ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ལས་དོན་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།
༄༅། ། འཛམ་གླིང་ཐོག་རྒྱལ་ཁབ་དང༌། གཞུང་ཇི་འདྲ་ཞིག་ཡིན་ཡང་དེའི་བསྒྲུབ་བྱ་ནི་མི་མང་གི་ཁེ་ཕན་ཆེད་དུ་སྲི་ཞུ་བསྒྲུབ་རྒྱུ་དེ་ཡིན། མང་གཙོའི་སྲིད་གཞུང་མཚན་ཉིད་ལྡན་པ་ཞིག་ཡོང་མིན་གྱི་མཚམས་གཟུང་ས་ནི་མི་མང་གི་དོན་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་གིས་མི་མང་གི་བློ་འདོད་དང་འཚམས་པའི་དགོས་མཁོ་སྒྲུབ་ཐུབ་མཁན་ཞིག་ཆགས་ཐུབ་དང་མི་ཐུབ་ལ་བལྟ་དགོས་པ་ཡིན། དེར་བརྟེན་མི་མང་དང་དངོས་སུ་འབྲེལ་བ་བྱས་ཏེ་ཉིན་རེའི་ལས་ཀ་བྱེད་མཁན་གྱི་ལས་ཀྱི་སྣེ་མོར་གཏོགས་པ་ས་གནས་འགོ་འཛིན་ཁག་ལ་དམིགས་བསལ་འགན་འཁྲི་ཆེན་པོ་ཡོད། བཙན་བྱོལ་བོད་གཞུང་དང༌། དབུས་ནང་སྲིད་ལས་ཁུངས་རྡ་རམ་ས་ལར་གནས་ཡོད་ཀྱང་རྡ་རམ་ས་ལ་ནི་བོད་མི་མང་པོའི་གཏན་སྡོད་ཀྱི་གནས་ཡུལ་ཞིག་ཆགས་མེད། མི་མང་དང་ཐད་ཀའི་འབྲེལ་བ་བྱས་ཏེ་ལས་དོན་བྱེད་མཁན་ས་གནས་འགོ་འཛིན་རྣམས་ནས་གཞུང་གི་འགན་ཁུར་གྱི་ཕྱག་ལས་ཡག་པོ་ཞིག་གནང་མ་ཐུབ་པ་ཡིན་ན་གཞུང་གི་སྲིད་བྱུས་བཟང་པོ་ཇི་འདྲ་ཞིག་ཡོད་ཀྱང་འགོ་ཁྲིད་ཚོའི་བསམ་པ་བཟང་པོ་ཙམ་ལས་དོན་ཕན་ལྡན་པ་ཡོང་ཐབས་མེད། དངོས་སུ་མི་མང་ནང་གཞུང་གི་དབང་བསྒྱུར་དང་ལས་ཀ་བྱེད་མཁན་ནི་གཞུང་གི་སྐུ་ཚབ་ས་གནས་འགོ་འཛིན་རྣམས་ཆགས་ཡོད། རྒྱ་གར་དབྱིན་ཇིས་དབང་བསྒྱུར་བྱེད་པའི་སྐབས་གཏམ་དཔེ་ཞིག་ཡོད། རྒྱལ་པོ་ངོ་མ་ནི་ས་གནས་ཀྱི་རྫོང་དཔོན་ཚོ་ཡིན་ཞེས་བརྗོད་ཀྱི་ཡོད། གང་ཡིན་ཞེ་ན། ས་གནས་ཀྱི་རྫོང་དཔོན་རྣམས་ནས་མི་མང་དང་ཐད་ཀར་འབྲེལ་བ་བྱས་ཏེ་ལས་དོན་ཐག་གཅོད་བྱས་པར་བརྟེན་ནས་དབང་བསྒྱུར་བྱེད་མཁན་གྱི་དབྱིན་ཇིའི་གཞུང་གི་སྲིད་དབང་གནས་ཐུབ་མིན་ཐད་ཁོ་ཚོའི་ལས་ཀ་བྱེད་སྟངས་ཀྱིས་ཕན་གནོད་ཆེན་པོ་འབྲེལ་བའི་གནས་ཚུལ་ཡོང་གི་ཡོད་པས་ཡིན། བཙན་བྱོལ་བོད་གཞུང་གི་ལས་འགན་ནི་མ་འོངས་པའི་བོད་ཀྱི་མདུན་ལམ་ལམ་སྟོན་བྱེད་རྒྱུ་དང༌། ད་ལྟའི་བཙན་བྱོལ་བོད་མིའི་མངོན་འདོད་ཀྱི་དགོས་མཁོ་བསྒྲུབ་རྒྱུ་དེ་གཉིས་གཙོ་བོ་ཡིན། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་གཞུང་གི་ལས་དོན་གྱི་རྨང་གཞིའི་སྟོབས་ཤུགས་ཀྱང་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་པ་ལས་མི་རེ་གཉིས་ཀྱིས་བྱེད་ཐུབ་རྒྱུ་ཞིག་མིན། བོད་གཞུང་གི་བསྒྲུབ་བྱའི་ལས་དོན་གཙོ་བོ་བོད་ཀྱི་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་གཉིས་ཀ་མི་མང་དང་མི་མང་མཉམ་དུ་ལས་དོན་བྱེད་མཁན་གྱི་སྲི་ཞུ་བ་རྣམས་ཀྱི་ནུས་ཤུགས་དང༌། འཇོན་ཐང༌། ལྷག་བསམ་བཅས་ལ་རག་ཆེན་པོ་ལུས་ཡོད། མ་འོངས་པར་བཙན་བྱོལ་གཞུང་གི་མཛད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པ་ཞིག་ངེས་པར་དགོས་པ་དང༌། དེ་ལྟར་ཡོང་ཐུབ་མིན་ཡང་ས་གནས་ས་ཐོག་ཏུ་ཡོད་པའི་ས་གནས་འགོ་འཛིན་ཁག་གི་ལས་དོན་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་དེའི་ལས་འགན་གསལ་པོ་མཁྱེན་པ་དགོས། གལ་གནད་དེ་དང་མཚུངས་པའི་གཞུང་གི་སྲི་ཞུའི་འགན་ལེན་ཐུབ་པའི་ཆེད་དུ་བོད་གཞུང་བཀའ་ཤག་དང༌། དབུས་ནང་སྲིད་ལས་ཁུངས་ཀྱིས་གཞུང་གི་འགན་ཁུར་དུ་བབ་པའི་ལས་དོན་གྱི་ཐོག་ལྟ་བའི་འཁྱེར་ཕྱོགས་དང༌། འཆར་གཞི་ཇི་ལྟར་ཡིན་པ་ཞིབ་ཚགས་ངོ་སྤྲོད་ཀྱི་ལམ་ནས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་ནི་དབུས་གཞུང་དང༌། ས་གནས་འགོ་འཛིན་ཐུན་མོང་གི་མཉམ་འདུས་ཀྱི་ལས་འགན་ཞིག་ཡིན།
སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ལས་ཁུར་དམ་འབུལ་ཞུས་ཏེ་དུས་ཚོད་རིང་པོ་མ་སོང་བར་ཚོགས་ཁང་འདི་རང་ནང་ས་གནས་འགོ་འཛིན་གྱི་ཚོགས་འདུ་ཞིག་ཚོགས་ཡོད། སྐབས་དེར་བཀའ་བློན་ཁྲི་པ་དང༌། ནང་སྲིད་བཀའ་བློན་གཉིས་ཀ་ཚོགས་འདུར་བཅར་བ་མ་ཟད། གཏམ་བཤད་བྱེད་པའི་གོ་སྐབས་ཀྱང་བྱུང་ཡོད། འོན་ཀྱང་སྐབས་དེར་བཀའ་ཤག་གི་ལྟ་བའི་ལངས་ཕྱོགས་གང་ཡིན་པ་དང༌། མ་འོངས་པའི་འཆར་གཞི་དང༌། ལས་རིམ། སྲིད་བྱུས་བཅས་ཇི་འདྲ་ཡིན་པ་གསལ་པོ་ཞིག་ཆགས་མེད་པར་བརྟེན་བཀའ་ཤག་ནས་ལམ་སྟོན་གསལ་པོ་ཞིག་ཞུས་ཐུབ་མེད། དེ་རྗེས་རིམ་བཞིན་འབྲེལ་ཡོད་ནང་སྲིད་བཀའ་བློན་བོད་མིའི་གཞིས་ཆགས་དང་བོད་མི་གནས་ཡུལ་མང་པོ་ཞིག་ལ་ལྟ་སྐོར་རྟོག་ཞིབ་ཏུ་ཆེད་བསྐྱོད་བྱས་པ་དང༌། བཀའ་ཤག་གིས་ཐད་ཀར་བཙན་བྱོལ་བོད་མིའི་གནས་བབ་ཞིབ་འཇུག་གང་ཐུབ་བྱས་ནས་འཕྲལ་དང་ཕུགས་ཀྱི་བྱེད་སྒོའི་ལས་དོན་དང་འབྲེལ་བའི་སྲིད་བྱུས་གསལ་པོ་ཆགས་སྐབས་དེ་དང་འབྲེལ་བའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གྱི་གནས་ཚུལ་གྲོས་ཚོགས་ལ་སྙན་ཞུ་བྱས་པར་མ་ཟད། གྲོས་ཚོགས་ནས་དེར་རྒྱབ་སྐྱོར་ཆེན་པོ་ཐོབ་སྟེ་གཏན་ལ་ཕབ་ཐུབ་པ་བྱུང་ཡོད། དེ་རྗེས་ང་ཚོས་ས་གནས་འགོ་འཛིན་ཚོ་འཕྲལ་དུ་ཚོགས་འདུ་ཚོགས་ཏེ་གསལ་བཤད་ཞུ་དགོས་པ་ཆགས་ཡོད་ཀྱང༌། དུས་ཚོད་དང་དངུལ་གྲོན་གཉིས་ཀའི་ཆ་ནས་ལམ་སེང་རེ་དོན་ལྟར་ལས་དོན་བསྒྲུབས་ཐུབ་མེད་ཀྱང༌། འདི་ལོ་ཕྱི་ཟླ་ ༡༠ པའི་ནང་ས་གནས་འགོ་འཛིན་རྣམས་ཀྱི་ལས་དོན་ཚོགས་འདུ་ཚོགས་རྒྱུའི་ལས་འཆར་ཞིག་བསྒྲིགས་ཡོད། འོན་ཀྱང་ཉེ་ཆར་གློ་བུར་ཞིག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ས་གནས་འགོ་འཛིན་རྣམ་པའི་ཚོགས་འདུ་ཞིག་བསྡུ་སྐོང་གནང་གི་ཡོད་ཅེས་བཀའ་ཤག་ལ་བཀའ་ཁྱབ་འབྱོར་བའི་སྐབས་ང་ཚོས་དུས་ཚོད་དང་རྒྱུ་གྲོན་གང་གི་ཆ་ནས་ད་རེས་ཚོགས་འདུ་འདི་དང་མཉམ་དུ་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ལས་དོན་ཚོགས་འདུ་ཡང་རྒྱུན་མཐུད་ཚོགས་ཐུབ་ན་ཡག་པོ་འདུག་ཅེས་ཐག་གཅོད་བྱས་པ་ཡིན། ཐག་གཅོད་འདི་ལ་བརྟེན་ནས་ས་གནས་འགོ་འཛིན་ཚོ་རྡ་སར་ཐེངས་གཉིས་ཕེབས་མི་དགོས་པ་དང༌། གཞུང་གྲོན་ཉིས་ཟློས་གཏོང་མི་དགོས་པའི་ཁེ་ཕན་བྱུང་ཡོད་ཀྱང༌། གྱོང་གུན་ཞིག་བྱུང་བ་ནི་ཚོགས་འདུའི་ཡིག་ཆ་དང༌། གྲོས་གཞི་སོགས་ཛ་དྲག་ངང་གྲ་སྒྲིག་བྱེད་དགོས་བྱུང་སྟབས་དུས་ཚོད་ཐུང་རྐྱེན་བསམ་བློའི་ནང་ཡོད་པ་ནང་བཞིན་ཆ་ཚང་ཞིག་བྱུང་མེད། དཔེར་ན། བཀའ་ཤག་གིས་དེ་རིང་གསལ་བཤད་ཞུ་དགོས་པའི་གནས་ཚུལ་ཁག་ཀྱང་ཡིག་ཐོག་བཀོད་ཐུབ་ན་བརྟན་པོ་ཡོང་རྒྱུ་དང༌། དུས་ཚོད་རིང་པོར་མི་འགོར་བའི་ཁེ་ཕན་ཡོད་ཀྱང་དེ་ལྟར་བྱུང་མེད། དེར་བརྟེན་དེ་རིང་དུས་ཚོད་གང་འཚམས་འགོར་སྲིད། ཡིན་ནའང་བཀའ་ཤག་གི་ལྟ་བའི་རྣམ་གཞག་དང༌། སྲིད་བྱུས། ལས་དོན་འཆར་གཞི་དེ་དག་གསལ་པོ་ངོ་སྤྲོད་བྱེད་དགོས་པ་ནི་བོད་རྒྱལ་ཁབ་དང༌། བོད་མི་མང་གི་དོན་དུ་གནད་འགག་ཡོད་པའི་ལས་དོན་ཞིག་ཡིན་སྟབས་ཁྱེད་རང་ཚོས་སྐུ་ངལ་ལ་མ་འཛེམས་པར་ཡག་པོ་གསན་རོགས་གནང་ཞུ་རྒྱུ་ཡིན།
དེ་རིང་འདིར་ཕེབས་པའི་ས་གནས་འགོ་འཛིན་རྣམ་པས་གཙོས་རང་ཅག་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་ྋརྒྱལ་དབང་ཡིད་བཞིན་ནོར་བུར་དད་པ་དང༌། ཡིད་ཆེས་བློ་གཏད་བྱས་ཏེ་ཁོང་གི་མཛད་འཕྲིན་གྱི་ཞབས་འདེགས་གང་ལྕོགས་སྒྲུབ་ཐུབ་ན་བསམ་པའི་དམིགས་ཡུལ་དང༌། ལྷག་བསམ་གྱི་རྨང་གཞིའི་ཐོག་བཙན་བྱོལ་གཞུང་གི་སྲི་ཞུའི་ལས་དོན་ནང་ཞུགས་པ་མ་གཏོགས། རང་གི་མི་ཚེའི་འཚོ་གོས་ཀྱི་མདུན་ལམ་གྱི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་མིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་རང་ཅག་ཚང་མས་སྲི་ཞུའི་ལས་དོན་ཞུ་སྒོའི་ལངས་ཕྱོགས་ཧ་ཅང་གསལ་པོ་རེད། བཙན་བྱོལ་གཞུང་གིས་ལས་དོན་ཇི་འདྲ་ཞིག་བསྒྲུབས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་བཞེད་དང་མཐུན་པ་དང༌། དགོངས་བཞེད་དེ་དག་ངེས་པར་བསྒྲུབ་ཐུབ་པ་བྱེད་རྒྱུ་དེ་རང་རེའི་རྩ་བའི་དམིགས་ཡུལ་ཡིན། དམིགས་ཡུལ་འདིའི་ཐོག་སུ་གང་ལའང་དྭོགས་པ་དང་ཐེ་ཚོམ་ཡོད་མདོག་ཁ་པོ་མ་རེད། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཡན་གྱི་སྐུ་ཕྲེང་རིམ་པའི་རླབས་ཆེན་གྱི་ཐུགས་བསྐྱེད་དང་དགོངས་གཞི་ཟབ་མོ་ཡོད་པའི་གནད་དོན་དངོས་སུ་ཕྱག་ལེན་ལ་མ་འཁེལ་བ་མང་པོ་ཞིག་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དངོས་སུ་ཕྱག་ལེན་དུ་བསྟར་ཡོད། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་རྒྱ་མཚོ་ལྟ་བུའི་ནང་ནས་མཆོག་ཏུ་གྱུར་པའི་མཛད་རྗེས་ཀྱི་གཙོ་བོ་གཉིས་ཡོད་པའི་གཅིག་ནི་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང༌། སྤྱི་ཚོགས་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་གནང་མཛད་པ་དེ་ཡིན། གཉིས་པ་ནི། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་སྤྱི་དང༌། བོད་མིའི་སྤྱི་ཚོགས་ཀྱི་བྱ་བཞག་གིས་མཚོན་པའི་བོད་གཞུང་གི་ལས་དོན་ཡོངས་སུ་རྫོགས་པ་རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པའི་ལམ་གྱི་ཐོག་བསྒྱུར་གནང་མཛད་པ་དེ་ཡིན། བཀྲིན་ཟླ་མེད་ྋརྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་ལུགས་ཟུང་རྩིབས་སྟོང་གི་འཁོར་ལོ་ཕྱག་མཚན་དུ་བཞེས་པ་ནས་བཟུང་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བར་ཆོས་སྲིད་ཟུང་འབྲེལ་དང༌། འཚེ་བ་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་མཐའ་ལས་འདས་པ་ཞིག་བསྐྱངས་ཡོད་ཀྱང༌། བོད་རྒྱལ་ཁབ་དང་སྲིད་གཞུང་དེ་དམག་དཔུང་དང་གོ་མཚོན་མེད་པ་དང༌། དམག་འཁྲུག་འཁོན་རྩོད་ནམ་ཡང་མེད་པ་ཞིག་ཏུ་བསྒྱུར་རྒྱུ་དང༌། ཆབ་སྲིད་ཀྱི་ལམ་སྲོལ་ཡང་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཏུ་བསྒྱུར་རྒྱུ་གཉིས་ཀའི་ཐུགས་ཀྱི་དགོངས་བཞེད་འགྲུབ་པ་ཞིག་བྱུང་མེད། རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པའི་ལམ་དང༌། ཆ་ལག་ཡོངས་སུ་ཚང་བའི་མང་གཙོའི་རིང་ལུགས་གསར་གཏོད་མཛད་པ་འདི་གཉིས་ནི་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་འཕྲིན་ལས་དང་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲའི་ངོས་འཛིན་གྱི་རྨང་གཞིའི་ཐོག་ནས་ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་བར་བཙན་བྱོལ་བོད་མི་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་པོའི་མིང་ཁུར་དེ་ད་ལྟ་གཏམ་བཤད་བྱེད་མཁན་གྱི་གང་ཟག་ང་རང་ལ་བབས་ཡོད་པར་བརྟེན། ང་དང་ངའི་ལས་རོགས་རྣམས་ཀྱིས་བསམ་ཞིབ་གོ་བསྡུར་བྱས་པའི་མཐའ་དོན་བཙན་བྱོལ་བོད་གཞུང་གི་གཞི་རིམ་གྱི་ལྟ་གྲུབ་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གྱི་ཐོག་འཇོག་དགོས་པ་གཅིག་གྱུར་གྱིས་ངོས་འཛིན་དང་འབྲེལ་གཏན་ལ་ཕབ་པ་ཡིན། འདི་ནི་ང་ཚོས་དོར་དུ་མི་རུང་བའི་རྩ་བའི་དམ་བཅའ་ཞིག་ཡིན་སྟབས། གནས་ཚུལ་ཇི་འདྲ་ཞིག་བྱུང་ཡང་གཏན་ནས་བློས་གཏོང་ཐབས་མེད་པ་དང༌། གྱོང་གུན་དང༌། དཀའ་ངལ། ཉམས་ཆག་ཇི་འདྲ་ཞིག་ཡོང་གི་ཡོད་ཀྱང་རྩ་དོན་གསུམ་པོ་དེ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཚང་མ་བློས་གཏོང་བྱེད་དགོས་པར་ཐག་བཅད་པ་ཡིན།
གོང་གསལ་རྩ་དོན་གསུམ་གྱི་དང་པོ་བདེན་པ་ཞེས་པ་དེའི་ངོས་འཛིན་ཇི་ལྟར་ཡིན་ཞེ་ན། ཆོས་ཕྱོགས་ནས་བཤད་ན། ཆོས་ལུགས་ཇི་འདྲ་ཞིག་ཡིན་ཡང་བདེན་པ་ལ་བརྩི་འཇོག་མི་བྱེད་མཁན་གཅིག་ཀྱང་མེད་ཅིང༌། དུས་རབས་བཅུ་དགུ་པའི་མཇུག་ཙམ་དུ་བྱུང་བའི་ཆོས་ཀྱི་སྲོལ་རྒྱུན་གསར་པ་ཐིའོ་སོ་ཕི་ (Theosophy) ལྟ་བུར་ཆ་བཞག་ན་ཆོས་ལུགས་ཡོངས་རྫོགས་རིས་མེད་མཉམ་མཐུན་བྱེད་རྒྱུའི་བསམ་ཚུལ་གྱི་ཐོག་ནས་ཁོ་ཚོའི་རྩ་འཛིན་གྱི་མདོ་ཚིག་ལྟ་བུར། ”བདེན་པ་ལས་མཐོ་བའི་ཆོས་གང་ཡང་མེད་” ཅེས་བརྗོད་ཀྱི་ཡོད་པ་ལྟར་གཞི་ལམ་འབྲས་བུ་གང་ལའང་བདེན་པ་གཞི་རྩར་གཟུང་དགོས་པ་ནི་ཆོས་ལུགས་ཡོངས་རྫོགས་ཀྱི་དགོངས་ཚུལ་གཅིག་གྱུར་ཡིན་པ་ཡོངས་གྲགས་རེད། འོན་ཀྱང་བདེན་པའི་ངོས་འཛིན་བྱེད་ཕྱོགས་དང་དེའི་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད། ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་གཞི་དངོས་པོའི་བདེན་པའི་གནས་ལུགས་ལ་ལྟ་སྟངས་གཉིས་ཡོད་པ་ནི། མཐར་ཐུག་གི་བདེན་པ་དང༌། གནས་སྐབས་ཀྱི་བདེན་པ། ཡང་ན་དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཡིན། མཐར་ཐུག་གི་བདེན་པའམ་དོན་དམ་པའི་བདེན་པ་ནི་ཆོས་ལུགས་ཕལ་ཆེ་བའི་མཚོན་བྱེད་ཀྱི་ཚིག་དང་ཐད་སྙད་མི་འདྲ་བ་མ་གཏོགས་མཚོན་བྱ་མཐར་ཐུག་གི་བདེན་པ་ལ་ཁྱད་པར་མེད། འོན་ཀྱང་དེ་འདྲའི་མཐར་ཐུག་གི་བདེན་པའམ་དོན་དམ་པའི་བདེན་པ་དེ་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་གི་བདེན་པ་དང་བདེན་པ་མ་ཡིན་པའི་རྣམ་དབྱེ་འབྱེད་པའི་གནས་ཚུལ་ཐོག་འཁྱེར་ཐུབ་རྒྱུ་ཞིག་མིན། དེ་ནི་མཐའ་ལས་གྲོལ་བ་དང༌། འཇིག་རྟེན་ལས་འདས་པ་རེད། འཇིག་རྟེན་ཐུན་མོང་བའི་ངོས་འཛིན་ཐུབ་པའི་བདེན་པའི་ཚད་གཞི་འཛིན་སྟངས་ནི་ང་ཚོའི་ཉིན་རེའི་མི་ཚེའི་འཚོ་བའི་ནང་ཡོད་བཞིན་པའི་ཐ་སྙད་ཀྱི་བདེན་པའམ། ཀུན་རྫོབ་བདེན་པ། ཡང་ན་ལྟོས་གྲུབ་ཀྱི་བདེན་པ་ཞེས་པ་དེ་ཡིན། ལྟོས་གྲུབ་ཀྱི་བདེན་པ་ནི་མི་སོ་སོའི་མཐོང་ཚུལ་དང་འཛིན་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པར་བརྟེན་བདེན་པ་དེ་ནི་རང་གི་བསམ་ངོར་ལྟོས་པའི་བདེན་པ་ལ་མ་བརྩི་ཐབས་མེད་ཡིན། བདག་ཉིད་ཆེན་པོ་གྷན་དྷིའི་སྐུ་ཚེའི་རིང་གི་ཕྱག་ལས་ཡོངས་སུ་རྫོགས་པ་བདེན་པའི་ཚོད་བལྟ་ཡིན་ཞེས་གསུངས་ཡོད། ཁོང་གི་རང་རྣམ་གྱི་མཚན་ལའང་ “ངའི་བདེན་པའི་ཚོད་བལྟ་” ཞེས་བྲིས་ཡོད། སྐྱེ་བོ་སུ་ལའང་དེ་རིང་བདེན་པར་ཆ་བཞག་པའི་གནས་ཚུལ་ཞིག་སང་ཉིན་བདེན་པ་མ་ཡིན་པར་ར་འཕྲོད་པ་དང༌། དེ་རིང་བདེན་པ་མ་ཡིན་པར་ངོས་འཛིན་བྱས་པ་ཞིག་སང་ཉིན་བདེན་པར་ར་འཕྲོད་སྲིད་པ་རེད། ཡིན་ནའང་མི་སོ་སོ་ཕྱོགས་ལྷུང་དང་རྨོངས་ཞེན་མེད་པར་བློ་གཟུ་བོར་གནས་པའི་ཐོག་ནས་རིགས་པ་ཡང་དག་གིས་དཔྱད་པ་བྱས་པའི་མཐར་འདི་བདེན་པ་ཡིན་སྙམ་པའི་ངེས་པ་རྙེད་པ་ཞིག་ལ་བདེན་པར་ཆ་འཇོག་བྱེད་དགོས། དཔེ་མཚོན་ཞིག་བཀོད་ན། ༡༩༤༩ ལོར་རྒྱ་དམར་གྱིས་བོད་བཙན་འཛུལ་མ་བྱས་པའི་གོང༌། བོད་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་གནས་ཡོད་ཅེས་བརྗོད་སྐབས་དངོས་བདེན་གནས་ཚུལ་ལ་གཞིགས་ནས་ང་རང་ཚོའི་བསམ་ངོ་ལ་ལྟོས་ན་བདེན་པ་ཡིན་བསམ་གྱི་ཡོད། འོན་ཀྱང་རྒྱ་དམར་གྱིས་དེ་བདེན་པ་མ་རེད་ཅེས་བརྗོད་ཀྱི་ཡོད། འོ་ན་གནས་ཚུལ་དེ་བདེན་རྫུན་གྱི་དབྱེ་བ་ཇི་ལྟར་ཕྱེ་ཐུབ་ཅེ་ན། རང་ཉིད་བོད་པ་ཡིན་པའི་ཆ་ནས་རིགས་ཞེན་གྱིས་བདེན་པ་ཡིན་པ་དང༌། རྒྱ་མི་མི་རིགས་གཞན་ཞིག་ཡིན་པའི་ཆ་ནས་བདེན་པ་མིན་ཞེས་ཐག་བཅད་ཀྱང༌། དེ་ནི་ཕྱོགས་སུ་ལྷུང་བའི་བསམ་ཚུལ་ཙམ་ཡིན་པས་དེ་འདྲའི་བདེན་རྫུན་གྱི་དབྱེ་བ་ཕྱེ་མི་ཐུབ། དོན་དངོས་ཀྱི་རྒྱུ་མཚན་དང་ལོ་རྒྱུས་ཀྱི་དན་རྟགས་ལ་བརྟེན་ནས་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་པ་བྱས་ཏེ་བདེན་རྫུན་རྣམ་དབྱེ་ཕྱེ་དགོས། ཕྱི་ལོ་ ༡༩༤༩ གོང་གི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ནི་ལོ་བརྒྱ་ཕྲག་མང་པོ་འདས་ཟིན་པའི་གནས་ཚུལ་རྙིང་པ་ཞིག་མ་ཡིན་པར་སྐབས་དེའི་ཆབ་སྲིད་དང༌། སྤྱི་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་ཉམས་སུ་མྱོང་མཁན་གྱི་མི་མང་པོ་ད་དུང་གསོན་པོར་གནས་ཡོད། བོད་པ་དང༌། རྒྱ་མི་གཅིག་པུ་མ་ཡིན་པར་རྒྱལ་ཁབ་གཞན་གྱི་མི་མང་པོ་ལོ་རྒྱུས་ཀྱི་དཔང་པོར་ཡོད། རྒྱུ་མཚན་དང་དན་རྟགས་དེ་དག་ལ་གཞི་བཞག་སྟེ་བདེན་རྫུན་གྱི་རྣམ་དབྱེ་འབྱེད་ཐུབ་ཀྱི་ཡོད། དེས་ན་ང་རང་ཚོས་བསམ་ངོར་ལྟོས་ཏེ་ཐག་བཅད་པའི་གྲུབ་དོན་གྱི་བདེན་པ་དེ་བདེན་པར་ངོས་འཛིན་བྱེད་ཆོག་པ་ཡིན། གནས་ཚུལ་ཇི་འདྲ་ཞིག་ཡིན་ཡང༌། ནམ་ཞིག་ན་རང་གི་བསམ་བློའི་གནས་ཚད་མཐོ་རུ་ཕྱིན་ནས་རྒྱུ་མཚན་དང་རིགས་པ་གཞན་ཞིག་རྙེད་དེ་དེའི་ཐོག་ནས་སྔོན་དུ་བདེན་པར་ངོས་འཛིན་བྱས་པ་ཞིག་ད་ལྟ་བདེན་པ་མ་ཡིན་པར་ར་འཕྲོད་ཀྱི་ཡོད་ན། དེའང་ངོས་ལེན་བྱེད་པའི་སྤོབས་པ་ཡོད་དགོས། མི་མང་པོའི་བསམ་ཚུལ་དང་མི་མཐུན་པ་དང༌། ང་རང་གི་བསམ་ཚུལ་སྔོན་མ་དང་མི་མཐུན་པའི་རྒྱུ་མཚན་ལ་བརྟཻན་ནས་གསར་དུ་རྙེད་པའི་བདེན་པའི་གནས་ཚུལ་ཞིག་ངོས་ལེན་བྱེད་མི་འོས་པར་བརྩི་མི་རུང༌། ཕྱོགས་གཞན་ཞིག་ནས་བཤད་ན། སྤྱིར་བཏང་དུ་གནས་ཚུལ་དང་སྣང་ཚུལ་མཐུན་པ་དེ་བདེན་པ་དང༌། གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་དེ་རྫུན་པའི་ངོ་བོར་འཇོག་དགོས་པར་བརྟེན། རང་གིས་དཔྱད་མཐར་རྙེད་པའི་གྲུབ་དོན་རང་ཉིད་ཀྱིས་བདེན་པ་ཡིན་པར་ཆ་འཇོག་བྱས་པའི་བདེན་པའི་གནས་ཚུལ་དེ་དང་མཚུངས་པའི་སྐད་ཆ་ཤོད་པ་དང༌། ལས་དོན་བྱེད་དགོས་པ་ཡིན། བསམ་བློའི་ནང་གནས་ཚུལ་གཞན་ཞིག་ལ་ཡིད་ཆེས་ཡོད་ཀྱང་ཁ་ནས་དེ་དང་མི་མཚུངས་པ་གཞན་ཞིག་བཤད་ན་གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་ཆགས་འགྲོ་བས་དེ་ནི་རྫུན་ཡིན་པ་དང༌། དེ་འདྲ་བྱས་ན་བདེན་པ་ལ་བརྟེན་རྒྱུའི་རྩ་དོན་དང་འགལ་འགྲོ། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་ག་འདྲ་ཞིག་ཡིན་ནའང་རང་གི་བསམ་ངོ་ལ་ལྟོས་པའི་བདེན་པ་ལ་བདེན་པ་ཡིན་ཞེས་བརྗོད་ཐུབ་པ་དང༌། རང་གི་བསམ་ངོར་ལྟོས་ཏེ་བདེན་པ་མ་ཡིན་པ་ཞིག་ལ་བདེན་པ་མིན་ཞེས་བརྗོད་ཐུབ་པ་ཞིག་དགོས། བདེན་རྫུན་གྱི་རྣམ་དབྱེར་མི་ལྟོས་པར་ལས་དོན་གྱི་དགོས་མཁོར་བལྟས་ནས་སྐབས་སོ་སོར་སྟབས་གང་འགྲིགས་བྱས་པ་ཡིན་ན་འགྲིགས་ཐབས་མེད། དཔེར་ན་རྩིས་ཀྱི་གནས་ཚུལ་ཞིག་ལ་ཆ་མཚོན་ན། རྩིས་ཁྲ་ཞིག་གི་ནང་རྩིས་ཞིབ་པའི་དགག་བྱ་ཡོང་བར་དྭོགས་ཏེ་དངོས་ཡོད་གནས་ཚུལ་གང་བྱུང་བ་ལྟར་རྩིས་ཁྲ་མ་བཟོས་པར་བྱུང་འཛིན་དང༌། ཡིག་ཆ་རྫུན་མ་སོགས་བཟོས་ཏེ་རྩིས་ཁྲ་འགྲིགས་ཐབས་བྱས་པ་ཡིན་ན་དེ་ནི་བདེན་པ་དང་འགལ་བའི་གནས་ཚུལ་ཆགས་རྒྱུ་ཡིན་པ་བརྗོད་མི་དགོས། བདེན་པ་བདེན་ཐོག་བྱས་པའི་དབང་གིས་གཞུང་ལ་གྱོང་ཕོག་པ་དང༌། དཀའ་ངལ་ཕྲད་པ་སོགས་ཀྱི་གནས་ཚུལ་ག་འདྲ་ཞིག་ཡོང་གི་ཡོད་ཀྱང༌། གྱོང་ཁྱེར་རྐྱང་དང་དཀའ་ངལ་ལ་གདོང་ལཻན་བྱེད་རྐྱང་བྱས་པ་མ་གཏོགས། རྫུན་དང་ལྐོག་གཡོའི་བྱ་ཐབས་ལ་བརྟེན་ནས་གནས་སྐབས་ལས་དོན་འགྲིགས་པ་བཟོ་རྒྱུ་མིན་པ་འདི་ནི་བཙན་བྱོལ་བོད་གཞུང་གིས་བདེན་པ་ལ་རྩ་འཛིན་བྱེད་སྟངས་དེ་ཡིན།
གཉིས་པ་འཚེ་བ་མེད་པའི་རྩ་དོན་སྐོར། འཚེ་བ་མེད་པའི་ལྟ་གྲུབ་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་ཆད་ཤེས་རྟོགས་ཡོད་པ་གཞི་བཞག་རེད། སྲོག་ལྡན་གཞན་གྱི་ལུས་ངག་ཡིད་གསུམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པར་འགྱུར་བའི་བྱ་བ་གང་ཡང་མི་བྱེད་པ་དེ་འཚེ་བ་མེད་པའི་ཚད་འཛིན་ཡིན། ནང་པའི་གཞུང་ལུགས་ནས་སྤྱིར་བཏང་འཚེ་བ་དང༌། མི་འཚེ་བའི་ཁྱད་པར་གཙོ་བོ་ཀུན་སློང་ལ་རག་ལུས་པར་གསུངས་པ་བཞིན། སྦྱོར་བ་གང་ཞིག་མཐོང་སྣང་དུ་འཚེ་བ་ལྟ་བུ་ཡོད་པ་ཡིན་ནའང༌། བྱམས་པ་དང༌། སྙིང་རྗེའི་རྩིས་ཟིན་པའི་ཀུན་སློང་བཟང་པོ་ཞིག་གིས་དམིགས་ཡུལ་བཟང་པོ་ཞིག་གི་ཆེད་བརྩམས་པ་ཡིན་ན། འཚེ་བ་མེད་པར་འགྱུར་རྒྱུ་དང༌། ཁོང་ཁྲོ་དང་གནོད་སེམས་སོགས་ཀྱིས་ཀུན་ནས་བསླངས་པའི་བྱ་བ་ཞིག་ཡིན་ན། མཐོང་སྣང་ལ་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་ཡིན་ནའང་དོན་དུ་འཚེ་བར་འགྱུར་བ་ཡིན་པས་བསམ་སྦྱོར་གཉིས་ཀྱི་ནང་ནས་བསམ་པ་གཙོ་ཆེ་བ་ཡིན། གནོད་སེམས་དང༌། འགྲན་སེམས། ཕྲག་དོག་སོགས་ཀུན་སློང་ངན་པས་ཀུན་ནས་བསླངས་པའི་ལས་ཇི་འདྲ་ཞིག་བྱས་ཀྱང་འཚེ་བ་ཡིན། རང་རེས་རྒྱ་མིར་ཁོང་ཁྲོ་དང༌། འཁོན་འཛིན། ཕྲག་དོག་སོགས་ཀྱི་སྒོ་ནས་རྒྱ་མི་ལ་གནོད་པའི་ཆེད་དུ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་ཀ་བྱས་པ་ཡིན་ནའང་འཚེ་བ་ཡིན་པ་དང༌། རྒྱ་མིར་བྱམས་བརྩེ་དང༌། སྙིང་རྗེ། བཟོད་བསྲན་བཅས་ལ་བརྟེན་ནས་བོད་རང་དབང་སླར་གསོའི་ལས་དོན་ཇི་འདྲ་ཞིག་བྱས་པ་ཡིན་ནའང་འཚེ་བ་མེད་པའི་ལས་ཡིན་པ་བཅས་གཙོ་བོ་ནི་བསམ་བློ་ལ་རག་ལས་ཤིང༌། ཁོང་ཁྲོ་དང༌། འཁོན་འཛིན། གནོད་སེམས་སོགས་ཉོན་མོངས་པའི་གཞན་དབང་དུ་མ་སོང་བར་ཕན་སེམས་དང་བྱམས་བརྩེས་ཀུན་ནས་བསླངས་པའི་ལས་ཀ་ག་འདྲ་ཞིག་བྱས་ཀྱང་འཚེ་བ་མེད་པའི་ལས་སུ་འགྱུར་རྒྱུ་ཡིན།
གསུམ་པ་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་རྩ་དོན་སྐོར། མང་གཙོའི་རིང་ལུགས་ཞེས་ཐད་ཀར་མ་བརྗོད་པར་དེ་ལ་”ཡང་དག་པའི་” ཞེས་འབྲུ་སྣོན་བྱས་ཏེ་བརྗོད་དགོས་པའི་རྒྱུ་མཚན་ནི་དེང་སང་འཇིག་རྟེན་འདིར་མང་གཙོའི་རིང་ལུགས་སུ་ཁས་འཆེ་བ་མང་པོ་ཞིག་ཡོད་པ་དེ་དག་ལས་ཁྱད་པར་དུ་འཕགས་པའི་ཤར་གླིང་དང་ནང་པའི་སྲོལ་རྒྱུན་ལས་བྱུང་བའི་མང་གཙོའི་རིང་ལུགས་དེ་གོ་བའི་ཆེད་ཡིན། ནང་པའི་གཞུང་ལུགས་ལྟར་ན་མིའི་འགྲོ་བ་ཚང་མར་རྒྱུ་མཚན་དང་རིགས་པ་ལ་བརྟེན་ནས་ལེགས་ཉེས་དང་སྤང་བླང་གི་གནས་ཚུལ་ཐག་གཅོད་བྱེད་ཐུབ་པའི་རྣམ་དཔྱོད་ཀྱི་ནུས་པ་ཞིག་ཡོད་པ་དང༌། ནུས་པ་དེ་ལ་བརྟེན་ནས་རྒྱུ་མཚན་གྱི་ལམ་ནས་མང་ཚོགས་ཀྱི་བསམ་མོས་མཐུན་པ་བཟོ་ཐུབ་ཅིང༌། དེ་ལྟར་མཉམ་མོས་ཀྱི་ཐོག་ཆབ་སྲིད་སྐྱོང་བ་ལ་མང་གཙོ་ཞེས་བརྗོད་ཀྱི་ཡོད། དེང་སང་མི་མང་བས་ཉུང་བའི་ཐོག་དབང་བསྒྱུར་བྱས་ཏེ་འགྲོ་བའི་ལམ་སྲོལ་འདི་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་ངོས་འཛིན་བྱེད་མི་ཐུབ། ཁྱད་པར་དུ་གང་ཟག་སོ་སོའི་རང་དབང་གིས་བསམ་བློ་བཏང་སྟེ་རང་གི་བླང་དོར་ཐག་གཅོད་བྱེད་རྒྱུའི་ཚབ་ཏུ་ཆབ་སྲིད་ཚོགས་པ་ཁག་ནས་ཐག་བཅད་པའི་བསམ་ཚུལ་རྣམས་མང་ཚོགས་ལ་བཙན་བཀོལ་བྱས་པ་དེ་ཡང་དག་པའི་མང་གཙོའི་རིང་ལུགས་མ་ཡིན། གང་ཟག་སོ་སོའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་བླང་དོར་གྱི་གནས་ལ་དཔྱོད་པའི་བསམ་བློའི་རང་དབང་ལ་དོ་ཕོག་མེད་པའི་ཐོག་ནས་རྒྱུ་མཚན་དང་རིགས་པའི་ལམ་ནས་མང་ཚོགས་ཀྱི་བསམ་མོས་གཅིག་གྱུར་ཐོག་འགྲོ་ཐུབ་པ་ཞིག་བྱུང་ན། བདག་ཉིད་ཆེན་པོ་གྷན་དྷིས་མཐར་ཐུག་གི་བསྒྲུབ་བྱར་བཟུང་བའི་སྭརཱཇ་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམས་ལ་དགེ་འདུན་གྱི་ལས་ཀྱི་སྐབས་དགེ་འདུན་རྣམས་སྤྱི་མོས་མ་བྱུང་གི་བར་དུ་གང་ཟག་བྱེ་བྲག་པ་རེ་ཟུང་གི་བསམ་ཚུལ་མི་མཐུན་པ་ཡོད་ནའང་དེ་ཚོ་གྲངས་ཉུང་ཡིན་པའི་རྒྱུན་མཚན་གྱིས་སྣང་མེད་རྡོག་རོལ་དུ་བཏང་ནས་དགེ་འདུན་གྱི་ལས་བྱེད་མི་ཆོག་པའི་བཅས་པ་མཛད་པ་དང་མཐུན་པ་ཡོང་རྒྱུ་ཡིན། དེང་སྐབས་ནུབ་ཕྱོགས་པ་རྣམས་ཀྱིས་མང་གཙོའི་ལྟ་བའི་རྒྱས་བཤད་སྐབས་ཁོ་རང་ཚོའི་ནང་སྐད་གྲགས་ཆེ་བའི་ཁྱད་ཆོས་ཁ་ཤས་བརྗོད་ཀྱི་ཡོད། དེ་དག་ནི་རང་དབང་དང༌། འདྲ་མཉམ། དྲང་བདེན། སྤུན་ཟླའི་འདུ་ཤེས་བཅས་ཡིན། འོན་ཀྱང་ཁོ་ཚོའི་ལྟ་གྲུབ་དེ་དག་གི་རྨང་གཞི་ནི་ཕྱི་དངོས་པོའི་གནས་སྟངས་ཁོ་ན་ལ་བརྟེན་ནས་རང་དབང་ནི་ཕྱིའི་སྲིད་དོན་གྱི་རང་དབང་ཙམ་དང༌། གོ་སྐབས་དང་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཙམ་གྱི་འདྲ་མཉམ་དང༌། མིས་བཟོས་པའི་ཁྲིམས་ལུགས་ལ་ལྟོས་པའི་དྲང་བདེན། མི་རིགས་དང་ཡུལ་ལུང་གིས་དབྱེ་བའི་སྤུན་གྱི་འདུ་ཤེས་ཙམ་ལས། དོན་དམ་གྱི་རང་དབང་དང༌། འདྲ་མཉམ་སོགས་ཀྱི་བསམ་ཚུལ་གཏིང་ཟབ་གང་ཡང་མེད། ནང་པའི་ལྟ་གྲུབ་ནི་རང་དབང་གི་མཐར་ཐུག་ལས་ཉོན་གྱི་གཞན་དབང་ལས་གྲོལ་བ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་རུང་ཡིན་པའི་ཆ་ནས་རྒྱས་འགྱུར་གྱི་ནུས་པ་གཅིག་གྱུར་ཡིན་པའི་རྒྱུ་མཚན་གྱིས་འདྲ་མཉམ། རང་བཞིན་གཤིས་ལུགས་ཀྱི་ཁྲིམས་སམ་ལས་རྒྱུ་འབྲས་ཀྱི་རྣམས་བཞག་ལ་ལྟོས་པའི་དྲང་བདེན། སེམས་ཅན་ཐམས་ཅད་མར་ཤེས་པའི་སྤུན་གྱི་འདུ་ཤེས་སོགས་མང་གཙོའི་ཁྱད་ཆོས་དེ་དག་གི་གོ་དོན་ཧ་ཅང་རྒྱ་ཆེ་གཏིང་ཟབ་ཏུ་ཡོད་པ་དང༌། མདོར་བསྡུས་ཏེ་བཤད་ན་དབང་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་བར་གྱི་དབྱེ་བ་མེད་པར་མི་མང་ཡོངས་རྫོགས་དབང་བསྒྱུར་བྱ་དང༌། སྒྱུར་མཁན་གཉིས་ཀ་ཡིན་པའི་རིང་ལུགས་ལ་ཡང་དག་པའི་མང་གཙོའི་རིང་ལུགས་ཞེས་བརྗོད་པ་ཡིན། དེ་འདྲའི་རྩ་དོན་གསུམ་པོ་དེ་དག་ང་ཚོའི་དོར་དུ་མི་རུང་བའི་དམ་བཅར་བཟུང་ནས་གཞུང་གི་ལས་དོན་ཇི་འདྲ་ཞིག་བྱེད་པ་ཡིན་ནའང་རྩ་དོན་འདི་གསུམ་པོ་གང་རུང་དང་འགལ་དང་མི་འགལ་དཔྱད་པ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན། དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པ་དང༌། ཡང་དག་པའི་མང་གཙོའི་རིང་ལུགས་གཉིས་གལ་ཆེའི་དོན་སྙིང་དུ་ངོས་འཛིན་གནང་བ་དེ་ང་ཚོས་ངོ་ཤེས་པར་བྱེད་དགོས་པ་དང༌། གཞུང་གི་ལྟ་གྲུབ་ཀྱི་རྨང་གཞིའང་ྋགོང་མཆོག་གི་དགོངས་གཞི་རྣམས་རྩ་དོན་དུ་བཟུང་ནས་བཟོས་ཡོད།
གོང་གསལ་ལྟ་གྲུབ་དེ་དག་གཞི་རྩར་བཟུང་ནས་ཕྱག་ལས་གནང་བའི་སྐབས་གནས་སྟངས་ག་འདྲ་ཞིག་དགོས་མིན་ངེས་པར་དུ་གཞུང་གི་ལམ་སྟོན་དགོས་པ་ཡིན། མི་སུ་དང་སུ་ཡིན་ཡང་ལས་དོན་དུ་ཞུགས་པའི་སྐབས་ལས་དོན་གསར་གཏོད་དང་ལག་བསྟར་དགོས་གལ་ཆེ་ཆུང་གི་གོ་རིམ་སོགས་ལས་འཆར་འགོད་པའི་སྐབས་དམིགས་ཡུལ་དང༌། བྱ་ཐབས། ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་པའི་ངོས་འཛིན་གསལ་པོ་དང༌། ཡང་དག་པ་ཞིག་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རང་ཅག་ལ་ལས་རིམ་འཆར་གཞི་འགོད་ཕྱོགས་དང༌། ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོ་མས་བུ་ལ་འདོམས་པར་ལྟར་ལམ་སྟོན་ཁ་གསལ་མང་པོ་བསྩལ་གནང་མཛད་ཡོད། ལམ་སྟོན་དེ་རང་གི་ཐོག་ང་ཚོས་མདུན་བསྐྱོད་བྱེད་རྒྱུ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་ཇི་འདྲ་ཞིག་ཕེབས་ཡོད་དམ་ཞེ་ན། ལས་དོན་ཇི་འདྲ་ཞིག་ཡིན་ཡང་གལ་ཆེ་ས་ཞིག་ནས་འགོ་འཛུགས་བྱེད་དགོས་པ་དང༌། དེའང་བསྒྲུབ་བྱ་དང་པོ་ནི། རང་ཅག་ཚང་མ་སྲོག་ཆགས་ཤིག་ཡིན་སྟབས་སྲོག་ཆགས་སྤྱི་ཡོངས་ཀྱི་ཕན་བདེའི་སྒྲུབ་ཐབས་བྱ་རྒྱུ་རང་རེའི་ལས་དོན་ནང་གི་གལ་ཆེ་ཤོས་སུ་ངོས་འཛིན་གནང་སྟེ་ལམ་སྟོན་དང་སྐུལ་འདེབས་གནང་ཡོད།
བསྒྲུབ་བྱ་གཉིས་པ་ནི། རང་ཅག་རྣམས་འགྲོ་བ་མི་ཡིན་པའི་ཆ་ནས་མིའི་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་དགོས་པ་ཡིན། གལ་ཏེ་མིའི་སྤྱི་ཚོགས་ལ་ཕན་པ་ལྟ་བུ་ཡོད་ཀྱང་སེམས་ཅན་སྤྱི་ཡོངས་ལ་གནོད་པ་ཞིག་ཡིན་ན་དེའང་སྤང་བྱར་ངོས་འཛིན་བྱེད་དགོས། དེང་སྐབས་འཛམ་གླིང་ནང་བློ་ཕམ་འོས་པའི་གནས་ཚུལ་མང་པོ་ཞིག་ཡོད་པའི་ནང་མི་མང་པོ་ཞིག་གིས་མིའི་སྤྱི་ཚོགས་ཀྱི་བདེ་དོན་མ་གཏོགས་སྲོག་ཆགས་གཞན་གྱི་བདེ་སྡུག་ལ་བསམ་བློ་མ་བཏང་བར་དེ་ཚོ་ཤི་ནའང་ཤི་རུ་བཅུག་པ་དང༌། གལ་སྲིད་བསད་དགོས་ཀྱང་མིའི་ཁེ་ཕན་ལ་ཐུག་ན་གསོད་རྐྱང་བྱེད་པའི་བསམ་བློ་ངན་པ་ཞིག་བཅངས་ཀྱི་ཡོད། ང་ཚོ་བསམ་ཚུལ་ངན་པ་དེ་འདྲའི་འོག་འགྲོ་ཐབས་མེད། ང་ཚོའི་རྣམ་ཀུན་ཁ་རྒྱུན་གྱི་ནང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་ཡོད། འགྲོ་བ་རིགས་དྲུག་གི་ཁོངས་སུ་གཏོགས་པའི་སེམས་ཅན་ནི་མིའི་འགྲོ་བ་ལས་ཧ་ཅང་གི་མང་བ་ཡོད།
བསྒྲུབ་བྱ་གསུམ་པ་ནི། རང་ཅག་ནང་པ་ཡིན་པའི་ཆ་ནས་ནང་པའི་བསྟན་པ་ལ་ཕན་པའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན།
བསྒྲུབ་བྱ་བཞི་པ་ནི། རང་ཅག་བོད་མི་ཡིན་པའི་ཆ་ནས་བོད་མྀའི་རྩ་དོན་བསྒྲུབ་རྒྱུ་དེ་ཡིན། བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་ཀྱི་མི་རིགས་རྒྱུན་གནས་ཐུབ་ཐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་བཅས་ལ་འབད་བརྩོན་བྱེད་དགོས་པ་ཡིན། གོང་གསལ་གལ་ཆེའི་བསྒྲུབ་བྱ་དེ་དག་གི་འོག་གཞི་ནས་སོ་སོའི་ཆོལ་ཁ་དང༌། ལུང་ཚན། ཁྱིམ་ཚང༌། མི་སྒེར་བཅས་ཀྱི་ལས་དོན་བསྒྲུབ་བྱ་རྣམས་བཞག་དགོས། དེང་སྐབས་ནུབ་ཕྱོགས་པས་གལ་ཆེ་ཤོས་ནི་སོ་སོ་རང་ཉིད་ཡིན་པ་བརྩི་སྲོལ་ཡོད། དེ་བཞིན་རྒྱ་གར་ལ་མཚོན་ནའང་བྲམ་ཟེ་ཅཱཎཀྱས་བསམ་ཚུལ་དེ་དང་མཚུངས་པ་ཡོད། ནང་པའི་ལྟ་ཚུལ་ནི་མི་ཚང་གི་ཆེད་དུ་རང་ཉིད་བློས་གཏོང་དགོས་པ་དང༌། གྲོང་གསེབ་ཀྱི་ཆེད་དུ་མི་ཚང༌། གྲོང་ཁྱེར་གྱི་ཆེད་དུ་གྲོང་གསེབ། རྒྱལ་ཁབ་ཀྱི་ཆེད་དུ་གྲོང་ཁྱེར་བློས་གཏོང་དགོས་ཞེས་གསུངས་ཡོད། ཅཱཎཀྱས་ཀྱང་དེ་དང་མཚུངས་པར། གྲོང་གསེབ་ཀྱི་ཆེད་དུ་མི་ཚང་བློས་གཏོང་དགོས་པ་ནས་རྒྱལ་ཁབ་ཀྱི་ཆེད་དུ་གྲོང་ཁྱེར་བློས་གཏོང་དགོས་པ་སོགས་གཅིག་གྱུར་ཐོག་མཐའ་དོན་རང་ཉིད་ཀྱི་ཆེད་དུ་རྒྱལ་ཁབ་ཀྱང་བློས་གཏོང་དགོས་ཞེས་བརྗོད་ཡོད། དེང་སང་ནུབ་ཕྱོགས་པའི་ལྟ་ཚུལ་ཡང་ཅཱཎཀྱ་དང་གཅིག་པ་ཡིན། རང་ཉིད་ལ་ཐུག་ན་ག་རེ་ཡིན་ནའང་བློས་བཏང་ནས་རང་ཉིད་སྲུང་སྐྱོབ་བྱེད་དགོས་པར་བསམ་གྱི་ཡོད། གནས་ཚུལ་དེ་ལས་ལྡོག་སྟེ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བསླབ་བྱ་དང་གདམས་ངག་གི་ཉིང་ཁུ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་རང་ལ་འཁྲི་བའི་ལས་འགན་དེ་ཡིན། དེ་འདྲའི་རླབས་ཆེན་གྱི་གདམས་ངག་དེའི་གོ་དོན་རྟོགས་མཁན་དང་ངོས་འཛིན་ཐུབ་མཁན་བོད་མིའི་ནང་ཧ་ཅང་ཉུང་ཉུང་ཡིན་ནའང༌། རྒྱལ་ཁབ་གཞན་དག་གི་མི་རིགས་ནང་དེའི་ཐོག་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཧ་ཅང་མང་པོ་ཡོད། བོད་པར་དོ་སྣང་ཕྲན་བུ་ཡོད་མཁན་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་ཕྲན་བུ་ཤེས་མཁན་ཞིག་ཡིན་ཕྱིན་ཆད་ྋགོང་ས་མཆོག་གི་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་འཁྲི་བའི་ལས་འགན་གྱི་བཀའ་སློབ་དེ་ཤེས་ཀྱི་ཡོད། བོད་མིའི་སྤྱི་ཚོགས་ཀྱིས་ད་ལྟའང་ྋགོང་ས་མཆོག་ལ་དད་པ་བྱེད་སྟངས་ནི་ “སྐྱབས་སུ་མཆི་” ཞེས་སྲོལ་རྒྱུན་གོམས་གཤིས་ཀྱི་དད་འདུན་ཙམ་ལས། ྋགོང་ས་མཆོག་གི་འཛམ་གླིང་ནང་འགྲན་ཟླ་མེད་པའི་རིན་ཐང་ཅན་གྱི་བཀའ་སློབ་གང་དང་གང་གནང་ཡོད་པ་དང༌། དེ་དག་ཤེས་པའི་ཐོག་ནས་དད་པ་དང་བཀྲིན་རྗེས་དྲན་ཞུ་མཁན་དཀོན་པོ་རེད། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མི་རིགས་སྤྱི་ཡོངས་ལ་ཐུན་མོང་མ་ཡིན་པའི་གསུང་འཕྲིན་ཞིག་གནང་ཡོད། དེ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་འཁྲི་བའི་ལས་འགན་དེ་མི་ཚང་མས་བསྒྲུབ་དགོས་པ་དེ་ཡིན། འདིའི་གནད་འགག་ཤེས་པར་བྱས་ཏེ་རང་རེའི་ལས་དོན་གྱི་གོ་རིམ་བསྒྲིག་ཐུབ་པ་ཡིན་ན། ལས་དོན་གང་ཞིག་བྱས་ཀྱང་འཇིག་རྟེན་སྤྱིའི་ཕན་བདེར་དམིགས་ཐུབ་པ་ཞིག་དང༌། རྒྱུན་དུ་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་འཁྲི་བའི་ལས་འགན་ལ་དོ་སྣང་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་ཆགས་རྒྱུ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་དང༌། ལྷག་པར་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་གནང་བའི་བཀའ་སློབ་རྣམས་ལ་བལྟས་ན་ད་ལྟའི་རང་རེའི་གནས་ཡུལ་གྱི་འཇིག་རྟེན་འདི་ཉེན་ཁ་ཆེན་པོ་ལྔའི་ཐོག་གནས་ཡོད་པར་ཕྱོགས་བསྡོམས་ནན་པོ་གནང་ཡོད། ཉེན་ཁ་ལྔ་པོ་དེ་གང་ཡིན་ཞེ་ན།
༡ འཛམ་གླིང་ནང་མི་འབོར་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་པའི་གནས་ཚུལ་འདི་གཅིག་ཡིན། ཚན་རིག་པ་ཁ་ཤས་ཀྱིས་ཚོད་དཔག་བྱེད་སྐབས་ད་ལྟའི་མི་འབོར་འཕེལ་རྒྱས་ཀྱི་མགྱོགས་ཚད་འདི་རང་ལ་གནས་པ་ཡིན་ན་ལོ་སྟོང་ཕྲག་ཁ་ཤས་ཀྱི་རྗེས་སའི་གོ་ལའི་ཐོག་མི་རྣམས་ལངས་ཏེ་བསྡད་ན་མ་གཏོགས། བསྡད་ན་མི་ཤོང་བ་ཆགས་རྒྱུའི་ཉེན་བརྡ་བཏང་ཡོད། གང་ལྟར་མིའི་སྐྱེ་འཕེལ་ཧ་ཅང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་པ་དང༌། དེ་ལ་བརྟེན་ནས་མཐུན་རྐྱེན་གྱིས་མི་འདེང་བས་འགྲོ་བ་མི་སྤྱི་ཡོངས་ལ་ཉེན་ཁ་ཡོང་ངེས་པ་ཡང་དངོས་ཡོད་ཀྱི་གནས་ཚུལ་ཡིན།
༢ མི་རྣམས་དབུལ་ཕྱུག་གི་མཐའ་གཉིས་སུ་ལྷུང་བའི་གནས་ཚུལ་འདི་ཉེན་ཁ་གཞན་ཞིག་ཡིན། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པ་ཙམ་ནས་འཛམ་གླིང་ནང་ཚན་རིག་དང་བཟོ་ལས་ཡར་རྒྱས་ཕྱིན་པ་ནས་བཟུང་དབུལ་པོ་རྣམས་ད་དུང་དབུལ་དུ་སོང་བ་དང༌། ཕྱུག་པོ་རྣམས་ཧ་ཅང་ཕྱུག་ཏུ་ཕྱིན་ནས་ཉིན་རེ་བཞིན་དབུལ་ཕྱུག་བར་གྱི་བར་ཁྱད་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་འདས་པའི་མི་ལོ་བཅུ་ཕྲག་ལྔ་དྲུག་གི་ནང་ཕྱུག་དབུལ་ཀྱི་བར་ཁྱད་ཧ་ཅང་ཚད་མཐོར་ཕྱིན་ཡོད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་གོང་འཛམ་གླིང་གི་ནོར་སྲིད་དེ་ཚོང་གི་ཐོག་དབང་སྒྱུར་བྱེད་མཁན་བཟོ་ཚོང་བདག་པོ་བརྒྱ་ཕྲག་ཁ་ཤས་ཡོད་ཀྱང༌། དེང་སྐབས་རྒྱལ་མང་གི་བཟོ་ཚོང་བདག་པོ་བཅུ་ཕྲག་ཁ་ཤས་ཀྱི་དབང་བསྒྱུར་བྱས་པའི་གོ་ལ་གཅིག་བསྒྱུར་གྱི་ལམ་སྲོལ་འོག་འཛམ་གླིང་གི་དཔལ་འབྱོར་ཡོངས་སུ་རྫོགས་པ་རིམ་བཞིན་མ་བདག་ཇེ་ཉུང་གི་ལག་ཏུ་འགྲོ་བའི་སྐབས་འདིར་དབུལ་པོའི་ཐིག་མཚམས་ཀྱི་འོག་ཏུ་གནས་པའི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད། དེང་སྐབས་འཛམ་གླིང་ནང་དབུལ་ཕྱུག་གྱི་བར་ཁྱད་ཆེ་རུ་ཕྱིན་པའི་དབང་གིས་དམག་འཁྲུག་དང༌། འཇིགས་སྐུལ་རིང་ལུགས་ཇེ་མང་དུ་འགྲོ་བཞིན་ཡོད།
༣ འཛམ་གླིང་ཁོར་ཡུག་ཉམས་ཆག་གི་གནས་ཚུལ་དེ་ཉེན་ཁ་གསུམ་པ་ཞིག་ཡིན། སྐྱེ་འགྲོ་རྣམས་འཚོ་བར་བྱེད་པའི་རང་བཞིན་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མི་ལྟ་ཞོག་སྲོག་ཆགས་གཞན་དག་ཀྱང་འཚོ་གནས་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཡོད། ས་ཡི་གོ་ལ་འདིའི་ཐོག་གནས་པའི་སེམས་ཅན་ཡོངས་ཀྱི་བླ་སྲོག་འཚོ་བའི་རྨང་གཞིའི་དགོས་མཁོ་ཆུ་དང༌། སྲོག་རླུང༌། འཕྲོད་བསྟེན་ལ་མི་གནོད་པའི་ཟ་འབྲུ་བཅས་ཡིན་ན་དེ་དག་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁོར་ཡུག་བདག་གཅེས་བྱེད་དགོས་པ་ནི་སྤྱི་ཡོངས་ཀྱི་འགན་ཁུར་ཆགས་ཡོད། ཁོར་ཡུག་སྟོར་བཤིག་གི་གནས་ཚུལ་ལ་བརྟེན་ནས་ཆུ་དང་རླུང་གཙང་མ་ཞིག་ཀྱང་རྙེད་དཀའ་བར་གྱུར་ནས་རང་རེའི་འཇིག་རྟེན་འདི་རྩ་བརླག་ཏུ་འགྲོ་རྒྱུའི་ཕྱོགས་སུ་འགྲོ་བཞིན་ཡོད།
༤ དམག་འཁྲུག་དང༌། འཇིགས་སྐུལ་རིང་ལུགས་པ་ལ་སོགས་པས་དངོས་སུ་འཚེ་བའི་ལས་ཀ་འདི་ཉེན་ཁ་བཞི་པ་དེ་ཡིན། དཔེར་ན། ལོ་གཅིག་མ་ཟིན་ཙམ་གྱི་གོང་ཨ་རིའི་ནང་གོད་ཆགས་ག་འདྲ་ཞིག་བྱུང་ཡོད་པ་རང་རེའི་དྲན་ལམ་དུ་གསལ་པོ་ཡོད། རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཆུང་ངུ་འདིར་མཚོན་ནའང་གཞིས་ཆགས་ཁ་ཤས་ནང་འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་ཡོང་བཞིན་ཡོད། དམག་འཁྲུག་དང༌། འཇིགས་སྐུལ་རིང་ལུགས་པའི་དཀའ་ངལ་དེ་དག་གི་བྱུང་རྐྱེན་ཡང་ཞིབ་ཏུ་བརྟག་ན་མི་འབོར་འཕེལ་རྒྱས་དང༌། དབུལ་ཕྱུག་གི་བར་ཁྱད། ཁོར་ཡུག་གི་ཉམས་ཆག་སོགས་གཞི་རིམ་གྱི་དཀའ་ངལ་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་མཐོང་ཐུབ། མདོར་ན་དཀའ་ངལ་དེ་དག་གི་ངོ་བོ་དང་རྒྱུ་རྐྱེན་གཉིས་ཀ་འཚེ་བའི་ལས་ལ་ཐུག་ཡོད་པར་བརྟེན། འཚེ་བའི་ལས་ལ་འཚེ་བ་མེད་པའི་ལམ་ནས་གདོང་ལེན་བརྟན་པོ་ཞིག་བྱེད་མ་ཐུབ་ན་ཉེན་ཁ་དེ་དག་བཟློག་ཐབས་མེད།
༥ ཆོས་ལུགས་ཀྱི་མིང་ལ་བརྟེན་ནས་བྱུང་བའི་ཕྱོགས་འཐེན་དང༌། འཐབ་རྩོད་ཀྱི་གནས་ཚུལ་འདི་ཉེན་ཁ་ལྔ་པ་དེ་ཡིན། འདི་ནི་བློ་ཕམ་འོས་པའི་དཀའ་ངལ་ཞིག་རེད། ཆོས་ལུགས་ནི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཆེད་དུ་ཐོག་མར་སྲོལ་གཏོད་ཡོད་ཀྱང༌། མཐའ་མ་ཆོས་ལུགས་དེ་ཚོའི་མིང་གིས་མི་རྣམས་ཁ་བྲལ་དུ་གཏོང་བ་དང༌། འཐབ་རྩོད་ཡོང་བའི་གཞི་རྩར་ཆགས་ཡོད། ཆོས་ལུགས་ཀྱི་རྨོངས་དད་དང་འཐེན་འཁྱེར་ལ་བརྟེན་ནས་དམག་འཁྲུག་དང༌། དམག་འཁྲུག་གི་ཉེན་ཁ་བྱུང་དང་ཡོང་བཞིན་པ་རེད། ཉམས་ཞིབ་པ་འགའ་ཤས་ཀྱིས་འཛམ་གླིང་དམག་ཆེན་གསུམ་པ་ནི་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་ནས་ཡོང་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད། རང་རེའི་གནས་ཡུལ་རྒྱ་གར་ལྟ་བུར་མཚོན་ནའང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་ནས་སྤྱི་ཚོགས་ནང་འཚེ་བ་དང་དཀའ་རྙོག་ཇི་ཙམ་བྱུང་ཡོད་པ་ཉེ་ཆར་བྱུང་བའི་གུཇ་ར་ཏིའི་གནས་ཚུལ་གྱི་ཐོག་ནས་གསལ་པོར་མཐོང་ཐུབ། བོད་མིའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ནའང༌། རང་ཅག་མང་ཆེ་བ་ནང་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང༌། དངོས་དོན་ཐོག་བོད་མིའི་སྤྱི་ཚོགས་ནང་ཆོས་བརྒྱུད་ཕན་ཚུན་བར་མཐོང་ཚུལ་དང༌། འཐེན་འཁྱེར་གྱི་དཀའ་ངལ་མང་པོ་ཞིག་བྱུང་ཡོད། གནས་ཚུལ་དེ་དག་ཕྱོགས་བསྡོམས་བྱེད་ན་སྨན་དུག་ཏུ་འགྱུར་ཟེར་བ་དེ་ཆགས་ཡོད། ཆོས་ལུགས་ཀྱི་སློབ་གསོ་ལ་བརྟེན་ནས་མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པའི་ཆིག་བསྒྲིལ་ཡོང་རྒྱུའི་ཚབ་ཏུ་འཁོན་རྩོད་དང་འཚེ་བའི་བྱ་ངན་གྱི་གཞི་རྩར་ཆགས་ན་དེ་ལས་བློ་ཕམ་ཆེ་བའི་བྱུང་རྐྱེན་ངན་པ་གཞན་མེད།
གོང་ཞུས་ཀྱི་ཉེན་ཁ་ཆེན་པོ་ལྔ་པོ་རེ་རེས་ཀྱང་འཛམ་གླིང་ཡོངས་རྫོགས་ཤུལ་མེད་དུ་གཏོང་རྒྱུའི་ནུས་ཤུགས་ཡོད་པ་ཡིན། ང་ཚོས་ད་ལྟ་དེ་ལྔ་ཀ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་བཙན་བཟུང་དབང་བསྒྱུར་འོག་གནས་པའི་བོད་མིའི་དཀའ་སྡུག་འདིའང་འཇིག་རྟེན་སྤྱི་ལ་ཁྱབ་པའི་དཀའ་སྡུག་གི་མཚོན་རྟགས་ཤིག་ཡིན་པ་ལས་བོད་མི་གཅིག་པུའི་དཀའ་སྡུག་ཟུར་པ་ཞིག་མིན། བོད་རྒྱ་དམར་གྱི་དབང་བསྒྱུར་འོག་ཚུད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཡང་ཕྱོགས་གཅིག་ནས་བོད་མིའི་ཆིག་བསྒྲིལ་གྱི་ནུས་པའི་རྨང་གཞི་སྲ་བརྟན་མེད་པ་དང༌། གཉིས་ནས་འཛམ་གླིང་ནང་ཚན་རིག་དང་བཟོ་ལས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་མང་གཙོའི་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས། དམར་པོའི་རིང་ལུགས་སོགས་མང་པོ་ཞིག་གི་བར་འཛམ་གླིང་སྤྱི་ཡོངས་སུ་འཐབ་རྩོད་ཤུགས་ཆེ་བྱུང་བ་ལ་ཐུག་ཡོད། རྒྱལ་སྤྱིའི་ནང་གི་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོའི་ཞོར་དྲུད་ལ་ཕྱིན་པ་མ་ཡིན་ན་བོད་རྒྱ་གཉིས་བར་བཙན་འཛུལ་དང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཅིག་པུ་ལ་བརྟེན་ནས་མཐའ་མ་བོད་རྒྱ་དམར་གྱི་བཙན་འོག་ཏུ་ཚུད་དགོས་པའི་གནས་ཚུལ་འདི་ཡོང་དོན་མེད།
མདང་ནུབ་བཀའ་ཤག་ནས་ཁྱེད་རྣམ་པར་ཕུལ་བའི་གྷན་དྷིས་བརྩམས་པའི་ཧིནྡ་སྭརཱཇ་ནང་གནས་ཚུལ་ཇི་འདྲ་ཞིག་ལ་བརྟེན་ནས་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ཚུད་པའི་སྐོར་གསལ་བཤད་གནང་ཡོད། ཁོང་གིས་དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱས་པ་མ་ཡིན་པར་རྒྱ་གར་རང་ཉིད་ཀྱི་ནུས་ཤུགས་ཉམས་གུད་ཕྱིན་ནས་དབྱིན་ཇི་གདན་འདྲེན་ཞུས་ཡོད་ཅེས་གསུངས་ཡོད་པ་འདིའི་དཔེ་མཚོན་ནི་རང་ཅག་བོད་པ་ལའང་ཧ་ཅང་མཚུངས་པོ་ཡོད། ཕྱི་ལོ་ ༡༩༤༠ མཇུག་དང༌། ༡༩༥༠ མགོའི་གནས་ཚུལ་ལ་ཕྱི་མིག་བལྟས་ན་སྐབས་དེར་རྒྱ་དམར་གྱི་སྟོབས་ཤུགས་ཧ་ཅང་ཆེ་དྲགས་པའི་དབང་གིས་བོད་དུ་བཙན་འཛུལ་དབང་བསྒྱུར་བྱས་པ་ཞིག་གཏན་ནས་མིན། ང་ཚོས་ངེས་པར་དུ་སོ་སོའི་ཞན་ཆ་གང་ཡོད་པ་རྣམས་མཐོང་ཐུབ་པ་དང་ཁས་ལེན་བྱེད་ཐུབ་པ་དགོས། སྐབས་དེར་རྒྱ་དམར་ལ་དེ་ཙམ་གྱི་སྟོབས་ཤུགས་ཆེན་པོ་མེད་ནའང༌། བོད་རིགས་ཡོངས་རྫོགས་ཀྱི་ནུས་ཤུགས་ཕྱོགས་ཡོངས་ནས་གོང་བུ་ཆིག་བསྒྲིལ་བྱས་མ་ཐུབ་པར་བརྟེན་བོད་ས་ཤོར་བ་དང༌། ཁོ་ཚོ་བོད་དུ་ལྷིང་ཆགས་ནས་བསྡད་ཐུབ་པའི་གོ་སྐབས་སྤྲད་ཡོད། དེ་ལྟར་བོད་དང་བོད་མིའི་དཀའ་རྙོག་ནི་འགྲོ་བ་མི་སྤྱི་ཡོངས་ཀྱི་དཀའ་རྙོག་གི་ཆ་ཤས་སམ་མཚོན་རྟགས་སུ་གྱུར་ཡོད་པ་དང༌། དཀའ་རྙོག་དེ་བསལ་རྒྱུའང་འགྲོ་བ་མི་སྤྱི་ཡོངས་ཀྱི་ཞི་བདེ་དང་ཁེ་ཕན་གྱི་ཆེད་དུ་སེལ་དགོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ཀྱི་ཡོད། གཞི་རིམ་གྱི་རྩ་དོན་འདི་དག་རང་ཅག་ཚང་མས་ཤེས་རྟོགས་ཐུབ་པ་བྱས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་ཇི་འདྲ་ཞིག་བྱས་ཀྱང་བོད་མི་རིགས་གཅིག་པུའི་ཁེ་ཕན་ཙམ་མ་ཡིན་པར་མི་འབོར་དུང་ཕྱུར་བཅུ་བརྒལ་བའི་རྒྱ་ནག་གི་མི་མང་ཐེ་བའི་འཇིག་རྟེན་སྤྱི་ཡོངས་ལ་ཕན་པ་ཞིག་ཡོང་བའི་ཆེད་དུ་ཡིན་པ་ཤེས་པའི་ཐོག་ནས་བྱེད་དགོས། དེ་འདྲ་ཞིག་བྱུང་བ་ཡིན་ན། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཁག་གི་དམིགས་ཡུལ་དང༌། རང་བཞིན། བྱ་ཐབས་བཅས་ངོས་འཛིན་གསལ་པོ་ཐུབ་པ་ཡོང་རྒྱུ་ཡིན།
བོད་དང་རྒྱ་མི་དབང་འཛིན་པའི་བར་གྱི་ད་ལྟ་ཡོད་བཞིན་པའི་འགལ་ཟླའི་འཐབ་རྩོད་ཀྱི་རང་བཞིན་ངོ་མ་གང་ཡིན་པ་དེའང་རང་རེ་མང་པོ་ཞིག་གིས་ངོས་འཛིན་གསལ་པོ་བྱེད་ཐུབ་ཀྱི་མེད། འགའ་ཤས་ཀྱིས་རྒྱ་དམར་གུང་བྲན་རིང་ལུགས་པ་ཡིན་པ་དང༌། བོད་མིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་བྱས་པ་དེ་ཆབ་སྲིད་ལྟ་གྲུབ་ཀྱི་འགལ་ཟླ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཐོག་མར་འབྱོར་སྐབས་གོ་མིན་ཏང་གིས་ྋགོང་ས་མཆོག་ལ་འཚམས་འདྲིའི་ཕྱག་བྲིས་ཕུལ་བའི་ནང་ཐེ་བོད་མཉམ་སྦྲེལ་གྱི་སྟོབས་ཤུགས་ལ་བརྟེན་ནས་གུང་རྒོལ་གྱི་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསལ་བར་བརྟེན་རང་ཕྱོགས་ནས་ངོས་ལེན་གནང་བདེ་བྱུང་མེད། སྐབས་དེར་ྋགོང་ས་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་ནི་དམར་པོའི་རིང་ལུགས་སམ་གུང་རྒོལ་གྱི་འཐབ་རྩོད་ཅིག་མིན་པར་བོད་ལ་རྒྱ་མིས་དྲང་བདེན་མིན་པའི་བཙན་འཛུལ་དབང་བསྒྱུར་བྱས་པར་བརྟེན་འཐབ་རྩོད་བྱེད་དགོས་བྱུང་ཞེས་སྐབས་དེ་དུས་ནས་དབྱེ་མཚམས་གསལ་པོ་ཕྱེ་གནང་མཛད་ཡོད། དེར་བརྟེན་བོད་མིའི་རང་དབང་གི་འཐབ་རྩོད་ནི་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་འཐབ་རྩོད་ཅིག་མིན། ྋགོང་ས་མཆོག་གིས་དུས་རྒྱུན་དུ་བོད་མི་མང་ཚོགས་ནས་སྤྱི་ཚོགས་རིང་ལུགས་ལ་མོས་པ་ཡོད་ན་དེའི་ཐོག་བསྐྱོད་ཆོག་པ་དང༌། ཡང་མ་རྩའི་རིང་ལུགས་ལ་མོས་པ་ཡོད་ན་དེ་དོན་གདམ་ཁ་བྱེད་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་ཅེས་བཀའ་བསྩལ་ཡོད། སྲིད་དོན་ལྟ་གྲུབ་ཀྱི་འཐབ་རྩོད་དང་བོད་ཀྱི་བདེན་དོན་འཐབ་རྩོད་གཉིས་ཀྱི་བར་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རང་བཞིན་སྲིད་དོན་ལྟ་གྲུབ་མ་མཐུན་པ་གཉིས་ཀྱི་འཐབ་རྩོད་ཡིན་པ་ནམ་ཡང་ངོས་ལེན་བྱེད་མི་འོས། ཡང་ཁ་ཅིག་གིས་བོད་རྒྱའི་འཐབ་རྩོད་འདི་མི་རིགས་ཀྱི་འཐབ་རྩོད་རེད་ཅེས་བརྗོད་ཀྱི་ཡོད། བོད་རིགས་དང་ཧན་མི་རིགས་གཙོ་བོར་གྱུར་པའི་རྒྱ་རིགས་གཉིས་ཐ་དད་ཡིན་པར་བརྟེན་བར་ལམ་ཀོ་སོ་ཝོ་དང་ཅེ་ཅེ་ནེ་ཡ་སོགས་སུ་མི་རིགས་ཀྱི་འཐབ་རྩོད་བྱུང་བ་དེ་དག་དང་མཚུངས་པར་བོད་ཀྱི་རང་དབང་གི་འཐབ་རྩོད་ཀྱང་མི་རིགས་བར་གྱི་འཐབ་རྩོད་ཡིན་པར་ངོས་འཛིན་བྱས་པ་དེའང་ནོར་འཁྲུལ་རེད། བོད་རྒྱ་གཉིས་མི་རིགས་ཐ་དད་ཡིན་ནའང་མི་རིགས་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་རིགས་སྤུན་ཟླ་ལྟ་བུའི་འདུ་ཤེས་བཟུང་སྟེ་ཕན་ཚུན་མཛའ་མཐུན་ཆེན་པོའི་ཐོག་སྐྱོང་རེས་བྱས་ཏེ་གནས་པའི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་དང༌། མ་འོངས་པར་ཡང་བོད་ལ་རང་དབང་གི་གནས་བབས་ཇི་འདྲ་ཞིག་བྱུང་ཡང་ས་ཁུལ་གྱི་ཆ་ནས་རྒྱ་ནག་དང་ཁྱིམ་མཚེས་བྱས་ཏེ་སྡོད་རྒྱུ་མ་གཏོགས་གཞན་དུ་གནས་སྤོས་བྱེད་ཐབས་མེད། དེར་བརྟེན་བོད་རྒྱ་མི་རིགས་གཉིས་བར་འདས་པའི་ལོ་རྒྱུས་ནང་མི་རིགས་ཀྱི་འགལ་ཟླ་བྱུང་མེད་ལ། ད་ལྟའི་སྐབས་སུའང་བོད་རྒྱའི་འཐབ་རྩོད་ནི་མི་རིགས་ཀྱི་འགལ་ཟླ་ལ་བརྟེན་ནས་བྱུང་བ་ཞིག་མིན་པ་དང༌། མ་འོངས་པར་ཡང་བོད་རྒྱ་མི་རིགས་གཉིས་བར་མཛའ་མཐུན་གྱི་སྒོ་ནས་གནས་རྒྱུ་ལས་ཐབས་ལམ་གཞན་མ་མཆིས་པས་ད་ལྟའི་ང་ཚོའི་འཐབ་རྩོད་འདི་མི་རིགས་ཀྱི་འགལ་ཟླའི་འཐབ་རྩོད་མ་ཡིན་པར་ངོས་འཛིན་གསལ་པོ་བྱེད་དགོས། ད་ལྟ་ང་ཚོའི་འཐབ་རྩོད་ལ་ངོ་རྒོལ་བྱེད་མཁན་གྱི་བོད་རིགས་མང་པོ་ཡོད་པར་མ་ཟད། རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་མང་པོ་ཡོད་པ་འདིའི་ཐོག་ནས་ཀྱང་ང་ཚོའི་འཐབ་རྩོད་དེ་མི་རིགས་ཀྱི་འཐབ་རྩོད་མ་ཡིན་པ་གསལ་པོར་མངོན་ཐུབ། ཡང་རེ་ཟུང་གིས་བོད་རྒྱའི་འཐབ་རྩོད་འདི་སྲིད་དོན་གྱི་དབང་ཆའི་འཐབ་རྩོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་སྲིད་དབང་དེ་ྋགོང་ས་མཆོག་གམ། ཡང་ན་བོད་མི་འགའ་ཤས་དང༌། རྒྱ་ནག་གཞུང་བཅས་སུས་འཛིན་གྱི་ཐོག་འཐབ་རྩོད་ཡིན་པར་ངོས་འཛིན་བྱས་པ་དེའང་ནོར་འཁྲུལ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་རང་དབང་བྱུང་མཚམས་ཆབ་སྲིད་ཀྱི་ལས་དོན་གང་ཡང་གནང་གི་མིན་ཞེས་ལོ་ཉི་ཤུ་རྩ་གྲངས་སྔོན་ནས་ཐུགས་ཐག་གཙང་མ་བཅད་དེ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་མ་ཟད། བཙན་བྱོལ་གཞུང་གི་སྣེ་མོ་བ་ཚོས་ཀྱང་བོད་དོན་འགྲིགས་ཆགས་བྱུང་མཚམས་བོད་ཀྱི་ཆབ་སྲིད་ཀྱི་ནང་ཐོབ་ཐང་གང་ཡང་རྩོད་ཀྱི་མིན་ཞེས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དུ་གསལ་པོ་བཀའ་གནང་ཡོད། གང་ལྟར་བོད་ཀྱི་བདེན་དོན་འཐབ་རྩོད་འདི་སྲིད་དབང་བོད་མིས་འཛིན་དང༌། རྒྱ་ནག་གིས་འཛིན་ཞེས་སྲིད་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་གཏན་ནས་མིན། གནའ་བོའི་བོད་ཀྱི་གཏམ་དཔེ་ལ་ “བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ཎིས་ཆོག་” ཟེར་བ་ཞིག་ཡོད། དེའི་དོན་ནི་བོད་ལ་བདེ་སྐྱིད་བྱུང་བ་ཡིན་ན་རྒྱལ་པོ་བྱེད་མཁན་སུ་ཡིན་ཡང་ཁྱད་པར་མེད་ཟེར་གྱི་ཡོད་པ་རེད། བོད་མིར་དོན་དམ་གྱི་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་བྱུང་ན་དབང་བསྒྱུར་བྱེད་མཁན་རྒྱ་མི་ཡིན་ནའང་འགྲིགས། བོད་པ་ཡིན་ནའང་འགྲིགས། ཁྱད་པར་གང་ཡང་མེད། ཆབ་སྲིད་དབང་བསྒྱུར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་ཞན་ཐོག་རྩོད་པ་མ་གཏོགས། དབང་བསྒྱུར་བྱེད་མཁན་གྱི་གང་ཟག་སུ་ཡིན་ལ་ནམ་ཡང་རྩོད་ཀྱི་མེད་པ་དེ་ནན་བརྗོད་བྱེད་ཀྱི་ཡིན། ང་ཚོ་ཚང་མས་བོད་ཀྱི་དཀའ་རྙོག་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་འཐབ་རྩོད་ཀྱི་ངོ་བོ་གང་ཡིན་པ་དེ་གསལ་པོར་མི་ཚོའི་མདུན་དུ་རང་ལུགས་འགྲེལ་བཤད་བྱེད་ཐུབ་པ་ཞིག་དང༌། ཁྱད་པར་དུ་སོ་སོའི་བསམ་བློའི་ནང་ངོས་འཛིན་གསལ་པོ་ཡོད་པ་ཞིག་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། རང་རེའི་འཐབ་རྩོད་ཀྱི་ངོ་བོ་མདོར་བསྡུས་ནས་བཤད་ན། བདེན་པ་དང་རྫུན་པ་རྣམ་དབྱེ་འབྱེད་པའི་འཐབ་རྩོད་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་རྣམ་དབྱེ་འབྱེད་པའི་འཐབ་རྩོད། འཚེ་བ་དང་འཚེ་བ་མེད་པའི་བར་གྱི་འཐབ་རྩོད་ཅིག་ཡིན། སེམས་ཅན་སྤྱི་ལ་ཕན་བདེ་བསྒྲུབ་རྒྱུ་ནི་རང་ཅག་བོད་མི་ཡོངས་ལ་བབས་པའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང༌། དེ་འདྲའི་རླབས་ཆེན་གྱི་ལས་འགན་སྒྲུབ་པར་བྱེད་པ་ལ་ང་ཚོར་རང་དབང་དང༌། མཐུན་རྐྱེན་གྱི་ཁོར་ཡུག་བཟང་པོ་ཞིག་དགོས། ད་ལྟ་རྒྱ་ནག་གཞུང་གི་དབང་བསྒྱུར་གྱིས་རང་དབང་བྲལ་བའི་གནས་བབས་འདིའི་འོག་ང་ཚོའི་ལས་འགན་རླབས་ཆེན་དེ་སྒྲུབ་ཐུབ་ཐབས་མེད། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་བཟང་པོ་ཞིག་བསྐྲུན་ཐུབ་ན་གཞི་ནས་བོད་མི་ཚོས་རང་གི་ལས་འགན་བསྒྲུབ་ཐུབ་རྒྱུ་ཡིན། དེང་སྐབས་འཛམ་གླིང་ནང་མི་མང་ཆེ་བས་སོ་སོའི་ཐོབ་ཐང་རྩོད་ཀྱི་ཡོད་ཀྱང༌། རང་ཅག་བོད་མི་རྣམས་ཀྱིས་དེ་དང་མཚུངས་པར་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་ཀྱི་མེད། འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་ཚིག་འདི་ནང་པའི་ཐ་སྙད་ཅིག་མིན་ལ། ཤར་ཕྱོགས་པའི་སྐད་ཆའང་མིན། འདི་ནི་དེང་རབས་ནུབ་ཕྱོགས་པའི་བསམ་བློའི་ཐོག་ནས་བྱུང་བའི་སྐད་ཆ་ཞིག་རེད། དེང་སྐབས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྩོད་གླེང་རྒྱུན་མ་ཆད་པར་བྱེད་དགོས་པའི་དུས་སྐབས་ཤིག་ཤར་ཡོད། དེའི་རྒྱུ་རྐྱེན་ནི་འགྲོ་བ་མིའི་ལས་འགན་ལ་སྣང་ཆུང་དང་ལྷོད་གཡེང་ཕྱིན་པར་བརྟེན། མི་གཞན་གྱི་ཐོབ་ཐང་ལ་བརྩི་འཇོག་མི་བྱེད་པར་བརྡལ་བཤིག་ཕྱིན་པའི་དབང་གིས་ཐོབ་ཐང་རྩོད་དགོས་པའི་གནས་ཚུལ་འདི་བྱུང་བ་རེད། བོད་མི་ཚོར་ཡང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཡོད་པའི་ཐོབ་ཐང་དེ་ཡོད་པ་དང༌། རྩོད་ཆོག་པ་ཞིག་ཡིན་པ་སྨོས་མ་དགོས་ཀྱང༌། བོད་མིའི་གོམས་གཤིས་དང་ཡ་རབས་ཀྱི་བཟང་སྤྱོད་ནི་ཐོབ་ཐང་ལ་མི་རྩོད་པར་ལས་འགན་བསྒྲུབ་རྒྱུའི་གོ་སྐབས་ལ་རྩོད་ཀྱི་ཡོད་པ་དེ་སོ་སོས་ཀྱང་གསལ་པོ་ཤེས་རྟོགས་ཡོད་པ་ཞིག་དགོས། བོད་དོན་འཐབ་རྩོད་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང༌། ལྷག་པར་ནང་དོན་རིག་པའི་སྲོལ་རྒྱུན། དེ་དང་འབྲེལ་བའི་ལེགས་བྱང་བཅས་སེམས་ཅན་སྤྱི་ཡོངས་ཀྱི་ཕན་བདེ་བསྒྲུབ་པའི་སླད་དུ་རྒྱུན་འཛིན་དང༌། སྲུང་སྐྱོབ། ཁྱབ་སྤེལ་བྱ་རྒྱུ་བཅས་ཡིན། དེ་འདྲའི་ལས་དོན་བསྒྲུབ་པ་ལ་དགོས་ངེས་ཀྱི་རང་དབང་དང་ཁོར་ཡུག་གི་མཐུན་རྐྱེན་བཟང་པོ་ཞིག་མེད་ན་སྒྲུབ་ཐུབ་ཐབས་མེད་པས་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་གི་འོག་མང་གཙོའི་ལམ་སྲོལ་ལྡན་པའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་བསྒྲུབ་དགོས་པ་ཡིན། རང་སྲིད་རང་སྐྱོང་གི་གནས་བབས་ནི་མཐར་ཐུག་གི་དམིགས་ཡུལ་མ་ཡིན་པར་གོང་དུ་སྨོས་པའི་མཐར་ཐུག་གི་དམིགས་ཡུལ་བོད་ཀྱི་སྲོལ་རྒྱུན་འཛིན་སྐྱོང་དང༌། ཁྱབ་སྤེལ་བྱ་བའི་དམིགས་ཡུལ་དེའི་ཐབས་ལམ་ཙམ་ཞིག་ཡིན། དེ་འདྲ་བའི་མཐར་ཐུག་གི་དམིགས་ཡུལ་དང༌། དེའི་ཐབས་ལམ་དང་བཅས་པ་ཐམས་ཅད་ཡང་དག་པའི་བསྒྲུབ་བྱ་ཞིག་ཡིན་སྟབས། དེའི་སྒྲུབ་བྱེད་ཀྱང་རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པའི་ལམ་ཡང་དག་པ་ཞིག་ལ་མ་བརྟེན་ཐབས་མེད་ཡིན། དེ་ཡང་བོད་རྒྱ་ཞི་མོལ་གྱི་ལམ་ནས་བསྒྲུབ་དགོས་པ་ྋགོང་ས་ཆེན་པོས་ལམ་སྟོན་གསལ་པོ་མཛད་ཡོད། བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ཚང་མས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་མཐར་ཐུག་གི་དམིགས་ཡུལ་དང་བསྒྲུབ་བྱ། ཐབས་ལམ་བཅས་ཀྱི་ངོ་བོ་གསལ་པོ་ཤེས་རྟོགས་དགོས་པ་དེ་ཧ་ཅང་གལ་ཆེའི་རང་བཞིན་ཡིན།
དེ་འདྲའི་དམིགས་ཡུལ་ཅན་གྱི་ལས་འགན་ཆེན་པོ་སྒྲུབ་པར་བྱེད་པ་ལ་ཐོག་མ་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་སྲ་བརྟན་རྒྱུན་གནས་དང་གོང་འཕེལ་འགྲོ་ཐུབ་པ་ཞིག་དགོས། དེ་མ་བྱུང་ན་ལས་དོན་ཚང་མའི་རྩ་བའི་རྨང་གཞི་མེད་པ་ཆགས་རྒྱུ་རེད། བོད་དུ་ཡོད་པའི་གཞིས་བཞུགས་རྒྱ་ཆེའི་མི་མང་ལ་མཚོན་ན། ཁོ་ཚོའི་རྒྱལ་ཞེན་ལྷག་བསམ་དང༌། ྋགོང་ས་མཆོག་ལ་དད་འདུན། ཆབ་སྲིད་ཀྱི་ལངས་ཕྱོགས་བཅས་སྲ་བརྟན་རྒྱུན་གནས་བསྔགས་པར་འོས་པའི་གནས་སུ་ཡོད་བཞིན་པ་རེད། འོན་ཀྱང་ཁོ་ཚོ་རྒྱ་དམར་བཙན་གནོན་གྱི་དབང་བསྒྱུར་འོག་གནས་ཡོད་པར་བརྟེན། ཁོ་ཚོས་བོད་ཀྱི་ཆོས་དང་རིག་གཞུང༌། ལྷག་པར་དུ་ནང་དོན་རིག་པ་དང༌། དེ་དང་འབྲེལ་བའི་བོད་མི་རིགས་ཀྱི་ཕུལ་བྱུང་གི་ལེགས་བྱང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཐབས་མེད་པར་མ་ཟད། བོད་མིར་རང་སྲིད་རང་སྐྱོང་གི་གནས་བབས་འཐོབ་ཐབས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་ཡང་གནང་ཐུབ་པའི་རེ་བ་མེད། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནི་རང་དབང་ལུང་པའི་ནང་གནས་ཡོད་པར་བརྟེན་བོད་ཀྱི་རིག་གཞུང་སྤྱི་དང༌། ནང་དོན་རིག་པ། དེ་དང་འབྲེལ་བའི་ལེགས་བྱང་བཟང་པོ་རྣམས་མི་ཉམས་གཅེས་འཛིན་དང༌། ཁྱབ་སྤེལ་དང་ཡར་རྒྱས་གཏོང་རྒྱུའི་རང་དབང་དང་གོ་སྐབས་ཡོད་པར་མ་ཟད། དུས་རབས་འཕོ་འགྱུར་གྱི་གཉན་འཕྲང་འདིའི་ནང་དེ་དག་གཅེས་འཛིན་བྱ་རྒྱུུའི་འགན་འཁྲི་ཆེན་པོའང་ཡོད། ལྷག་པར་རྒྱ་གར་དང༌། བལ་ཡུལ་འབྲུག་ཡུལ་བཅས་ཀྱི་ནང་ཡོད་པའི་བོད་མི་མཉམ་འདུས་ཀྱི་གཞིས་ཆགས་ཁག་སྲ་བརྟན་གནས་ཐུབ་ཐབས་དང༌། སྤྱི་ཚོགས་བརྟན་ལྷིང་གོང་འཕེལ་ཡོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོ་བོར་གྱུར་བའི་ཕྱི་རྒྱལ་གཞན་གྱི་ནང་ཡོད་པའི་བོད་མི་རྣམས་ལའང་བོད་རིགས་སྤྱི་མཚུངས་ཀྱི་སེམས་ཤུགས་དང༌། ལྷག་བསམ་ཆེན་པོ་ཡོད་པ་སྨོས་མ་དགོས་ཀྱང༌། ཁོ་ཚོ་ཕྱོགས་གཅིག་ཏུ་བོད་རིགས་ཟུར་བཅད་མཉམ་སྡོད་གཞིས་ཆགས་ཀྱི་མཐུན་རྐྱེན་མེད་པར་མ་ཟད། ཁོར་ཡུག་གི་གནས་སྟངས་རང་གི་ཆ་ནས་སོ་སོའི་མི་ཚེའི་རིང་བོད་ཀྱི་ངོས་འཛིན་མ་བརླགས་པ་དང༌། སྲོལ་རྒྱུན་གཅེས་སྐྱོང་གི་ལས་དོན་ཐོག་ཆ་ཤས་བླང་ཐུབ་པའི་གནས་བབས་ཡོད་པ་ཙམ་ལས། སོ་སོའི་བུ་ཕྲུག་རྣམས་བོད་སྐད་ཀྱང་མི་ཤེས་པ་ཆགས་རྒྱུ་དང༌། མི་ཐོག་རིམ་སོང་གིས་བོད་མིའི་ངོས་འཛིན་རྩ་བརླག་ཏུ་འགྲོ་རྒྱུ་ཡིན་པ་དངོས་གསལ་དུ་མཐོང་ཐུབ། དེ་ལ་བརྟེན་ནས་བོད་རིགས་ནུབ་ཕྱོགས་ལ་ཕྱིན་པ་དེ་དག་བོད་མིའི་སྤྱི་ཚོགས་ནས་ཐོན་ཟིན་པར་ངོས་འཛིན་མི་བྱེད་ཀ་མེད་ཡིན། ད་ལྟ་ཁོང་ཚོས་བོད་དོན་ཐོག་གང་ཐུབ་ཧུར་ཐག་བྱེད་ཀྱི་ཡོད་པ་དང༌། དེས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་ནི་བསྔགས་པར་འོས་པ་རེད། འོན་ཀྱང་མི་རབས་རྗེས་མ་དེ་ཚོར་བོད་དོན་ཐོག་ལས་འགུལ་སྤེལ་རྒྱུའི་ལྷག་བསམ་དང༌། སེམས་ཤུགས། ཆོད་སེམས་བཅས་ངེས་པར་ཡོང་སྲིད་ནའང༌། བོད་པའི་སྤྱི་ཚོགས་ནངསླེབས་དུས་སྐད་བསྒྱུར་བསྟེན་དགོས་པ་ཡོང་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང༌། ལེགས་བྱང་བཅས་ཆ་ཚང་ཞིག་སྲུང་སྐྱོབ་ཐུབ་པའི་གོ་སྐབས་ཡོང་རྒྱུ་ཤིན་ཏུ་དཀའ། དེ་འདྲའི་དངོས་ཡོད་ཀྱི་གནས་ཚུལ་དེ་ངོས་ཟིན་པར་བྱས་ཏེ། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་རྒྱུན་གནས་ཐུབ་ཐབས་དང༌། ཡར་རྒྱས་གཏོང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་དེ་ཚོའང་ཁ་ཐོར་དུ་ཕྱིན་པ་ཡིན་ན་ནུབ་ཕྱོགས་སུ་ཕྱིན་པ་དང་ཁྱད་པར་མེད། གཞིས་སྒར་ཁག་ནང་ཡོད་པའི་བོད་མི་རྣམས་མུ་མཐུད་གཞིས་སྒར་སོ་སོའི་ནང་སྒྲིག་འཛུགས་དང་འབྱུང་འགྱུར་ཡར་རྒྱས་ཀྱི་འཆར་གཞི་ལྡན་པའི་ངང་ནས་གནས་ཐུབ་ཐབས་ལ་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་དགོས། དེ་ནི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་ཚང་མའི་གཞི་རྩའི་སྒྲིག་འཛུགས་ཀྱི་ལས་རིམ་ཞིག་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟའི་བཀའ་ཤག་གིས་གཞིས་ཆགས་བརྟན་ལྷིང་ཡོངས་ཐབས་ཀྱི་ལས་དོན་ཧ་ཅང་གལ་ཆེར་བརྩིས་ཏེ་གྲོས་ཚོགས་སུ་ཕུལ་བའི་ལས་དོན་སྙན་ཞུ་སྔ་རྗེས་གཉིས་ཀའི་ནང་དོན་ཚན་མང་ཆེ་བ་གཞིས་ཆགས་ཁག་དང་འབྲེལ་བ་ཆགས་ཡོད། དཔེར་ན་སྙན་ཐོ་དང་པོའི་ནང་འཛིན་སྐྱོང་གི་སྤྱི་ཡོངས་ལས་དོན་སྡེ་ཚན་གྱི་དོན་ཚན་དང་པོ་དང་གཉིས་པ་གཉིས་ཀ་གཞིས་ཆགས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད། ནང་སྲིད་ཀྱི་སྡེ་ཚན་ནང་དོན་ཚན་དང་པོ་དང༌། གཉིས་པ། གསུམ་པ། བརྒྱད་པ། དགུ་པ་བཅས་གཞིས་ཆགས་ཁོ་ན་དང་འབྲེལ་བ་དང༌། དོན་ཚན་བཞི་པ་དང་བདུན་པ་གཉིས་པོའང་གཞིས་ཆགས་དང་འབྲེལ་བ་ཡོད། དཔལ་འབྱོར་གྱི་སྡེ་ཚན་ནང་དོན་ཚན་དང་པོ་དང༌། གསུམ་པ། ལྔ་པ། བརྒྱད་པ་བཅས་གཞིས་ཆགས་དང་འབྲེལ་བ་ཡོད་པ་ཡིན། དེ་བཞིན་སྙན་ཐོ་གཉིས་པའི་ནང་དཀའ་ངལ་གྱི་དོན་ཚན་དྲུག་ཞུས་ཡོད་པ་ནས་དོན་ཚན་གཉིས་པ་གཞིས་ཆགས་ཁོ་ན་དང་འབྲེལ་བ་དང༌། དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལྔ་པ། དྲུག་པ་བཅས་ཀྱང་གཞིས་ཆགས་ཁག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཆགས་ཡོད། དེ་དག་ཞིབ་ཕྲ་ཡིག་ཆའི་འདྲ་བཤུས་ཟུར་ཕུལ་ཡོད་པ་ནས་མཁྱེན་རྟོགས་ཡོང་རྒྱུ། གཞིས་ཆགས་དང་འབྲེལ་བ་ཡོད་པའི་དོན་ཚན་དེ་དག་ས་གནས་འགོ་འཛིན་ཚོས་ངེས་པར་དུ་མཁྱེན་དགོས་པར་མ་ཟད། མི་མང་ལའང་གསལ་བཤད་ནན་པོ་གནང་སྟེ་ལས་དོན་ཡོངས་རྫོགས་འཕྲལ་དུ་ཕྱག་ལེན་དུ་བསྟར་དགོས་པ་ཡིན་ཞེས་བཀའ་ཤག་གིས་ལམ་སྟོན་ནན་པོ་བྱེད་རྒྱུ་ཡིན། ཡང་ཕྱོགས་གཞན་ཞིག་ནས་ཞུས་ན་གཞིས་ཆགས་སྲ་བརྟན་དང་རྒྱུན་མཐུད་གོང་འཕེལ་གཏོང་ཐབས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ཡང༌། མ་འོངས་པར་རང་སྲིད་རང་སྐྱོང་གི་གནས་བབས་ཡོད་པའི་བོད་གསར་པའི་མདུན་ལམ་ཇི་འདྲ་ཞིག་དགོས་པ་བློ་ཡུལ་དུ་བཞག་ནས་མཐར་ཐུག་གི་དམིགས་ཡུལ་དེ་ལ་ཕན་པའི་ཆེད་དུ་ལས་འཆར་བསྒྲིག་རྒྱུ་དང་ལས་དོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་འདྲའི་གལ་གནད་ཆེ་བའི་གཞིས་ཆགས་སྲ་བརྟན་གནས་ཐུབ་ཐབས་ཀྱི་ལས་དོན་ལག་ལེན་བསྟར་ཕྱོགས་གཤམ་གསལ་དོན་ཚན་བཞིའི་ནང་བསྡུས་ནས་ཞུ་རྒྱུ་ཡིན།
༡ གཞིས་ཆགས་སྲ་བརྟན་རང་འཚོ་ཐུབ་པ་ཡོང་བའི་རྨང་གཞི་སོ་ནམ་ཞིང་ལས་ལ་ལེགས་བཅོས་དང་ཡར་རྒྱས། དེའི་ཆེད་སློབ་གསོའི་ལས་དོན་ལག་ལེན་བསྟར་རྒྱུ།
༢ གཞིས་ཆགས་སྤྱི་ཡོངས་ཀྱི་ཐོན་སྐྱེད་དང་ཚོང་ལས་ཡར་རྒྱས་བཏང་སྟེ་དཔལ་འབྱོར་འདུ་འགོད་ཚད་ལྡན་གྱི་ལམ་ནས་མི་མང་གི་འཚོ་ཐབས་གོང་མཐོར་སྤེལ་སླད་མཉམ་འབྲེལ་སྡེ་ཚན་རྣམས་ལེགས་བཅོས་དང་ཡར་རྒྱས་གཏོང་རྒྱུ། མཉམ་འབྲེལ་མེད་པའི་གཞིས་ཁག་ཏུ་མཉམ་འབྲེལ་གསར་འཛུགས་བྱ་རྒྱུ།
༣ གཞིས་ཆགས་ཁག་ནས་མང་གཙོའི་ལྟ་གྲུབ་ཡར་རྒྱས་དང་ལག་ལེན་དོན་འཁྱོལ་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་དང༌། བདག་ཉིད་ཆེན་པོ་གྷན་དྷིའི་བཞེད་དགོངས་ཀྱི་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་དངོས་སུ་ལག་བསྟར་བྱཻད་རྒྱུ།
༤ ས་གནས་འགོ་འཛིན་ལས་ཁུངས་དང༌། མཉམ་འབྲེལ་བཅས་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་དང༌།
སྒྲིག་འཛུགས་ཀྱི་གནས་སྟངས་ཁྲིམས་མཐུན་དང་ཚད་ལྡན་ཡོང་ཐབས་ཀྱི་ལེགས་བཅོས་བྱེད་རྒྱུ་བཅས་དོན་ཚན་བཞིའི་ཐོག་ལས་ཀ་ཤུགས་ཆེ་ཙམ་བྱེད་ཐུབ་ན་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་གོང་འཕེལ་ཡོང་ཐུབ་པའི་ཡིད་ཆེས་ཡོད། གོང་གསལ་དོན་ཚན་དང་པོ་སོ་ནམ་དང་ཕྱུགས་གསོའི་ལས་དོན་ལེགས་བཅོས་དང་ཡར་རྒྱས་གཏོང་ཕྱོགས་དང༌། དོན་ཚན་གཉིས་པ་མཉམ་འབྲེལ་གྱི་ལས་དོན་ཐོག་ལེགས་བཅོས་དང་ཡར་རྒྱས་གཏོང་ཕྱོགས་གཉིས་ཀྱི་སྐོར་ཉེ་ཆར་བཀའ་ཤག་གི་ལམ་སྟོན་ཡིག་ཐོག་ཏུ་གཏན་འབེབས་ཟིན་པ་ད་ལྟ་ས་གནས་འགོ་འཛིན་ཚོར་འགྲེམས་སྤཻལ་ཞུས་ཡོད་པ་དེའི་ཐོག་ནས་མཁྱེན་རྒྱུ། ཡིག་ཆ་དེ་ཚོ་ང་ཚོས་རྡ་སའི་ལས་ཁུངས་ནང་བསྡད་དེ་བཟོས་པ་ཡིན་ཙང་ཕྱོགས་ཐམས་ཅད་ནས་ཆ་ཚང་བ་ཞིག་དང༌། ཕུགས་འཕེར་བ་ཞིག་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད། འདི་ནི་རྩ་བའི་ས་བོན་ཙམ་ཞིག་ཡིན། དེའི་ཐོག་ཁྱེད་རང་ཚོས་གོ་བསྡུར་དང༌། ལྷག་པར་གཞིས་ཆགས་ཁག་ནང་དངོས་སུ་ལག་བསྟར་གྱིས་ཉམས་མྱོང་ཇི་བྱུང་ལ་གཞི་བཞག་སྟེ་སྣོན་འཕྲི་དང་གསར་གཏོད། ཡར་ཐོན་ལྡན་པའི་ལེགས་བཅོས་གང་དགོས་བཏང་ནས་ལོ་གཅིག་གཉིས་ཀྱི་རྗེས་རིག་པའི་གཞུང་ལུགས་ཚད་ལྡན་ཞིག་ཏུ་གཏན་འབེབས་བྱེད་རྒྱུ་ཡིན། འོན་ཀྱང་ད་ལྟ་ནན་བརྗོད་བྱེད་དགོས་པ་ཞིག་ལ། ཡིག་ཆའི་ས་བོན་དེ་དག་གི་ནང་འགྱུར་བ་གཏོང་ཐབས་མེད་པའི་གཞི་རིམ་གྱི་ལྟ་གྲུབ་འགའ་ཤས་བཀོད་ཡོད། དེ་ཚོ་ས་གནས་སོ་སོའི་གནས་ཚུལ་དང་འཚམས་མིན་དང༌། གཞིས་མིའི་བློ་ལ་བབས་མིན་ལ་མ་ལྟོས་པར་ཨུ་ཚུགས་མཐའ་སྐྱེལ་གྱི་ཐོག་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་ཡིན། སོ་ནམ་ཞིང་ལས་ལ་ཆ་མཚོན་ན། ང་ཚོའི་སྐྱེ་ཁམས་ཁོར་ཡུག་འཚོ་འཕཻལ་ལ་བསམ་བློ་བཏང་སྟེ་རྫས་ལུད་དང་འབུ་དུག་རིགས་བེད་སྤྱོད་གཏན་འགོག་བྱ་རྒྱུ་དང༌། ཕྱུགས་ལུད་དང་སྦྱར་ལུད་བེད་སྤྱོད་ཀྱིས་རིམ་བཞིན་སོ་ནམ་ཞིང་ལས་ཡོངས་རྫོགས་སྐྱེ་ལྡན་གྱི་སོ་ནམ་དང༌། རང་བཞིན་གྱི་སོ་ནམ་གྱི་ཐོག་ཁ་བསྒྱུར་གྱིས་འགྲོ་གྲོན་དང་དཀའ་ངལ་ཆུང་ཞིང༌། ནམ་ཕུགས་འཕེར་བ་དང༌། འཚེ་བ་མེད་པ། ཁོར་ཡུག་ལ་མི་གནོད་པ། ཐོན་སྐྱེད་བཟང་བ། འཕྲོད་བསྟེན་ལ་ཕན་པ་བཅས་བཟང་ཕྱོགས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པའི་དེང་རབས་གོང་མའི་སོ་ནམ་གྱི་ལས་གཞིའི་ཐོག་མདུན་མཆོང་བྱ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན། དེ་བཞིན་མཉམ་འབྲེལ་གྱི་ལས་དོན་ནི་བཅའ་ཁྲིམས་ནང་ཁ་གསལ་གཏན་འབེབས་ཟིན་པའི་ལས་དོན་གྱི་གྲས་ཤིག་ཡིན། འོན་ཀྱང་ད་ཕན་བཅའ་ཁྲིམས་ནང་གསལ་གྱི་འབྲུ་དོན་ཆ་ཚང་ལག་བསྟར་དོན་འཁྱོལ་བྱུང་མིན་ཅི་རིགས་ཤིག་བྱུང་འདུག འོན་ཀྱང་ཕྱིན་ཆད་བཅའ་ཁྲིམས་ནང་གསལ་གྱི་འབྲུ་དོན་ཆ་ཚང་ལག་བསྟར་དོན་འཁྱོལ་བྱ་དགོས་པར་མ་ཟད། མཉམ་འབྲེལ་གྱི་སྒྲིག་འཛུགས་འདི་ཆ་ཚང་མི་མང་ཡོངས་རྫོགས་ཀྱི་འགན་ཁུར་དང་ཐེ་བྱུས་ཡོད་པ་ཞིག་ཡོང་ཐུབ་པ་ཞིག་བྱས་ཏེ་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་དང༌། དཔལ་འབྱོར་གྱི་ཐད་ནས་ཡོང་བསྡད་དང༌། བུན་ནག་མེད་པའི་ཕྱི་གཙང་ནང་གཙང་ཞིག་གང་མྱུར་ཡོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། མཉམ་འབྲེལ་གྱི་བཟོ་ཚོང་ཁེ་གཉེར་གྱི་གཙང་ཁེ་ཇི་བྱུང་གི་བརྒྱ་ཆ་ ༧༥ ལས་མ་ཉུང་བ་ཞིག་སྤྱི་ཚོགས་དང་མ་ཤས་བདག་པོའི་མི་མང་སོ་སོའི་ཁེ་ཕན་གྱི་སླད་རྩིས་ལོ་སོ་སོར་གཏོང་ཐུབ་པ་བྱེད་དགོས་པ་དང༌། མ་འོངས་པར་མཉམ་འབྲེལ་ཚང་མའི་ཚོགས་གཙོ་གཞུང་བསྐོས་ལས་བྱེད་དང༌། ས་གནས་འོག་འཛིན་སོགས་ལ་ལྟོས་མ་དགོས་པར་ལས་དོན་ཆ་ཚང་མ་ཤས་བདག་པོ་རྣམས་ཀྱིས་ཁྲིམས་ལུགས་ལྟར་འཛིན་སྐྱོང་ཐུབ་པ་དང༌། མཉམ་འབྲེལ་གྱི་ལས་བྱེད་ཀྱང་ཆེད་ལས་སློབ་སྦྱོང་ཡོད་པའི་ལས་བྱེད་ཚད་ལྡན་ས་གནས་རང་ཁུངས་ནས་ཐོན་ཐུབ་པ་བྱ་རྒྱུ་བཅས་ངེས་པར་དུ་ལག་ལེན་བསྟར་དགོས་པ་ཡིན། དོན་ཚན་གསུམ་པ་གཞིས་ཆགས་ཁག་ནང་མང་གཙོའི་ལྟ་གྲུབ་ཡར་རྒྱས་དང་ལག་ལེན་དོན་འཁྱོལ་ཡོང་ཐབས་བྱ་རྒྱུའི་ཐད། ཚང་མས་མཁྱེན་གསལ་ལྟར་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་བདུན་པའི་དོན་ཚན་ ༧༡ ནས་ ༩༥ བར་གཞིས་ཆགས་ཁག་གི་གཞི་རིམ་མང་གཙོའི་ལམ་སྲོལ་དང་རྨང་གཞིའི་ལས་དོན་ཁག་ཁ་གསལ་འཁོད་ཡོད། ཐོག་མ་བཅའ་ཁྲིམས་གཏན་འབེབས་གནང་སྐབས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་མིའི་གནས་ཚད་ལོངས་མིན་ལ་མ་ལྟོས་པར་ཨུ་ཚུགས་བྱས་ཏེ་མང་གཙོའི་ལམ་སྲོལ་ལག་ལེན་བསྟར་དགོས་པའི་ལམ་སྟོན་གནང་ཡོད། གལ་ཆེའི་དོན་གནད་འདིའི་སྐོར་ཉེ་ཆར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གི་མང་གཙོའི་དུས་དྲན་ཐེངས་ ༤༡ པའི་གསུང་བཤད་ནང་ྋགོང་ས་མཆོག་གིས་བཀའ་སློབ་ཇི་ཕེབས་ཇི་མ་ཇི་བཞིན་ལུང་འདྲེན་གནང་ཡོད་པ་དེར་གཟིགས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་ག་འདྲ་ཞིག་ཡོད་པ་དེ་གསལ་པོར་རྟོགས་ཐུབ། ང་རང་སྒེར་གྱི་བསམ་ཚུལ་ལ་བཙན་བྱོལ་བོད་གཞུང་དང༌། ནང་སྲིད་ལས་ཁུངས། ས་གནས་འགོ་འཛིན་བཅས་ཚང་མས་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་ནས་ལོ་བཅུ་གཅིག་ཕྱིན་པ་དེའི་རིང་གོང་གསལ་ལས་དོན་ཁག་ལག་ལེན་འཁེལ་ཐབས་ཀྱི་འབད་བརྩོན་བློ་ཁ་རྫོགས་པ་ཞིག་གནང་མི་འདུག་སྙམ་པའི་མཐོང་སྣང་བྱུང༌། གཞུང་བསྐོས་ས་གནས་འགོ་འཛིན་རྣམས་ནས་ས་གནས་མི་མང་ལ་ཡང་ནས་ཡང་དུ་ས་གནས་འགོ་འཛིན་ས་གནས་རང་ཁུངས་ནས་འོས་འདེམས་བྱེད་ཐུབ་མིན་འདྲི་བརྩད་བྱེད་རྒྱུ་དང༌། སྐུལ་འདེབས། སློབ་སྟོན་ངེས་པར་དུ་བྱེད་དགོས་པ་ཞིག་ཡིན་ནའང༌། དངོས་དོན་ཐོག་གཞུང་བསྐོས་ས་གནས་འགོ་འཛིན་ཚང་མ་ས་གནས་སུ་སླེབས་པ་ནས་གནས་སྤོས་མ་ཕྱིན་བར་མི་མང་གིས་ཐད་ཀར་ས་གནས་འགོ་འཛིན་འོས་འདེམས་ཐུབ་ཐབས་ལ་སྐུལ་འདེབས་དང༌། རོགས་རམ་བྱེད་པའི་གནས་ཚུལ་གོ་རྒྱུ་མི་འདུག དེ་བཞིན་ས་གནས་འཐུས་མིའི་ཚོགས་འདུ་སྲ་བརྟན་ནུས་ཐོན་ཡོང་ཐབས་ཀྱི་འབད་བརྩོན་དང༌། མཐུན་རྐྱེན་བསྐྲུན་པ། མང་ཚོགས་ལ་ལམ་སྟོན་བརྒྱུད་བསྐུལ་བྱས་པ་སོགས་དང༌། ལྷག་པར་ས་གནས་འགོ་འཛིན་གྱིས་ས་གནས་འཐུས་མིའི་ཚོགས་འདུ་ལ་འགན་འཁུར་བ་དང༌། རྩིས་རྒྱག་པ། ལན་འདེབས་བྱས་པ་སོགས་གཞི་རིམ་མང་གཙོའི་རྨང་གཞིའི་ལས་དོན་ཐོག་ད་ཕན་བློ་ཁ་ཚིམས་ངེས་ཀྱི་བྱེད་ཕྱོགས་མ་བྱུང་བའི་མཐོང་ཚུལ་ཞིག་ངོས་རང་སྤྱི་འཐུས་ནང་ཡོད་སྐབས་ནས་བྱུང་ལ། ད་ལྟ་བཀའ་ཤག་ཏུ་སླེབས་རྗེས་དེ་བས་མཐོང་ཚུལ་ཆེ་བ་བྱུང༌། སྤྱི་འཐུས་སུ་ཡོད་སྐབས་མཐོང་ཚུལ་བྱུང་དོན་ལྟར། སྐབས་དེར་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གྲོས་འདེབས་དང༌། གྲོས་འདེབས་ཟུར་རྒྱན་བཅས་རིམ་བཞིན་གཏན་ལ་ཕབ་ཡོད། ཡིག་ཆ་དེ་དག་ཆ་ཚང་ཁྱེད་རྣམས་ལ་འགྲེམས་སྤེལ་ཞུ་རྒྱུར་བཀོད་མངགས་ཞུས་ཡོད། ཡིག་ཆ་དེ་ཚོའི་ནང་ས་གནས་འགོ་འཛིན་གྱིས་ས་གནས་འཐུས་མིའི་ཚོགས་འདུ་ལ་འགན་ཁུར་ཞུ་སྟངས་སོགས་ཁ་གསལ་ཁམས་དྭངས་བཀོད་ཡོད། ལྷག་པར་ངོས་རང་བཀའ་ཤག་ཏུ་སླེབས་རྗེས་ས་གནས་འགའ་ཤས་སུ་འདིའི་སྐོར་ཚུལ་མཐུན་མ་བྱུང་བའི་གནས་ཚུལ་ཇི་སྙེད་ཅིག་བྱུང་བར་བརྟེན། སླར་ཡང་བཀའ་ཤག་གིས་ཡོངས་ཁྱབ་རྩ་ཚིག་འགྲེམས་སྤེལ་བྱེད་དགོས་པ་བྱུང་ཡོད། ས་གནས་འགོ་འཛིན་ཁག་གིས་ས་གནས་འཐུས་ཚོགས་ལ་ལན་རྒྱག་མི་དགོས་པ་གཙོ་འདོན་དང༌། གཡོལ་ཐབས་བྱེད་ན་ྋགོང་ས་མཆོག་གི་བཞེད་དགོངས་སྒྲུབ་ཐབས་མེད། ས་གནས་འཐུས་ཚོགས་ཀྱི་ལས་དོན་ཇི་ཙམ་ཚགས་སུ་ཚུད་པ་དང་སྲ་བརྟན་ནུས་ལྡན་ཡོད་པ་དེ་ཙམ་གྱིས་ས་གནས་འགོ་འཛིན་གྱི་ལས་དོན་བྱེད་ཕྱོགས་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད། ནུས་པའང་ཆེ་རུ་འགྲོ་རྒྱུ་ཡིན་པ་སྨོས་མ་དགོས། མང་གཙོའི་རིང་ལུགས་ནང་མི་མང་གིས་འོས་འདེམས་བྱས་པའི་འཐུས་ཚོགས་ཀྱི་བཀའ་ལུང་ལ་མ་བརྩིས་པར་འཛིན་སྐྱོང་གིས་ཐད་ཀར་ལས་དོན་ཐག་གཅོད་བྱས་པ་ཡིན་ན་གཞི་རིམ་གྱི་ལྟ་གྲུབ་དང་འགལ་གྱི་ཡོད། འཛིན་སྐྱོང་བཀའ་ཤག་གིས་གཞིས་ཆགས་སོ་སོར་ཐད་ཀར་ཞིབ་འཇུག་བྱས་ཏེ་ས་གནས་ཀྱི་རྨང་གཞིའི་མང་གཙོའི་ལམ་སྲོལ་གྱི་འཕེལ་རིམ་ལ་ལྟ་རྟོག་དང་སྐུལ་འདེབས་བྱེད་རྒྱུ་ཡིན་པར་མ་ཟད། ས་གནས་འགོ་འཛིན་གཞུང་བསྐོས་གཏོང་དགོས་བྱུང་བའི་སྐབས་སུའང་ཐོག་མཐའ་བར་གསུམ་དུ་ས་གནས་འཐུས་ཚོགས་དང་ས་གནས་མི་མང་ལ་ས་གནས་འགོ་འཛིན་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་དུས་ཚོད་སྨིན་ཡོད་མིན་ངེས་པར་དུ་འདྲི་བརྩད་དགོས་པ་དང༌། དུས་རྒྱུན་དུ་མི་མང་ལ་ས་གནས་འགོ་འཛིན་འོས་འདེམས་ཐུབ་པ་བྱུང་ན་ལེགས་ཆ་ཇི་ཡོད་སྐོར་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་གལ་ཆེའི་དོན་སྙིང་ངོ་སྤྲོད་གསལ་བཤད་ཀྱིས་མི་མང་གི་བསམ་བློའི་གནས་ཚད་དང༌། གོ་རྟོགས་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བཀོད་མངགས་ནན་པོ་བྱེད་རྒྱུ་ཡིན། ད་ཕན་གཞུང་བསྐོས་ལས་བྱེད་ལ་བསྙེས་བཅོལ་ནས་སྡོད་རྒྱུའི་གོམས་གཤིས་ཤིག་འདུག་པ་འདི་མུ་མཐུད་གནས་སུ་འཇུག་ན་འགྲིགས་ཐབས་མེད། ས་གནས་འགའ་ཤས་སུ་མི་མང་ནང་ཁུལ་དཀའ་རྙོག་ཕྲན་བུ་ཡོད་པ་དེ་ཚོ་ལ་བརྟེན་ནས་ས་གནས་འགོ་འཛིན་འོས་འདེམས་བྱས་པ་ལས་གཞུང་བསྐོས་གཏོང་རོགས་ཞུས་ན་སྟབས་བདེ་ཤོས་རེད་བསམས་ཏེ་སླ་ཆོས་སུ་བྱས་ཏེ་བཙན་བྱོལ་བོད་གཞུང་གིས་མང་གཙོའི་ལམ་སྲོལ་སྲ་བརྟན་གོང་འཕེལ་གཏོང་རྒྱུའི་མཛད་བྱུས་ལ་འགན་མ་འཁུར་བའི་གནས་ཚུལ་ཡང་ཡོང་གི་འདུག འདིའི་ཐད་ས་གནས་འགོ་འཛིན་རྣམས་དང་ས་གནས་མི་མང་གིས་ངེས་པར་དུ་འགན་ཁུར་བླངས་ཏེ་ཤུགས་སྣོན་རྒྱག་དགོས། ད་ཕན་གྱི་གནས་ཚུལ་ལ་ཕྱི་མིག་བལྟས་པ་ཡིན་ན་ས་གནས་འགོ་འཛིན་སོ་སོས་ས་གནས་འཐུས་མིའི་ཚོགས་འདུ་ལ་ལོ་འཁོར་སྔོན་རྩིས་འབུལ་སྟངས་དང༌། ལས་དོན་སྙན་ཞུ་བྱེད་སྟངས་སོགས་གཞི་རིམ་གྱི་ལས་དོན་མང་པོ་ཚད་ལྡན་རྩ་བ་ནས་བྱུང་མེད། ས་གནས་འཐུས་ཚོགས་ཁག་ཁ་ཤས་ཀྱི་ལས་རིམ་གསར་ཤོག་མིག་མཐོང་བྱུང་བའི་ནང་ས་གནས་འགོ་འཛིན་ལས་ཁང་གིས་ལོ་འཁོར་སྔོན་རྩིས་ཡིན་ཁུལ་གྱིས་ཤོག་ངོས་གཅིག་ཐོག་རེའུ་མིག་ཁ་ཤས་ཀྱི་ནང་རྒྱུན་གྲོན་དང༌། དམིགས་བསལ། དམིགས་བཀར་གྱི་བསྡོམས་ཐོ་ཙམ་བརྒྱབས་ཏེ་མཚན་ཉིད་ལྡན་པའི་རྩིས་ཁྲ་དང་འགྲེལ་བརྗོད་ཀྱི་ཟུར་སྦྱར་སོགས་སྔོན་རྩིས་འབུལ་ཕྱོགས་ཀྱི་ལམ་སྲོལ་ལྟར་ཆ་རྐྱེན་རྩ་བ་ནས་མ་ཚང་བ་མང་པོ་འདུག དེ་འདྲ་སོང་ཙང་ས་གནས་འགོ་འཛིན་ལས་ཁུངས་ཁག་གིས་སྔོན་རྩིས་འབུལ་ཕྱོགས་ཀྱི་ལམ་སྲོལ་ལ་གཞི་རིམ་གྱི་འགྱུར་བ་ཆེ་ཙམ་བཏང་སྟེ་རྩིས་ལོ་རྗེས་མ་ནས་ཚད་ལྡན་གཅིག་གྱུར་ཡོང་ཐབས་དང༌། མང་གཙོའི་ལྟ་གྲུབ་དང་དཔལ་འབྱོར་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་དང་མཐུན་པ་ཞིག་བཟོ་རྒྱུའི་ལས་རིམ་སྒྲིག་བཞིན་ཡོད། དོན་ཚན་བཞི་པ་དཔལ་འབྱོར་གྱི་ལམ་སྲོལ་དང༌། སྒྲིག་འཛུགས་ཚད་ལྡན་ཡོང་བ་བཟོ་རྒྱུའི་ཐད་གོང་དུ་ཞུས་པ་ལྟར་བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་སུ་ས་གནས་འགོ་འཛིན་ལས་ཁང་གི་དཔལ་འབྱོར་དང་རྩིས་ཀྱི་ལམ་སྲོལ་ཚད་ལྡན་དགོས་པ་དང༌། སྒྲིག་འཛུགས་ཚད་ལྡན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ཁུངས་སོ་སོའི་འཆར་ཅན་གྱི་རྒྱུན་གྲོན་དང༌། དམིགས་བསལ་དགོས་མཁོ། ཁྱད་པར་དམིགས་བཀར་འཛུགས་སྐྲུན་གྱི་འཆར་གཞི་རྣམས་ཁྲིམས་དང་སྒྲིག་གཞི་ཁག་གཞིར་བཟུང་ཚད་ལྡན་འགོད་འབུལ་ཞུ་རྒྱུ་དང༌། འབྲེལ་ཡོད་དབུས་སའི་གྲོས་ཚོགས་ཁག་ནས་བཀའ་ཁྲོལ་ཞུ་རྒྱུ། བཀའ་ཁྲོལ་ཡོད་པའི་ལས་དོན་ལག་བསྟར་ཚགས་ཚུད་གྲུབ་འབྲས་ཐོན་པ་བཟོ་རྒྱུ། མཐའ་དོན་རྩིས་ཁྲ་ཡོངས་རྫོགས་རྩིས་ཞིབ་ཀྱིས་སྐྱོན་མེད་དག་མཆན་ཐོབ་པ་བཟོ་རྒྱུ་བཅས་དགོས་དངུལ་གཏོང་ཡོང་གི་ལས་དོན་ཆེ་ཕྲ་ཚང་མ་ཕྱི་གསལ་ནང་གསལ་ཁུངས་འཁྱོལ་དག་འཕེར་ཐུབ་པ་ངེས་པར་དུ་དགོས། འདིའི་ཐད་འབྲེལ་ཡོད་དཔལ་འབྱོར་ལས་ཁུངས་དང༌། ནང་སྲིད་ལས་ཁུངས་ཟུང་འབྲེལ་གྱི་ཐོག་ནས་མ་འོངས་པར་སྔོན་རྩིས་འགོད་ཕྱོགས་དང༌། བཀའ་ཁྲོལ་ཞུ་ཕྱོགས། འཛུགས་སྐྲུན་ལས་གཞིའི་འཆར་འགོད་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཞིབ་ཕྲ་འབུལ་རྒྱུ་ཡིན། ཁྱད་པར་འཛུགས་སྐྲུན་ལས་གཞི་ཁག་གི་འཆར་གཞིའི་རིགས་ཇི་འདྲ་ཞིག་ཡིན་ཡང་དབུས་འཆར་འགོད་ལས་ཁུངས་མ་བརྒྱུད་པར་ཐད་ཀར་གཏོང་མི་ཆོག་པའི་སྒྲིག་གཞི་རིམ་པས་བཟོ་རྒྱུ་ཡིན་པ་མ་ཟད། འཆར་གཞི་ཆུང་ཙག་ཚུན་ཆད་ལའང་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་མི་འགལ་ཞིང༌། ས་གནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་དགོས་པ་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། རོགས་ཚོགས་ཤིག་ནས་རོགས་དངུལ་ཐོབ་རེ་ཡོད་སྐད་གོ་ཐོས་བྱུང་བ་གཞི་རྩར་བཟུང་སྟེ་དགོས་དངུལ་སློང་ཆེད་འཆར་འགོད་བྱས་པ་དེ་དག་ནི་ནོར་འཁྲུལ་ཆེན་པོ་ཡིན། མི་མང་གི་དགོས་མཁོ་དང་ཁེ་ཕན། ས་གནས་ཀྱི་གནས་བབས་བཅས་རྨང་གཞིར་བྱས་ཏེ་ལས་འཆར་འགོད་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། མི་མང་གི་དགོས་མཁོ་ཞེས་པ་དེའང་དངོས་དོན་གྱི་དགོས་མཁོ་རང་ལ་ལྟོས་དགོས་པ་མ་གཏོགས། མི་མང་གི་འདོད་རྔམས་ལ་བལྟ་རྒྱུ་མེད། རྒྱུན་དུ་དགོས་མཁོ་དང་འདོད་རྔམས་གཉིས་ཀྱི་བར་རྣམ་དབྱེ་གསལ་པོ་འབྱེད་ཐུབ་པ་བྱེད་རྒྱུ། འདི་ས་གནས་འགོ་འཛིན་དང༌། འཆར་འགོད་ལས་ཁུངས། དཔལ་འབྱོར་ལས་ཁུངས་བཅས་ཀྱི་ལས་འགན་ཡིན། དགོས་མཁོ་དང་འདོད་རྔམས་ཀྱི་རྣམ་དབྱེ་ཕྱེ་མ་ཐུབ་ན་ལས་གཞི་ཇི་འདྲ་ཞིག་ཡིན་ཡང་མཐའ་མའི་གྲུབ་འབྲས་བཟང་པོ་ཞིག་ཡོང་བ་དཀའ། འཛུགས་སྐྲུན་གྱི་ལས་གཞི་རྣམས་དུས་ཚོད་དང༌། འགྲོ་གྲོན་གཉིས་ཀ་ནས་བསྲི་ཚགས་གང་ཐུབ་དང༌། ཁྱད་པར་ས་གནས་མི་མང་ལ་ལས་ཀའི་གོ་སྐབས་གང་མང་སྐྲུན་ཐབས་བྱེད་རྒྱུ་གཙོ་བོར་གཟུང་དགོས། ད་ཕན་གྱི་རང་རེའི་འཆར་གཞི་མང་པོ་ཞིག་ས་གནས་མི་མང་གིས་མཉམ་རུབ་ལས་རྩོལ་བྱ་རྒྱུ་གང་ཡང་མེད་པ། ཐོག་མ་ནས་བོགས་མ་ལེན་མཁན་ཞིག་ལ་སྡེབ་སྤྲོད་བྱེད་པ་དང༌། དེའི་རྗེས་ལས་དོན་ཐོག་ལྟ་སྐྱོང་ཞིབ་འཇུག་དང༌། མཇུག་ནོན་མེད་པར་བོགས་མ་ལེན་མཁན་དེས་གང་བཟོས་པ་དེ་རང་འགྲིགས་ཤག་བྱས་པར་བརྟེན་གཞུང་དང་མི་མང་ལ་གྱོང་གུན་ཕོག་པ་དང༌། དཀའ་ངལ་འཕྲད་པ་ཇི་སྙེད་ཅིག་བྱུང་ཡོད། དེ་ཚོ་འཐུས་ཤོར་ཆེན་པོ་རེད། དཔེར་ན་ངོས་རང་གི་དངོས་སུ་མཐོང་བའི་རྡ་སར་གཞུང་ཁང་འཛུགས་སྐྲུན་མང་པོ་ཞིག་ལ་སྐྱོན་གནད་དེ་རིགས་བྱུང་འདུག གཞིས་ཆགས་ཁག་ཏུའང་དེ་མཚུངས་ཡོད་སྲིད་པ་རེད། ང་ཚོས་ངེས་པར་དུ་ལས་འཆར་གྱི་དགོས་དམིགས་གང་ཡིན་པ་དང༌། རོགས་དངུལ་ཇི་ཙམ་ཐོབ་པ། སུས་རོགས་རམ་བྱས་པ། འགྲོ་སོང་ཇི་ཙམ་ཕྱིན་པ། འཛུགས་སྐྲུན་གྱི་ལས་གཞི་སུ་ལ་སྤྲད་པ། འཆར་གཞི་དང་འཛུགས་སྐྲུན་གྱི་ལས་ཀ་ཁྲིམས་མཐུན་ཡིན་མིན། ལག་བསྟར་ཚད་ལྡན་བྱུང་ཡོད་མེད་དེ་དག་ཞིབ་ཅིང་ཕྲ་བ་ས་གནས་མི་མང་དང༌། ལྷག་པར་ས་གནས་འཐུས་མིའི་ཚོགས་འདུས་གསལ་པོ་མཁྱེན་པ་བཟོ་དགོས། སླད་ཕྱིན་ལས་འཆར་ཇི་འདྲ་ཞིག་དགོས་པ་ཡིན་ནའང་ཐོག་མ་གཤམ་གསལ་གྱི་དོན་གནད་རྣམས་ལ་ཞིབ་འཇུག་ཚད་ལྡན་བྱེད་དགོས།
༡ འཚེ་བ་མེད་པ་ཡིན་མིན།
༢ ཁོར་ཡུག་ལ་མི་གནོད་པ་ཡིན་མིན།
༣ དབུས་དང་ས་གནས་ཀྱི་ཁྲིམས་ལུགས་དང་མཐུན་པ་ཡིན་མིན།
༤ རྒྱས་སྤྲོས་མེད་ལ་དུས་ཡུན་རིང་པོར་རྒྱུན་འཁྱོང་ཐུབ་པའི་ཕུགས་དམིགས་ལྡན་པ་ཡིན་མིན།
༥ ས་གནས་མི་མང་ལ་ལས་ཞུགས་ཀྱི་ཁེ་ཕན་ཡོད་མིན་དང༌། ལས་འཆར་དེའི་འཛུགས་སྐྲུན་ཟིན་རྗེས་ཐོན་སྐྱེད་དང་བདག་གཅེས་ཀྱི་ལས་རིམ་མི་གཞན་ལ་རེ་བཅོལ་མི་དགོས་པར་ས་གནས་རང་ནས་བྱེད་ཐུབ་པ་ཡིན་མིན་བཅས་དང༌། དེ་ཙམ་དུ་མ་ཟད། གལ་ཆེ་ཤོས་ཀྱི་གནད་དོན་ནི།
༦ ལས་གཞི་དེ་ལ་བརྟེན་ནས་གཞིས་ཆགས་དེའི་མི་མང་ཤོས་དང༌། ལྷག་པར་དུའང་མི་དབུལ་ཤོས་རྣམས་ལ་ཐད་ཀར་ཁེ་ཕན་ཡོད་མིན་ཞིབ་འཇུག་བརྟག་དཔྱད་བྱེད་དགོས་པ་གཞི་རྩའི་ཚད་འཛིན་ཡིན། ང་ཚོའི་སྤྱི་ཚོགས་ནང་ལས་འཆར་འགའ་ཤས་བོད་མི་འབྱོར་ལྡན་ཉུང་ཤས་ལ་ཕན་ཐོགས་ཡོད་ཀྱང༌། མི་མང་དབུལ་ཕོངས་ལ་ཕན་ཐོགས་གང་ཡང་མེད་པ་དེ་འདྲ་ཡོང་གི་འདུག དེ་ཚོ་ནོར་འཁྲུལ་ཆེན་པོ་ཡིན་པས་སླད་ཕྱིན་དེ་འདྲ་བྱུང་ན་གཏན་ནས་འགྲིགས་ཐབས་མེད།
ལྷག་པར་དུ་དཔལ་འབྱོར་གཏོང་ཡོང་གི་བཏང་འཛིན་དང་དོ་དམ་བྱེད་ཕྱོགས་ཐད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞི་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། ས་གནས་འཐུས་མིའི་ཚོགས་འདུ་གང་རུང་གི་བཀའ་ཁྲོལ་མེད་པར་གཞུང་དངུལ་སྐར་མ་གཅིག་ཀྱང་ཚུར་ལེན་ཕར་གཏོང་བྱེད་མི་ཆོག་པ་ཡིན་པས་བཅའ་ཁྲིམས་ཀྱི་དགོངས་དོན་འདི་ལས་ནམ་ཡང་མི་འགལ་བ་བྱེད་རྒྱུ་དེ་འབྲེལ་ཡོད་ཚང་མས་གཟབ་ནན་བྱེད་དགོས་པའི་ལམ་སྟོན་ནན་པོ་བྱེད་ཀྱི་ཡོད། དེ་སྔོན་ས་གནས་མང་པོ་ཞིག་གི་ནང་སྤྱི་འཐུས་ལྷན་ཚོགས་དང༌། ས་གནས་འཐུས་མིའི་ཚོགས་འདུ་སུས་ཀྱང་མ་མཁྱེན་པའི་དངུལ་འབོར་མང་པོ་དམིགས་བཀར་སོགས་མིང་དང་རྩིས་འགོ་སྣ་ཚོགས་ཀྱི་འོག་ས་གནས་འགོ་འཛིན་སོ་སོས་ཐད་ཀར་གཏོང་ཡོང་གི་ཐག་གཅོད་བྱས་པ་དེ་འདྲ་མེད་དམ་སྙམ་པའི་དྭོགས་པ་ཡོད། དབུས་ལས་ཁུངས་ཁག་དང་ཕྱི་རྒྱལ་དོན་གཅོད་ཁག་གི་དངུལ་འབབ་ཀྱི་གནས་སྟངས་བཀའ་ཤག་གིས་ཞིབ་འཇུག་ཟིན་པ་ཡིན་ནའང༌། ས་གནས་འགོ་འཛིན་ལས་ཁུངས་ཁག་གི་དངུལ་འབབ་དང་རྩིས་ཁྲའི་ཐོག་ད་ལྟ་ཞིབ་འཇུག་བྱེད་རྒྱུ་བསྡད་ཡོད། མ་འོངས་པར་རིང་མིན་ཞིབ་འཇུག་བྱེད་འཆར་ཡིན། དེ་སྐབས་དབུས་ཀྱི་སྔོན་རྩིས་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་ཁྲོལ་ཐོབ་པའམ། ས་གནས་ཀྱི་སྔོན་རྩིས་ནང་ས་གནས་འཐུས་ཚོགས་ཀྱི་བཀའ་ཁྲོལ་ཐོབ་པ་གང་ཡང་མ་ཡིན་པའི་བར་མ་དོའི་ལས་གཞི་དང་དངུལ་འབབ་ཅིག་ཡོད་པ་ཐོན་ན་དེ་ནི་གཞི་རིམ་གྱི་ཁྲིམས་སྲོལ་དང་རྩ་འགལ་ཆགས་ཡོད། འབྱུང་འགྱུར་ ༢༠༠༣ ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་དེ་འདྲའི་དངུལ་འབབ་སྐར་མ་གཅིག་ཀྱང་མེད་པ་བཟོ་དགོས་རྒྱུ་དེ་འདའ་མི་རུང་བའི་བཀའ་ཤག་གི་ལམ་སྟོན་ཡིན་པ་དེ་རིང་ངས་ནན་བརྗོད་བྱེད་ཀྱི་ཡོད། ཞིབ་ཕྲའི་བྱེད་ཕྱོགས་ནང་སྲིད་དང༌། དཔལ་འབྱོར་ལས་ཁུངས་ནས་རིམ་པས་ལམ་སྟོན་གནང་གི་རེད།
དེ་བཞིན་སྒྲིག་འཛུགས་ཚད་ལྡན་དང་ནུས་ཤུགས་ལྡན་པ་བཟོ་རྒྱུའི་ཐད། སྒྲིག་འཛུགས་ཚད་ལྡན་དང་ནུས་ཤུགས་ལྡན་པ་ཡོང་དང་མི་ཡོང་ནི་ལས་བྱེད་ཀྱི་ལས་ཀའི་བྱང་ཚད་དང༌། ཤེས་འཇོན། བརྩོན་ཤུགས། ལྷག་བསམ་བཅས་ལ་རག་ལུས་ཡོད། དེར་བརྟེན་སྲི་ཞུ་ལས་བྱེད་པའི་སྤུས་ཚད་བཟང་དུ་གཏོང་རྒྱུ་དང༌། སྦྱོང་བདར་ཚད་ལྡན་སྤྲད་རྒྱུ་གལ་ཆེན་པོ་རེད། ལས་བྱེད་ཚང་མ་ཆེད་ལས་སམ། ཁྱད་མཁས་ཀྱི་གནས་ཚད་ཡོད་པ་ཞིག་དགོས་གལ་ལ་མ་འོངས་པར་ལས་བྱེད་པའི་སྒྲིག་གྲལ་རྣམ་དབྱེ་ཕྱེ་སྟངས་དང༌། འདེམས་སྒྲུག་བྱེད་ཕྱོགས། སྦྱོང་བདར་སྤྲོད་ཕྱོགས་བཅས་ལ་ལེགས་བཅོས་ཆེ་ཙམ་གཏང་དགོས་འདུག དཔེར་ན་མཉམ་འབྲེལ་ཁག་གི་ལས་བྱེད་ལྟ་བུར་མཚོན་ན། དེ་ཚོ་གཞུང་ཞབས་ཁོངས་ནས་བཀོད་བསྒྲིགས་བྱེད་མ་དགོས་པར་མཉམ་འབྲེལ་རང་གི་འཛིན་སྐྱོང་འོག་མཉམ་འབྲེལ་ལས་བྱེད་པའི་སྒྲིག་གྲལ་ཞིག་གསར་གཏོད་བྱ་རྒྱུ་གལ་ཆེ་བས་དེའི་ཆེད་ད་ལྟ་ནས་ང་ཚོས་ཚོད་བལྟ་དང་ཕུགས་རྒྱང་རིང་བའི་འཆར་འགོད་བྱེད་དགོས། རང་ཁོངས་ལས་བྱེད་ཟེར་བའི་རིགས་དེ་མ་འོངས་པར་བཀོད་བསྒྲིགས་མི་ཆོག་པའི་གཏན་འབེབས་བྱས་ཟིན། ད་ཡོད་རང་ཁོངས་ལས་བྱེད་རྣམས་རྒས་ཡོལ་དང༌། འཕོ་འགྱུར་བྱུང་བའི་སྐབས་ཚབ་གསར་བསྐོ་ཕྱོགས་དབུས་ནས་བཀའ་ཁྲོལ་ལམ་སྟོན་ཞུས་ཏེ་གཞུང་ཞབས་བསྐོ་བཞག་བྱེད་དགོས་པ་དང༌། ད་ཡོད་རང་ཁོངས་ལས་བྱེད་རྣམས་རིམ་པས་གཞུང་ཞབས་ཁོངས་ཟླ་བསྒྲིལ་གཏང་རྒྱུའི་ལས་འཆར་ཐོག་བསམ་ཞིབ་བྱེད་རྒྱུ་ཡིན། དེ་བཞིན་སྒྲིག་འཛུགས་ཚད་ལྡན་ཡོང་བའི་ཐབས་ལམ་གལ་གནད་ཆེ་བ་གཉིས་པ་ནི་ལས་དོན་ཡོངས་རྫོགས་ཁྲིམས་ཀྱི་དབང་བསྒྱུར་འོག་ཆ་ཚང་འགྲོ་ཐུབ་པ་བྱེད་རྒྱུ་དེ་ཡིན། དེའི་ཆེད་ལས་བྱེད་ཚང་མས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ཤེས་ཚད་གོང་མཐོར་གཏོང་ཐབས་ཀྱི་སྦྱོང་བདར་དང༌། རྒྱུན་དུ་དོ་སྣང་སྤེལ་ཐབས། དེ་བཞིན་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲུང་རྩི་བྱེད་རྒྱུའི་དོ་སྣང་དང་གོམས་གཤིས་སྐྲུན་ཐབས་བྱེད་དགོས། ད་ལྟའི་ཆར་བོད་མི་མང་ཚོགས་དང་ས་གནས་འགོ་འཛིན་གཙོ་བོར་གྱུར་པའི་ལས་བྱེད་པ་རྣམས་ལའང་ཡུལ་ཁྲིམས་ལ་དོ་སྣང་ཆུང་བའི་མཐོང་ཚུལ་ཞིག་བྱུང༌། དཔེར་ན་རྒྱ་གར་ས་ཁུལ་དུ་ཕྲུ་གུ་ཞིག་སྐྱེས་པ་ཡིན་ན་ས་གནས་དེའི་གྲོང་སྡེའི་འཕྲོད་བསྟེན་ལས་ཁུངས་སུ་དེབ་སྐྱེལ་བྱས་ཏེ་སྐྱེས་ལོ་སྐྱེས་ཚེས་ཀྱི་ལག་འཁྱེར་ལེན་རྒྱུ་དང༌། ཡང་གཉེན་སྒྲིག་བྱས་པ་ཡིན་ན་ས་གནས་རྒྱ་གར་ཁྲིམས་ཁང་ནས་གཉེན་སྒྲིག་ལག་འཁྱེར་ཞུ་དགོས་སོགས་ཡུལ་ཁྲིམས་ལ་ཡོད་ཀྱང༌། ད་ཕན་ས་གནས་འགོ་འཛིན་ཚང་མས་སྐྱེས་ཚེས་དང༌། གཉེན་སྒྲིག་སོགས་ཀྱི་ལག་འཁྱེར་རྫིག་པོ་དེ་འདྲ་སྤྲད་དང་སྤྲོད་བཞིན་འདུག་པ་དེ་ནི་ཡུལ་ཁྲིམས་དང་མི་མཐུན་པ་ཞིག་རེད། ཉེ་ཆར་བཀའ་ཤག་གིས་ནང་སྲིད་ལས་ཁུངས་ལ་ལག་འཁྱེར་སྤྲོད་ཕྱོགས་ཐད་སྒྲིག་གཞི་གཏན་འབེབས་མ་བྱུང་བར་གནས་སྐབས་རིང་ལག་འཁྱེར་སྤྲོད་མཚམས་འཇོག་དགོས་པའི་བཀོད་ཁྱབ་བྱེད་དགོས་བཀའ་མངགས་ཞུས་ཡོད། ལག་འཁྱེར་འདི་རིགས་ཞུ་དུས་དོད་དངུལ་བླངས་ཏེ་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་སྤྲོད་ཀྱི་ཡོད་པ་ལྟ་བུ་བྱས་འདུག་པ་དེ་ནི་ནོར་འཁྲུལ་ཆེན་པོ་རེད། དེ་སྔ་བོད་གཞུང་དབུས་སའི་ལས་ཁུངས་མང་པོས་ལག་འཁྱེར་དང༌། རྒྱབ་གཉེར། ངོས་སྦྱོར་སོགས་ཡི་གེ་སྣ་ཚོགས་སྤྲད་པ་དེ་ཚོ་ལ་བརྟེན་ནས་དེང་སང་ནུབ་ཕྱོགས་ཡུལ་གྲུ་མང་པོའི་ནང་གནས་ཚུལ་འདྲ་མིན་གྱི་རྙོག་ཁྲ་འཐོན་བཞིན་ཡོད། ཁྲིམས་འགལ་ངན་སྤྱོད་བྱེད་མཁན་རེ་ཟུང་གིས་བོད་གཞུང་ལས་ཁུངས་མང་པོའི་ལས་ཤོག་དང༌། ལས་ཐམ་རྫུན་མ་བཟོས་ཏེ་ངན་གཡོ་མགོ་སྐོར་གྱི་ལམ་ནས་རང་དོན་སྒྲུབ་མཁན་མི་ཉུང་བ་ཞིག་བྱུང་འདུག ཁ་སྔོན་ངོས་རང་ཨ་རིར་བསྐྱོད་སྐབས་ཨ་རི་དོན་གཅོད་ནས་དེ་འདྲའི་དཀའ་རྙོག་བྱུང་བའི་གནས་ཚུལ་མང་པོ་ཞིག་སྙན་གསན་བྱུང་བ་མ་ཟད། ཨ་རི་དོན་གཅོད་ཀྱི་ལས་ཤོག་རྫུན་མ་བཟོ་མཁན་བྱུང་འདུག་སྟབས་དོན་གཅོད་ཀྱི་ལས་ཤོག་གསར་བཟོ་བྱེད་དགོས་བྱུང་འདུག སྤྱོད་ངན་དེ་དག་གི་བྱུང་རྐྱེན་ལ་ཞིབ་འཇུག་བྱེད་སྐབས་ཐོག་མ་རང་རེས་རྒྱབ་གཉེར་གྱི་ཡིག་ཆ་འདྲ་མིན་སྣ་ཚོགས་སྤྲད་རྐྱང་བྱས་པར་བརྟེན། རྗེས་སུ་ཡིག་ཆ་དེ་ཚོ་ཕན་ནུས་ཡོད་པ་མཐོང་ནས་ཚང་མས་དགོས་མཁོ་ནམ་བྱུང་ལ་ཞུས་རྐྱང་དང་གནང་རྐྱང་བྱས་པ་དེ་ལ་བརྟེན་ནས་བྱུང་བ་རེད་འདུག མི་གཅིག་གིས་ས་གནས་འགོ་འཛིན་གཅིག་གི་ལས་ཁུངས་ནས་སྐྱེས་ཚེས་ཀྱི་ལག་འཁྱེར་མི་འདྲ་བ་གསུམ་ཞུས་པ་དེ་འདྲའང་བྱུང་ཡོད་ཚུལ་འདུག ལག་འཁྱེར་ཞུ་མཁན་ཚོས་གང་ཞུས་པ་ལྟར་ལས་དངོས་ཡོད་གནས་ཚུལ་ཞིབ་འཇུག་གང་ཡང་མ་བྱས་པར་བརྟེན། གནས་ཚུལ་འདི་ཚོ་བྱུང་བ་རེད། རྒྱ་གར་གྱི་ཡུལ་ཁྲིམས་ལྟར་བྱས་ན་ས་གནས་འགོ་འཛིན་ལ་སྐྱེས་ཚེས་དང༌། གཉེན་སྒྲིག་སོགས་ཀྱི་ལག་ཁྱེར་སྤྲད་ཆོག་པའི་ཁྲིམས་མཐུན་གྱི་དབང་ཚད་གང་ཡང་མེད། དེ་བཞིན་ཕྱི་བསྐྱོད་ལག་ཁྱེར་སེར་པོ་བཟོ་རྒྱུའི་ཆེད་ས་གནས་འགོ་འཛིན་ཚོས་རྒྱབ་གཉེར་གཏོང་སྟངས་ལ་གཞིགས་ན་ས་གནས་དེའི་མི་ཁུངས་མིན་པ་ཚོ་ལའང་རྒྱབ་གཉེར་སྤྲད་པ་དང༌། ཡང་ཁ་ཤས་རང་གི་གནས་ཡུལ་ས་གནས་ཀྱི་འགོ་འཛིན་ནས་རྒྱབ་གཉེར་མ་ཐོབ་པར་ས་གནས་གཞན་ནས་ཞུས་པ་སོགས་འདྲ་མིན་ཅི་རིགས་ཤིག་བྱུང་འདུག་པ་མ་ཟད། ལྷག་པར་ཕྱི་བསྐྱོད་ལག་ཁྱེར་ཞུ་མཁན་དེ་རིགས་ལ་རྒྱབ་གཉེར་སྤྲོད་སྐབས་ཁོ་པར་གཞུང་སྒེར་གྱི་བུ་ལོན་སྤྲོད་བསྡད་ཡོད་མིན་དང༌། དེ་མིན་ལབ་གླེང་གཞན་དག་ཡོད་མིན་སོགས་ཞིབ་འཇུག་གང་ཡང་མ་བྱས་པར་བུ་ལོན་སྤྲོད་བསྡད་ཀྱི་གནས་ཚུལ་ཚབས་ཆེ་ཡོད་མཁན་ཇི་སྙེད་ཅིག་ད་ལྟ་ཕྱི་རྒྱལ་དུ་ཐོན་ཟིན་ནས་བུ་ལོན་འདེད་ཁུངས་མེད་པར་གྱུར་པ་གཞུང་སྒེར་གཉིས་ཀ་ལ་མང་པོ་བྱུང་འདུག མ་འོངས་པར་རྒྱབ་གཉེར་དེ་རིགས་སྤྲོད་སྐབས་གང་ཅིའི་གནས་ཚུལ་ཞིབ་འཇུག་ནན་ཏན་གནང་དགོས་ཀྱི་འདུག རྗེས་སུ་རྙོག་ཁྲ་ཐོན་ན་འབྲེལ་ཡོད་ས་གནས་འགོ་འཛིན་གྱི་འགན་འཁྱེར་དགོས། དེ་བཞིན་བོད་མི་བཙན་བྱོལ་བ་ཡིན་ཕྱིན་ཆད་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་R.C.ཚད་ལྡན་ཡོད་དགོས་པ་གལ་ཆེན་པོ་ཡིན། དེ་དག་དུས་ཐོག་སོ་སོར་དུས་འགྱངས་ཞུ་རྒྱུའང་མ་ལུས་པ་བྱེད་དགོས། དེ་བཞིན་བོད་མི་རེ་ཟུང་གིས་རྒྱ་གར་གྱི་ཡུལ་མིའི་ཐོབ་ཐང་མེད་བཞིན་དུ་རྒྱ་གར་གྱི་འོས་བསྡུ་བའི་མིང་གཞུང་ནང་མིང་འགོད་བྱས་པ་དང༌། རྒྱ་གར་གྱི་ཕྱིར་བསྐྱོད་ལག་ཁྱེར་ཞུས་པ་སོགས་བྱེད་མཁན་ཡོད་འདུག་པ་དེ་དག་ལ་དོ་དམ་ནན་པོ་ཞིག་བྱས་མ་ཐུབ་ན་འཐུས་ཤོར་ཆེན་པོ་ཡིན། རྒྱ་གར་གྱི་ཡུལ་མིའི་གནས་བབས་ཞུ་མཁན་ཡོད་ན་གནས་ཚུལ་ཐ་དད་རེད། དེ་མིན་བོད་མི་ཡིན་བཞིན་དུ་རྒྱ་གར་གྱི་རིགས་དམན་གྱི་ཐོབ་ཐང་ SC/ST སོགས་ཀྱི་ལག་ཁྱེར་ཞུས་པའང་ཁྲིམས་འགལ་ཆེན་པོ་རེད། དེ་བཞིན་བོད་མི་ཚང་མས་ཚོང་ལས་བྱེད་སྐབས་ཡུལ་ཁྲིམས་དང་མཐུན་པ་བྱེད་དགོས་པའི་ལམ་སྟོན་དང་སྐུལ་ལྕག་བྱེད་དགོས། ཚོང་ཁྲལ་གྱི་དེབ་སྐྱེལ་ཨང་གྲངས་ཁྲིམས་མཐུན་ཞུས་པ་ཡིན་ན་དཀའ་ངལ་མང་པོ་སེལ་ཐུབ། རྩིས་ཁྲ་འཇོག་སྟངས་ཐོག་ཡིག་རྨོངས་ཚོར་དཀའ་ངལ་ཕྲན་བུ་ཡོད་ན་ལས་དེ་མིན་དཀའ་ངལ་གང་ཡང་མེད། ཚོང་ཁྲལ་གྱི་ཨང་གྲངས་ཤིག་ཡོད་ན་མི་དེར་རྒྱ་གར་ནང་ངོས་འཛིན་དང་ཆེ་མཐོང་ཡོད་པ་ཡོང་རྒྱུ་ཡིན། དེ་བཞིན་ས་གནས་སོ་སོར་ཨར་ལས་དང་འཛུགས་སྐྲུན་བྱེད་པའི་སྐབས་ཡུལ་ཁྲིམས་དང་མཐུན་པ་མ་བྱས་པའི་གནས་ཚུལ་མང་པོ་ཡོང་གི་འདུག འབྲེལ་ཡོད་གྲོང་སྡེ་ལས་ཁུངས་སོགས་ནས་ཁྲིམས་མཐུན་གྱི་བཀའ་ཁྲོལ་ཞུ་དགོས་རིགས་མ་ཞུས་པར་ཨར་ལས་བྱེད་རྐྱང་བྱས་ཏེ་མཐའ་མ་དཀའ་ངལ་ཕྲད་སྐབས་ལས་བྱེད་པར་ལྐོག་རྔན་སྤྲད་དེ་འགྲིགས་ཐབས་བྱེད་པ་སོགས་ནི་ཧ་ཅང་ཐབས་སྐྱོ་བའི་གནས་ཚུལ་རེད། ལྷག་པར་གཞུང་གི་ལས་ཁུངས་ཁག་ནས་བྱ་སྤྱོད་ཐབས་སྡུག་དེ་འདྲ་བྱས་པ་ཡིན་ན་ཧ་ཅང་ནོར་འཁྲུལ་རེད། ཕན་ཚུན་འགྲུལ་བཞུད་བྱེད་སྐབས་ལག་ཁྱེར་ལས་ཁུངས་ཁག་ལ་ཐོན་ཐོ་དང་འབྱོར་ཐོ་བཀོད་རྒྱུའི་རིགས་ཀྱང་དོ་སྣང་མ་བྱས་པར་ལྷོད་གཡེང་བཏང་བ་དང༌། དཀའ་ངལ་ཕྲད་སྐབས་ལྐོག་རྔན་སྤྲད་དེ་འགྲིགས་ཐབས་བྱས་པ་དེ་རིགས་ཀྱང་སྤྱི་ཚོགས་ཀྱི་མཚན་ཤལ་ཡིན་པས་ས་གནས་འགོ་འཛིན་སོ་སོས་ཐུགས་སྣང་གནང་དགོས་ཀྱི་འདུག དཔྱ་ཁྲལ་ལག་དེབ་སྤྲད་རྒྱུ་དེ་ད་ལྟ་ས་གནས་འགོ་འཛིན་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་མེད། ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་འགན་ཁུར་གནང་གི་ཡོད། འོན་ཀྱང་མ་འོངས་པར་འདིའི་ཐོག་སྒྲིག་གཞིར་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཞིག་ཡོད་ཅིང༌། གང་ལྟར་ས་གནས་འགོ་འཛིན་གྱིས་ཀྱང་རང་བདེན་ཚོགས་ཆུང་ལ་མཐུན་འགྱུར་དང་མཉམ་རོགས་བྱེད་ཐུབ་ན་དགེ་མཚན་ཡོང་རྒྱུ། དེང་སྐབས་བོད་མི་མ་ཡིན་པ་མང་པོ་ཞིག་གིས་དཔྱ་དངུལ་ལག་དེབ་ཞུས་ཏེ་ཕྱི་རྒྱལ་ཁག་ཏུ་བོད་མི་སྐྱབས་བཅོལ་བའི་ཁེ་ཕན་ལེན་ཐབས་བྱེད་མཁན་གྱི་དཀའ་རྙོག་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དག་དོ་སྣང་དགོས་པ་ཞིག་རེད། དེ་བཞིན་ཡུལ་མི་དང་གསར་འགྱུར་བརྒྱུད་ལམ་པ་སོགས་ལ་ཕྱོགས་ཡོངས་ནས་མཛའ་འབྲེལ་གོང་འཕེལ་གཏོང་རྒྱུ་བཅས་ནི་བོད་མིའི་སྒྲིག་འཛུགས་ཚགས་ཚུད་སྲ་བརྟན་ཡོང་ཐབས་ཀྱི་ལས་དོན་གལ་ཆེ་གྲས་ཡིན།
ཡང་དོན་གནད་གཞན་བོད་མི་ན་གཞོན་ཚོའི་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་དེ་གཞིས་ཆགས་བརྟན་ལྷིང་ཡོང་ཐབས་དང༌། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་ཞིག་ཡིན་ནའང༌། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་མེད་དུ་མི་རུང་བའི་གལ་འགངས་ཅན་གྱི་རྩ་དོན་ཞིག་ཡིན་པ་དང༌། འབྱུང་འགྱུར་གཞིས་ཆགས་ཁག་གི་ཕུགས་ཀྱི་གནས་ཚུལ་ཇི་ཡོང་ད་ལྟ་སློབ་གསོ་སྤྲོད་སྟངས་ལ་རག་ལས་པ་ཡིན་པས་བརྒྱུད་ནས་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན། བོད་མིའི་ཤེས་ཡོན་གྱི་ལས་དོན་འདིའི་ཐོག་བཀའ་ཤག་སེམས་འཚབ་ཆེན་པོ་ཡོད། བོད་མིའི་གཞིས་ཆགས་ཁག་གི་ནང་ཚད་དང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་ཅེས་བརྗོད་ནའང་ཕལ་ཆེར་མི་རུང་བ་ཨེ་ཡོད་བསམ་པ་འདུག སློབ་གྲྭ་ཚད་ལྡན་ཞིག་བཟོ་རྒྱུ་དེ་ཉིན་གཅིག་གཉིས་དང་ལོ་གཅིག་གཉིས་ཀྱི་ནང་བྱེད་ཐུབ་པའི་ལས་དོན་ཞིག་མིན། དེ་ནི་ཕུགས་རྒྱང་རིང་བའི་དམིགས་ཡུལ་ཆེན་པོ་ཞིག་ད་ལྟ་ནས་བཞག་དགོས་པ་ཞིག་རེད། སློབ་གྲྭ་ཚད་ལྡན་ཡོང་མིན་ནི་དགེ་རྒན་ཚད་ལྡན་ཡོད་མིན་ལ་རག་ལུས་པ་དང༌། དགེ་རྒན་ཚད་ལྡན་ཞིག་ཡོང་བ་ལོ་བཅུ་ཕྲག་ཁ་ཤས་ཀྱི་སློབ་སྦྱོང་དང་ཉམས་མྱོང་གསོག་དགོས་པ་ཡིན། མ་འོངས་པར་སྤུས་ཚད་ལྡན་པའི་དགེ་རྒན་བཟང་པོ་མང་པོ་གཞིས་ཆགས་སོ་སོའི་མི་མང་གི་ནང་ནས་ཐོན་ཐུབ་པ་བཟོ་རྒྱུའི་ལས་རིམ་ཞིག་ད་ལྟ་ནས་བསྒྲིག་དགོས་པ་དང༌། དེའི་ཐོག་དོ་སྣང་དང་སེམས་ཁུར་བྱེད་དགོས། སློབ་གྲྭ་ཚད་ལྡན་ཡོང་བའི་མཐུན་རྐྱེན་གཞན་ཞིག་ནི་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་དགོས་པ་དེ་རེད། མ་འོངས་པར་གཞིས་ཆགས་ཁག་ནང་ཡོད་པའི་གཞི་རིམ་སློབ་གྲྭ་རྣམས་གཞིས་ཆགས་སོ་སོའི་མཉམ་འབྲེལ་གྱིས་ཐད་ཀར་འཛིན་སྐྱོང་ཐུབ་པ་བྱུང་ན་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན། དཔེར་ན་རྒྱ་གར་གྱི་གྲོང་གསེབ་ཁག་གི་ནང་གཞི་རིམ་སློབ་གྲྭ་གྲོང་གསེབ་ཀྱི་ལྔ་ཚོགས་ཀྱིས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དེ་རྣམས་སྟབས་བདེ་ཞིང་ཚགས་སུ་ཚུད་པ་ཡོད། གལ་སྲིད་མཉམ་འབྲེལ་གྱི་སློབ་གྲྭའི་འཛིན་སྐྱོང་ཐུབ་ཐབས་མེད་ཚེ་སློབ་གྲྭའི་འཛིན་སྐྱོང་ཆེད་གཞིས་ཆགས་སོ་སོས་ཚོགས་པ་དེབ་སྐྱེལ་བྱེད་རྒྱུའི་ཐད་བསམ་ཞིབ་བྱེད་ཆོག གང་ལྟར་ས་གནས་ཀྱི་སློབ་གྲྭ་ས་གནས་རང་ནས་འཛིན་སྐྱོང་ཐུབ་པ་བྱུང་ན་སློབ་སྦྱོང་ཐོག་ཉམས་ཆག་ཕྱིན་པ་ཡིན་ནའང་འཕྲལ་དུ་ཉམས་གསོ་བྱེད་ཐུབ་པ་དང༌། སློབ་གྲྭ་ཚད་ལྡན་ཡོང་བའི་འགན་ཁུར་ནུས་པ་ཐོན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་ལས། ད་ལྟའི་གནས་སྟངས་ཐོག་རྒྱུན་རིང་བསྡད་ཐུབ་ཐབས་མེད། ས་གནས་འགོ་འཛིན་རྣམས་རང་ཁོངས་སློབ་གྲྭ་སོ་སོའི་ས་གནས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པའི་འགན་ཁུར་ཡོད་པ་ཡིན་སྟབས། སློབ་གྲྭ་དང་ཐད་ཀར་འབྲེལ་བ་ཡོད། འདིའི་སྐོར་མགོ་སྨོས་ཙམ་ཞིག་ཞུས་པ་མ་གཏོགས། རྩ་བའི་ཤེས་རིག་སྐོར་ཤེས་རིག་བཀའ་བློན་གྱིས་གསལ་བཤད་ཞིབ་ཕྲ་གནང་རྒྱུ་ཡིན། ཡང་དོན་གནད་གཞན་ཞིག་ལ་བོད་ཀྱི་མི་རབས་གསར་པའི་ནང་སྔོན་མའི་བོད་མི་ལྟར་ཤཻས་རབ་ཆེན་པོ་དང༌། བློ་སྟོབས་ཆེན་པོ་ཡོང་བའི་ཆེད་དུ་བོད་མིའི་སྡོད་སྒར་ཚང་མར་སྦྲུམ་མའི་འཕྲོད་བསྟེན་དང༌། ཕྲུ་གུའི་གསོ་སྐྱོང་གི་ལས་དོན་ཐོག་བོད་ཀྱི་གསོ་བ་རིག་པ་ནས་བྱུང་བའི་མན་ངག་རྣམས་ལག་བསྟར་ཐུབ་ཐབས་ལ་འབད་བརྩོན་ཆེན་པོ་བྱེད་དགོས་ཀྱི་འདུག སྔོན་མ་ཡིན་ན་བོད་དུ་ལོ་རེ་བཞིན་གྲགས་ཅན་གྱི་མཁས་པ་མང་པོ་ཐོན་གྱི་ཡོད་ཀྱང༌། འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཀྱི་ནང་འགྲན་ཟླ་མེད་པའི་མཁས་པ་ཇི་ཙམ་ཐོན་འདུག་པ་བཙན་བྱོལ་སྤྱི་ཚོགས་ནང་འཚོལ་བར་ཕྱིན་ན་དཀོན་ཙམ་ཆགས་ཡོད། མི་རིགས་ཀྱི་སྟོབས་ཤུགས་ནི་མི་འབོར་ཆེ་ཆུང་ཙམ་ལ་མཐའ་གཅིག་ཏུ་ལྟོས་པ་མ་ཡིན་པར་རྣམ་དཔྱོད་དང་བློ་སྤོབས་སོགས་མིའི་སྤུས་ཚད་ལ་རག་ལུས་པ་རེད། འདིའང་མགོ་སྨོས་ཙམ་ཞུས་པ་ལས་འཕྲོད་བསྟེན་སྐོར་ཞིབ་ཕྲ་འཕྲོད་བསྟེན་བཀའ་བློན་གྱིས་གསལ་བཤད་གནང་རྒྱུ་ཡིན། དེ་དང་མཚུངས་པར་དཔལ་འབྱོར་གྱི་སྲིད་བྱུས་སྐོར་དཔལ་འབྱོར་བཀའ་བློན་གྱིས་གསལ་བཤད་གནང་རྒྱུ་ཡིན།
མཐའ་དོན་ཞུ་རྒྱུར། ས་གནས་འགོ་འཛིན་རྣམ་པ་གཞུང་གི་སྒྲིག་འཛུགས་ཀྱི་དབང་དུ་བྱས་ན་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་ནའང༌། ས་གནས་སུ་ཕྱག་ལས་གནང་བའི་སྐབས་བཙན་བྱོལ་བོད་གཞུང་སྤྱིའི་སྐུ་ཚབ་ཡིན་པ་དང༌། དབུས་ཀྱི་ལས་ཁུངས་མ་ལག་སུ་ཞིག་གི་ལས་དོན་ཡིན་ནའང་ས་གནས་སོ་སོར་ས་གནས་འགོ་འཛིན་བརྒྱུད་ནས་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་འདུག དེ་བཞིན་ས་གནས་སོ་སོའི་ནང་དཀའ་ངལ་ཇི་འདྲ་ཞིག་བྱུང་བ་ཡིན་ནའང་ཕར་ཁག་ཚུར་དཀྲི་མེད་པར་ས་གནས་འགོ་འཛིན་སོ་སོས་གདོང་ལེན་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་དགོས། དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་ལ། བོད་མིའི་སྤྱི་ཚོགས་ནང་དཀྲུགས་ཤིང་དང་འཆལ་གཏམ་མང་པོ་ཞིག་དུས་ནས་དུས་སུ་ཡོང་གི་འདུག འཆལ་གཏམ་དེ་འདྲ་ཆེད་དུ་གཉེར་ནས་ཁྱབ་སྤེལ་བྱེད་མཁན་གྱི་སྡེ་ཚན་ཞིག་ཡོད་པར་བརྟེན་དེ་ཚོ་འཕྲལ་འཕྲལ་བརྟག་དཔྱད་ཞིབ་འཇུག་གི་ལམ་ནས་གདོང་ལེན་བྱེད་མ་ཐུབ་ན་མི་མང་པོས་འཆལ་གཏམ་དེ་ཚོ་དངོས་བདེན་ཡིན་པར་ཡིད་ཆེས་བྱས་པ་ཡིན་ན་ཉེན་ཚབས་ཆེ་བའི་དཀའ་རྙོག་ཡོང་སྲིད། གཏམ་འཆལ་དེ་རིགས་བྱུང་འཕྲལ་ས་གནས་འགོ་འཛིན་སོ་སོས་དངོས་དོན་མཁྱེན་རྟོགས་ཡོད་ན་སྨོས་མེད་དང༌། དེ་མིན་དབུས་འབྲེལ་ཡོད་ལས་ཁུངས་སོ་སོར་སྐབས་འཕྲལ་འདྲི་བརྩད་བྱས་ཏེ་གསལ་པོ་བཟོ་ཐུབ་པ་བྱེད་དགོས། ལྷག་པར་རྒྱ་དམར་གྱིས་བརྒྱུད་བསྐུལ་བྱས་པའི་སྡེ་ཚན་ཁག་ནས་ཆེད་བཟོས་བྱས་པའི་འཆལ་གཏམ་དེ་རིགས་སྣང་མེད་དུ་འཇོག་ཐབས་མེད། ཡང་བོད་པའི་སྤྱི་ཚོགས་ནང་གནད་དོན་ཆུང་ངུ་ཆེན་པོ་བཟོ་བའི་གཤིས་ཀ་ཞིག་ཡོད་པ་དེ་ལའང་དོ་སྣང་བྱེད་དགོས།
ད་ལྟའི་སྐབས་འདིར་བཙན་བྱོལ་བོད་གཞུང་གིས་ངེས་པར་དུ་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གཅིག་ནི་དོལ་རྒྱལ་རྗེས་འབྲངས་པ་ཆེས་ཉུང་ཤས་ཀྱིས་བཟོས་པའི་དཀའ་རྙོག་དེ་ཡིན། འདིའི་སྐོར་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་གཏན་ལ་ཕབ་པའི་སྲིད་བྱུས་གང་ཡིན་པའི་སྐོར་ ༢༠༠༢ ཕྱི་ཟླ་ ༨ པའི་ཆབ་སྲིད་དྲིལ་བསྒྲགས་ཡིག་ཆ་དང༌། ཤེས་བྱ་དུས་དེབ་གཉིས་ཀའི་ནང་གསལ་པོ་བཀོད་ཡོད། ཡིག་ཆ་དེ་གཉིས་ཀྱང་ཁྱེད་རང་ཚོར་བཀྲམས་ཡོད་པས་ངེས་པར་དུ་གཟིགས་རོགས་གནང༌། མདོར་བསྡུས་ཏེ་ཞུས་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དོལ་རྒྱལ་སྐོར་གྲོས་ཆོད་སྔ་རྗེས་གཉིས་བཞག་ཡོད་པ་དེའི་ནང་གསལ་བའི་འབྲུ་དོན་ནི་བཙན་བྱོལ་གཞུང་གིས་དོལ་རྒྱལ་རྗེས་འབྲངས་པར་འཛིན་པའི་སྲིད་བྱུས་ཡིན། བཙན་བྱོལ་བོད་གཞུང་གིས་དོལ་རྒྱལ་རྗེས་འབྲངས་པ་སུ་ལའང་བོད་མི་སྤྱི་ཡོངས་ལ་ཡོད་པའི་ཐོབ་ཐང་གང་ཡང་བཀག་འགོག་བྱེད་ཀྱི་མེད། འོན་ཀྱང་དོལ་རྒྱལ་རྗེས་འབྲངས་པ་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་བ་དང༌། སྒྲིག་སྲོལ་ལས་བརྒལ་བའི་གཞུང་གི་ཆབ་སྲིད་ཀྱི་ལས་དོན་ཐོག་ཐེ་བྱུས་བྱེད་ན་མི་འགྲིགས། དེ་གཉིས་ང་ཚོས་ངེས་པར་དུ་བཀག་འགོག་བྱེད་དགོས་པ་ཡིན། ཁོ་ཚོར་གདོང་ལེན་བྱེད་སྟངས་ཚད་དང་ལྡན་པ་དང༌། ཁྲིམས་དང་མཐུན་པ་ཞིག་བྱེད་རྒྱུ་གལ་ཆེ། གོང་གསལ་གྲོས་ཆོད་ཀྱི་ཡིག་ཆ་དེ་ཚོར་གཟིགས་ན་གསལ་པོ་མཁྱེན་ཐུབ།
ཡང་དོན་གནད་གལ་ཆེ་བ་གཞན་ཞིག་ལ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་འཕྲོད་བསྟེན་དང་སྲུང་ཆའི་སྐོར་བཙན་བྱོལ་བོད་གཞུང་དང༌། གཞུང་གི་སྒྲིག་འཛུགས་ཁག ས་གནས་འགོ་འཛིན་རྣམ་པ་བཅས་ནས་ལག་ལེན་བསྟར་དགོས་པའི་ལས་དོན་མང་པོ་ཞིག་ཡོད། དེའི་ཐོག་གྲོས་ཚོགས་ཀྱི་ལམ་སྟོན་གྲོས་ཆོད་སྔ་རྗེས་གསུམ་བཞག་ཡོད་པ་དེ་ཧ་ཅང་ཞལ་གསལ་པོ་ཡོད། གྲོས་ཆོད་འགྲེམས་སྤེལ་ཞུས་ཡོད་པ་ལྟར་ཞིབ་གཟིགས་གནང་སྟེ་ཕྱག་ལེན་ལ་འཁེལ་བ་གནང་དགོས། འདིའི་ཐོག་ས་གནས་འཐུས་མིའི་ཚོགས་འདུ་ཁག་ནས་ཀྱང་གྲོས་ཆོད་དང༌། གཞེན་སྐུལ། དེ་བཞིན་མང་ཚོགས་ཀྱི་རེ་སྐུལ་མང་པོ་འབྱོར་བཞིན་འདུག་པ་དེ་ཚོ་ལའང་ངེས་པར་དུ་ཐུགས་སྣང་གནང་དགོས་པ་ཡིན། དེ་ཡན་གྱིས་བཙན་བྱོལ་བོད་གཞུང་གི་ལྟ་གྲུབ་དང༌། བསམ་ཕྱོགས། སྲིད་བྱུས་བཅས་རོབ་ཙམ་ཞུས་པ་ཡིན་པས་ཕྱག་ལེན་དུ་བཀལ་བ་གནང་རྒྱུའི་རེ་བ་ཡོད།