བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་རྗེས་དྲན་དུས་སྟོན་དང་འབྲེལ་གཞུང་ཞབས་སྲི་ཞུ་བར་གསོལ་སྟོན་ཞིག་བཤམས་པ་དེའི་ཐོག་གནང་བའི་གསུང་བཤད།
༄༅། ། དོ་ནུབ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལུགས་ཟུང་ཆབ་སྲིད་དབུ་བརྙེས་ནས་མི་ལོ་ ༣༦༠ འཁོར་བའི་རྗེས་དྲན་དུས་སྟོན་གྱི་གོ་སྐབས་དང་སྟབས་བསྟུན་མཛད་གཙོ་རྣམ་པ་དང༌། རྡ་སའི་ཁུལ་དུ་ཡོད་པའི་གཞུང་ཞབས་སྲི་ཞུ་བ་ཚང་མ་མགྲོན་འབོད་བྱས་ཏེ་གསོལ་སྟོན་སྟབས་བདེ་ཞིག་གྲ་སྒྲིག་ཞུས་པ་འདིའི་ཐོག་ཁྱེད་རང་ཚོ་མང་པོ་ཞིག་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཆེན་གྱི་ངོ་སྤྲོད་བསྐྱར་ཟློས་མང་པོ་ཞུ་དགོས་མེད་ཀྱང༌། དོན་ཚན་གལ་ཆེ་བ་ཁ་ཤས་ཞུ་འདོད་བྱུང༌། གྲ་ཤྲི་བསྟན་འཛིན་ཆོས་རྒྱལ་ནས་ལྷག་བསམ་དང་བ་ཆེན་པོས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ས་ག་ཟླ་བའི་ཚེས་ ༥ ཉིན་ྋགོང་ས་ྋརྒྱལ་དབང་ལྔ་པ་ཆེན་པོར་བོད་ཆོལ་ཁ་གསུམ་གྱི་མངའ་དབང་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་པའི་མཛད་སྒོ་གཞིས་རྩེར་གནང་བ་དང༌། ཆུ་རྟ་ས་ཟླའི་ཚེས་ ༢༥ ནི་ྋགོང་ས་ལྔ་པ་ཆེན་པོ་སྟོན་འཁོར་རྣམས་གཙང་ནས་དབུས་སུ་ཆིབས་ཁ་བསྒྱུར་བའི་གལ་ཆེའི་དུས་ཚེས་འཁེལ་གྱི་ཡོད། ཁ་སྔོན་ས་ཟླའི་ཚེས་ ༥ ཉིན་ྋགོང་ས་མཆོག་ཆིབས་བསྒྱུར་གྱི་དུས་ཚོད་འཁེལ་ཡོད་པར་བརྟེན་དུས་སྟོན་དངོས་གཞི་ས་ཟླའི་ཚེས་ ༢༥ ཉིན་ནས་ཉིན་གཉིས་གནང་རྒྱུར་གྲ་སྒྲིག་ཞུས་པ་ཡིན། དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་འཛིན་སྐྱོང་མཛད་ཕྱོགས་དང༌། དེ་གོང་ས་སྐྱ་དང༌། ཕག་གྲུ གཙང་པ་ལ་སོགས་པས་སྲིད་དབང་སྐྱོང་སྟངས་ཐད་ཁྱད་པར་ཆེན་པོ་བྱུང་ཡོད། ས་སྐྱ་དང་ཕག་གྲུ་སོགས་ཀྱི་སྐབས་བོད་ཀྱི་ས་ཁུལ་ཆུང་ཁག་དང༌། སྒེར་པའི་སྐུ་ཚབ་མཚོན་ཐུབ་པ་མང་པོ་ཞིག་གཞུང་གི་འགྲ་ཁྲིད་དང༌། ལས་ཚན། རྫོང་སྡོད་ནང་མ་ཚུད་པར་བརྟེན་སྟོབས་ཤུགས་འཛོམས་པོ་ཞིག་བྱུང་མེད། འོན་ཀྱང་དགའ་ལྡན་ཕོ་བྲང་པ་ཆེན་པོས་སྲིད་དབང་བསྐྱངས་གནང་བའི་སྐབས་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པའི་སྡེ་པ་ཆེ་ཆུང་མང་ཆེ་བ་དང༌། སྡེ་དཔོན་མི་དྲག་རིགས་སུ་གཏོགས་པ་ཚང་མའི་སྐུ་ཚབ་གཞུང་འཛིན་ལས་སྣེར་ཚུད་ཐུབ་པ་གནང་ཡོད་སྟབས་ཡོངས་གྲགས་སུ་སྡེ་པ་གཞུང་ཞེས་བརྗོད་སྲོལ་ཆགས་ཡོད། དེང་རབས་ཀྱི་ཐ་སྙད་སྦྱར་ནས་བཤད་ན་ United Dhepas ཞེས་བརྗོད་ཆོག མདོར་ན་སྡེ་པ་མང་པོ་བསྡུས་པའི་གཞུང་བཙུགས་པ་ཡིན་སྟབས་ཆབ་སྲིད་གནས་བབ་ཐད་ནས་ཧ་ཅང་ཁྱད་འཕགས་ཆེན་པོ་བྱུང་ཡོད།
སྐབས་དེའི་སྲི་ཞུ་ལས་བྱེད་པའི་ལས་དོན་ནང་ཆེན་པོར་འོས་པའི་ལས་ཚན་ ༡༣ གྱི་རྣམ་གཞག་དེ་དག་རྩ་བ་ས་སྐྱ་ནས་བཟུང་རྒྱུན་མཐུད་པ་ཞིག་ཡིན་ཡང༌། དགའ་ལྡན་ཕོ་བྲང་པ་ཆེན་པོའི་གོང་གི་སྲིད་སྐྱོང་རིམ་པའི་སྐབས་སྲི་ཞུ་བའི་ལས་ཚན་ ༡༣ དེ་དག་མང་ཆེ་བ་སྡེ་སྲིད་དང༌། འཛིན་སྐྱོང་པའི་ཞབས་ཞུ་མ་གཏོགས་གཞུང་འཛིན་ལས་ཁུངས་ནང་བསྡད་ནས་ལས་ཀ་བྱེད་མཁན་ཉུང་ཉུང་ཡིན། དགའ་ལྡན་ཕོ་བྲང་པས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་གཞུང་གི་སྲི་ཞུ་བ་མང་དུ་བཏང་གནང་ཡོད་པ་དང༌། ཆེན་པོར་འོས་པའི་ལས་ཚན་ ༡༣ གྱི་མི་འགྲོ་ཉུང་དུ་བཏང་ནས་སྒྲིག་འཛུགས་འགྲོ་སྟངས་ལ་མངོན་གསལ་དོད་པོའི་བསྒྱུར་བཅོས་གནང་ཡོད། དེ་སྔ་ས་སྐྱའི་སྐབས་ནས་བཟུང་སྲི་ཞུ་བའི་ཆབ་སྲིད་ལས་དོན་དང༌། ཆས་གོས་སོགས་སོག་པོའི་ལམ་སྲོལ་མང་པོ་དར་ནས་བོད་རང་གི་མི་རིགས་ཀྱི་གོམས་སྲོལ་ལ་ཉམས་ཞན་གྱི་ཤུགས་རྐྱེན་མང་པོ་ཐེབས་པར་དགོངས་བཞེས་གནང་སྟེ་ྋགོང་ས་ལྔ་པ་ཆེན་པོས་ཆབ་སྲིད་ལམ་སྲོལ་མང་པོར་བསྒྱུར་བཅོས་གནང་བ་མ་ཟད། ཐ་ན་གཞུང་ཞབས་ཚོའི་གྱོན་གོས་རིན་ཆེན་རྒྱན་ཆའི་ལམ་སྲོལ་གསར་གཏོད་གནང་སྟེ་བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་ནས་དར་སྲོལ་བྱུང་བའི་གྱོན་གོས་ཚུན་ལེགས་བཅོས་བསྐྱར་སྒྲིག་གནང་ཡོད། སྡེ་སྲིད་རིམ་བྱོན་དང༌། ལྷག་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲིར་འཁོད་པ་ནས་བཟུང་ཁྱིམ་དུད་མི་འབོར་ཞིབ་བཤེར་དང༌། ཁྲལ་འུལ་སོགས་ལམ་སྲོལ་འདྲ་མིན་ཡོད་པ་དེ་དག་ཞིབ་འཇུག་གནང་སྟེ་གཅིག་གྱུར་ཁྲིམས་ཀྱི་ལམ་སྲོལ་གསར་པ་མང་པོ་གཏན་འབེབས་བྱས་ཡོད།
མདོར་ན་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་པ་ནས་ད་བར་མི་ལོ་ ༣༦༠ རིང་དར་རྒུད་སྣ་ཚོགས་ཤིག་བྱུང་ཡང་ཁྲིམས་མཐུན་གཞུང་གི་རྒྱུན་མ་ཉམས་པར་གནས་ཐུབ་པ་ནི་རྒྱལ་ཁ་དང་བཀྲིན་ཆེན་པོ་ཡིན། དེས་ན་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་སྟོབས་ཤུགས་ལྡན་པ་དང༌། མངའ་ཐང་ཆེན་པོ་བྱུང་བའི་གལ་ཆེའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་ནང་སྐབས་དེའི་སྲི་ཞུ་བ་དེ་དག་ནས་ལྷག་བསམ་རྣམ་དག་གི་ཞབས་འདེགས་ཞུས་པའི་ནུས་པ་དང་ཁ་བྲལ་ཐབས་མེད་པར་བརྟེན་བཀའ་ཤག་གི་དུས་དྲན་གསུང་བཤད་ནང་ཁོང་རྣམས་ལ་བཀྲིན་རྗེས་དྲན་ཞུས་པ་དང༌། ད་རེས་དུས་སྟོན་དང་སྟབས་བསྟུན་བཀའ་ཤག་ནས་ད་ཡོད་སྲི་ཞུ་བའི་ལས་བྱེད་མགྲོན་འབོད་བྱས་ཏེ་གསོལ་སྟོན་སྟབས་བདེ་ཞིག་ཕུལ་བ་འདི་སྲི་ཞུ་ལས་བྱེད་པའི་ལྷག་བསམ་སྙིང་སྟོབས་དང༌། ལས་ཀའི་བྱང་ཚད་གོང་འཕེལ་གྱི་བློ་སྟོབས་འཕེལ་བའི་སྐུལ་སློང་ཆེད་དུ་ཡིན།
ཡང་ད་ལྟ་ང་ཚོ་བཙན་བྱོལ་བའི་གནས་སྟངས་ནས་བཤད་ན་གཞུང་གི་ལས་དོན་ཡར་རྒྱས་དང་ཚགས་ཚུད་ཡོང་མིན་སྲི་ཞུ་བའི་ལྷག་བསམ་དང༌། སེམས་ཤུགས། འབད་བརྩོན་ལ་རག་ཆེན་པོ་ལུས་ཡོད། རྡ་སའི་ཉེ་འཁོར་གྱི་འཛིན་སྐྱོང་དང་ལས་དོན་ཐད་བཀའ་ཤག་ནས་ཐད་ཀར་དོ་སྣང་དང་ཕྲན་བུའི་སྟངས་འཛིན་བྱེད་ཐུབ་ཀྱང༌། ས་ཐག་རིང་བའི་མཐའ་མཚམས་བྱང་ཤར་ཁུལ་སོགས་གཞིས་ཆགས་ཁག་གི་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་ས་གནས་སོ་སོའི་འགོ་འཛིན་དང་སྲི་ཞུའི་ལས་བྱེད་ཡོངས་ཀྱི་ལྷག་བསམ་དང༌། ཤེས་འཇོན། འབད་བརྩོན་བཅས་ལ་རག་ཆེན་པོ་ལུས་ཡོད། བཀའ་ཤག་གིས་འདས་པའི་ཟླ་བ་ཁ་ཤས་ཀྱི་འཛིན་སྐྱོང་ལས་དོན་གྱི་ཉམས་མྱོང་ནས་ཤེས་རྟོགས་དང༌། སེམས་ཚོར་ཤུགས་ཆེ་བྱུང་བར་བརྟེན། ང་ཚོས་སྔར་བས་སྲི་ཞུའི་ལས་བྱེད་པའི་སྤུས་ཚད་དང༌། ལྷག་བསམ། སེམས་ཤུགས། ལས་ཀའི་འཇོན་ཐང༌། དྲང་ཚུགས་ལྡན་པ་བཅས་ཡོང་ཐབས་སུ་བརྡ་དེད་ཚ་ནན་གཏོང་དགོས་པའི་དགོས་མཁོ་ཡོད་པའི་ཚོར་སྣང་ཟབ་པོ་བྱུང་ལ། ཡང་ད་ལྟ་ཡོད་བཞིན་པའི་སྲི་ཞུ་བ་མང་ཆེ་བར་ལམ་སྟོན་དང༌། ཟབ་སྦྱོང༌། འགྲ་ཁྲིད་ཀྱི་ནུས་པ་ཡག་པོ་ཞིག་འདོན་ཐུབ་པ་བྱུང་ན་ལས་བྱེད་མང་ཆེ་བ་ལྷག་བསམ་ལྡན་པའི་བཟང་པོ་ཤ་སྟག་ཡིན་པའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་ཆ་ཚང་པོ་ཡོད་པའི་ཚོར་སྣང་བྱུང༌། ང་ཚོས་སྤྱི་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རང་རེར་ཆོས་སྲིད་མཛད་འཕྲིན་གྱི་བཀྲིན་བླ་མེད་བསྐྱངས་པར་རྗེས་དྲན་དང༌། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་ ༣༦༠ འཁོར་བར་དྲན་གསོ་བྱེད་པའི་ལོ་འཁོར་ལས་རིམ་ནང་རང་རེ་ཚང་མས་ལས་ཀའི་དོན་དུ་དུས་ཚོད་གཏོང་ཐུབ་པ་དང༌། འཆར་འགོད་བྱེད་ཐུབ་པ། དམིགས་ཡུལ་གསལ་པོ་བཟོ་ཐུབ་པ། གྲུབ་འབྲས་ཐོན་ཐུབ་པ་སོགས་དམིགས་བསལ་གྲུབ་འབྲས་ལེགས་སྐྱེས་སུ་འབུལ་ཐུབ་ན་འདི་ནི་དུས་དྲན་གྱི་འབུལ་མཚོན་ལེགས་ཤོས་ཡིན།
བཀའ་ཤག་གི་ཐོག་མའི་བསམ་ཕྱོགས་བྱས་ན་བོད་གཞུང་དབུས་ལས་ཁུངས་མ་ལག་བཅས་པའི་འཆར་ལཱུའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་དོན་བྱེད་འཆར་ཡོངས་སུ་རྫོགས་པ་ཆ་ཚང་གཏན་ལ་ཕབ་ནས་དུས་སྟོན་ཉིན་ྋགོང་ས་མཆོག་ལ་སྙན་གསན་ཞུ་ཐུབ་ན་སྙམ་པ་བྱུང་ཡང༌། ལས་ཁུངས་ཆེས་ཉུང་ཤས་ཤིག་གི་ལས་འཆར་ད་རེས་གཏན་འཁེལ་མ་ཐུབ་པར་བརྟེན། དུས་སྟོན་ཉིན་ཕུལ་ཐུབ་མེད། འོན་ཀྱང་རིང་མིན་བདུན་ཕྲག་གཅིག་གཉིས་ནང་ྋགོང་ས་མཆོག་ལ་སྙན་གསན་དང་ལས་ཁུངས་ཁག་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན། ང་ཚོས་འཆར་གཞི་ཡག་པོ་འགོད་དགོས་པ་དང༌། དེ་ནས་ལག་བསྟར་ཟབ་ནན་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་ཐུབ་པ་བྱེད་རྒྱུ་དེ་དག་འདི་ལཱུའི་ལོ་འཁོར་དུས་སྟོན་གྱི་ཁྱད་ཆོས་དང་གྲུབ་འབྲས་ཀྱི་དགེ་མཚན་ལྡན་པ་ཞིག་ཆགས་ཐུབ་རྒྱུར་ཚང་མས་སེམས་ཁུར་བསྐྱེད་དགོས། ང་ཚོས་ལས་དོན་གང་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་དང༌། དྲང་ཚུགས་ལྡན་པ། མི་མང་ལ་རྩིས་རྒྱག་ཐུབ་པ་ངེས་པར་བྱེད་དགོས་པ་ཡིན། ྋགོང་ས་ལྔ་པ་ཆེན་པོས་གསུང་རྣམ་བསྒྲིག་པ་གནང་སྐབས་གསུང་རྣམ་ལ་དུ་ཀུ་ལའི་གོས་བཟང་ཞེས་མཚན་གསོལ་གནང་ཡོད། མཚན་གསོལ་དེར་ཕྱི་གསལ་ནང་གསལ་གྱི་གོ་དོན་ཆེན་པོ་ཡོད་པ་རེད། རང་རེ་སྲི་ཞུའི་ལས་དོན་གང་ཞིག་ཡིན་ཡང་ལྷག་བསམ་རྣམ་དག་དང༌། ཕྱི་གསལ་ནང་གསལ། གྲུབ་འབྲས་ལྡན་པ་བཅས་མདོར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་དང༌། རྒྱ་ཆེའི་བོད་མི་མང་མདུན་ངོ་གནོང་མི་དགོས་པའི་གྲུབ་འབྲས་གཟེངས་ཐོན་ཡོང་བའི་སྲི་ཞུ་བ་བཟང་པོ་ཞིག་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠ འཁོར་བའི་རྗེས་དྲན་དུས་སྟོན་དང་འབྲེལ་གཞུང་ཞབས་སྲི་ཞུ་བར་གསོལ་སྟོན་ཞིག་བཤམས་པ་དེའི་ཐོག་གནང་བའི་གསུང་བཤད།