར་ནང་ཕེབས་མ་ཐུབ་པར་གཞིས་སུ་ལུས་པ་དང༌། གཅིག་བོད་ནང་བཞུགས་མ་ཐུབ་པར་རྒྱ་གར་དུ་ཕེབས་པའི་གནས་ཚུལ་ཞིག་གཏན་ནས་མིན་པ་ང་ཚོ་ཚང་མས་ཤེས་རྟོགས་དགོས་པ་རེད། ཕ་རོལ་བཙན་གནོན་དབང་སྒྱུར་འོག་ཕྱག་ལས་གནང་སྟེ་བཞུགས་མཁན་ཀུན་གཟིགས་རིན་པོ་ཆེའི་གནས་ཚུལ་ནས་ཞུས་ན་ཇི་ཙམ་དཀའ་སྡུག་ཆེ་བ་དེ་ཙམ་གྱིས་སྙིང་སྟོབས་ཀྱི་གོ་ཆ་བསྐྱེད་དགོས་པ་གསལ་པོ་རེད། སྤྱིར་བཏང་ྋརྒྱལ་དབང་དང་པཎ་ཆེན་སྐུ་འཕྲེང་རིམ་བྱོན་གྱི་བཀའ་དྲིན་བོད་མི་རིགས་ཀྱིས་དུས་ནམ་ཡང་གསབ་ཐུབ་ཐབས་མེད་པ་མ་ཟད། དེའི་ནང་ནས་ྋརྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང༌། པཎ་ཆེན་སྐུ་འཕྲེང་བཅུ་པ་གཉིས་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་སྔར་ན་མ་གྲགས་པའི་མཛད་རྗེས་འཇོག་མཁན་ཞིག་དང༌། འཛམ་གླིང་འགྲོ་བ་མི་རིགས་ཀྱི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་མཁན་གྱི་སྐྱེས་བུ་དམ་པ་མི་འདྲ་བ་གཉིས་བྱོན་ཡོད་པའི་བཀའ་དྲིན་རང་རེས་བྱང་ཆུབ་མ་ཐོབ་པར་གསབ་ཐབས་མེད་པ་ཞིག་རེད།

པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནས་བོད་མི་རིགས་ཆེད་དུ་སྐུ་ངལ་གང་དང་གང་བསྐྱོན་གནང་ཡོད་བགྲང་མི་དགོས་པར་ཚང་མས་ཤེས་བསྡད་པ་རེད། འོན་ཀྱང་དེ་སྔ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པ་རྒྱ་ནག་ལ་ཕེབས་པའི་སྐབས་པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཛྲཁྱེད་རང་ཚོ་རང་དབང་ཅན་གྱི་ལུང་པའི་ནང་སྡོད་མཁན་ཚོས་བསམ་མི་ཕོད་པའི་གནས་ཚུལ་མང་པོ་ཞིག་ང་ཚོས་བཤད་ཕོད་པ་བྱས་ཏེ་གནས་ཡོད། ཛྲ ཅེས་བཀའ་གནང་ཡོད། འདི་ནི་བསྡོམས་ཚིག་ཧ་ཅང་ཆེན་པོ་རེད། བཀའ་གནང་སའི་མི་ཚོ་ད་ལྟ་འཚོ་བཞུགས་གནང་ཡོད་པ་ལས་ངས་བཟོས་པའི་སྐད་ཆ་མིན།

དེ་རིང་ཕྲན་ལ་གཏམ་བཤད་ཀྱི་བརྗོད་གཞི་དམིགས་བཀར་མེད་པར་བརྟེན་པཎ་ཆེན་སྐུ་འཕྲེང་བཅུ་པའི་མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་དང༌། སྐུ་འཕྲེང་བཅུ་གཅིག་པའི་གནས་སྐབས་ཀྱི་སྐུ་ངལ་ཐད་ཚང་མའི་བློ་ངེས་ཡིན་པར་བརྟེན་བསྐྱར་བཤད་བྱས་ཏེ་དགོས་པ་ཆེ་བ་མེད། འདི་གར་ནན་བཤད་བྱ་རྒྱུའི་གནས་ཚུལ་ནི་སྤྱིར་བཏང་མི་མང་པོ་ཞིག་གིས་ཤེས་པའི་གནས་ཡིན་ཡང༌། བར་སྐབས་དྲན་ཡུལ་ལ་གསལ་པོ་མེད་པའི་གནས་ཚུལ་ཁ་ཤས་ཞུས་ན་སྙམ་པ་བྱུང་ཞིང༌། པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་བརྒྱུད་རིམ་གྱི་སྐོར་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟའི་གནས་སྐབས་སུ་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པར་པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་གནས་ཚུལ་ཐད་རྙོག་གླེང་ཞུ་གི་ཡོད་ལ། རྒྱལ་སྤྱིའི་ནང་དུའང་རྙོག་གླེང་འདི་དག་མང་པོ་བཤད་ཀྱི་ཡོད། རྒྱ་ནག་གཞུང་གི་དབུ་ཁྲིད་ཚོསྋརྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པའི་ཡང་སྲིད་ངོས་འཛིན་བྱེད་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་བསྡུར་གཏན་ནས་མ་གནང་བར་ཕྱོགས་གཅིག་གིས་ཐག་གཅོད་བྱས་ཏེ་ངོས་འཛིན་བྱས་པ་ནི་བོད་རྒྱའི་འབྲེལ་བར་གནོད་སྐྱོན་ཆེན་པོ་བཏང་བ་མ་ཟད། པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་ལས་རིམ་དང༌། དེ་དང་འབྲེལ་བ་ཡོད་པའི་བོད་ཀྱི་གནས་བབ་མང་པོ་ཞིག་གི་ཐོག་གནོད་སྐྱོན་བཏང་བ་རེད་ཅེས་བཤད་ཀྱི་ཡོད།

ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་གནས་ཚུལ་གསལ་པོ་མེད་པ་དང༌། ཚང་མས་དྭོགས་པ་རྣམ་རྟོག་བྱེད་དགོས་པའི་གནས་སྟངས་འོག་པཎ་ཆེན་སྐུ་གོང་མ་དགོངས་པ་གཞན་དོན་དུ་གཤེགས་པ་རེད། ཡིད་སྐྱོ་བའི་གནས་ཚུལ་ཐོན་མ་ཐག་ྋསྐྱབས་མགོན་རིན་པོ་ཆེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་གནང་ནས་པཎ་ཆེན་རིན་པོ་ཆེ་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན་པ་དང༌། ྋརྒྱལ་བ་ཡབ་སྲས་གཉིས་ཀྱི་སྔར་སྲོལ་དང་མཐུན་པའི་དགོངས་རྫོགས་མཆོད་འབུལ་གནང་དགོས་པ་དང༌། མཆོད་འབུལ་ཆེད་དུ་དགེ་འདུན་པ་བཅུ་གྲྭ་ལས་མ་ཉུང་བ་ཞིག་གཏོང་ཆོག་པ་དང༌། དེ་བཞིན་མཆོད་འབུལ་གྱི་ཞལ་འདེབས་བཀྲས་ལྷུན་དགོན་པར་ཕུལ་ཆོག་པའི་ཆེད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྡི་ལིར་ཡོད་པའི་གཞུང་ཚབ་དང༌། རྒྱ་ནག་དབུས་གཞུང་གཉིས་ཀར་ཐད་ཀར་འབྲེལ་ལམ་གནང་ནས་རེ་འདུན་དེ་དག་གསལ་བར་འདོན་པ་གནང་བ་རེད། འོན་ཀྱང་དེ་དག་ལ་དུས་ཐོག་འདི་བྱས་འདི་མིན་གྱི་ལན་གང་ཡང་མེད་པར་ལུས་པ་རེད། རྗེས་སུ་གློ་བུར་ཞིག་ལ་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༧ ཉིན་རྒྱ་ནག་ནང་བསྟན་ཆོས་ཚོགས་ནས་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༥ ཉིན་པཎ་ཆེན་སྐུ་འཕྲེང་བཅུ་པའི་དགོངས་རྫོགས་མཆོད་འབུལ་བྱེད་རྒྱུ་དང༌། དེའི་ཉིན་དྲུག་གི་སྔོན་ལ་ྋསྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ཏུ་ཆིབས་སྒྱུར་གནང་རོགས་ཞེས་ཞུས་པ་རེད། དེ་ཡང་གདན་ཞུའི་མགྲོན་བརྡ་ཙམ་ལས་ཆིབས་སྒྱུར་གནང་ནས་མཛད་རིམ་ཇི་ཡོད་སོགས་ཀྱི་གནས་ཚུལ་གསལ་པོ་གཏན་ནས་མེད། ྋརྒྱལ་བ་རིན་པོ་ཆེ་གང་དུ་ཆིབས་སྒྱུར་གནང་ཡང་ཉི་མ་དྲུག་བདུན་ནང་ཆིབས་སྒྱུར་གནང་ཐུབ་པའི་གནས་སྟངས་ཤིག་མེད་པ་དངོས་ཡོད་ཀྱི་གནས་ཚུལ་རེད། ལྷག་པར་དུ་ཡང་བཙན་བྱོལ་གྱི་གནས་བབ་དུ་བཞུགས་པའི་རྒྱལ་ཁབ་དེའི་ནང་ཉི་མ་དྲུག་གི་སྔོན་གྱི་མགྲོན་བརྡའི་ཐོག་ཕེབས་དགོས་པ་བྱུང་ན་བཙན་བྱོལ་བའི་རྒྱལ་སྤྱིའི་གནས་སྟངས་ཐོག་ནས་ཡིན་ནའང་འདྲ། དེ་མིན་ཁྲིམས་ལུགས་དང་ཆབ་སྲིད་གནས་སྟངས་སོགས་གང་ཐད་ནས་ཉི་མ་དྲུག་བདུན་ནང་ཕྱག་ལེན་འཁེལ་ཐབས་མེད་པ་ནི་ཧ་ཅང་གསལ་པོ་རེད། གོང་གསལ་གནས་ཚུལ་ལ་བརྟེན་ནས་ཆིབས་སྒྱུར་གནང་མ་ཐུབ་པ་རེད། ཆིབས་སྒྱུར་གནང་འདོད་མེད་པ་དང་ཆེད་དུ་མངགས་ནས་ཆིབས་སྒྱུར་མ་གནང་བ་དེ་འདྲ་རྩ་བ་ནས་མ་རེད། རྒྱ་ནག་ཕྱོགས་ནས་མགྲོན་བརྡ་འབུལ་སྟངས་དང༌། གྲ་སྒྲིག་བྱེད་སྟངས་ཐོག་ནས་ཆིབས་སྒྱུར་གནང་ཐུབ་པའི་ཐབས་ལམ་མེད་པ་ཞིག་གི་གནས་བབ་འོག་ནས་བྱུང་བར་བརྟེན་ཆིབས་སྒྱུར་གནང་མ་ཐུབ་པ་རེད། འདི་ཕྱོགས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་གཞུང་གིས་ྋརྒྱལ་བ་རིན་པོ་ཆེར་རྒྱ་ནག་ཏུ་ཆིབས་སྒྱུར་ཡོང་བའི་གདན་ཞུ་ཕུལ་ཡོད་ཀྱང་ཕེབས་མ་ཐུབ་པ་རེད། དེ་ནི་གོ་སྐབས་ཆེན་པོ་གློད་པ་རེད་ཅེས་བཤད་མཁན་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱོགས་ནས་ཀྱང་རྟག་པར་བརྗོད་ཀྱི་ཡོད། དེ་བཞིན་ང་ཚོའི་གྲོགས་པོ་ཤ་ཚ་ཡོད་མཁན་ཁ་ཤས་ནས་ཀྱང་ཁྱེད་རང་ཚོས་ཧ་ཅང་ནོར་བ་རེད་ཅེས་བཤད་མཁན་ཡོད། སྐབས་དེའི་གནས་ཚུལ་ནས་མི་སུ་ཡིན་ཡང་ཉིན་དྲུག་གི་ནང་ྋརྒྱལ་བ་རིན་པོ་ཆེ་པེ་ཅིང་ལ་ཆིབས་སྒྱུར་གྲ་སྒྲིག་གི་འགན་འཁྱེར་མི་ཐུབ་པ་ནི་གོ་སྐབས་ཤོར་ཡོད་ནའང་འདྲ། གང་ལྟར་ཡང་འགྲིགས་ཡོད་ནའང་འདྲ། དངོས་ཡོད་གནས་སྟངས་ནས་གྲ་སྒྲིག་ཐུབ་ཐབས་མེད་པའི་གནས་ཚུལ་ཡིན།

དེ་རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ྋསྐྱབས་མགོན་རིན་པོ་ཆེས་མཆོད་འབུལ་ཆེད་གཏོང་རྒྱུའི་སྐུ་ཚབ་ལ་བསྙད་འདོགས་མང་པོ་ཞིག་བྱས་ཏེ་མི་བཅུའི་ཚབ་ཏུ་མི་གཉིས་ལས་མང་བ་ཡོང་ན་འགྲིགས་ཀྱི་མི་འདུག་ཅེས་བཤད་པར་བརྟེན་མི་གཉིས་ཀྱིས་མཆོད་འབུལ་གྱི་ཆོ་ག་གཏོང་རྒྱུ་དང༌། དཀྱིལ་འཁོར་བཞེངས་རྒྱུ་ལ་སོགས་པ་གང་གི་ཆ་ནས་འགྲིགས་ཐབས་མེད་པར་བརྟེན་ང་ཚོས་སྐུ་ཚབ་ཚོགས་ཆུང་གཏོང་མ་ཐུབ་པ་དང༌། མཆོད་འབུལ་ཞལ་འདེབས་ཀྱང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་གཏོང་དགོས་པའི་གནས་ཚུལ་བྱུང་བ་རེད། དེ་ནས་རིམ་པས་ཡང་སྲིད་ངོས་འཛིན་གྱི་ལས་རིམ་འགོ་འཛུགས་དགོས་པ་དང༌། དེ་ནི་བོད་ཀྱི་སྲོལ་རྒྱུན་ལྟ་བུ་རེད། ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༢༡ ཉིན་ྋསྐྱབས་མགོན་རིན་པོ་ཆེས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ལས་རིམ་འགོ་འཛུགས་གནང་དགོས་ཀྱི་ཡོད་སྟབས་ྋསྐྱབས་མགོན་རིན་པོ་ཆེས་སྐུ་ཚབ་ཉུང་ཤས་ཤིག་ལྷ་མོའི་བླ་མཚོར་མཚོ་གཟིགས་སུ་གཏོང་གནང་རྒྱུའི་ཐུགས་འདུན་ཡོད་པར་མ་ཟད། དེ་ལྟར་གཏོང་འཐུས་ཆོག་པའི་གནས་ཚུལ་ཞུ་སྐབས་ཟླ་བ་གསུམ་ཙམ་རྗེས་དེའི་ལན་ནི་ང་ཚོའི་བློ་ཡུལ་དུ་མི་ཤོང་བའི་ཧ་ཅང་སྐྱོ་པོ་ཞིག་སླེབས་ཡོད། བརྡ་ལན་ནང་པཎ་ཆེན་གྱི་ཡང་སྲིད་གནད་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་གང་ཡང་བྱེད་དགོས་དོན་མེད་པའི་སྐོར་རེད། དེ་འདྲའི་གནས་ཚུལ་གྱི་བརྡ་ལན་བྱས་པར་བརྟེན་ཕྱི་ལོ་ ༡༩༩༣ ལོའི་ལོ་དཀྱིལ་བར་ང་ཚོ་འདི་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྒྱུད་ནས་པཎ་ཆེན་ཡང་སྲིད་ཐད་ཕྱག་ལས་གང་ཡང་གནང་མི་བདེ་བ་ཞིག་ཆགས་པ་རེད། དེ་ཙམ་དུ་མ་ཟད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བརྒྱུད་པ་བྱས་ཏེ་བཀྲས་ལྷུན་དགོན་དང༌། བོད་ཀྱི་ཕྱག་ལས་གནང་མཁན་ཚོར་ང་ཚོས་འབྲཻལ་བ་བྱེད་ཐུབ་པའི་གནས་སྟངས་ཤིག་ཀྱང་རྩ་བ་ནས་མེད་པའི་གནས་ཚུལ་བྱུང་བར་བརྟེན་ཕྱི་ལོ་ ༡༩༩༣ ཕྱི་ཟླ་ ༧ པ་བར་ལུས་པ་རེད།

ཕྱི་ལོ་ ༡༩༩༣ ལོའི་ཕྱི་ཟླ་ ༧ པའི་ནང་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་དང༌། ད་ལྟ་འདིར་ཡོད་པའི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་གཉིས་རྒྱ་ནག་ལ་ཕེབས་པའི་སྐབས་ལ་བཟང་ཕྱོགས་གནས་ཚུལ་གྱི་འགྱུར་བ་ཆེན་པོ་བྱུང་བ་བཤད་དགོས་ཀྱི་རེད། རྒྱ་ནག་གཞུང་ནས་པཎ་ཆེན་ཡང་སྲིད་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང༌། འདི་ནས་ཕེབས་པའི་སྐུ་ཚབ་རྣམ་པ་མཇལ་རྒྱུའི་གོ་སྐབས་ཤིག་གནང་བ་དང༌། སྐབས་དེར་ཡང་སྲིད་ཚོགས་ཆུང་ནས་ྋསྐྱབས་མགོན་རིན་པོ་ཆེར་ཐུགས་སྨོན་བདེན་ཚིག་གི་སྙན་ཞུ་དང༌། དེ་བཞིན་བཀྲས་ལྷུན་དགོན་གྱི་རྟེན་འབུལ་པཎ་ཆེན་སྐུ་འཕྲེང་རིམ་བྱོན་གྱི་གསུང་འབུམ་གཙོ་བོར་གྱུར་པའི་རྟེན་མང་པོ་ཞིག་གཞུང་འབྲེལ་གྱིས་ཕུལ་ནས་ཡང་སྲིད་ངོས་འཛིན་ཐད་ྋསྐྱབས་མགོན་རིན་པོ་ཆེས་མཉམ་རུབ་དང༌། ཐུགས་སྨོན་བདེན་ཚིག་གནང་རོགས་ཞེས་ཚོགས་ཆུང་རང་གི་ངོས་ནས་སྐུ་ཚབ་ཚོ་བརྒྱུད་རྟེན་འབུལ་སྙན་ཞུ་འབུལ་རྒྱུ་བྱུང་བ་རེད། དེའི་སྐབས་ང་ཚོར་རྒྱ་ནག་གཞུང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་ལས་དོན་ཐད་ྋསྐྱབས་མགོན་རིན་པོ་ཆེ་དང་མཉམ་རུབ་ཀྱི་ཕྱག་ལས་གནང་རྒྱུའི་ལངས་ཕྱོགས་ཤིག་བཟུང་མི་ཡོང་ངམ་སྙམ་པའི་རེ་བ་ཆེན་པོ་བྱུང་བ་རེད། གང་ཡིན་ཞེ་ན་རྒྱ་ནག་གཞུང་ནས་གནད་འགག་ཆེན་པོར་གཟིགས་ནས་ལོ་དེའི་ཟླ་བརྒྱད་པར་ང་ཚོའི་སྐུ་ཚབ་ཚོགས་པ་དང༌། རྒྱ་ནག་གཞུང་བར་འབྲེལ་མོལ་སྐབས་པཎ་ཆེན་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ྋརྒྱལ་བ་རིན་པོ་ཆེ་ཆོས་ཀྱི་དབུ་ཁྲིད་ཡིན་པར་ངོས་འཛིན་ཡོད་པའི་ཐོག་སྐྱབས་འཇུག་ཞུས་པ་ནི་ཧ་ཅང་གྲུབ་འབྲས་ཆེན་པོ་ཞིག་དང༌། འགྱུར་བ་བཟང་པོ་ཞིག་ཏུ་ངོས་འཛིན་བྱས་པ་དང༌། ཐ་ན་སྐབས་དེར་རྒྱ་ནག་འབྲེལ་ཡོད་དཔོན་རིགས་ཚོས་སྐུ་ཚབ་རྣམ་པར་རྒྱ་ནག་གཞུང་ནས་ྋགོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་ངོས་འཛིན་བྱས་པ་ལས་ལྷག་པ་ཁྱེད་རང་ཚོར་ག་རེ་དགོས་པ་འདུག་ཅེས་འདི་འདྲ་ཡན་ཆད་ཀྱི་སྐད་ཆ་བཤད་ཡོད། འོན་ཀྱང་དེའི་རྗེས་ལ་ལས་ཀ་ནི་མུ་མཐུད་ནས་བྱས་མེད་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་པཎ་ཆེན་ཡང་སྲིད་ཚོགས་ཆུང་གི་སྙན་ཞུར་ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༣ ཉིན་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་དེ་བཀའ་ལན་གནང་ཡོད་པ་རེད། བཀའ་ལན་ནང་ཡང་སྲིད་ངོས་འཛིན་གྱི་གནད་དོན་ནི་འགན་ཆེན་པོ་ཡིན་པར་བརྟེན་ཕན་ཚུན་གོ་བསྡུར་ཆེད་དུ་ཚོགས་ཆུང་གི་ཚོགས་གཙོ་རྒྱ་གར་དུ་ཁྱུག་ཙམ་ཕེབས་ཐུབ་ན་ཧ་ཅང་ཡག་པོ་ཡོང་བ་འདུག སྐབས་དེར་ཞིབ་ཕྲའི་བཀའ་བསྡུར་གནང་རྒྱུ་ཡོང་གི་རེད་ཅེས་གསུངས་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་ཁོང་ཚོ་རྒྱ་གར་ལ་ཕེབས་རྒྱུའི་གོ་སྐབས་མ་སྤྲད་པར་མ་ཟད། ྋསྐྱབས་མགོན་རིན་པོ་ཆེས་ཁོང་ཚོར་གནང་བའི་བཀའ་ཡིག་དེ་ཚོ་ཡང་དོ་བདག་སོ་སོར་འབྱོར་མེད། གང་དུ་འགག་མིན་མི་ཤེས། དུས་དེ་ནས་བཟུང་སྟེ་ཡང་སྲིད་ཚོགས་ཆུང་གི་མཛད་གཙོ་རྣམ་པ་དང༌། ྋསྐྱབས་མགོན་རིན་པོ་ཆེའི་བར་ལ་འབྲེལ་ལམ་ཆ་ཚང་ཆད་ནས་ལུས་པ་རེད།

ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་མི་གཉིས་ཧོང་ཀོང་ནས་ཆེད་མངགས་ྋསྐྱབས་མགོན་རིན་པོ་ཆེའི་མཇལ་ཁར་བཏང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་གསལ་བསྒྲགས་ཀྱི་དུས་ལ་སླེབས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་ལ་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་དེར་ྋརྒྱལ་བ་རིན་པོ་ཆེས་མཐུན་འགྱུར་གནང་ནས་པཎ་ཆེན་ཡང་སྲིད་འཁྲུལ་བྲལ་ཡིན་པ་བཀའ་གནང་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུ་བར་བཏང་ཡོད། ྋགོང་ས་མཆོག་ནས་དེའི་བཀའ་ལན་གནང་བའི་ནང་ཡང་སྲིད་ངོས་འཛིན་གྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་ལས་དོན་ཞིག་རེད། སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཞིག་ངོས་འཛིན་བྱེད་དགོས་པ་མ་གཏོགས། རྒྱལ་ཁབ་གཅིག་གི་ཆབ་སྲིད་དགོས་མཁོ་དང་བསྟུན་ནས་ཐག་གཅོད་གནང་ཐབས་མེད། གལ་ཏེ་ཡང་སྲིད་འཁྲུལ་བྲལ་ཞིག་མ་བྱུང་ན་སུས་ཀྱང་ངོས་འཛིན་བྱེད་ཐུབ་ཐབས་མེད། དེར་བརྟེན་སྔར་ནས་ཕྱོགས་གཉིས་བར་འབྲེལ་བ་ཞིག་ཡོད་པར་བརྟེན་ཕན་ཚུན་གོ་བསྡུར་གྱིས་ཐུན་མོང་ཐོག་ནས་ཡང་སྲིད་ངོས་འཛིན་བྱེད་དགོས་པ་དང༌། ལས་དོན་དེའི་ཐོག་ྋསྐྱབས་མགོན་རིན་པོ་ཆེས་ལྷག་བསམ་རྣམ་དག་གིས་མཐུན་འགྱུར་ཞུ་རྒྱུ་ཡིན། པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་གནད་དོན་དེ་དག་ཆབ་སྲིད་དང་མ་འབྲེལ་བ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང༌། ཆབ་སྲིད་དགོས་མཁོར་བརྟེན་ནས་ཡང་སྲིད་འཁྲུལ་བྲལ་ཡིན་མིན་ཐད་ཞིབ་ཚགས་པོའི་ཐག་གཅོད་མ་བྱུང་ན་འགྲིགས་ཐབས་མེད་པའི་སྐོར་ཞིབ་ཚགས་པོ་བཀའ་གནང་ཡོད་པ་དང༌། དེ་དང་ཆབས་ཅིག་དེ་སྔོན་ཡང་སྲིད་ཚོགས་ཆུང་ལ་གནང་བའི་བཀའ་ཡིག་ཁག་གི་ངོ་བཤུས་ཁག་ཀྱང་མཉམ་དུ་བཏང་ཡོད། མི་སྣ་དེ་ཚོས་བཀའ་ལན་དང་ཡིག་ཆ་དེ་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་ལ་ཐད་ཀར་ཕུལ་ཡོད་ཀྱང་རྒྱ་ནག་དབུ་ཁྲིད་ཚོས་ཡ་ལན་གང་ཡང་བྱས་མེད། དེ་ནས་ང་ཚོས་འབྲེལ་བ་གང་ཡང་བྱེད་ཐུབ་མེད་པ་དང༌། འབྲེལ་བ་བྱེད་མ་ཐུབ་པའི་གནས་ཚུལ་ཙམ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་ཐག་གཅོད་ཀྱི་ལས་རིམ་ཁག་ཧ་ཅང་མགྱོགས་པོས་བསྒྲུབས་ནས་འཕྲལ་མར་ཐག་གཅོད་ཀྱི་ཛ་དྲག་བསྐུལ་ཡོད། ྋསྐྱབས་མགོན་རིན་པོ་ཆེ་དང་མཉམ་ལས་བྱས་ཏེ་པཎ་ཆེན་ངོས་འཛིན་གནང་ཐུབ་རྒྱུའི་རེ་བ་ཞུ་མཁན་དེ་ཚོས་རྗེས་སུ་གང་བཤད་ཡོད་དམ་ཞེ་ན། བཅིངས་འགྲོལ་དམག་གི་འགོ་ཁྲིད་ཚོ་དང༌། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་འགོ་ཁྲིད་ཚོའི་བར་ལ་འབྲེལ་ལམ་ཚད་ལྡན་མ་བྱུང་བ་དང༌། དབུས་དང་ས་གནས་གཞུང་བར་གནས་ཚུལ་གསལ་པོ་མ་ཆགས་པའི་རྒྱུ་མཚན་ཁ་ཤས་ལ་བརྟེན་ནས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་ཡིག་ཁག་ལ་ལན་མ་བྱུང་བ་དང༌། འདི་ནས་དགོངས་བཞེས་གནང་བ་ཁག་ལ་ཁོང་ཚོས་ངོས་ལེན་མ་བྱུང་བའི་གནས་ཚུལ་བྱུང་བ་བཤད་ཡོད། དངོས་དོན་གང་ཡིན་མི་ཤེས། དེ་རྗེས་རིམ་པས་འདི་ཕྱོགས་རང་དབང་ལུང་པའི་ནང་བཀྲས་ལྷུན་ཆོས་སྡེས་མཚོན་པའི་ཆོས་ཕྱོགས་དབུ་ཁྲིད་མང་པོ་ཞིག་གིས་ཡང་ནས་ཡང་དུ་ྋསྐྱབས་མགོན་རིན་པོ་ཆེར་ཡང་སྲིད་ངོས་འཛིན་གྱིས་གསལ་བསྒྲགས་གནང་ན་མ་གཏོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་བསྒྲགས་གནང་བའི་རྗེས་ལ་ཡང་སྲིད་འཁྲུལ་བྲལ་རེད་ཅེས་གསུང་དགོས་པའི་གནས་ཚུལ་བྱུང་ན་ཡང་སྲིད་ངོས་འཛིན་ཚད་ལྡན་ཞིག་ཡོང་ཐབས་མེད་ལ། ལྷག་པར་རྒྱ་གཞུང་ནས་ཡང་སྲིད་འཁྲུལ་བྲལ་མ་ཡིན་པ་ཞིག་ངོས་འཛིན་བྱས་ཚེ་རྗེས་སུ་ཡང་སྲིད་གཞན་ཞིག་ངོས་འཛིན་ཞུ་དགོས་ཀྱང་ནུས་པ་ལྡན་པ་ཞིག་ཡོང་ཐབས་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཡང་སྲིད་གསལ་བསྒྲགས་མ་བྱས་པའི་གོང་དུ་འདི་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱིས་གསལ་བསྒྲགས་གནང་ན་ལེགས་ཤོས་རེད་ཅེས་མང་ཆེ་བས་རེ་སྐུལ་ཤུགས་ཆེ་ཞུས་ཡོད། མཐའ་དོན་ྋསྐྱབས་མགོན་རིན་པོ་ཆེས་ཡང་སྲིད་ངོས་འཛིན་གསལ་བསྒྲགས་གནང་བའི་དུས་ལ་བབ་མིན་གཟན་བརྟག་གནང་བར་གསལ་བསྒྲགས་གནང་རྒྱུའི་དུས་ལ་བབ་པ་དང༌། དེ་ཡང་འཕྲལ་དུ་གནང་དགོས་པ་ཕེབས་ཡོད། དེར་བརྟེན་ྋསྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༡༩༩༥ ལོའི་ཡོངས་གྲགས་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ཟླའི་ཚེས་ ༡༥ གཟའ་སྐར་འབྱུང་འཕྲོད་ཤིན་ཏུ་དགེ་བའི་ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཡོངས་བསྒྲགས་གནང་བའི་གནས་ཚུལ་བྱུང་ཡོད། ཡང་སྲིད་ངོས་འཛིན་ཡོངས་བསྒྲགས་གནང་ནས་ཉིན་གཅིག་གི་རྗེས་ཡང་སྲིད་རིན་པོ་ཆེ་དང༌། ཡབ་ཡུམ་སྐུ་འཁོར་བཅས་པ་གར་སོང་ཆ་མེད་དུ་གྱུར་པའི་ད་ལྟའི་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་བ་རེད། གནས་ཚུལ་འདི་འགྲིགས་ཡོད་ནའང་འདྲ། འགྲིགས་མེད་ནའང་འདྲ། གང་ལྟར་ཐག་གཅོད་ཀྱི་བརྒྱུད་རིམ་གནས་ཚུལ་ངོ་མ་དེ་འདྲ་ཡིན་པ་རེད། ང་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བརྒྱུད་རིམ་དེ་དག་ཡང་དག་པར་ངོས་འཛིན་གཙང་མ་བྱས་ཏེ་གནས་ཡོད།

གཙོ་བོ་བོད་གངས་ཅན་གྱི་གདུལ་བྱ་ཡོངས་རྫོགས་དང༌། ལྷག་པར་པཎ་ཆེན་སྐུ་འཕྲེང་ན་རིམ་དང་དམིགས་བསལ་འབྲེལ་བ་ཡོད་པའི་གདུལ་བྱ་ཚོའི་སྤྱི་མཐུན་བསོད་ནམས་གསོག་རྒྱབ་ལ་རག་ལུས་ཡོད། དེར་བརྟེན་རང་རེས་མུ་མཐུད་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་ཡིན་པ་དང་ཆབས་ཅིག་ཚང་མས་སྤྱི་པའི་བསོད་ནམས་གོང་མཐོར་སྤེལ་རྒྱུ་དང༌། ལྷག་པར་རྗེས་འཇུག་རྣམས་ནས་སྤྱི་མཐུན་བསོད་ནམས་གསོག་པའི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད།