གནས་མཆོག་རྡོ་རྗེ་གདན་དུ་བོད་མི་གསར་འབྱོར་བ་ཚོར་གནང་བའི་གསུང་བཤད།

༄༅།། སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་མཇལ་དང༌། གསུང་ཆོས་ཞུ་རྒྱུ། གནས་མཇལ་གནང་རྒྱུའམ། ཡང་ན་སྐྱབས་བཅོལ་དུ་བོད་ས་སྟོད་སྨད་བར་གསུམ་ནས་ཕེབས་པའི་བོད་རིགས་སེར་སྐྱ་བགྲེས་གཞོན་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་བཀའ་ཤག་ནང་བཀའ་བློན་བརྒྱད་ཡོད་ཀྱང་ད་ལྟ་ཁྱེད་རྣམས་ལ་འཚམས་འདྲི་ཞུ་ཆེད་ངའི་མཉམ་དུ་འདིར་ཕྱག་འབྲེལ་བཀའ་བློན་གཉིས་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མས་བུ་ལ་འདོམས་པ་ལྟ་བུའི་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་གྲུབ་པར་བརྟེན། ངས་མང་པོ་ཞིག་བསྐྱར་ལྡབ་བྱ་དགོས་མ་མཆིས། འོན་ཀྱང་ྋགོང་ས་མཆོག་གིས་བཀའ་ཕེབས་པ་བཞིན་བཙན་བྱོལ་མང་གཙོའི་གཞུང་གི་ངོས་ནས་བར་ལམ་གྱི་བྱུང་བ་ཁ་ཤས་ཐོག་སྙན་གསན་མདོར་བསྡུས་ཤིག་ཞུ་དགོས་པ་གལ་ཆེན་པོ་ཆགས་འདུག ཕྱི་ལོ་༡༩༨༠ གྱ་གྲངས་ནས་བཟུང་བོད་ནས་གནས་མཇལ་དང་གཉེན་འཕྲད་སོགས་ཀྱི་ཆེད་ཕྱི་རྒྱལ་ཁག་ཏུ་ཕེབས་རྒྱུའི་ལམ་དོད་པ་ནས་བཟུང་ལོ་རེ་བཞིན་བོད་མི་སྟོང་ཕྲག་མང་པོ་གནས་མཇལ་དང༌། གཉེན་འཕྲད། སློབ་སྦྱོང་སོགས་ཀྱི་ཆེད་ཕེབས་བཞིན་པ་དང༌། དེ་ལ་བརྟེན་ནས་བོད་གཞིས་བྱེས་གཉིས་ཀྱི་བར་འབྲེལ་ལམ་དམ་ཟབ་བཙུགས་ཐུབ་པ་མ་ཟད། ན་གཞོན་མང་པོ་ཞིག་སློབ་གྲྭ་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང༌། རིས་སུ་མ་ཆད་པའི་ཆོས་ལུགས་ཆོས་བརྒྱུད་རྣམས་ཀྱི་དགོན་སྡེ་ཁག་ཏུ་གྲྭ་ཚོགས་དང་བཤད་སྒྲུབ་འཆད་ཉན་གོང་མཐོར་འགྲོ་བ་སོགས་བསྟན་སྲིད་མི་རིགས་ཚང་མར་འཕྲལ་ཕུགས་ཀྱི་ཕན་ཐོགས་རླབས་ཆེན་བྱུང་ཡོད། འོན་ཀྱང་ཕྱི་ལོ་༢༠༠༨ ཕྱི་ཟླ་༣ ཚེས་༡༠ ནས་བཟུང་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་གྱེན་ལངས་གཞི་རྒྱ་ཆེ་བ་ཞིག་བྱུང་བ་དང༌། དེ་ལ་བསམ་ཡུལ་ལས་འདས་པའི་དྲག་གནོན་ཚབས་ཆེ་བྱས་པའི་རྐྱེན་གྱིས་༢༠༠༨ དང་༢༠༠༩ ལོ་ཧྲིལ་པོ་གཉིས་ཀྱི་ནང་བོད་ནས་བཙན་བྱོལ་དང་གཉེན་འཕྲད་གནས་སྐོར་ཕེབས་མཁན་ཧ་ཅང་ཉུང་ཤས་ལས་བྱུང་མེད། ད་རེས་ཕྱི་ལོ་༢༠༡༠ ལོ་སྟོད་དུ་བོད་ནས་ཕེབས་མཁན་སྟོང་ཕྲག་ཙམ་ཞིག་བྱུང་འདུག་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པས་དགའ་བསུ་ཞུ་རྒྱུ་མ་ཟད། བོད་མི་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་སྔོན་མ་བཞིན་བསྐྱར་གསོ་ཐུབ་པ་དང༌། གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་བ་དང་སློབ་ཕྲུག་ཀྱང་ཇེ་མང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད།

ཕྱི་ལོ་༢༠༠༨ ལོར་བྱུང་བའི་ཞི་རྒོལ་ཆེན་མོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༥༠ ཙམ་སོང་བའི་རྗེས་སུ་དང༌། ཕྱི་ལོ་༡༩༨༧།༡༩༨༨ སྐབས་བྱུང་བའི་ཞི་རྒོལ་བཙན་གནོན་བྱས་ཏེ་ལོ་ཉི་ཤུ་ཙམ་འདས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་མ་ཟད། ཞི་རྒོལ་བ་མང་ཆེ་བ་ཕྱི་ལོ་༡༩༥༩ རྗེས་སུ་འཁྲུངས་ནས་འཚར་ལོངས་བྱུང་བའི་མི་རབས་གསར་པ་རྣམས་ཡིན་པས། གཞིས་བཞུགས་བོད་མི་རྣམས་ཀྱི་རིགས་ཞེན་དང༌། ཆོས་དད། སྙིང་སྟོབས་ཉམས་མེད་དུ་གནས་ཡོད་པ་གསལ་བར་མཚོན་པའི་དན་རྟགས་ཤིག་ཡིན་སྟབས། ངོ་མཚར་དང་བློ་སྤོབས་སྐྱེ་འོས་པ་ཞིག་ཡིན་པ་སྨོས་མ་དགོས་ཤིང༌། ངས་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་ཁྱེད་རྣམ་པའི་བརྒྱུད་སྔ་ལོ་ཞི་རྒོལ་དུ་དངོས་སུ་ཞུགས་མཁན་རྣམས་དང༌། དེ་དག་གི་ལས་འགུལ་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་བོད་རིགས་ཡོངས་ལ་རྗེས་སུ་ཡི་རངས་ཀྱི་སྒོ་ནས་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐབས་དེར་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་དང་འབྲེལ་ཁོང་ཚོ་ཚང་མ་སླར་ཡང་གངས་ཅན་ཆོས་ཀྱི་ཞིང་སར་མི་ལུས་ཐོབ་ནས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཞབས་འདེགས་མུ་མཐུད་ཞུ་རྒྱུའི་སྐལ་བཟང་ཐོབ་པ་དང༌། ཚེ་རབས་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན་པོས་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན། ད་ལྟའང་རྒྱ་དམར་དབང་འཛིན་པའི་བཙན་འོག་ཏུ་འཛིན་བཟུང་དོ་དམ་འོག་ཚུད་ནས་རྡུང་རྡེག་མནར་གཅོད་བཟོད་པར་དཀའ་བ་མྱངས་དང་མྱོང་བཞིན་པ་རྣམས་ལའང་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་ཐུགས་གསོའི་འཚམས་འདྲི་དང༌། མྱུར་དུ་བཙོན་འགྲོལ་རང་དབང་ཐོབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

གངས་ལྗོངས་ཆོས་ཀྱི་ཞིང་ས་དམར་ཤོག་ཀླ་ཀློའི་དཔུང་གི་བཙན་འོག་ཏུ་ཚུད་ནས་ལོ་ངོ་༦༠ ལ་ཉེ་བའི་རིང་མིང་འདོགས་སྣ་ཚོགས་ཀྱི་འོག་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་དང༌། ལེགས་བྱང༌། སྐད་ཡིག མི་རིགས་དང་བཅས་པ་རྩ་མེད་ཤུལ་མེད་དུ་གཏོང་རྒྱུའི་ཐབས་ཚུལ་ཡ་མ་ཟུང་བར་མཚམས་མེད་པར་གཅིག་མཇུག་གཉིས་མཐུད་ཀྱིས་ལག་བསྟར་བྱས་ཀྱང༌། བོད་ཀྱི་ཆོས་དང་འབྲེལ་བའི་ལེགས་བྱང་དང༌། ནང་དོན་རིག་པའི་སྲོལ་རྒྱུན་ད་བར་ཉམས་མེད་རྒྱུན་གནས་ཐུབ་པ་ནི་གཙོ་ཆེར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱི་གཟི་བྱིན་དང༌། བོད་མི་རྒན་བྱིས་ཡོངས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་མཐུ་ལས་བྱུང་བ་ཞིག་ཡིན་ཞིང༌། འབྱུང་འགྱུར་ཡང་བོད་རིགས་ཡོངས་ཀྱིས་སྙིང་ལ་རུས་པ་བཅུག་སྟེ་བོད་མི་རིགས་དང༌། དེའི་ལེགས་བྱང༌། འཇིག་རྟེན་གཞན་ལ་མེད་པའི་ནང་དོན་རིག་པའི་སྲོལ་རྒྱུན་བཅས་རྒྱུན་འཛིན་བྱ་རྒྱུ་དང༌། བོད་མིའི་གཞི་རིམ་གྱི་རང་དབང་བསྐྱར་གསོ་དང་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུའི་ཆེད་བཟོད་བསྲན་དང༌། སྙིང་སྟོབས། དཔའ་མཛངས་ཞུམ་པ་མེད་པའི་སྒོ་ནས་ང་ཚོའི་རང་དབང་གི་སྒྲུབ་པ་ཉམས་ལེན་གྱི་བྱ་བ་འདི་མི་ལོ་སྟོང་ཕྲག་ནས་སྟོང་ཕྲག་གི་བར་བསྒྲུབ་དགོས་བྱུང་ཡང་སྒྱིད་ལུག་དང་ཞུམ་པ་མི་བྱེད་པའི་ཆོད་སེམས་བརྟན་པོ་ངེས་པར་དུ་བཅང་དགོས་པ་ཡིན། ང་ཚོའི་བསྒྲུབ་བྱ་ནི་རང་རྒྱལ་གཞན་ཕམ་དང་རང་དོན་ཁོག་བཅུག་གི་གནས་བབ་ཅིག་མིན་པར་ཕན་ཚུན་གཉིས་སྨན་གྱི་ཡང་དག་པའི་དམིགས་ཡུལ་བཟུང་བ་ཞིག་ཡིན། བོད་མི་རིགས་ཀྱི་རང་དབང་ནི་བོད་མི་རྐྱང་པའི་བདེ་དོན་ཙམ་མ་ཡིན་པར་རྒྱ་དཀར་ནག་གིས་གཙོས་པའི་འཇིག་རྟེན་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པས་ང་ཚོའི་རང་དབང་གི་རྩོལ་སྒྲུབ་ནི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རང་དབང་གི་འཐབ་རྩོད་དང་མི་འདྲ་བར་ཆོས་ཀྱི་དོན་སྙིང་ལྡན་པའི་སྒྲུབ་པ་ཉམས་ལེན་ཞིག་ཡིན་པ་ཚང་མས་མཁྱེན་དགོས།

ཕྱི་ལོ་༢༠༠༨ དང་༢༠༠༩ ནང་བོད་ས་ཁྱོན་ཡོངས་སུ་རྒྱ་ཁྱབ་ཏུ་བྱུང་བའི་བོད་མིའི་ཞི་རྒོལ་ཆེན་པོ་དེའི་དབང་གིས་བོད་རིགས་སེར་སྐྱ་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང༌། སྟོང་ཕྲག་མང་པོ་རྡུང་རྡེག་མནར་གཅོད་དང་འཛིན་བཟུང་བཙོན་འཇུག་སོགས་གོད་ཆགས་ཚབས་ཆེ་བྱུང་བ་ནི་ཧ་ཅང་བློ་ཕམ་བྱ་ཡུལ་ཞིག་ཡིན་ནའང༌། རླབས་ཆེན་གྱི་ལས་འགུལ་འདི་ལ་བརྟེན་ནས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་ནང་བོད་མིའི་ད་ལྟའི་གནས་བབ་དང༌། མ་འོངས་པའི་རེ་འདུན་གྱི་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱུང་སྟེ་འཇིག་རྟེན་ཁྱོན་ཡོངས་ཀྱི་གཞུང་དང་མང་ཚོགས་ཀྱི་ཐུགས་སྣང་དང་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་རླབས་ཆེན་ཐོབ་པ་དང༌། ཕྱོགས་གཞན་ཞིག་ནས་བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་གྱི་ནུས་ཤུགས་སྲ་བརྟན་དུ་ཕྱིན་པ་མ་ཟད། ཆིག་བསྒྲིལ་དེ་མངོན་པར་གསལ་བ་བྱས་ཐུབ་པ་དང༌། ལྷག་པར་གཞིས་བཞུགས་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བློ་གཏད་འགྱུར་བ་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཐུབ་པ་བྱུང་བ་བཅས་བོད་མིའི་རྩ་དོན་ལ་སྨན་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་འདི་དག་ལ་དགོངས་པ་བཞེས་ན་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱས་པ་དེ་ཚོ་ཆ་ཙམ་ཡང་ཆུད་ཟོས་སུ་མ་ཕྱིན་པར་གྲུབ་འབྲས་རླབས་ཆེན་ཐོན་ཡོད་པ་ཡིན་སྟབས། ཡི་རངས་བློ་སྤོབས་བྱ་འོས་པ་ཡིན། མདོ་དོན་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱས་འགོ་ཚུགས་པ་ནས་བཟུང་ད་ལྟའི་བར་བོད་མི་རིགས་དང༌། བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་གི་མཆོད་སྦྱིན་གཏོང་མཁན་ཚང་མ་བྱས་པ་ཆུད་མི་ཟ་བར་ནམ་ཞིག་བཟང་འབྲས་སྨིན་ངེས་ཡིན་པ་མ་ཟད། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས། བསྟན་དང་དེ་འཛིན་་་་་་་་་་་་་་་་༌།། ་་་་་་་་སྐྱོང་བར་མཛོད།། ཅེས་ཇི་ལྟར་དྲང་སྲོང་བདེན་པའི་དབྱངས་ཀྱིས་སྨོན་འདུན་མཛད་པ་ལྟར་ཚེ་རབས་ཕྲེང་བ་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་མཉེས་བཞིན་རྗེས་སུ་འཛིན་རྒྱུར་ཐེ་ཚོམ་མེད་པས་ཚང་མས་བློ་བདེ་བག་ཕེབས་གནང་ཆོག་པ་ཡིན།

བཙན་བྱོལ་དུ་འབྱོར་བའི་བོད་མི་༡༥༠༠༠༠ བརྒལ་བ་ཞིག་ཡོད་པ་རྣམས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀྲིན་ཉག་གཅིག་ལ་བརྟེན་ནས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་རང་རང་སོ་སོའི་འཚོ་ཐབས་འགྲིགས་ངེས་ཡོད་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་གི་འཛིན་སྐྱོང་དང༌། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་ཐོག་བརྩོན་པ་རྒྱུན་འཁྱོང་བྱེད་བཞིན་དུ་ཡོད། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་རྗེས་རླབས་ཆེན་གྱི་མཛད་འཕྲིན་ནམ་མཁའ་དང་མཉམ་པ་ཞིག་བསྐྱངས་གནང་མཛད་པ་རྣམས་ཀྱི་ནང་ནས་རང་ཅག་བོད་མི་རྣམས་ཀྱི་ནམ་ཕུགས་གཏན་གྱི་མདུན་མ་མ་འཕྱུག་པའི་སླད་དུ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་གནང་མཛད་པ་དང༌། ན་གཞོན་ཡོངས་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ཟུང་འབྲེལ་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རྒྱ་ཁྱབ་ཏུ་བསྩལ་བ། བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་འཚེ་མེད་ཞི་བའི་ངོ་བོར་བསྒྱུར་གནང་མཛད་པ། བོད་བརྒྱུད་ནང་བསྟན་དང་དེའི་ལེགས་བྱང་བཟང་སྤྱོད་འཇིག་རྟེན་ཡོངས་སུ་ཁྱབ་སྤེལ་མཛད་པ་བཅས་ནི་ཆེས་རྨད་དུ་བྱུང་བའི་མཛད་འཕྲིན་ཁྱད་དུ་འཕགས་པ་ཁག་ཡིན་པ་དང༌། དེ་ལ་བརྟེན་ནས་ད་ཆ་ས་ཡི་གོ་ལ་ཁྱོན་ཡོངས་སུ་བོད་དང་བོད་མིར་བརྩེ་གདུང་དང་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་མང་ཚོགས་གྲངས་ལས་འདས་པ་ཞིག་བྱུང་ཡོད་པ་དང༌། བཙན་བྱོལ་དུ་སྐྱེས་འཚར་བྱུང་བའི་བོད་ཕྲུག་གཅིག་ཀྱང་མ་ལུས་པར་གནའ་དེང་གི་ཤེས་ཡོན་འདབ་གཤོག་གཉིས་ལྡན་དུ་བསྐྲུན་ཐུབ་པ་མ་ཟད། འདས་པའི་ལོ་ཉི་ཤུ་ཙམ་གྱི་རིང་བོད་ནས་གསར་དུ་ཕེབས་པའི་ན་གཞོན་ཁྲི་ཚོ་ཁ་ཤས་ལ་ཤེས་ཡོན་གྱི་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད། ཕྱི་ལོ་༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་བཟུང་མང་གཙོའི་འཕེལ་རིམ་གོང་མཐོར་སོང་སྟེ། ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྟེ་འཛིན་སྐྱོང་དང༌། ཁྲིམས་བཟོ། ཁྲིམས་ཀྱི་དབང་འཛིན་བཅས་སྡེ་ཚན་ཟུར་དབྱེ་དང༌། ལྗིད་མཉམ་བཏང་འཛིན་གྱི་ལམ་ནས་ཚད་མཐོའི་མང་གཙོའི་ལམ་སྲོལ་ལག་བསྟར་བྱེད་བཞིན་པའི་ཐོག ཕྱི་ལོ་༢༠༠༡ ནས་བཟུང་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱ་སྲོལ་གཏོད་གནང་མཛད་དེ་ད་ཆ་མང་གཙོའི་འཕེལ་རིམ་མཐར་ཐུག་པའི་གནས་སུ་སླེབས་ཡོད། སྤྱི་ཚོགས་ནང་དྲང་བདེན་དང་འདྲ་མཉམ། ཁྲིམས་ཀྱི་དབང་སྒྱུར། སྨྲ་བརྗོད་དང་བསམ་སྤྱོད་ཀྱི་རང་དབང་ཚད་མཐོར་ཡོད་པའི་དབང་གིས་གཞིས་བཞུགས་བོད་མི་རྒྱ་ནག་གཅིག་སྡུད་དབང་འཛིན་གྱི་ལམ་སྲོལ་ལས་གཞན་པའི་གུ་ཡངས་མང་གཙོའི་སྤྱི་ཚོགས་ཀྱི་གནས་བབ་གཟིགས་མྱོང་མེད་པ་རེ་ཟུང་གིས་ཧོབ་སྟེ་བལྟས་ན་བཙན་བྱོལ་སྤྱི་ཚོགས་ནང་བསམ་ཚུལ་དང་ལྟ་གྲུབ། ཐབས་ལམ་སྣ་ཚོགས་ཡོད་པའི་དབང་གིས་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཚད་མཐོ་མེད་པ་ལྟ་བུའི་གཟིགས་ཚུལ་ཡོང་སྲིད་ཀྱང༌། དེ་འདྲ་མིན་པར་བཙན་བྱོལ་དུ་གནས་པའི་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལུང་ཚན་དང་ཆོས་ལུགས་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་དེ་སྔ་བྱུང་མ་མྱོང་བ་ལྟ་བུའི་གནས་བབ་ཏུ་ཡོད། དེ་ནི་བཙན་གནོན་འོག་གི་ཆིག་བསྒྲིལ་ལྟ་བུ་མ་ཡིན་པར། བསམ་ཚུལ་དང་ལྟ་གྲུབ། ཐབས་ལམ་འདྲ་མིན་སྣ་ཚོགས་མེ་ཏོག་བརྒྱ་མཉམ་ཤར་ལྟ་བུའི་འདྲ་མཉམ་དང་གུ་ཡངས་རང་དབང་གི་ཆིག་བསྒྲིལ་ཅིག་ཡིན། དེ་བཞིན་བོད་མི་སྐྱ་སེར་བགྲེས་གཞོན་བར་གསུམ་དང༌། སྲིད་དོན་གྱི་ལངས་ཕྱོགས་འདྲ་མིན་ཇི་འདྲ་ཞིག་ཡིན་རུང༌། ཚང་མས་འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་ཡིད་ཆེས་བློ་གཏད་དང་ཉམས་ལེན་ལག་བསྟར་བྱེད་བཞིན་པ་དེ་ནི་བོད་མིའི་ཐོུང་མ་ཡིན་པའི་སྟོབས་ཤུགས་ཤིག་ཡིན་ཞིང༌། སྟོབས་ཤུགས་དེ་ནི་འཇིག་རྟེན་ཁྱོན་ཡོངས་ཀྱི་འཚེ་བ་དང་དྲག་ལས་ཀྱི་ནུས་ཤུགས་གཅིག་ཏུ་བསྡོམས་ཀྱང་བ་སྤུ་གཡོ་འགུལ་ཙམ་ཡང་བྱེད་མི་ཐུབ་པའི་བླ་ན་མེད་པའི་སྟོབས་ཤུགས་ཤིག་ཡིན་པས་གཞིས་བྱེས་བོད་མི་ཚང་མས་རྒྱུན་དུ་སྲུང་སྐྱོབ་དང་ཉམས་ལེན་ཕྱག་བསྟར་ངེས་པར་གནང་དགོས་པ་ཞིག་ཡིན། འདས་པའི་ལོ་གཉིས་ཀྱི་ནང་བོད་མིའི་ཞི་རྒོལ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་དུ་གནས་ཐུབ་པ་ནི་ཧ་ཅང་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། རྒྱ་ནག་དབང་འཛིན་པས་བོད་མི་རྣམས་འཚེ་བའི་ལམ་དུ་ཁྲིད་ཐབས་སུ་ཐབས་བརྒྱ་བྱུས་སྟོང་གི་སྒོ་ནས་བོད་མིའི་སེམས་ལ་གནོད་ཤོས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ཀྱང༌། བོད་མིའི་བཟོད་བསྲན་གྱི་རི་བོ་ད་དུང་འགུལ་བསྐྱོད་མ་ཐུབ་པ་ནི་ང་ཚོའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཡིན་པ་རྒྱལ་སྤྱིའི་ནང་ངོས་འཛིན་དང་ཡིད་ཆེས་ཆེན་པོ་ཐོབ་ཡོད།

ཀུན་གྱིས་མཁྱེན་གསལ་ལྟར། སྔ་ལོ་༢༠༠༩ ཕྱི་ཟླ་༣ ཚེས་༣༡ ནས་བཟུང་ལོ་འདིའི་ཕྱི་ཟླ་༣ པའི་ཟླ་མཇུག་བར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མི་ཡོངས་ནས་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ཏེ་ལོ་༥༠ འཁོར་བའི་སྐྱིད་སྡུག་རྗེས་དྲན་དང༌། གནས་ཡུལ་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་རྩོམ་བཞིན་པ་ཡིན། ལྷག་པར་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་གཞུང་མང་ལ་ཇི་ཙམ་བཀྲིན་གྱིས་བསྐྱངས་པ་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་སྟབས། རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་རྣམ་པ་མཚོན་སླད་ལས་རིམ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན་པས་ན་གཞིས་བཞུགས་བོད་མིའི་ངོ་ཚབ་མཚོན་པའི་ཆེད་དུ་ཆ་ཤས་བཞེས་མཁན་ཡང་མང་དག་ཅིག་བྱུང་སོང་བ་ཁོང་ཚོར་རྗེས་སུ་ཡི་རངས་ཡོད།

ཕྱི་ལོ་༡༩༥༩ ལོར་བོད་གཞུང་མང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་གཞུང་མང་ཡོངས་ནས་བོད་རང་དབང་བསྐྱར་གསོའི་ཆེད་འབད་རྩོལ་ལས་རིམ་སྣ་ཚོགས་ཤིག་བརྩམས་གནང་མཛད་པ་དང༌། ཕྱི་ལོ་༡༩༦༠ མཇུག་དང༌། ༡༩༧༠ འགོ་འཛུགས་ཙམ་ནས་སྐབས་དེའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་དང༌། ལྷག་པར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གོང་བུ་ཆིག་བསྒྲིལ་ཞིག་ཡོང་ཐབས་བཅས་ལ་གུ་ཡངས་དཀྱེལ་ཆེས་དགོངས་པ་བཞེས་ཏེ་བོད་རིགས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་དང་རང་དབང་བསྐྱར་གསོའི་འབད་རྩོལ་བྱེད་རྒྱུའི་ཚབ་ཏུ་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་ཐབས་གནང་རྒྱུ་དངོས་དོན་དང་འཚམས་ཤིང༌། དགོས་པ་རྒྱུ་མཚན་ཆེ་བར་གཟིགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས་སྐོར་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལྷན་རྒྱས། དེ་བཞིན་ཆབ་སྲིད་ཀྱི་མཁས་དབང་དང་མི་སྣ་མང་པོར་བློ་གྲོས་བསྡུར་ཏེ། ཕྱི་ལོ་༡༩༧༤ ནས་ནམ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་འབྲེལ་མོལ་གནང་རྒྱུའི་གོ་སྐབས་ཤིག་བྱུང་ན་དབུ་མའི་ལམ་གྱི་སྲིད་བྱུས་གཟུང་རྒྱུའི་ཐག་གཅོད་གནང་ཐུབ་པ་བྱུང་ཡོད། དེའི་རྒྱུ་མཚན་ཡང་ད་ལྟའི་རྒྱལ་སྤྱིའི་དངོས་ཡོད་ཀྱི་གནས་བབ་འདིའི་འོག་རང་བཙན་བསྐྱར་གསོ་ཐུབ་ཐབས་ཡོད་མིན་དང༌། དེ་ཡང་དུས་ཡུན་ཇི་ཙམ་གྱི་ནང་མངོན་འདོད་འགྲུབ་མིན་ཚོད་དཔག་ཧ་ཅང་དཀའ་བ་མ་ཟད། རང་བཙན་བསྐྱར་གསོ་ཐུབ་ཀྱང་ཕྱི་ལོ་༡༩༥༡ ལོར་ཇི་ཙམ་ཞིག་རང་བཙན་དུ་གནས་པ་དེའི་ས་ཁྱོན་ལས་བརྒལ་བ་ཞིག་ཡོང་གི་མེད་སྟབས། དེ་ནི་བོད་ཀྱི་ས་ཁྱོན་དང་མི་འབོར་གྱི་གསུམ་ཆ་གཅིག་མ་ཟིན་ཙམ་ལས་མེད་པས་དེ་ཙམ་གྱི་རང་བཙན་ལས་བོད་ས་དང་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་གི་གནས་བབ་དགེ་མཚན་ཆེ་བར་གཟིགས་ཏེ་ཐག་གཅོད་མཛད་པ་ཞིག་ཡིན། མཛད་བྱུས་དེའི་འོག་ཕྱི་ལོ་༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་སྐུ་གཤེགས་ཏིང་ཤའོ་ཕིང་མཆོག་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་བརྒྱུད་རང་བཙན་མ་རྩོད་ན་གནད་དོན་གཞན་པ་ཆ་ཚང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ཆོག་རྒྱུའི་གྲོས་འགོ་བཏོན་པའི་སྐབས་བོད་མིའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྔ་ས་ནས་དགོངས་བཞེས་ཐག་གཅོད་གྲུབ་པ་ཡིན་སྟབས། ལམ་འཕྲལ་ངོས་བཞེས་བཀའ་ལན་གནང་ཐུབ་པ་བྱུང་བ་མ་ཟད། དེ་ནས་བཟུང་སྟེ་ཕྱི་ལོ་༡༩༩༤ བར་སྐུ་ཚབ་དང་གཟིགས་སྐོར་ཚོགས་པ་ཁག་འདྲ་མིན་སྣ་ཚོགས་ཐེངས་ཉི་ཤུའི་སྐོར་ཆེད་གཏོང་གནང་ཡོད་ཀྱང༌། རྒྱ་ཕྱོགས་ནས་ཁ་ཚིག་དོན་ལ་མ་གནས་པའི་དབང་གིས་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་མ་བྱུང་བའི་ཐོག ཕྱི་ལོ་༡༩༩༣།༡༩༩༤ ནས་ཐད་ཀའི་འབྲེལ་ལམ་ཡང་ཆད་པ་རེད། ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་ཐད་ཀའི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་ནས་བཟུང་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་དམ་འཛིན་ཐོག་འབྲེལ་མོལ་སྔ་རྗེས་ཐེངས་བརྒྱད་དང༌། ནང་ལུགས་ཀྱི་གོ་བསྡུར་ཐེངས་གཅིག་བཅས་གནང་བའི་བརྒྱུད་ཕྱོགས་ཕན་ཚུན་གཉིས་ཀའི་དྭོགས་པ་རྣམ་རྟོག་སེལ་རྒྱུ་དང༌། བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང་ནའང༌། རྩ་དོན་ཐོག་དོན་སྙིང་ལྡན་པའི་གྲུབ་འབྲས་སྣ་གཅིག་མ་ཐོན་པ་མ་ཟད། བོད་ནང་གི་གནས་བབ་ཀྱང་ཇེ་ཞན་ཇེ་སྡུག་ལས་བཟང་ཕྱོགས་ཀྱི་འགྱུར་བ་གཏན་ནས་མ་བྱུང༌།

འོན་ཀྱང་ྋགོང་ས་མཆོག་གི་ངོས་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་འབྲེལ་མོལ་གྱི་ལམ་འདི་ལས་གཞན་པ་མེད་སྟབས། ལན་དགུ་ཆད་མཐུད་ཀྱི་ཚུལ་དུ་འབྲེལ་ལམ་རྒྱུན་སྐྱོང་གནང་ཡོད། འབྲེལ་མོལ་དུས་རིམ་སྔོན་མའི་སྐབས་རྒྱ་ཕྱོགས་ནས་གྲོས་གཞི་ངེས་ཅན་དགོས་པའི་རེ་འདུན་བཏོན་པ་ལྟར་ྋགོང་ས་མཆོག་གིས་ཕྱི་ལོ་༡༩༨༨ ལོར་སི་ཏྲ་སི་སྦག་གི་གྲོས་འཆར་བཏོན་གནང་མཛད་ཀྱང༌། རྒྱ་ཕྱོགས་ནས་ངོས་ལེན་གང་ཡང་མ་བྱུང་བར་བརྟེན། ཕྱི་ལོ་༡༩༩༢ ལོར་གྲོས་འཆར་དེ་བཞིན་རང་བཞིན་ནུས་མེད་དུ་ཕྱིན་པའི་གསལ་བསྒྲགས་གནང་དགོས་བྱུང་ཡོད། འབྲེལ་མོལ་དུས་རིམ་རྗེས་མའི་སྐབས་འབྲེལ་མོལ་ཐེངས་ལྔ་པ་ཙམ་ནས་རྒྱ་ཕྱོགས་ནས་ྋགོང་ས་མཆོག་གིས་རང་བཙན་དང་ཁ་བྲལ་དགོངས་བཞེས་མ་གནང་བ་དགའ་བསུ་ཞུ་འོས་ཀྱང༌། ད་དུང་དེ་སྔོན་གྱི་ཞི་བའི་དོན་ཚན་ལྔ་དང༌། སི་ཏྲ་སི་སྦག་གི་གྲོས་འཆར་སོགས་དང་འབྲེལ་བའི་གནད་དོན་ཁ་ཤས་ཀྱི་ཐོག་གསལ་བཤད་དགོས་གལ་ཆེ་བའི་རེ་འདུན་བཏོན་པ་ལྟར་དེ་འདྲའི་གོ་སྐབས་ངེས་ཅན་བྱུང་ཚེ་གསལ་བཤད་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པའི་ཁར། འབྲེལ་མོལ་ཐེངས་དྲུག་པ་དང༌། ལྷག་པར་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ཕྱོགས་ནས་ྋགོང་ས་མཆོག་གིས་སྐབས་རེ་མིང་དོན་མཚུངས་པའི་རང་སྐྱོང་དང༌། སྐབས་རེ་དོན་སྙིང་ལྡན་པའི་རང་སྐྱོང་སོགས་ཚིག་བརྗོད་འདྲ་མིན་སྣ་ཚོགས་ཤིག་བེད་སྤྱོད་གནང་གི་འདུག་པ་དེའི་དགོངས་བཞེད་དངོས་གནས་གང་ཡིན་འགྲེལ་བརྗོད་གསལ་པོ་དགོས་ཚུལ་ནན་པོ་གསུངས་པ་ལྟར་ྋགོང་ས་མཆོག་གིས་སྐུ་ཚབ་ཚོགས་ཆུང་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དོན་ཚན་བདུན་ཡོད་པ་ཞིག་བཏོན་གནང་བའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་རྩ་འཛིན་བྱེད་བཞིན་པའི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཇི་འདྲ་ཞིག་དགོས་པའི་སྐོར་ཞིབ་ཕྲ་འཁོད་པའི་ཡིག་ཆ་༢༠༠༨ ཕྱི་ཟླ་༡༠ ཚེས་༣༡ ཉིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཁུངས་སྤྲོད་གནང་ཡོད། ཡིག་ཆ་དེའི་ནང་རྩ་ཁྲིམས་ཀྱི་དགོངས་དོན་གཞི་བཟུང་བོད་ཀྱི་སྐད་ཡིག་དང༌།

ལེགས་བྱང༌། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། རང་བྱུང་འཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། མང་ཚོགས་ཀྱི་འཕྲོད་བསྟེན། མང་ཚོགས་ཀྱི་བདེ་འཇགས། ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌། སློབ་གསོ། ཚན་རིག ཆོས་ལུགས་བཅས་ཀྱི་བརྗེ་ལེན་བྱེད་ཕྱོགས་བཅས་དོན་ཚན་བཅུ་གཅིག་གི་སྐོར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དོན་ཚན་ལུང་འདྲེན་དང་སྦྲགས་གསལ་བཤད་ཞིབ་རྒྱས་འཁོད་ཡོད། དེ་མཚུངས་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཡོངས་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པའི་གནས་ཚུལ་ཁག་རྒྱས་བཤད་ཞུས་ཡོད། ཡིག་ཆ་དེ་ནི་དེང་སྐབས་ཡོངས་གྲགས་ཡིན་པས་ཚང་མས་ཐུགས་ཞིབ་བྱུང་ཡོད་ཤག་དང༌། མེད་ན་བོད་གཞུང་གི་དྲྭ་རྒྱའི་ཐོག་རྒྱ་བོད་དབྱིན་གསུམ་དུ་ཡོད་པས་ཐུགས་ཞིབ་གནང་ཐུབ་པའི་རེ་བ་ཡོད། འོན་ཀྱང་བསམ་འཆར་གྱི་ཡིག་ཆ་དེ་ལ་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་ལན་འདེབས་བྱེད་རྒྱུའི་ཚབ་ཏུ་འགྲེལ་བརྗོད་དང་རྒྱུ་མཚན་གང་ཡང་མེད་པར་ངོས་ལེན་མེད་པའི་ལན་འདེབས་མདོར་བསྡུས་ཤིག་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་གནང་བ་མ་ཟད། ༢༠༠༨ ཕྱི་ཟླ་༡༡ ཚེས་༡༠ སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གི་དམིགས་བསལ་གསར་འགོད་ལྷན་ཚོགས་ཚོགས་ནས་བསམ་འཆར་དེའི་སྐོར་དངོས་དོན་མིན་པའི་འགྲེལ་བརྗོད་སྣ་ཚོགས་ཤིག་བྱས་འདུག་པ་གཞིས་བཞུགས་བོད་མི་ཚང་མས་ཐུགས་སྣང་ཡོད་ཤག་ཡིན། འོན་ཀྱང་བོད་མིའི་ཕྱོགས་ནས་བསམ་འཆར་གྱི་ཡིག་ཆ་དེ་ནི་དེ་ཕན་ཆད་དུ་འགྲོ་ཡུལ་མེད་པའི་མཐའ་མའི་བརྗོད་ཚིག་ཅིག་ཡིན་པ་མ་ཟད། འབྱུང་འགྱུར་ཡང་ཡིག་ཆ་དེ་ཉིད་གཞི་རྩར་བཞག་སྟེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་ཀྱི་འབད་རྩོལ་མུ་མཐུད་ཞུ་རྒྱུ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་མོལ་གྱི་ལས་རིམ་ཡང་རྒྱུན་མཐུད་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད། རྒྱ་ཕྱོགས་ནས་ལན་གསལ་ནམ་བྱུང་མཚམས་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པ་འབྲེལ་མོལ་ཆེད་ཕེབས་རྒྱུའི་གྲ་སྒྲིག་ཨང་བསར་ཡོད་བཞིན་པ་ཡིན། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ངོ་མ་ཇི་ཡིན་བསམ་འཆར་གྱི་ཡིག་ཆ་དེའི་ནང་གསལ་པོ་བཀོད་ཡོད་པས་ཚང་མས་ངེས་པར་དུ་ཐུགས་ཞིབ་གནང་རོགས་གནང༌། གང་ཡིན་ཟེར་ན། དེང་སང་ཕྱོགས་མང་པོ་ཞིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བརྗོད་བྱེད་ཕྱོགས་ཐོག་སྒྲོ་སྐུར་གྱི་སྐད་ཆ་མང་པོ་ཞིག་ཡོང་བཞིན་པ་ཡིན་སྟབས། ཡིག་ཆ་ཐུགས་ཞིབ་མ་གནང་ན་དབུ་སྐོར་ཐེབས་པའི་ཉེན་ཁ་ཡོད། ཡིག་ཆ་དེ་གཟིགས་འདོད་ཡོད་ན་འོད་སྡེར་འབུལ་རྒྱུ་ཡོད་པས་ཕྱི་དྲིལ་དང་བདེ་སྲུང་ལས་བྱེད་ས་ནས་བཞེས་གནང་མཛད་འཐུས།

འབྲེལ་མོལ་དུས་རིམ་སྔ་མ་གྲུབ་འབྲས་མ་ཐོན་པའི་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་མིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་སྲོལ་གཞི་བཟུང་ཕྱི་ལོ་༡༩༩༦།༡༩༩༧ ལོར་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས་གཞིས་བྱེས་མང་ཚོགས་ཀྱི་བསམ་འཆར་བརྒྱ་ཆ་༦༤ ལྷག་ཙམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བ་དང༌། སླར་ཡང་འབྲེལ་མོལ་དུས་རིམ་ཕྱི་མའང་གྲུབ་འབྲས་མ་ཐོན་པའི་ཁར། ཕྱི་ལོ་༢༠༠༨ ལོར་བོད་ནང་གནས་བབ་ཛ་དྲག་ཅན་དུ་གྱུར་པ་བཅས་ཀྱི་སྐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སླར་ཡང་མང་གཙོའི་ལམ་སྲོལ་གཞི་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་འོག་༢༠༠༨ ཕྱི་ཟླ་༡༡ པའི་ནང་དམིགས་བསལ་ཚོགས་ཆེན་རྒྱ་ཆེ་བ་ཞིག་བསྡུ་བསྐོང་གནང་བ་མ་ཟད། བོད་ནང་ནས་ཀྱང་ཆོལ་ཁ་གསུམ་གྱི་ས་ཁུལ་མང་དག་ནས་བསམ་ཚུལ་གང་ཐུབ་བསྡུ་རུབ་ཞུས་པ་བཅས་ཀྱི་ནང་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་༨༠ བརྒལ་བ་ཞིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱན་འཁྱོང་གནང་དགོས་རྒྱབ་གཉེར་གནང་བ་གཞི་བཟུང་མང་ཚོགས་ཀྱི་བཀའ་ལུང་གསལ་པོ་ཐོབ་པ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་བཙན་བྱོལ་གཞུང་མང་གིས་སྲིད་བྱུས་འདི་ཉིད་སྤོབས་པ་དང་གདེང་ཚོད་ཆེན་པོའི་ངང་འགྱུར་མེད་རྒྱུན་སྐྱོང་ཞུ་བཞིན་པ་ཡིན།

དེ་དང་ཆབས་ཅིག་བོད་མིའི་དཀའ་རྙོག་ནི་རྒྱ་ནག་གི་ད་ལྟའི་ཆབ་སྲིད་དབང་འཛིན་པ་ཚོས་བཟོས་པ་ཞིག་མ་གཏོགས། རྒྱ་རིགས་མང་ཚོགས་ཀྱིས་བཟོས་པ་ཞིག་མིན་ལ། རྒྱ་བོད་མི་རིགས་གཉིས་དབར་སྲིད་པ་ཆགས་པ་ནས་ད་བར་ཁྱིམ་མཚེས་དང་སྤུན་གྲོགས་ཀྱི་འདུ་ཤེས་ཡོད་མུས་ཀྱང༌། ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་གིས་དྲིལ་བསྒྲགས་ངན་པ་སྣ་ཚོགས་ལ་བརྟེན་ནས་རྒྱ་རིགས་མང་ཚོགས་ནང་བོད་དང་བོད་མི་ལ་མཐོང་ཚུལ་ངན་པ་ཇི་སྙེད་ཅིག་བྱུང་འདུག་པ་དེ་དག་སེལ་ཐབས་གནང་གལ་ཆེ། ྋགོང་ས་མཆོག་གིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་དབང་འཛིན་པ་ཚོར་ཐུགས་ཡིད་ཆེས་ཇེ་སྲབ་ཇེ་སྲབ་ཏུ་གྱུར་ནའང༌། རྒྱ་མི་རིགས་ལ་ཡིད་ཆེས་འགྱུར་བ་མེད་ཅེས་བཀའ་ཕེབས་པ་བཞིན་མི་རིགས་གཉིས་དབར་མཐུན་འབྲེལ་སླར་གསོ་དང་སྲ་བརྟན་བཟོ་རྒྱུའི་འབད་རྩོལ་བྱེད་བཞིན་པའི་ལས་རིམ་ནང་རྒྱལ་སྤྱིའི་ཡུལ་གྲུ་གང་སར་བོད་རིགས་གནས་སྡོད་ཡོད་པ་རྣམས་ཀྱིས་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་གསར་འཛུགས་དང༌། ཕྱི་སྡོད་རྒྱ་རིགས་རྣམས་དང་འབྲེལ་བ། དེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་གང་དུ་ཆིབས་སྒྱུར་བསྐྱངས་ཀྱང་རྒྱ་རིགས་རྣམས་ལ་དམིགས་བསལ་མཇལ་ཁ། ལྷག་པར་སྔ་ལོ་ཕྱི་ཟླ་༨ པའི་ནང་སུད་སིའི་འཇི་ནི་ཝར་རྒྱ་བོད་མི་མང་ཚོགས་ཆེན་ཞིག་བསྐོང་ཚོགས་ཞུས་པའི་ནང་རྒྱ་རིགས་མཁས་དབང་དང༌། རྩོམ་པ་པོ། གསར་འགོད་པ། མང་གཙོ་དོན་གཉེར་བ། ཁྱད་ལས་པ། སློབ་ཕྲུག་སོགས་མི་གྲངས་༨༠ ལྷག་ཙམ་རྒྱལ་ཁབ་གང་ས་ནས་ཚོགས་ཕེབས་བྱུང་བ་བཅས་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོན་བཞིན་པ་ཡིན། ལྷག་པར་༢༠༠༨ ཕྱི་ཟླ་༣ ཚེས་༡༠ ནས་བཟུང་བོད་དུ་ཞི་རྒོལ་ཆེན་མོ་བྱུང་བ་ནས་ད་ལྟའི་བར་རྒྱ་རིགས་རྩོམ་པ་པོ་རྒྱ་ནག་ཕྱི་ནང་གང་སར་གནས་འཁོད་ཡོད་པ་རྣམས་ཀྱིས་བོད་དོན་ཐོག་དྲང་བདེན་གྱི་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག་འདྲ་མིན་༦༠༠ བརྒལ་བ་ཞིག་ང་ཚོས་མིག་མཐོང་བྱུང་བ་དང༌། ང་ཚོས་མཐོང་ཐོས་མ་གྱུར་པའང་དེ་ལས་མང་བ་ཞིག་བྱུང་ཡོད་ཤག རྩོམ་ཡིག་དེ་དག་མང་ཆེ་བ་རྒྱ་ནག་ནང་ཁུལ་གྱི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་དེ་ཚོ་ནི་དགའ་བསུ་དང་བློ་སྤོབས་བྱ་འོས་པ་ཞིག་རེད། འབྱུང་འགྱུར་ཡང་དེ་རིགས་ཇེ་མང་དུ་འགྲོ་བའི་རེ་བ་ཡོད་པ་མ་ཟད། བོད་མིའི་ངོས་ནས་ཐབས་ཤེས་ཀྱང་གནང་དགོས་ཀྱི་འདུག

མ་འོངས་པར་འབྲེལ་མོལ་མུ་མཐུད་ཡོང་སྐབས་གོང་དུ་ཞུས་པ་བཞིན་ང་ཚོའི་ངོས་ནས་བསམ་འཆར་གྱི་ཡིག་ཆ་སྤྲད་ཟིན་ཞིང༌། དེ་ལས་ལྷག་པའི་སྐད་ཆ་གསར་པ་བཤད་རྒྱུ་གང་ཡང་ལྷག་མེད། རྒྱ་ནག་གི་དབང་འཛིན་པ་ཚོས་ྋགོང་ས་མཆོག་ལ་ཚད་མེད་པའི་སྐྱོན་བརྗོད་དང་མཚན་སྨོད་ཞུས་ཀྱང༌། དེ་ལ་ང་ཚོས་དོ་སྣང་བྱེད་ཀྱི་མེད་ལ། དོ་སྣང་བྱེད་དགོས་དོན་ཡང་མེད། མཚན་སྨོད་ཞུས་དང་མ་ཞུས་དབང་གིས་ྋགོང་ས་མཆོག་ལ་མཐོ་དམའ་འགྲོ་རྒྱུ་གང་ཡང་མེད། འཛམ་གླིང་སྐྱེ་འགྲོ་སྤྱིས་ྋགོང་ས་མཆོག་ལ་ཇི་ཙམ་མཚན་མཐོང་ཆ་འཇོག་ཞུ་གི་ཡོད་པ་དེ་ནི་ཉི་ཤར་སྦར་མོས་མི་ཁེབས་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་མདོག་བསྟན་རྒྱུ་དང་བྱབ་ཆུང་ཆགས་རྒྱུ་ལས་མ་འདས། འོན་ཀྱང་གནས་ཚུལ་ཁ་ཤས་ཐོག་ང་ཚོའི་ངོས་ནས་ལན་འདེབས་གསལ་པོ་བྱེད་ཀྱི་ཡོད།

དེ་ཡང་དོན་ཚན་དང་པོ་ནི་སྔ་ལོ་བོད་ནང་བྱུང་བའི་ཞི་རྒོལ་གྱི་ལས་འགུལ་དེ་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་སྐུལ་སློང་བྱས་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་ལ་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་དང༌། ང་ཚོས་མཐུན་འགྱུར་ཆ་ཚང་ཞུ་རྒྱུ་ཡིན་ཞེས་བཤད་ཡོད། ང་ཚོའི་ངོས་ནས་དེའི་ཐོག་ལྐོག་སྦས་བྱ་དགོས་ཀྱི་གནད་དོན་སྣ་གཅིག་ཀྱང་མེད། ྋགོང་ས་མཆོག་གིས་བོད་ནས་ཕེབས་པའི་བོད་མི་རྣམས་ལ་བཀའ་སློབ་གང་གནང་བ་རྣམས་སྒྲ་འཛིན་འཁོར་ཐག་ནང་ཡོད་པ་མ་ཟད། གཞུང་གི་ལས་དོན་རྣམས་ཀྱང་ཡིག་སྣོད་ཁག་ནང་ཡོད་པས་སུས་བལྟས་ཀྱང་ཤེས་ཐུབ་རྒྱུ་ཞིག་རེད།

དོན་ཚན་གཉིས་པ་ནི་དེ་ནི་བོད་ཀྱི་གནད་དོན་མིན་པར། ྋསྐྱབས་མགོན་རིན་པོ་ཆེ་དང་ཉེ་འཁོར་གྱི་མི་སྣ་ཁ་ཤས་ཕྱིར་ལོག་བྱེད་རྒྱུའི་གནས་སྟངས་ཤིག་རེད། བོད་ཀྱི་གནད་དོན་ནི་བཅིངས་བཀྲོལ་ཐོབ་པ་ནས་བཟུང་ཐག་བཅད་ཟིན་ཞེས་བཤད་ཀྱི་ཡོད། དེ་ལ་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་ཡོད་མེད་ནི་རང་དབང་གིས་བསམ་ཚུལ་བཤད་ཐུབ་པའི་གོ་སྐབས་ཤིག་གི་འོག་ནས་བོད་མི་མང་ལ་བཀའ་འདྲི་གནང་དགོས་ཞེས་བཤད་ཀྱི་ཡོད། གལ་ཏེ་བོད་མི་བརྒྱ་ཆ་ལྔ་བཅུས་བོད་ནང་དཀའ་ངལ་མེད་ཅེས་གསུང་ན་ང་ཚོའི་ངོས་ནས་ཞུ་རྒྱུ་གང་ཡང་ལྷག་མེད། འོན་ཀྱང་གལ་ཏེ་བོད་མིའི་སེམས་ནང་དཀའ་ངལ་ཞིག་ཡོད་ན་དེ་ལ་རྒྱ་་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་ལེན་གནང་དགོས། དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ཕྱོགས་གཉིས་ཀས་དཀའ་ངལ་དེ་སེལ་ཐབས་བྱེད་དགོས། འོན་ཀྱང་དཀའ་རྙོག་མེད་ཅེས་ཧམ་པ་བཤད་རྒྱུ་དེ་དྲང་བདེན་མ་རེད།

དེ་བཞིན་ྋགོང་ས་མཆོག་གིས་བོད་མི་རིགས་ཀྱི་སྐུ་ཚབ་མཚོན་གྱི་མེད་ཅེས་བཤད་ཀྱི་ཡོད། དེ་ཡང་བོད་མི་རིགས་ཀྱིས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་དབང་འཛིན་པས་ཐག་གཅོད་བྱེད་མི་ཐུབ།

དེང་སྐབས་ཆོས་ལུགས་ཀྱི་མིང་འཁྱེར་ནས་རྒྱ་ནག་དབང་འཛིན་པ་ཚོས་བོད་ཀྱི་རྩ་དོན་དང་ྋགོང་ས་མཆོག་གི་འགལ་ཟླར་བེད་སྤྱོད་གཏོང་རྒྱུ་དྲག་ཤོས་ཤིག་ནི་དམ་སྲི་དོལ་རྒྱལ་རྗེས་འབྲང་བ་ཉུང་ཤས་ཤིག་ཡོད་པ་དེ་དག་ཡིན་ནའང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དང༌། དགོན་སྡེ་ཁག་ཏུ་ད་ཆ་ཉ་ཉུང་མཉམ་བསྲེ་མེད་པར་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དེ་དབྱེ་བསྲེས་གཙང་མ་ཆགས་ཡོད། བོད་ནང་བསམ་ཞིབ་ཅན་གྱི་མང་ཚོགས་ཚང་མས་བླང་དོར་འཛོལ་མེད་གནང་བཞིན་པ་ཡིན་ནའང༌། དངོས་དངུལ་རྗེས་འབྲང་བསམ་ཆུང་ཀླད་མེད་ཉུང་ཤས་ཤིག་ད་དུང་ཡང་རང་གཞན་གཉིས་ཕུང་གི་ལས་ལ་འཇུག་བཞིན་པ་མ་ཟད། རྒྱ་ནག་དབང་འཛིན་པས་སྲིད་དོན་དང་དཔལ་འབྱོར་གང་ཐད་ནས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་དབང་གིས་ཁོང་ཚོ་གོ་འཕང་མཐོ་པོ་ཡོད་ཚོད་འདུག་ཀྱང༌། རྒྱ་ཆེ་མང་ཚོགས་ཀྱིས་སྔར་བཞིན་བཞེངས་ཕྱོགས་བརྟན་པོ་འཛིན་གནང་ཡོང་རྒྱུ་ལ་ཐེ་ཚོམ་གང་ཡང་མེད། གཞིས་བཞུགས་ཀྱི་མང་ཚོགས་རྣམས་ལྷག་བསམ་དང་མཁྱེན་དཔྱོད་འགྲན་ཟླ་མེད་པའི་དབང་གིས་དུས་དང་འཚམས་པའི་མཛད་བྱུས་དང་ཐབས་ལམ་ནོར་འཁྲུལ་མེད་པར་ཕྱག་བསྟར་གནང་དང་གནང་བཞིན་པར་བརྟེན། བཙན་བྱོལ་གཞུང་གི་ངོས་ནས་ལམ་སྟོན་དང་གསལ་འདེབས་ཞུ་འོས་པ་དང་ཞུ་དགོས་པ་མི་འདུག་ཀྱང༌། ད་རེས་ལྷན་རྒྱས་རྣམས་ངོ་མཇལ་བྱུང་བའི་གོ་སྐབས་འདིའི་བརྒྱུད་ང་ཚོར་སེམས་འཚབ་ཡོད་པའི་གནས་ཚུལ་རེ་ཟུང་ཞིག་སྙན་སྒྲོན་ཞུ་རྒྱུ་ཡིན།

༡ གོང་དུ་ཞུས་པ་ལྟར་བོད་མིའི་ཐོུང་མ་ཡིན་པའི་སྟོབས་ཤུགས་ནི་འཚེ་མེད་ཞི་བའི་ལམ་དེ་ཁོ་ན་ཡིན་པས། ལམ་འདི་ནས་ཕྱི་རོལ་ཏུ་མི་གྱར་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་རྒྱུན་དུ་གནང་གལ་ཤིན་ཏུ་ཆེ། རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་རྣམས་འཚེ་བ་བྱེད་དུ་འཇུག་ཐབས་ཡོད་རྒུ་རྩལ་སྤྲུགས་བྱེད་ཀྱི་ཡོད་པ་མ་ཟད། བོད་མིས་འཚེ་བའི་ལམ་དུ་མ་ཞུགས་ཀྱང་ཁོང་ཚོས་ཟློས་གར་འཁྲབ་སྟོན་གྱི་ལམ་ནས་བོད་མིས་འཚེ་བ་བྱེད་ལུགས་དང༌། བོད་མི་རྣམས་འཇིགས་སྐུལ་དྲག་སྤྱོད་པར་གྱུར་ཟིན་པའམ། མ་འོངས་པར་འགྱུར་ངེས་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པ་རེད། དེའི་དམིགས་ཡུལ་ནི་བོད་མི་ཚོས་འཚེ་བ་དང་དྲག་སྤྱོད་ཀྱི་ལམ་དུ་ཞུགས་རོགས་བྱེད་ན་ལས་སླ་པོས་གཉའ་གནོན་དང་རྩ་མེད་གཏོང་ཐུབ་རྒྱུའི་གདེང་ཚོད་ཡོད་པ་རེད། དེ་ལ་ང་ཚོས་ངེས་པར་དུ་དྭོགས་ཟོན་གནང་དགོས།

༢ བོད་རིགས་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་སྲ་བརྟན་གཞིག་མེད་ཡོད་བཞིན་པ་ཡིན་ནའང༌། རྒྱ་ནག་དབང་འཛིན་པས་བོད་རིགས་ནང་ཁུལ་དཀྲུགས་ཤིང་དང་ཁ་བྲལ་གཏོང་རྒྱུའི་ཐབས་ཤེས་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་བཞིན་པ་དེ་དག་ལ་རྒྱུན་དུ་དྭོགས་ཟོན་གནང་གལ་ཆེ། འབྲོག་པའི་རྩ་ཁ་དང་ཞིང་པའི་ཞིང་ཆུ་ལྟ་བུ་གནས་ཚུལ་ཆུང་ཙག་གི་ཐོག་ཕ་རོལ་པོའི་གཡེན་སྦྱོར་ལ་བརྟེན་ནས་བོད་རིགས་ནང་ཁུལ་འཁོན་འཁྲུགས་འཐབ་རྩོད་བྱུང་ན་ཧ་ཅང་བློ་ཕམ་གྱི་གནས་ཡིན་པས། དེ་རིགས་མི་ཡོང་བའི་ཡིད་གཟབ་རྒྱུན་དུ་གནང་དགོས། དེ་བཞིན་ཆོས་ལུགས་དང་ཆོས་བརྒྱུད། ཆོལ་ཁ་དང་ལུང་ཚན་སོགས་ལ་བསྙད་པའི་དྲིལ་བསྒྲགས་དང་འཆལ་གཏམ་ཁག་ལ་རྒྱུན་དུ་དྭོགས་ཟོན་གནང་དགོས་པ་མ་ཟད། བཙན་བྱོལ་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་སྐོར་ཡང་བདེན་པ་མིན་པའི་དྲིལ་བསྒྲགས་སྣ་ཚོགས་བྱུང་དང་ཡོང་བཞིན་པ་དེ་དག་ལ་དབུ་མ་འཁོར་བར་དངོས་ཡོད་བདེན་དོན་ཇི་ཡིན་བརྩད་གཅོད་གནང་ཐབས་རྒྱུན་དུ་གནང་དགོས།

༣ བོད་མི་རིགས་ཀྱི་ཁེ་ཕན་དང་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་ཇི་འདྲ་ཞིག་ཡིན་རུང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་སོགས་ཁྲིམས་དང་སྒྲིག་གཞི་གཞིར་བཞག་གི་ཐོག་ནས་མི་རིགས་ཀྱི་ཐོབ་ཐང་དང་ཁེ་ཕན་རྩོད་སྒྲུབ་གནང་དགོས་པ་མ་ཟད། གནས་ཚུལ་དང་ཉེས་འཛུགས་བྱུང་སྐབས་སུའང་ཁྲིམས་དོན་དང་མཐུན་པའི་ཁྲིམས་རྩོད་གནང་ཐབས་རྒྱུན་དུ་འབད་རྩོལ་གནང་དགོས།

༤ བོད་མིའི་དཀའ་སྡུག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཚོའི་བྱེད་ཕྱོགས་དང་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས། རྒྱ་མི་རིགས་ཀྱིས་བཟོས་པ་ཞིག་མིན་པས་རྒྱ་བོད་མི་རིགས་གཉིས་དབར་ཞེ་འཁོན་མི་འབྱུང་བའི་ཐབས་ལམ་ལ་ཡང་ཐུགས་སྣང་མི་ཆུང་བ་གནང་དགོས་ཀྱི་འདུག

༥ དེ་བཞིན་ཀླད་ཆུང་བོད་མི་འགའ་ཤས་དང༌། ལྷག་པར་དམ་སྲི་དོལ་རྒྱལ་རྗེས་འབྲང་བ་རྣམས་ཀྱིས་བོད་གཞུང་མང་བར་དང༌། གཞིས་བྱེས་བོད་མིའི་དབར་བོད་རིགས་ནང་ཁུལ་གང་སར་བདེན་པ་མིན་པའི་འཆལ་གཏམ་སྦིར་གྲག་དང༌། ནང་ཁུལ་དཀྲུགས་ཤིང་སོགས་གནས་ཚུལ་ཇི་སྙེད་ཅིག་བྱུང་དང་ཡོང་བཞིན་པར་ཚང་མས་ཐུགས་གཟབ་གནང་གལ་ཆེ་བའི་རེ་སྐུལ་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་གཞུང་གི་ལས་དོན་རྣམས་ཕྱི་གསལ་ནང་གསལ་རེད། དེར་བརྟེན་ད་རིང་ཁྱེད་ཚོའི་ནང་དུའང་རྒྱ་ནག་གཞུང་གི་ལས་འགན་འཁྱེར་ནས་ཕེབས་མཁན་རེ་གཉིས་ཡོད་པ་ཚོར་ཡང་དྭོགས་པ་དང་རྣམ་རྟོག་བྱེད་རྒྱུ་གང་ཡང་མེད། ད་དུང་གནས་ཚུལ་ཤེས་དགོས་ན་སུ་ལའང་འདྲི་ཆོག དེ་ལ་དཀའ་ལས་བརྒྱབ་དགོས་པ་གང་ཡང་མེད། བཙན་བྱོལ་གཞུང་དེ་ཡང་དག་པའི་མང་གཙོའི་རིང་ལུགས་དང་བདེན་པ་ལ་གཞི་བཅོལ་བར་བརྟེན་ངོ་ལྐོག་གང་ཡང་མེད།

ྋགོང་ས་མཆོག་ཕྱི་ལོ་༢༠༠༨ ལོར་སྐུ་གཟུགས་ཕྲན་བུ་མི་བདེ་བ་བྱུང་སྟེ་གཞིས་བྱེས་བོད་མི་ཡོངས་ལ་ཧ་ཅང་སེམས་འཚབ་བྱུང་ཡང༌། ད་ཆ་འཕྲོད་བཞེས་ཧ་ཅང་ཡག་པོ་བྱུང་སྟེ་སྐུ་གཟུགས་བདེ་ཐང་ཡིན་པ་དེ་ཁྱེད་ཚོའི་མདུན་ལ་ཡོད་བཞིན་པར་བརྟེན་ངས་གསལ་བཤད་ཞུ་དགོས་མ་མཐོང༌། ལྷག་པར་དུ་ྋགོང་ས་མཆོག་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་དང་མཉམ་པ་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་གཙང་ཐོབ་ཡང་ཡང་བྱུང་ཡོད། དེར་བརྟེན་ྋགོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུར་གཞིས་བྱེས་བོད་མིས་ཐུགས་དྭོགས་གནང་དགོས་མ་མཆིས། འོན་ཀྱང་ྋགོང་ས་མཆོག་མགྱོགས་མྱུར་གངས་ལྗོངས་ཆོས་ཀྱི་ཞིང་སར་ཆིབས་བསྒྱུར་ཐུབ་ཆེད་ང་ཚོས་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

ད་རེས་བོད་ནས་གསར་དུ་ཕེབས་མཁན་རྣམས་ལ་བསྐྱར་དུ་དགའ་བསུའི་འཚམས་འདྲི་དང༌། ཁྱེད་རང་ཚོ་སྐུ་གཟུགས་བདེ་ཐང་དང་ཉེ་ཞོ་མེད་པར་བོད་དུ་ཕྱིར་ལོག་གནང་ཐུབ་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་མཛད་འཕྲིན་དང༌། བཙན་བྱོལ་བོད་མིའི་གནས་ཚུལ་ཁག་གཞིས་བཞུགས་བོད་མི་རྣམས་ལ་འགྲེལ་བརྗོད་གནང་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་ཅིང༌། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། བོད་མི་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

ཕྱི་ལོ་༢༠༡༠ ཟླ་༡ ཚེས་༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་གསར་འབྱོར་བ་ཚོར་གནང་བའི་གསུང་བཤད།