༈ འཚེ་མེད་ཞི་བའི་ལྟ་གྲུབ་དང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་སྐོར། ཚན་པ་དང་པོ།
༄༅།། དེ་རིང་འདིར་ཟབ་སྦྱོང་དུ་ཕེབས་པའི་དགེ་འདུན་པ་རྣམ་པ་དང་། བཙུན་མ་རྣམ་པ་ཚང་མ་ལ་་ཐོག་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དང་། དེ་བཞིན་ང་རང་སྒེར་གྱི་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཟབ་སྦྱོང་འདི་རབ་བྱུང་རྐྱང་པའི་ཆེད་དུ་ཡིན་པ་ད་ལྟ་འདིར་འབྱོར་ནས་མ་གཏོགས་ཤེས་མ་སོང་། དགེ་འདུན་པ་ཁེ་གཙང་ལ་ཟབ་སྦྱོང་འབུལ་བའི་ལས་རིམ་དགོན་པ་སོ་སོའི་ནང་ཡོང་གི་ཡོད་ཀྱང་། སྤྱི་ཡོངས་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཤིག་གི་ངོས་ནས་འདི་འདྲ་གནང་བ་དེ་རིང་དང་པོ་ཡིན་སྲིད། དེའི་དགོས་པ་དང་རྒྱུ་མཚན་གང་ཡིན་པ་ངས་གསལ་པོ་ཤེས་ཀྱི་མེད། ཡིན་ནའང་འདི་འདྲ་བྱུང་ན་མ་འོངས་པར་ཡང་ཡག་པོ་ཡོང་བཟོ་འདུག
ཟབ་སྦྱོང་འདི་མ་ཚུགས་པའི་ཟླ་ཤས་སྔོན་ནས་ངའི་དུས་ཚོད་བཞེས་སོང་། ཐོག་མར་ཉིན་ཕྱེད་གཉིས་ལ་བཅར་རྒྱུའི་བང་བསྒྲིགས་པ་རེད། དེ་ནས་དུས་ཚོད་གང་མཚམས་ཕྱིན་པའི་རྗེས་སུ་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་མོར་དིལླཱི་ལ་ཚོགས་འདུ་གལ་ཆེན་པོ་ཞིག་ནང་ངེས་པར་དུ་ང་རང་བཅར་དགོས་པའི་གནས་སྟངས་ཤིག་བྱུང་བ་ཡིན་སྟབས། ཕྱི་ཚེས་ ༤ དང་ ༥ ཉིན་གྱི་ལས་རིམ་གཉིས་པོ་དེ་ཕྱི་ཚེས་ ༤ ཉིན་མོར་སྔ་དགོང་གཉིས་ལ་བྱ་རྒྱུར་འགྱུར་བ་ཕྱིན་པ་རེད། དེའི་བར་དུ་ཚང་མས་མཁྱེན་གསལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྲན་བུའི་སྐུ་ཁམས་དྭངས་མིན་དབང་གིས་མུམྦཨཱི་སྨན་ཁང་དུ་གདན་འདྲེན་ཞུ་དགོས་པའི་གནས་ཚུལ་བྱུང་བ་ཡིན་སྟབས། ང་རང་མུམྦཨཱི་ལ་བཅར་ནས་ཚེས་ ༥ ཕྱི་དྲོར་མ་གཏོགས་ཕྱིར་འཁོར་ཐུབ་མ་སོང་། དེ་ལྟར་སྔོན་མ་ཁས་བླངས་ཟིན་པའི་དུས་ཚོད་ཆ་ཚང་ཕུལ་མ་ཐུབ་པ་རེད། དེ་ནས་སང་ཉིན་ནས་གྲོས་ཚོགས་ཚོགས་རྒྱུ་དང་། དེའི་རིང་དུས་ཚོད་འཐོན་ཐབས་རྩ་བ་ནས་མེད། དེར་བརྟེན་དེ་རིང་གཟའ་ཉི་མ་འདི་སྟོང་པ་ཡིན་སྟབས། ཉིན་གང་པོ་མ་བྱུང་ནའང་། ཉིན་ཕྱེད་བཅར་ཐུབ་ཚེ། ཐོག་མའི་འཆར་གཞི་དང་། སློབ་ཚན་ནང་བཀོད་པ་དེ་མ་ཆད་པ་ཞིག་ཡོང་རྒྱུ་རེད་སྙམ་ནས་འདིར་བཅར་བ་ཡིན།
དངོས་གནས་བྱས་ན་ལྷན་རྒྱས་ཚོ་དེ་རིང་རེས་གཟའ་ཉི་མའི་གུང་གསེང་ཡིན་པ་འདྲ། ཁྱེད་ཚོའི་གུང་གསེང་དེ་ཆུད་ཟོས་བཏང་ནས་ངས་བླངས་པ་ཡིན་སྟབས། དེའི་ཚབ་ཏུ་ཉིན་ཕྱེད་གུང་གསེང་ཞིག་རྗེས་སུ་གཏང་མདོག་ཁ་པོ་རེད་བསམ་གྱི་འདུག སྤྱིར་བཏང་རེས་གཟའ་ཉི་མའི་ཉིན་ལས་ཀ་བྱེད་ན་སྡིག་པ་ཡོད་པའི་ལྟ་གྲུབ་འཛིན་མཁན་ཕལ་ཆེར་ཡོད་ཀྱི་མ་རེད། ང་ཚོ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཡིན་སྟབས། གཟའ་ཉི་མར་གུང་གསེང་བཞག་དགོས་པའི་རྒྱུ་མཚན་ཆེན་པོ་གང་ཡང་མེད། འོན་ཀྱང་དེང་སང་འཛམ་བུ་གླིང་སྤྱིའི་འགྲོ་སྟངས་མང་པོ་གོ་ལ་གཅིག་བསྒྱུར་ཆགས་པར་བརྟེན། ང་ཚོའི་གུང་གསེང་ཡང་གོ་ལ་གཅིག་བསྒྱུར་གྱི་ལམ་དུ་འགྲོ་བ་རེད། སྔོན་མ་ང་ཚོ་བོད་རང་དབང་ཡོད་པའི་སྐབས་སུ་གཞུང་གི་ལས་ཁུངས་ཁག་གི་བདུན་རེའི་གུང་གསེང་རེས་གཟའ་སྤེན་པའི་ཉིན་མོར་བྱེད་ཀྱི་རེད། དེའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་དེ་བྱབ་ཆུང་ཆུང་ལྟ་བུ་རེད། རེས་གཟའ་སྤེན་པ་གཡང་གཟའ་ཡིན་སྟབས། དེ་ཉིན་གཞུང་གི་བང་མཛོད་ནས་འགྲོ་སོང་བཏང་ན་ཡག་པོ་མེད་པའི་བསམ་ཚུལ་ཞིག་ཡོད་རེད། གདན་ས་ཁག་ཏུ་རེས་གཟའི་ཁྱད་པར་མེད། ཟླ་བ་གཅིག་གི་ཆོས་རྭ་ཡིན་ན་གུང་སེང་བཞི་ཡོད། ཕལ་ཆེར་བསམ་ཚུལ་དེ་བདུན་ཕྲག་རེ་ལ་གུང་གསེང་རེ་ལྟ་བུ་རེད། ཡིན་ནའང་སྐབས་རེ་གུང་སེང་གཉིས་མཉམ་དུའང་གཏང་སྲིད། དེས་ན་ཁྱོན་ཡོངས་ནས་བདུན་ཕྲག་གཅིག་ནང་ལས་གསེང་གཅིག་གཞག་རྒྱུའི་བསམ་ཚུལ་དེ་སྔོན་མ་ནས་ཤར་ནུབ་གཉིས་ཀར་ཡོད་པ་ཞིག་རེད་འདུག རྒྱ་གར་གྱི་སྔོན་གྱི་བྲམ་ཟེ་ཚོས་རེས་གཟའ་བྱེ་བྲག་པ་གཅིག་ལ་རིག་བྱེད་དང་བརྡ་སྤྲོད་སོགས་མི་བསླབ་པའི་ལམ་སྲོལ་གཅིག་ཡོད་འདུག གང་ལྟར་དེ་རིང་ཁྱེད་ཚོའི་རེས་གཟའ་ཉི་མའི་གུང་གསེང་ཆུད་ཟོས་བཏང་ནས་འདིར་ཟབ་སྦྱོང་གི་ལས་རིམ་ཚོགས་པ་ཡིན་སྟབས། ནམ་རྒྱུན་གྱི་ལས་རིམ་ལས་ཕྲན་བུ་དོན་དང་ལྡན་པ་དང་། གྲུབ་འབྲས་ཐོན་པ་ཞིག་ཡོང་བའི་ཐབས་ཤེས་གནང་ན་གུང་གསེང་བློས་བཏང་བྱས་པའི་རིན་ཐང་མ་ཆག་པ་ཡོང་རྒྱུ་རེད།
ད་ལྟ་ངས་ཞུ་རྒྱུའི་བརྗོད་གཞིའི་ནང་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལས་འགུལ་སྤེལ་ཕྱོགས་སྐོར་ཞེས་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་། དེའི་བསྒྲུབ་བྱ་དང་ཐབས་ལམ་ཞེས་པ་གཉིས་འདུག བརྗོད་གཞི་དང་པོ་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ལ་མང་པོ་ཞུ་དགོས་མ་མཐོང་། འདིར་ཕེབས་མཁན་ཚང་མ་ནང་པའི་རྗེས་འཇུག་ཤ་སྟག་རེད། ནང་པའི་ཆོས་ཀྱི་གཞི་རྩ་ནི་འཚེ་བ་མེད་པ་རེད། དེར་བརྟེན་འཚེ་བ་མེད་པའི་ལྟ་གྲུབ་དེ་ཚང་མས་མཁྱེན་གྱི་ཡོད་ཤག་རེད། དེའི་ནང་གསེས་གཉིས་པ་ལས་འགུལ་སྤེལ་ཕྱོགས་ཟེར་བ་དེ་དེང་རབས་ཀྱི་སྐད་ཆ་ཞིག་རེད། གནའ་སྔ་མོ་ལས་འགུལ་ཟེར་བའི་ཚིག་དེ་ཕལ་ཆེར་བེད་སྤྱོད་བྱེད་ཀྱི་མེད། གཞུང་ལུགས་ནང་ཚིག་དེ་རག་གི་མེད། ཆབ་སྲིད་ཀྱི་ནང་དུའང་ལྔ་བཅུ་ང་དགུའི་རྗེས་སམ། ཡང་ན་ལྔ་བཅུ་ང་དགུའི་སྔོན་རྒྱ་མི་བོད་དུ་སླེབས་ཚར་རྗེས་བྱུང་བ་མ་གཏོགས། དེ་སྔའི་སྐད་རྙིང་པའི་ནང་ཧ་ལམ་མེད། འཚེ་མེད་ཞི་བ་ཟེར་བའི་ཚིག་དེའང་ཧ་ཅང་རྙིང་པ་མ་རེད། སྤྱིར་བཏང་འཚེ་མེད་ཟེར་བ་དང་། ཞི་བ་ཟེར་བ་དེ་ཧ་ཅང་རྙིང་པ་རེད། འོན་ཀྱང་འཚེ་མེད་དང་། ཞི་བ་གཉིས་མཉམ་དུ་སྦྱར་ཏེ། འཚེ་མེད་ཞི་བ་ཟེར་བ་དེ་ང་ཚོའི་མི་རབས་ལ་གསར་དུ་བཟོས་པའི་ཚིག་ཅིག་རེད། སྤྱིར་བཏང་ཐེག་པ་ཆེན་པོའི་གཞུང་ལུགས་ནང་འཚེ་བ་མེད་པ་ཡིན་ན་ཞི་བ་ཡིན་དགོས་ཀྱི་མེད། གལ་ཏེ་འཚེ་བ་མེད་པ་ཡིན་ན་ཞི་བ་ཡིན་པའི་ཁྱབ་བམ་ཞེ་ན། སྤྱིར་བཏང་ཞི་བའི་དོན་འཇོག་སྟངས་འདྲ་མིན་ཡོང་མདོག་ཁ་པོ་རེད། ང་ཚོའི་ལས་ལ་ཞི་བ་དང་། རྒྱས་པ། དབང། དྲག་པོ་བཅས་བཞིར་ཕྱེ་ཞིང་། དེར་བརྟེན་ཞི་རྒྱས་དབང་དྲག་བཞི་རུ་ཕྱེ་བའི་ནང་ཚན་གྱི་ཞི་བ་ལ་བསམ་བློ་བཏང་ན། ལས་ཀྱི་བྱེད་ཕྱོགས་བྱེ་བྲག་པ་གཅིག་ཆགས་འགྲོ་རྒྱུ་རེད། དེས་ན་ནང་པའི་ལྟ་གྲུབ་ནང་ལས་ལ་འཚེ་བ་མེད་པ་མ་གཏོགས་འཚེ་བ་ཡོད་པ་ཞིག་ནམ་ཡང་མི་བྱེད་ལ། བྱེད་ཆོག་པའི་ལྟ་ཚུལ་ཡང་མེད། འོན་ཀྱང་དབང་དང་། དྲག་པོ། རྒྱས་པའི་ལས་རྣམས་ཞི་བ་ལས་ལོགས་ཀ་རེད་དེ། ཡིན་ནའང་དེ་ཚོ་བྱ་རུང་བ་ལས། བྱ་མི་རུང་བར་བརྩི་གི་མེད། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཆ་བཞག་ན། བསད་པ་དང་། བསྐྲད་པ། རེངས་པ་སོགས་མང་པོ་རེད། ཧོབ་སྟེ་བལྟས་ན་དྲག་པོའི་མངོན་སྤྱོད་ནང་འཚེ་བ་ཡིན་པ་ལྟ་བུའི་ལས་ཀྱང་ཡོད་རེད། ཁྱེད་ཚོ་འདིར་ཕེབས་མཁན་ནང་སྔགས་གྲྭ་དང་རྒྱུད་གྲྭ་དེ་འདྲ་ཡོད་ན་མཁྱེན་གྱི་རེད། དཔེར་ན་དྲག་སྲེག་དང་གཏོར་མ་སོགས་རྒྱག་དུས་རྫིག་རྔམ་གང་འདྲ་བྱེད་ཀྱི་འདུག ཡིན་ནའང་དེ་ཚོ་འཚེ་བ་མེད་པ་ཡིན་ཟེར་གྱི་རེད་མ་གཏོགས། འཚེ་བ་དང་ལྡན་པ་གཅིག་ཀྱང་ཆགས་ཀྱི་མེད། དེས་ན་ཞི་བ་ཟེར་བའི་ཚིག་དེ་ཞི་རྒྱས་དབང་དྲག་བཞིའི་ཡ་གྱལ་གྱི་ཞི་བ་ལ་བསམས་ན་ཏོག་ཙམ་ཁྱབ་ཆུང་དྲགས་པ་རེད། འཚེ་བ་མེད་པའི་དབང་གི་ལས་དང་། འཚེ་བ་མེད་པའི་རྒྱས་པའི་ལས། འཚེ་བ་མེད་པའི་དྲག་པོའི་ལས་དེ་ཚོ་ནང་པ་ཡོངས་རྫོགས་ཀྱིས་བྱེད་ཀྱི་ཡོད་མེད་མི་ཤེས་ཏེ། ཐེག་པ་ཆེན་པོའི་ལམ་ཉམས་ལེན་བྱེད་མཁན་ཚོས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་ངེས་པར་དུ་བེད་སྤྱོད་བྱེད་པའི་ལས་ཀྱི་རྣམ་གྲངས་ཤིག་རེད།
གཅིག་བྱས་ན་འཚེ་བ་མེད་པའི་མཉམ་དུ་ཞི་བ་སྦྱར་རྒྱུར་དགོས་པ་ཡོད་པའང་སྲིད། འཚེ་མེད་ཞི་བ་ཟེར་བའི་ཚིག་དེ་ངས་བཟོས་པ་མིན་དུས་འདི་མཐའ་ཆོད་པ་ཞིག་འགྲེལ་བཤད་བརྒྱབ་མི་ཐུབ། འདི་ནི་བཟོ་མཁན་བརྗོད་པ་པོའི་གང་ཟག་གི་ཀུན་སློང་ནང་གང་འདྲ་ཡོད་མེད་ང་ཚོས་ཚོད་ཐིགས་ཀྱི་མ་རེད། སྨྲ་བརྗོད་ཀྱི་ངག་དེ་ཚོས་དོན་བསྟན་པའི་ནུས་པ་མང་ཆེ་བ་སྨྲ་བ་པོའི་བརྗོད་འདོད་ལ་རག་ལས་པ་རེད།
གང་ལྟར་འཚེ་བ་མེད་པ་ཞེས་པ་དེ་གཞན་ལ་མི་གནོད་པ་དང་། གཞན་ལ་གནོད་པའི་གཞི་མི་བྱེད་པའི་བྱ་བ་ཞིག་ལ་བརྗོད། གཞན་ལ་དངོས་སུ་མ་གནོད་པ་ཡིན་ནའང་། གཞན་ལ་གནོད་པའི་གཞིར་འགྱུར་བའམ་གཞན་ལ་གནོད་པའི་རྒྱུར་འགྲོ་ན། དེ་ནི་འཚེ་བའི་གྲངས་སུ་གཏོགས་པ་ཡིན། དེར་བརྟེན་ང་ཚོས་སོ་སོ་ཐར་པའི་སྡོམ་པ་ལེན་པའི་སྐབས་སུ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཟེར་བ་དེ་རེད། ལར་ནས་འཚེ་བ་མེད་པ་ཞེས་པ་དེ་འཚེ་བས་སྟོང་པ་ཙམ་དང་། འཚེ་བ་མ་བྱེད་པ་ཙམ་ལ་བརྗོད་ཀྱི་མེད། འཚེ་བ་མེད་པའི་ལས་ཞེས་པ་དེ་ཀུན་སློང་མེད་པའམ། ཡང་ན་བཏང་སྙོམས་ཀྱི་བསམ་པའི་ཀུན་ནས་བསླངས་པའི་བྱ་བ་ཡིན་ན། དངོས་སུ་འཚེ་བ་བྱེད་ཀྱི་མེད་ནའང་དེ་འཚེ་བ་མེད་པའི་ལས་སུ་མི་འགྲོ་ལ། དགེ་བའི་ལས་སུའང་མི་འགྲོ དེས་ན་འཚེ་བ་ལ་ཉེས་པ་མཐོང་ནས་དེ་ལས་ལྡོག་འདོད་ཀྱི་བསམ་པ་དང་། དངོས་སུ་དེ་ལས་ལྡོག་པ་དེ་དགེ་བའི་བྱ་བ་ཡིན་པ་དང་། ཕུན་སུམ་ཚོགས་པའི་བྱ་བ་ཡིན་པ། བླང་བྱ་ཡིན་པ་རེད། གལ་ཏེ་ཚུལ་ཁྲིམས་གཟུགས་ཅན་མ་ཡིན་པར་སེམས་བྱུང་ཡིན་པའི་དབང་དུ་བཏང་ན། འཚེ་བ་ལས་ལྡོག་པའམ་འཚེ་བ་མི་བྱེད་པའི་སེམས་པ་དེ་དངོས་གནས་འཚེ་བ་མེད་པའི་ལས་དེ་ཡིན་དགོས།
གཞན་ལ་གནོད་པ་དང་མི་གནོད་པའི་མཚམས་དེ་གང་འདྲ་གཟུང་གི་རེད། དེ་ཞིབ་ཚགས་པོས་གཟིགས་དགོས་པ་རེད། སྐབས་རེ་གཞན་ལ་གནོད་པ་ལྟ་བུར་སྣང་ཡང་དོན་དུ་མི་གནོད་པའང་ཡོད། གཞན་ལ་སྡུག་བསྔལ་དང་ཟུག་རྔུ་སྦྱིན་པ་ཙམ་གྱིས་གཞན་ལ་གནོད་པའི་ངེས་པ་གང་ཡང་མེད། དེས་ན་གཞན་ལ་གནོད་དང་མི་གནོད་ཀྱི་ས་མཚམས་ནི་བྱ་བ་དེའི་འབྲས་བུ་བྱ་བའི་ཡུལ་ལ་སྨིན་པའི་སྐབས་སུ་ཕན་གནོད་ལས་ཕྱེ་དགོས་ཀྱི་མེད་དམ། གང་ལྟར་བྱ་བ་རང་གི་ངོ་གདོང་ནས་ཟུག་རྔུ་སྦྱིན་པའམ་སྡུག་བསྔལ་སྦྱིན་པ་ཡིན་ནའང་། འཚེ་བ་མི་ཆགས་པ་ཧ་ཅང་མང་པོ་རེད། དཔེར་ན། སྨན་པས་ནད་པའི་སྲོག་སྐྱོབ་པའི་ཆེད་དུ་རྐང་ལག་བཏུབ་པ་སོགས་ཡོང་གི་ཡོད། དེ་ཚོ་བཤགས་བཅོས་བྱེད་པའི་སྐབས་སུ་ནད་པ་དེ་ལ་ཟུག་རྔུ་ཡོད་རེད། དེ་བཞིན་གང་ཟག་དེའི་ཡན་ལག་དང་ཉིང་ལག་འབྲེག་པ་ཡིན་སྟབས། གནོད་པ་ལྟ་བུ་མཐོང་གི་རེད། ཡིན་ནའང་གཅོད་མཁན་སྨན་པ་དེའི་ཀུན་སློང་ནང་གང་ཟག་དེའི་སྲོག་སྐྱོབ་འདོད་ཡོད་པར་བརྟེན། དེ་ལྟ་བུའི་བྱ་བ་དེ་འཚེ་བ་མིན་ལ། གནོད་པའང་མིན། གང་ལྟར་བྱ་བ་དེའི་འབྲས་བུ་དེ་བྱ་བའི་ཡུལ་ལ་མཐར་ཐུག་ཕན་པ་ཞིག་ཆགས་པ་ཡིན་སྟབས། དེས་དབང་གིས་འཚེ་བའི་བྱ་བ་མ་ཡིན་ཟེར་གྱི་རེད། ཡིན་ནའང་དེ་ལྟར་རིགས་འགྲེ་བཏང་ན། སྲོག་བཅད་པའི་བྱ་བ་ལ་འཚེ་བ་མ་ཡིན་པ་ཡོད་དམ་མེད་འདི་སྐོར་གཞུང་ལུགས་ནང་གསུང་ཚུལ་གཅིག་གྱུར་མེད། མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བར་བརྟེན། དེའི་ཐོག་བགྲོ་གླེང་མང་པོ་ཡོང་མུས་རེད། གཅིག་བྱས་ན་ཁྱེད་ཚོ་ཚང་མས་མཁྱེན་པ་ཞིག་ངས་བཤད་ཀྱི་ཡོད་ཀྱི་རེད། ཡིན་ནའང་ཁྱད་པར་མི་འདུག ཟབ་སྦྱོང་གི་དུས་ཚོད་དེ་བཀང་དགོས་ཀྱི་ཡོད། ང་ཚོ་གྲྭ་སར་ཚོགས་གཏམ་གཏོང་དུས་རྒན་པ་ཚོས་དཔང་པོའི་ཚུལ་དུ་གསན་རོགས་གནང་། བར་ཤར་བ་ཚོས་དྲན་གསོའི་ཚུལ་དུ་གསན་རོགས་གནང་། གསར་པ་དེ་ཚོས་མ་ཤེས་པ་ཤེས་པའི་ཆེད་དུ་གསན་རོགས་གནང་ཞེས་པའི་གསུངས་སྲོལ་ཞིག་ཡོད། གལ་ཏེ་ཁྱེད་ཚོས་མཁྱེན་ཟིན་པ་ཞིག་ངས་ཡང་བསྐྱར་ལྡབ་བྱས་ནས་བཤད་ན། དཔང་པོའི་ཚུལ་ལམ་ཡང་ན་དྲན་གསོའི་ཚུལ་དུ་གསན་ན་འགྲིག་གི་རེད། སྲོག་གཅོད་པའི་ལས་ལ་མི་དགེ་བ་མ་ཡིན་པ་ཞིག་ཡོད་མིན་ནི་རྩོད་གཞི་རེད། སྲོག་གཅོད་ཀྱི་ལས་ཡིན་ན་མི་དགེ་བའི་ལས་ཡིན་པའི་ཁྱབ་པར་བཞེད་མཁན་མཁས་པ་མང་པོ་རེད། གང་ལགས་ཤེ་ན། སྲོག་གཅོད་པ་དེ་མི་དགེ་བ་བཅུའི་ནང་གི་དང་པོ་དེ་རེད། སྲོག་གཅོད་པའི་ལས་ལ་དགེ་བ་དང་མི་དགེ་བའི་ལས་གཉིས་སུ་ཕྱེ་རྒྱུ་མེད་ཅེས་གསུང་མཁན་མང་པོ་རེད། དེ་བཞིན་སྲོག་གཅོད་པའི་ལས་ལ་ཡང་མི་དགེ་བ་མིན་པ་ཙམ་དུ་མ་ཟད། དགེ་བའི་ལས་སུ་འགྲོ་བ་ཡོད་ཅེས་བཞེད་མཁན་ཡང་མཁས་པ་མང་པོ་རེད། གང་ལྟར་རྩོད་གཞི་ཡོང་སྟངས་ནི། སྟོན་པ་ཐུགས་རྗེ་ཅན་སློབ་པ་ལམ་གྱི་གནས་སྐབས་སུ་དེད་དཔོན་སྙིང་སྟོབས་ཅན་གྱི་སྐྱེ་བ་བཞེས་པ་དེའི་ཚེ་མི་ནག་མདུང་ཐུང་ཅན་བསད་པ་ལ་བརྟེན་ནས་བསྐལ་པ་དགུའི་ཚོགས་འདོམས་པ་ཡིན་པའི་ལུང་གཅིག་ཡོད་རེད། མི་ནག་མདུང་ཐུང་ཅན་ཟེར་བ་ནི་གྲུ་གཟིངས་དེའི་ནང་གི་འགྲུལ་པ་ཐམས་ཅད་བསད་ནས་འཕྲོག་བཅོམ་བྱེད་པའི་ཀུན་སློང་ཡོད་པའི་མི་སྟོབས་ཆེན་པོ་ཞིག་རེད། དེ་བསད་ན་མ་གཏོགས་དེ་ལས་གཞན་པའི་ཐབས་ལམ་གྱིས་ཁོའི་ཀུན་སློང་ངན་པ་དེ་བཟློག་ཐུབ་ཀྱི་མེད་སྟབས། དེད་དཔོན་སྙིང་སྟོབས་ཅན་གྱིས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་མི་ནག་མདུང་ཐུང་ཅན་བསད་པ་རེད། དེ་བསད་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ལ་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་རྒྱུའི་ནང་ནས་བསྐལ་པ་དགུའི་ཚོགས་ལས་གཅིག་གིས་བསྡོམས་ནས་བསགས་ཐུབ་པ་བྱུང་ཞེས་མདོའི་ནང་གསལ་ཡོད།
སྲོག་གཅོད་ཀྱི་ལས་ལ་འཚེ་བ་མ་ཡིན་པ་མེད་གསུང་མཁན་ཚོས་གང་གསུངས་པ་རེད་ཅེ་ན། དེད་དཔོན་སྙིང་སྟོབས་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པའི་ལས་ཀྱི་འབྲས་བུར་དར་གྱི་འཕང་ལོ་འཕངས་པ་ཙམ་དུ་དམྱལ་བར་ཡུད་ཙམ་གྱི་སྐྱེ་བ་བཞེས་པ་རེད། དེ་ཡང་ལུང་ནང་གསལ་བ་ཞིག་རེད། དམྱལ་བ་ལ་ཡུད་ཙམ་སྐྱེ་བ་བཞེས་པ་ཡིན་སྟབས། དེད་དཔོན་གྱིས་བསད་པའི་བྱ་བ་དེ་མི་དགེ་བའི་ལས་རེད། དེ་ནི་སྤང་བྱ་མ་གཏོགས་བླང་བྱར་ངོས་འཛིན་གནང་གི་མེད། འོ་ན་དེ་ལ་བརྟེན་ནས་ཅིའི་ཕྱིར་བསྐལ་པ་དགུའི་ཚོགས་འདོམས་པ་རེད་ཅེ་ན། བཟོད་བླགས་མེད་པའི་སྙིང་རྗེ་དེའི་དབང་གིས་རེད། སྙིང་རྗེ་དེས་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད། བསད་པའི་མི་དགེ་བ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་གང་འདྲ་མྱོང་དགོས་ནའང་མྱང་རྒྱུའི་ཆོད་སེམས་དེ་དེད་དཔོན་སྙིང་སྟོབས་ཅན་ལ་ཡོད་པ་དང་། ལྷག་པར་དུ་མི་ནག་མདུང་ཐུང་ཅན་སྡིག་པའི་ལས་ལས་མ་བཟློག་ན་བསྐལ་པའི་བར་དུ་དམྱལ་བར་གནས་པའི་སྡིག་པ་ཚབས་ཆེན་གསོག་རྒྱུ་དེ་ལས་བཟློག་པ་དང་། དེ་ནས་རང་གི་གྲོགས་ཚོང་པ་དེ་ཚོའི་སྲོག་སྐྱོབ་པའི་འདུན་པ་སོགས་ཀྱི་དབང་གིས་ཧ་ཅང་གི་སྙིང་རྗེ་ཤུགས་ཆེན་པོ་ཞིག་འཁྲུངས་པ་རེད། སྙིང་རྗེ་ཤུགས་ཆེན་པོ་དེའི་ནང་གཞན་དང་མི་འདྲ་བ་གང་ཡོད་ཅེ་ན། སོ་སོ་བློས་གཏང་བྱེད་དགོས་པ་དང་། མི་དགེ་བའི་ལས་དེའི་འབྲས་བུར་སྡུག་བསྔལ་རྒྱུན་རིང་མྱང་དགོས་བྱུང་ནའང་མྱང་བསམ་པའི་བློས་གཏོང་དེའི་དབང་གིས་བསྐལ་པ་དགུའི་ཚོགས་འདོམས་པ་མ་གཏོགས། བསད་པའི་ལས་དེས་ཚོགས་འདོམས་པ་མ་རེད་ཅེས་དབྱེ་བ་ཕྱེ་གི་ཡོད། གང་ལྟར་འདོད་པ་མི་འདྲ་བ་གཉིས་ཀྱི་ནང་ནས་སྲོག་གཅོད་ཀྱི་ལས་ལ་མི་དགེ་བ་མ་ཡིན་པ་མེད་གསུང་མཁན་དེའི་དབང་དུ་བྱས་ན། འཚེ་བ་མེད་པའི་ལས་ཡིན་ན་ཧ་ལམ་ཞི་བ་ཡིན་དགོས་པ་ལྟ་བུ་རེད། སྲོག་གཅོད་ཀྱི་ལས་ལ་མི་དགེ་བ་མ་ཡིན་པ་ཡོད་གསུང་མཁན་དེའི་དབང་དུ་བྱས་ན། འཚེ་བ་མེད་པའི་ལས་ཡིན་ན་ཞི་བའི་ལས་ཡིན་མི་དགོས་པ་ལྟ་བུ་རེད། གང་ལྟར་བྱ་ཡུལ་གྱི་གང་ཟག་དེ་ལ་དངོས་སུ་མི་གནོད་པ་དང་། དེ་ལ་གནོད་པར་འགྱུར་བའི་གཞི་མི་བསྐྲུན་པའི་བསམ་པ་དང་། དེས་ཀུན་ནས་བསླངས་པའི་བྱ་བ་ལ་འཚེ་བ་མེད་པ་ཟེར། དེ་མིན་འཚེ་བ་མ་བྱེད་པ་ཙམ་གྱིས་འཚེ་བ་མེད་པ་ཆགས་ཀྱི་མེད། ང་ཚོར་སྡོམ་པ་ཐོབ་པ་བཞིན་རྒྱུན་དུ་འཚེ་བ་བྱེད་མཁན་ལ་སྡོམ་མིན་ཟེར་བ་ཞིག་འཐོབ་རྒྱུ་ཡོད། དཔེར་ན། དམག་དཔོན་དང་ཤན་པ་ལ་སོགས་པ་ལྟ་བུ་རེད། དེ་ལྟ་བུའི་སྡོམ་མིན་ཐོབ་པའི་གང་ཟག་དེ་ཚོ་གཉིད་ཀྱི་སྐབས་དང་ཁ་ལག་ཟ་བའི་སྐབས་སུ་འཚེ་བའི་བྱ་བ་བྱེད་ཀྱི་མེད་ཀྱང་། འཚེ་བ་མེད་པ་ཆགས་ཀྱི་མེད། འཚེ་བའི་བྱ་བ་དངོས་སུ་མ་བརྩམས་ནའང་། འཚེ་བ་མི་དགེ་བ་རྒྱུན་དུ་བསམ་པའི་དབང་གིས་རེད། ཨིན་སྐད་ནང་། Absence of violence is not non-violence ཟེར་བ་དེ་ཧ་ཅང་བདེན་པ་རེད། འཚེ་བ་དང་བྲལ་བ་ཙམ་གྱིས་འཚེ་བ་མེད་པ་ཆགས་ཐུབ་ཀྱི་མེད། འཚེ་བ་མེད་པ་ཟེར་བ་དེ་སྤྱིར་བཏང་དགག་ཚིག་རེད། འཚེ་བ་འགགས་པའི་སྟོང་ཆ་དེ་ཙམ་གྱིས་འཚེ་བ་མེད་པ་ཆགས་ཀྱི་མེད། འཚེ་བ་མེད་པ་ཞེས་པ་ནི་འཚེ་བ་ལས་ལྡོག་པའི་བསམ་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་རྩོལ་བ་གང་ཡང་རུང་བ་ཞིག་ཡིན་དགོས།
འདིའི་བརྗོད་གཞིའི་ནང་འཚེ་བ་མེད་པའི་ལྟ་གྲུབ་ཅེས་འཁོད་འདུག དེ་ནི་གྲུབ་མཐའ་ལ་ངོས་འཛིན་པ་མ་གཏོགས། ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་གྱི་ལྟ་བ་དེ་འཁྱེར་ཡོང་ན། འདིར་ལྟ་བའི་སྐད་ཆ་བཤད་རྒྱུ་གང་ཡང་མེད། ཡིན་ནའང་འཚེ་བ་མེད་པའི་གྲུབ་མཐའ་འཛིན་སྟངས་དེ་འདྲ་མིན་སྣ་ཚོགས་རེད། དཔེར་ན། མངོན་མཐོ་ཙམ་གྱི་ཆེད་དུ་འཚེ་བ་སྤོང་དགོས་པ་དང་། རིགས་ཀྱི་ཆོས་ཀྱི་ངོ་བོར་འཚེ་བ་སྤོང་དགོས་པ་བཤད་པའི་མུ་སྟེགས་པའི་གཞུང་ལུགས་མང་པོ་རེད། ཁོང་ཚོས་མངོན་མཐོ་ཙམ་བསྒྲུབ་བྱར་འཛིན་པ་རེད། ཡང་ན་གང་ཟག་བྱེ་བྲག་པ་དང་། རིགས་བྱེ་བྲག་པའི་བྱ་བ་འོས་པ་དང་མ་འོས་པའི་རྣམ་གཞག་གི་དབང་གིས་འཚེ་བ་མེད་པའི་གྲུབ་མཐའ་འཛིན་གྱི་ཡོད། དེར་བརྟེན་དེ་འདྲའི་གྲུབ་མཐའ་འཛིན་མཁན་གྱི་འཚེ་བ་མེད་པའི་ལམ་དེ་གཞན་དོན་བསྒྲུབ་བྱར་བཟུང་བའི་འཚེ་བ་མེད་པ་དེ་ཆགས་ཀྱི་མེད། དེ་ནི་རང་དོན་བསྒྲུབ་བྱར་བཟུང་བའི་འཚེ་བ་མེད་པ་དེ་ཆགས་ཀྱི་ཡོད། རང་དོན་བསྒྲུབ་བྱར་བཟུང་བའི་འཚེ་བ་མེད་པ་ནི་ཡང་དག་པའི་འཚེ་བ་མེད་པ་ཡིན་མིན་ཧ་ཅང་བཤད་ཁག་པོ་རེད། འཚེ་བ་བྱེད་ན་ངན་སོང་དུ་འགྲོ་གི་རེད། དེར་བརྟེན་ངན་སོང་དུ་མི་འགྲོ་བར་མཐོ་རིས་གོ་འཕང་ཐོབ་པའི་ཆེད་དུ་འཚེ་བ་སྤོང་དགོས་པའི་བསམ་བློ་གཏོང་མཁན་དེ་དག་གིས་འཚེ་བ་སྤངས་པའི་ཚུལ་ཁྲིམས་བླངས་ནའང་། དེ་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཆགས་རྒྱུ་རེད། ཡང་ན་ལེགས་སྨོན་གྱི་ཚུལ་ཁྲིམས་ཆགས་རྒྱུ་རེད། འདུལ་བའི་ནང་གཅུང་དགའ་བོའི་བྱུང་བ་ལྟར་ཐོག་མར་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་བླངས་པ་དང་། དེའི་རྗེས་སུ་ལེགས་སྨོན་གྱི་ཚུལ་ཁྲིམས་བླངས་པ་གཉིས་ཀ་སོ་སོ་ཐར་པའི་ཚུལ་ཁྲིམས་ཆགས་ཀྱི་མེད། དེ་ལྟ་བུའི་འཚེ་བ་སྤངས་པའི་གྲུབ་མཐའ་འཛིན་མཁན་གྱིས་རང་གི་བདེ་སྡུག་ལ་གཙོ་བོར་དམིགས་ནས་གཞན་ལ་འཚེ་བ་མི་བྱེད་པ་རེད། སངས་རྒྱས་ཀྱིས་འཚེ་བ་སྤངས་པའི་ཆོས་གསུངས་པ་དེའི་རྒྱབ་ཀྱི་གྲུབ་་མཐའ་གང་རེད་ཅེ་ན། འཚེ་བ་དེ་གཞན་ལ་གནོད་པ་དང་། གཞན་ལ་གནོད་པ་དེ་ང་ཚོས་བྱེད་མི་རུང་ཞེས་གཞན་དོན་གཙོ་བོར་བཟུང་བའི་གྲུབ་མཐའ་ཞིག་རེད། དེ་ལ་སྙིང་རྗེའི་སྙིང་པོ་ཅན་གྱི་གྲུབ་མཐའ་ཞེས་བརྗོད་ནའང་མ་འགྲིགས་པ་མེད། དེས་སྙིང་རྗེས་ཀུན་ནས་བསླངས་ཏེ་གཞན་གྱི་ཆེད་དུ་འཚེ་བ་སྤོང་བ་མ་གཏོགས། རང་ཉིད་ངན་སོང་དུ་མི་འགྲོ་བ་དང་། སྡུག་པོ་མི་ཡོང་བ་ཁོ་ནའི་ཆེད་དུ་སྤོང་གི་མེད། ནང་པ་སྐྱེས་བུ་ཆུང་ངུའི་ལམ་ལ་སློབ་མཁན་ཞིག་གིས་ཕྱི་མ་མངོན་མཐོ་ཐོབ་ཆེད་དུ་འཚེ་བ་སྤོང་བ་དང་། འཚེ་བ་མི་དགེ་བའི་ལས་སུ་གཞན་རྒྱུ་མཚན་དུ་བྱས་ནས་འཇོག་པ་རེད། འཚེ་བ་བྱེད་ན་དེས་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་ཚོར་བ་ཡིད་དུ་མི་འོང་བ་སྦྱིན་པ་དང་། གཞན་ལ་སྡུག་བསྔལ་ཡོང་བ་རེད། བདག་དང་གཞན་མཉམ་པ་ཡིན་པའི་རྒྱུ་མཚན་དང་། ལྷག་པར་དུ་བདག་ལས་གཞན་གཙོ་ཆེ་བའི་རྒྱུ་མཚན་གྱིས་འཚེ་བ་སྤོང་བ་དེ་ཐེག་ཆེན་པའི་འཚེ་བ་སྤོང་ཚུལ་ཡིན། ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི་ནང་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་ཐབས་སུ་མན་ངག་རྒྱུ་འབྲས་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་གཉིས་གསུངས་པ་ལས། ཕྱི་མ་གདུལ་བྱ་དབང་རྣོན་གྱི་ཆེད་དུ་ཡིན་པ་དང་། བློ་འབྱོང་བ་ལ་ནུས་པ་ཆེ་བར་གསུངས་པའི་རྒྱུ་མཚན་ཡང་། རྒྱུ་འབྲས་བདུན་གྱི་མར་ཤེས་དང་། དྲིན་དྲན། དྲིན་བཟོ་སོགས་གཙོ་བོ་རང་རྒྱུ་མཚན་དུ་བྱས་ནས་བློ་སྦྱོང་བ་དང་། བདག་གཞན་མཉམ་བརྗེའི་སྐབས་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་སོགས་གཙོ་བོ་གཞན་རྒྱུ་མཚན་དུ་བྱས་ནས་བློ་སྦྱོང་གི་ཡོད། དེའི་དབང་གིས་དེ་གཉིས་ཤུགས་དང་ནུས་པ་ཆེ་ཆུང་ཕྱིན་པ་རེད། དེས་ན་ཐེག་པ་དམན་པ་ཚོས་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཚུལ་ཁྲིམས་སྲུང་ཡང་། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་མ་བསླངས་པ་ཡིན་སྟབས། ངེས་འབྱུང་ཡོད་ན་ཐར་པའི་རྒྱུ་ཙམ་ལ་འགྲོ་བ་དང་། ངེས་འབྱུང་མེད་ན་མངོན་མཐོའི་རྒྱུ་ཙམ་ལ་འགྲོ་བ་མ་གཏོགས། དེ་ལས་ལྷག་པའི་ཁྱབ་ཆེན་པོ་ཞིག་ཡོང་གི་མེད། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་བྱ་བ་ལ་འཇུག་ན། དེས་མཁའ་ཁྱབ་ཀྱི་སེམས་ཅན་གྱི་ཁྱོན་དང་མཉམ་པའི་བསོད་ནམས་ཀྱི་ཚོགས་བསག་གི་ཡོད་རེད་ལ། སངས་རྒྱས་ཐོབ་པའི་རྒྱུར་འགྲོ་བའི་ལམ་ཞིག་ཆགས་ཀྱི་ཡོད། དེས་ན་སྤྱིར་བཏང་འཚེ་བ་ཡོད་མེད་ཟེར་བ་དེ་གང་ཟག་གི་ཀུན་སློང་གི་ཁྱད་པར་གྱིས་ཐག་གཅོད་དགོས་པ་དང་། འཚེ་བ་མེད་པའི་ལས་དེ་ཇི་ཙམ་ཁྱབ་ཆེན་པོ་ཡིན་པ་དང་ཁྱབ་ཆུང་ཆུང་ཡིན་པ། ཇི་ཙམ་རླབས་ཆེ་བ་དང་རླབས་མི་ཆེ་བ་ནི་གང་ཟག་གི་ཀུན་སློང་ལ་རག་ལུས་པ་རེད། དེར་བརྟེན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞི་རྟེན་གཙོ་བོ་ནི་ཐོག་མར་འཚེ་བ་དེ་གང་འདྲ་ཞིག་ལ་ཟེར་བ་དང་། བསམ་བློའི་རྒྱབ་ལྗོངས་གང་འདྲ་ཞིག་གི་ཐོག་ནས་འཚེ་བ་དེ་ལས་ལྡོག་པ་དེའི་དབང་གིས་འཚེ་བ་མེད་པའི་ལྟ་གྲུབ་ལ་རླབས་ཆེ་ཆུང་དང་འདྲ་མིན་སྣ་ཚོགས་ཡོང་སྲིད།
ད་ནི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བརྗོད་རྒྱུ་ཡིན། དེ་ནི་གོང་དུ་བཤད་པ་དང་མི་འདྲ་བར་གནས་ཚུལ་བྱེ་བྲག་པ་གཅིག་བཤད་ཀྱི་ཡོད། འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་སྐོར་ང་ཚོས་ཞིབ་ཚགས་པོས་སློབ་སྦྱོང་བྱེད་དགོས་ན། གཱཾནྡྷཱིའི་གསུང་རབ་ལ་ངེས་པར་དུ་གཟིགས་དགོས། སྒྲུབ་པ་ཉམས་ལེན་ཞེས་པ་དེ་དངོས་གནས་བྱས་ན་ལས་འགུལ་རེད། འོན་ཀྱང་ང་ཚོས་ལས་འགུལ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་མེད། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་འཚེ་བ་མེད་པའི་ཚུལ་ཁྲིམས་ཕར་ཕྱིན་ཉམས་སུ་ལེན་པ་ལ་ལས་འགུལ་སྤེལ་གྱི་ཡོད་ཅེས་བརྗོད་ཀྱི་མ་རེད། དེ་ལ་ཉམས་ལེན་ནམ་ཡང་ན་སྒྲུབ་པ་ཞེས་བརྗོད་ཀྱི་རེད། ལས་འགུལ་སྤེལ་བ་ཟེར་བ་ནི་ཚིག་གི་ནུས་པས་ཆབ་སྲིད་དང་འཇིག་རྟེན་གྱི་བྱ་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཆགས་འགྲོ་གི་ཡོད། ཐར་པའི་གོ་འཕང་སྒྲུབ་བྱེད་དང་། མཐོ་རིས་སྒྲུབ་བྱེད། ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་དབང་དུ་བྱེད་པའི་འཚེ་བ་མེད་པའི་ལམ་དེ་ལོ་སྟོང་ཕྲག་མང་པོ་སྔོན་ནས་ཡོད་མུས་རེད་མ་གཏོགས། བརྒྱ་ཕྲག་བཅུ་དགུ་ཉི་ཤུའི་ནང་གསར་དུ་བྱུང་བ་མིན། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འདས་ཟིན། སྟོན་པས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་ནས་བཟུང་སངས་རྒྱས་ཀྱི་ཆོས་རྣམ་གྲངས་ཡོངས་སུ་རྫོགས་པ་དེ་འཚེ་བ་མེད་པ་ལ་གཞི་བཅོལ་བ་ཤ་སྟག་རེད། འཕགས་པ་ལྷའི་བཞི་བརྒྱ་པའི་ནང་གལ་ཏེ་ངས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་ཐམས་ཅད་བསྡུས་ནས་ཚིག་གཉིས་ནང་བརྗོད་དགོས་བྱུང་ན། དེ་ནི་འཚེ་བ་མེད་པ་ (Ahimsa) ཞེས་པའི་ཚིག་གཉིས་པོ་རེད་ཅེས་གསུངས་ཡོད། དེ་བཞིན་སངས་རྒྱས་དང་ཧ་ལམ་དུས་མཉམ་དུ་བྱུང་བའི་གཅེར་བུ་པའི་སྟོན་པ་མཧཱ་བཱིར་ (Mahavir) གྱིས་འཚེ་བ་མེད་པའི་ལམ་དེ་ཧ་ཅང་རྩལ་དུ་བཏོན་པ་རེད། སངས་རྒྱས་ཀྱི་གསུང་མང་ཆེ་བ་མཐའ་གཉིས་སྤངས་པའི་དབུ་མའི་ལམ་གྱི་ཐོག་ནས་གསུངས་ཡོད། འོན་ཀྱང་མཧཱ་བཱིར་ད་དུང་དེ་ལས་མདུན་དུ་འགྲོ་བ་རེད། དཔེར་ན། དབུགས་འབྱུང་རྔུབ་ལ་བརྟེན་ནས་རླུང་ལ་རྒྱུ་བའི་སྲོག་ཆགས་ཕྲ་མོ་རྣམས་ལ་འཚེ་བ་མི་ཡོང་ཆེད་དུ་ཁོང་ཚོའི་དགེ་སློང་ཚོས་ཁ་དང་སྣ་ལ་རས་བཀབ་པ་དང་། ལྷམ་གྱོན་ནས་ལམ་དུ་ཕྱིན་ན་འབུ་སྲིན་ཤི་རྒྱུའི་ཉེན་ཁ་ཆེ་བར་བརྟེན་རྐང་རྗེན་འགྲོ་བ། ཉལ་ཁྲིའི་སྟེང་དུ་གདན་བཏིང་ན་གདན་གྱི་འོག་ཏུ་འབུ་ཡོད་མེད་མཐོང་མི་ཐུབ་པར་བརྟེན། གདན་མེད་པར་བཞག་དགོས་པ་སོགས་བྱ་དཀའ་བ་མང་། སངས་རྒྱས་ཀྱིས་ཇི་ཙམ་ནུས་པ་མཐའ་གཉིས་སྤང་དགོས་པ་གསུངས་ཡོད། སྤྱིར་བཏང་དབུ་མའི་ལམ་ཟེར་བའི་ཚིག་དེ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གོང་དུ་རིག་བྱེད་པའི་གཞུང་ལུགས་ནང་དུའང་ཡོད་སྲིད། ཡིན་ནའང་དབུ་མའི་ལམ་ཟེར་བའི་ཚིག་དེ་སྒྲུབ་པ་ཉམས་ལེན་གྱི་དོན་དུ་བེད་སྤྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནས་བྱུང་། དེར་བརྟེན་སངས་རྒྱས་ཀྱིས་གསུངས་པའི་འཚེ་བ་མེད་པའི་ལམ་དེ་ཏོག་ཙམ་སྒྲུབ་བདེ་བ་དང་སྒྲུབ་ཐུབ་པ་ཞིག་ཡོད་པ་རེད། མཧཱ་བཱིར་གྱིས་གསུངས་པ་ནི་དེ་ལས་ཀྱང་དཀའ་བ་ཡོད།
སྤྱིར་བཏང་མཧཱ་བཱིར་དང་སངས་རྒྱས་མ་བྱོན་པའི་སྔོན་གྱི་རིག་བྱེད་པ་དེ་ཚོས་ཀྱང་འཚེ་བ་མེད་པའི་སྐོར་བཤད་ཀྱི་ཡོད། ཡིན་ནའང་ཚང་མའི་བསམ་བློའི་ནང་ལོག་པར་རྟོག་པ་དང་མ་རྟོགས་པ་གཅིག་གང་ཡོད་ཅེ་ན། འཚེ་བ་མེད་པ་དེ་མངོན་མཐོ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ཆེད་ངེས་པར་དུ་ཉམས་སུ་བླང་དགོས་པ་ལས། འཇིག་རྟེན་གྱི་བྱ་བའི་ནང་བསྒྲུབ་མི་ཐུབ་པ་དང་། འཇིག་རྟེན་གྱི་ཁྱིམ་པ་ཚོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་ནང་ཧ་ལམ་བསྒྲུབ་མི་ཐུབ་པ། དེ་ལས་བརྒལ་ཏེ་རྒྱལ་ཁབ་དང་ཆབ་སྲིད་ཀྱི་ལས་དོན་དང་། མི་རིགས་དང་སྤྱི་ཚོགས་ཀྱི་ལས་དོན་ནང་འཚེ་བ་མེད་ན་ཧ་ལམ་མི་འགྲིགས་པའི་བསམ་ཚུལ་དེ་རྒྱུན་རིང་པོ་ནས་དར་བ་རེད། བསམ་ཚུལ་དེ་ནང་པའི་ནང་དུ་ཁྱབ་པ་རེད་ལ། བོད་པའི་ནང་དུ་དེ་བས་ཀྱང་ཁྱབ་པ་རེད། དཔེར་ན། སྟོན་པ་འཇིག་རྟེན་དུ་བྱོན་ནས་རིང་པོ་མ་སོང་བར་སངས་རྒྱས་ཀྱི་བསྟན་པ་དར་སའི་ནང་པའི་རྒྱལ་ཁབ་མ་ཡན་མར་ (Myanmar) དང་། ཐ་ཡི་ལེན་ཌི། (Thailand) ཤྲཱི་ལངྐཱ་ (Sri Lanka) སོགས་སུ་སངས་རྒྱས་ཀྱི་ཆོས་དར་ཟིན་པ་མ་ཟད། རྗེས་སུ་དེ་ཚོ་ནང་པའི་རྒྱལ་ཁབ་ཆགས་པ་རེད། རྒྱལ་ཁབ་དེ་ཚོས་ཀྱང་ཆབ་སྲིད་སྐྱོང་བའི་སྐབས་སུ་དམག་མི་མེད་པ་དང་། སྐོར་རྒྱག་པ་མེད་པ། འཚེ་བ་མེད་པའི་ཐོག་ནས་ཆབ་སྲིད་སྐྱོང་རྒྱུའི་བསམ་བློ་རྩ་བ་ནས་འཁོར་མེད། ང་ཚོ་བོད་པའང་ནང་པའི་རྒྱལ་ཁབ་ཅིག་རེད། དུས་རབས་བདུན་པ་ནས་བཟུང་སངས་རྒྱས་ཀྱི་ཆོས་ས་དར་རྡོ་དར་ཕྱིན་ཟིན། ཡིན་ནའང་རྒྱལ་སྲིད་སྐྱོང་མཁན་ཚོས་དམག་དང་མཚོན་ཆ་མེད་པར་ཆབ་སྲིད་སྐྱོང་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཀྱི་འཛིན་སྐྱོང་བྱེད་ཐུབ་པའི་བསམ་བློ་རྩ་བ་ནས་མ་འཁོར་བ་རེད།
དེར་བརྟེན་འཚེ་བ་མེད་པའི་ལམ་དེ་འཇིག་རྟེན་དང་ཆབ་སྲིད་ཀྱི་ལས་དོན་ཐོག་ལའང་ཉམས་ལེན་བྱེད་རྒྱུ་ཡོད་པ་དང་ཉམས་ལེན་བྱེད་ཐུབ་པ། རྒྱལ་ཁབ་ཅིག་ཡིན་ནའང་དམག་སྡེ་མི་དགོས་པ། སྐོར་རྒྱག་པ་མི་དགོས་པའི་ཐོག་ནས་སྐྱོང་ཐུབ་པ། རྒྱལ་ཁབ་ཀྱི་རང་དབང་བསྐྱར་གསོ་བྱེད་པའི་ལས་འགུལ་ཡིན་ནའང་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ནས་སྒྲུབ་ཐུབ་ཀྱི་རེད་ཅེས་གསུང་མཁན་དང་པོ་དེ་བདག་ཉིད་ཆེན་པོ་གཱཾནྡྷཱི་ (Mohandas Karamchand Gandhi) རེད། དེར་བརྟེན་གཱཾནྡྷཱི་ནི་འཚེ་བ་མེད་པའི་སྲིད་ཕྱོགས་ཀྱི་ལས་འགུལ་གྱི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ལྟ་བུ་དེ་རེད། ཁོང་གིས་འཚེ་བ་མེད་པའི་ལས་འགུལ་གྱི་ལམ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རང་དབང་བསྒྲུབ་རྒྱུ་དང་། དེའི་ཐོག་ནས་རྒྱལ་ཁབ་འཛིན་སྐྱོང་བྱེད་རྒྱུ་སོགས་ཚང་མ་ལ་ལམ་སྟོན་གསར་པ་ཞིག་གནང་ཡོད། ཁོང་གི་དགོངས་ཚུལ་དེ་ནང་པའི་ཆོས་དང་ཧ་ཅང་མཐུན་པོ་རེད་བསམ་གྱི་ཡོད། ཡིན་ནའང་ཁོང་རང་གང་ཟག་སྒེར་གྱི་ངོ་བོ་ལ་བལྟས་ན་ནང་པ་ནས་ཧ་ཅང་ཐག་རིང་པོ་རེད། འཇིག་རྟེན་གྱི་བྱེད་པ་པོ་ལ་མཐའ་གཅིག་ཏུ་ཡིད་ཆེས་གནང་མཁན་ཞིག་རེད། དེར་བརྟེན་ང་ཚོ་འཇིག་རྟེན་གྱི་བྱེད་པ་པོ་མི་འདོད་མཁན་གྱི་ནང་པ་དང་གཅེར་བུ་པ་ལ་སོགས་པའི་མཉམ་དུ་གཱཾནྡྷཱིའི་དགོངས་ཚུལ་དང་ལྟ་གྲུབ་འགྲོ་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག ཡིན་ནའང་འཚེ་བ་མེད་པའི་ལམ་དེ་ཆབ་སྲིད་ཀྱི་བྱ་གཞག་དང་ལས་འགུལ་ནང་ལ་ཇི་ལྟར་ཉམས་ལེན་བྱེད་ཐུབ་ཀྱི་རེད། ཇི་ལྟར་ལག་ལེན་བསྟར་ཐུབ་ཀྱི་རེད། དེ་ཚོ་སྟོན་པའི་གདམས་ངག་གི་ཆ་དེ་ནང་པ་དང་འགལ་བ་ཁྱོན་ནས་ཡོད་མ་རེད་ལ། འཚེ་མེད་ཆོས་སུ་སྨྲ་བའི་ཆོས་ལུགས་གང་དང་ཡང་འགལ་བ་འགྲོ་གི་མ་རེད། ནང་པ་དང་གཅེར་བུ་པའི་ལྟ་གྲུབ་མ་དར་བའི་སྔོན་གྱི་རྒྱ་གར་གྱི་ལྟ་གྲུབ་རྙིང་པའི་ནང་འཚེ་བ་ཆོས་སུ་སྨྲ་བ་མང་པོ་ཡོད། གལ་ཏེ་འགལ་བ་འགྲོ་ན་གཱཾནྡྷཱི་རང་ཉིད་ཀྱི་ཆོས་བརྒྱུད་དེ་ཚོ་དང་འགལ་བ་འགྲོ་སྲིད། དེས་ན་འཇིག་རྟེན་བཀོད་པ་པོ་འདོད་དང་མི་འདོད་ཙམ་གྱིས་གཱཾནྡྷཱིའི་ཕྱག་ལེན་དང་ང་ཚོའི་ལྟ་གྲུབ་འགལ་དགོས་པའི་རྒྱུ་མཚན་གང་ཡང་མེད།
བདག་ཉིད་ཆེན་པོ་གཱཾནྡྷཱིས་གང་གཟིགས་ཡོད་ཅེ་ན། འཇིག་རྟེན་གྱི་རྒུད་པ་ཐམས་ཅད་དམ། ཡང་ན་ཚེ་འདི་སྣང་གི་བྱ་གཞག་ནང་རྒུད་པ་ཐམས་ཅད་འཚེ་བ་ནས་ཡོང་བ་གཟིགས་པ་རེད། དཔེར་ན། ད་ལྟ་བོད་ནང་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ཐམས་ཅད་མཐར་ཐུག་ན་འཚེ་བ་ནས་ཡོང་གི་ཡོད། ཆབ་སྲིད་དབང་འཛིན་པའི་སྟོབས་ཤུགས་ཀྱིས་རང་གི་དབང་འོག་ཏུ་ཡོད་པའི་མི་ཚོགས་ལ་བྱམས་བརྩེ་དང་འཚེ་བ་མེད་པའི་ལམ་ནས་ལྟ་སྐྱོང་མི་བྱེད་པར། གཉའ་གནོན་དང་འཚེ་བའི་འོག་ཏུ་གཞག་རྒྱུའི་ཐབས་ཤེས་བྱེད་པ་ཡིན་སྟབས། སྡུག་བསྔལ་གྱི་རྩ་བ་དེ་ནས་ཡོང་བ་གཱཾནྡྷཱིས་གཟིགས་པ་རེད། གང་ལྟར་སྡུག་བསྔལ་བདེན་པ་ངོ་འཕྲོད་པ་ལྟ་བུ་བྱུང་བ་རེད། ཨིན་ཇིའི་དབང་བསྒྱུར་རྒྱ་གར་གྱི་ཐོག་ཏུ་གནས་ཐུབ་པ་དེའི་རྒྱུ་རྐྱེན་ལྟ་བུ་དམག་གི་སྟོབས་ཤུགས་དང་ཁྲིམས་ཀྱི་སྟོབས་ཤུགས་རེད། གང་ལྟར་མི་ལ་ཉེས་རྡུང་གཏང་རྒྱུ་དང་། བཙོན་ཁང་ནང་བླུག་རྒྱུ། གནར་གཅོད་འདྲ་མིན་གཏོང་རྒྱུ། དམག་ཐོག་ནས་གསད་རྒྱུ་སོགས་འཚེ་བའི་ལམ་ནས་དབང་བསྒྱུར་བྱེད་ཀྱི་ཡོད། དེ་ལྟ་བུའི་འཚེ་བའི་ལམ་ནས་དབང་བསྒྱུར་བྱེད་མཁན་གྱི་གང་ཟག་ལ་དེའི་ལན་དུ་འཚེ་བ་བྱེད་ན་མང་ཚོགས་ཀྱི་སྡུག་བསྔལ་མེད་པ་བཟོ་མི་ཐུབ། སྡུག་བསྔལ་གྱི་རྒྱུ་ལ་ད་དུང་སྣོན་མ་བཏབ་པ་ལྟ་བུ་ཆགས་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་གཱཾནྡྷཱིས་རྣམ་དཔྱོད་ཀྱིས་རྙེད་པ་རེད། རྒྱ་གར་ནང་དེ་མིན་སུ་གང་གི་བསམ་བློ་དེའི་ཕྱོགས་སུ་ཕྱིན་མེད། དེ་དངོས་ཡོད་ཀྱི་གནས་སྟངས་རེད། འཚེ་བ་དེ་སྡུག་བསྔལ་གྱི་རྒྱུ་ཡིན་ན། སྡུག་བསྔལ་གྱི་རྒྱུ་འཚེ་བ་དེ་བཟློག་དགོས་པ་དང་སྤང་དགོས་ཀྱི་ཡོད། སྡུག་བསྔལ་གྱི་རྒྱུར་གྱུར་པའི་འཚེ་བ་དེ་སྤང་དགོས་ན་དེ་དང་འགལ་བའི་གཉེན་པོ་ཞིག་དགོས་ཀྱི་རེད། དེ་དང་ཕྱོགས་མཐུན་གྱིས་དེའི་གཉེན་པོ་བྱེད་མི་ཐུབ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར།། ཤིན་ཏུ་ཉེས་པ་ཚར་གཅོད་མིན།། ཞེས་གསུངས་པ་དེ་ཧ་ཅང་བདེན་པ་རེད། དཔེར་ན། བྱམས་པ་དང་སྙིང་རྗེ་ལ་ཇི་ཙམ་བསྒོམས་ཀྱང་། དེ་དག་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དང་འཛིན་སྟངས་མི་འགལ་བ་ཡིན་སྟབས། ཤིན་ཏུ་ཉེས་པའི་འབྱུང་གནས་ཀྱི་བདག་འཛིན་དེ་ཚར་གཅོད་བྱེད་མི་ཐུབ། ཐབས་ཀྱི་ཉམས་ལེན་ཇི་ཙམ་བྱེད་ནའང་། ཤེས་རབ་ཀྱིས་རྒྱབ་མ་འཁྱོག་ན། བསོད་ནམས་ཀྱི་ཚོགས་བསགས་པ་ཙམ་མ་གཏོགས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་མ་འགལ་བར་བརྟེན་སྤང་ཐུབ་ཀྱི་མེད། འཚེ་བ་སྤང་བ་ལ་འཚེ་བ་དང་འགལ་ཟླ་མེད་པ་ཙམ་དུ་མ་ཟད། དེ་དང་མཐུན་པའི་ལམ་ཞིག་ཉམས་སུ་ལེན་ན། སྡུག་བསྔལ་གྱི་རྒྱུ་དེ་ཡང་བསྐྱར་བརྟན་དུ་བཏང་བའམ་གཞི་རྒྱ་ཆེ་རུ་བཏང་བ་རེད་མ་གཏོགས། དེ་ལ་གང་ཡང་གནོད་ཀྱི་མེད། དེས་ན་ང་ཚོའི་མི་འདོད་པའི་སྡུག་བསྔལ་དེ་སྤང་ཐུབ་ཀྱི་མེད། གལ་ཏེ་འཚེ་བ་དེ་ང་ཚོའི་སྡུག་བསྔལ་གྱི་རྒྱུ་ཡིན་ན། དེའི་འགལ་ཟླ་འཚེ་བ་མེད་པ་དེ་ང་ཚོས་འཐབ་རྩོད་བྱེད་པའི་ལམ་གྱི་ཆ་ཤས་སུ་ངེས་པར་དུ་བླང་དགོས་པ་དང་། དེ་ལ་བརྟེན་ནས་འཚེ་བ་བཟློག་ཐུབ་པའི་ཡིད་ཆེས་གསར་པ་ཞིག་གཱཾནྡྷཱི་ལ་རྙེད་པ་ཡིན་སྟབས། འཚེ་བ་མེད་པའི་ལས་འགུལ་རྩོམ་པའི་ཐབས་ལམ་གསར་པ་དེ་བྱུང་བ་རེད། དངོས་གནས་བྱས་ན་ང་ཚོ་རབ་ཏུ་བྱུང་བ་དགེ་ཚུལ་ཞིག་ཡིན་ནའང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཉིན་མོ་ནས་གཤེ་ཡང་སླར་མི་གཤེ་བ། ཁྲོ་ཡང་སླར་མི་ཁྲོ་བ། བརྡེག་ཀྱང་སླར་མི་བརྡེག་པ། མཚང་འབྲུ་ཡང་སླར་མཚང་མི་འབྲུ་བ་ཞེས་པའི་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་པོ་ཁས་ལེན་བྱེད་དགོས་ཀྱི་ཡོད་ཀྱང་། ང་ཚོས་བསམ་བློ་ཞིབ་ཚགས་པོ་མ་གཏང་བར་ཁ་ནས་ལབ་བསྡད་པ་རེད། དགེ་སྦྱོང་གི་ཆོས་བཞི་པོ་རབ་ཏུ་བྱུང་བ་རྣམས་བློ་ཁོག་མེད་མཁན་དང་གང་ཡང་བྱེད་མི་ཐུབ་མཁན་བཟོ་རྒྱུའི་དོན་དུ་བཀའ་གནང་བ་མ་རེད། དངོས་གནས་རབ་ཏུ་བྱུང་བ་རྣམས་ཀྱི་བསམ་བློའི་ནང་འཚེ་བའི་ཁ་གཏད་དུ་འཚེ་བ་མེད་པ་བྱེད་ཐུབ་པའི་ནུས་པ་བསྐྲུན་པའི་ཆེད་དུ་སངས་རྒྱས་ཀྱིས་རབ་ཏུ་བྱུང་བའི་སྡེའི་ནང་ཉིན་མ་དང་པོར་ཞུགས་མ་ཐག་ནས་དགེ་སྦྱོང་གི་ཆོས་དེ་དག་ཉམས་ལེན་བྱེད་དགོས་པ་གསུངས་པ་དེ་ཏན་ཏན་རླབས་ཆེན་གྱི་གདམས་ངག་ཅིག་རེད། ཡིན་ནའང་དེ་ང་ཚོས་མ་ཤེས་པ་རེད། ང་ཚོས་མ་ཤེས་པ་དེ་ཡང་བསྐྱར་བདག་ཉིད་ཆེན་པོ་གཱཾནྡྷཱིས་བསྐྱར་དུ་སྲོལ་གཏོད་པ་རེད།
གཱཾནྡྷཱིས་ལས་འགུལ་གྱི་རྣམ་གཞག་གསུངས་པའི་སྐབས་སུ་སྒྲུབ་ཕྱོགས་ཀྱི་ལས་འགུལ་དང་། དགག་ཕྱོགས་ཀྱི་ལས་འགུལ་གཉིས་སུ་ཕྱེ་བ་རེད། སྒྲུབ་ཕྱོགས་ཀྱི་ལས་འགུལ་ནི་གལ་ཆེ་བ་དང་རྒྱུན་དུ་བྱེད་དགོས་པ། དེ་ལ་ཉམས་ཆག་ཕྱིན་པའམ། ཡང་ན་དེའི་ནང་མ་འདང་བ་བྱུང་ནབསྒྲུབ་བྱའི་རྩ་དོན་ལ་ཧ་ཅང་གནོད་སྐྱོན་ཆེན་པོ་འགྲོ་བར་གསུངས་པ་རེད། དགག་ཕྱོགས་ཀྱི་ལས་འགུལ་ནི་རྒྱུན་དུ་བྱེད་རྒྱུ་མིན་པར། དགོས་མཁོ་དང་དུས་ཚོད་ངེས་ཅན་ལ་གློ་བུར་དུ་བྱེད་རྒྱུ། དེ་ཡང་རྒྱུན་རིང་པོ་གནས་མི་དགོས་པ་ཞིག་ལ་ངོས་འཛིན་གནང་ཡོད། གལ་ཏེ་ལས་འགུལ་གྱི་རྣམ་གྲངས་ཡོངས་སུ་རྫོགས་པ་བསྡོམས་བརྒྱབ་ན། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང་། དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་གཉིས་ནང་ཕལ་ཆེར་བསྡུ་ཐུབ། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་ནི་ལས་འགུལ་ནང་ཞུགས་མཁན་གྱི་གང་ཟག་བྱེ་བྲག་པ་སོ་སོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་དེ་ཡར་རྒྱས་གཏང་རྒྱུའམ། ཡང་ན་གང་ཟག་དེའི་དཔལ་འབྱོར་གྱི་གནས་སྟངས་དང། ཆབ་སྲིད་ཀྱི་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་བཅས་ཚང་མའི་ཐོག་ནས་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་དང་། ཡར་རྒྱས་འགྲོ་རྒྱུ། རང་ཁ་རང་གསོ་ཐུབ་པ་ཡོང་རྒྱུར་དམིགས་ནས་གསུངས་པ་རེད། དེར་བརྟེན་སྒྲུབ་ཕྱོགས་ཀྱི་ལས་འགུལ་རྣམས་རྒྱ་གར་རང་དབང་གི་བསམ་བློ་ཡོད་མཁན་རྒྱ་གར་གྱི་ཡུལ་མི་ཞིག་ཡིན་ཕྱིན་ཆད་དུས་རྟག་ཏུ་བྱེད་དགོས་པའི་གནས་སྟངས་ཤིག་རེད། གཱཾནྡྷཱིས་སྒྲུབ་ཕྱོགས་ཀྱི་ལས་འགུལ་ལ་ཐོག་མར་བཅུ་བཞི་གསུངས་ཡོད། དེ་ནས་སྣོན་མ་བྱེད་ཀྱིན་མཐའ་མར་བཅོ་བརྒྱད་ཀྱི་རྣམ་གཞག་གསུངས་ཡོད། དེ་ཚོ་རེ་རེ་བཞིན་འདིར་བཤད་རྒྱུའི་གོ་སྐབས་མི་འདུག་ལ། དགོས་པའང་མི་འདུག ལར་ནས་ཚང་མ་བོད་པ་ལ་ཏག་ཏག་བསྡད་ཀྱི་མེད། དེའི་ནང་བོད་པ་ལ་འཚམས་པའང་ཡོད། དགག་ཕྱོགས་ཀྱི་ལས་འགུལ་ནི་རྔམས་སྟོན་ཁྲོམ་སྐོར་བྱེད་རྒྱུ་དང། དེ་བཞིན་མཐུན་འབྲེལ་མ་བྱེད་པར་བསྡད་རྒྱུ། བདེན་པའི་ཨུ་ཚུགས་ཐོག་ནས་རང་གི་མངོན་འདོད་བསྒྲུབ་རྒྱུའི་ཐབས་ཤེས་བྱེད་རྒྱུ་སོགས་རེད། དགག་ཕྱོགས་ཀྱི་ལས་འགུལ་དེ་ཚོ་བསྒྲུབ་ཐུབ་ན་འགྲིགས་པ་རེད། ཅི་སྟེ་བསྒྲུབ་མ་ཐུབ་ནའང་དེ་ཙམ་གྱི་སྐྱོན་མེད། འོན་ཀྱང་སྒྲུབ་ཕྱོགས་ཀྱི་ལས་འགུལ་རྣམས་བསྒྲུབ་མ་ཐུབ་ན་ཁྱོན་ཡོངས་ཀྱི་དམིགས་ཡུལ་ཞིག་ལ་དམིགས་པའི་ལས་འགུལ་དེ་ཉམས་འགྲོ་གི་ཡོད། དེར་བརྟེན་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ནས་སྒྲུབ་ཕྱོགས་ཀྱི་ལས་འགུལ་ལ་ཧ་ཅང་གལ་ཆེན་པོར་བརྩི་དགོས་པའི་གནས་སྟངས་དེ་རེད། ལོ་སྔོན་མའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཁྲུངས་ཚེས་ཀྱི་ཉིན་མོར་བཀའ་ཤག་གི་གཏམ་བཤད་ནང་བོད་པའི་སྤྱི་ཚོགས་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་དགོས་པ་དང་། སྒྲུབ་ཕྱོགས་ལས་འགུལ་གྱི་དཔེ་མཚོན་གྱི་ལས་རིགས་རྣམ་པ་བཅིུག་ཙམ་ཞུས་ཡོད། འདི་ལོ་བསྐྱར་དུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་བརྒྱུད་ནས་གཙོ་ཆེ་བ་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཐོག་རྩལ་དུ་བཏོན་དགོས་ཀྱི་འདུག དེའི་ཐོག་རྩལ་དུ་བཏོན་རོགས་གནང་ཞེས་སྔ་རྗེས་ཞུས་དགོས་པའི་རྒྱུ་མཚན་དེ་རེད།
སྤྱིར་བཏང་བོད་པའི་སྤྱི་ཚོགས་དང་། ལྷག་པར་དུ་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ལོ་འཁོར་ཟླ་བ་བཅུ་གཉིས་ཡོངས་རྫོགས་ཁྲོམ་སྐོར་དང་། ཟས་བཅད། སྐད་འབོད་སོགས་བྱེད་རྒྱུ་དེས་ཁྱོལ་མི་ཐུབ། གལ་ཏེ་ཁྱོལ་ནའང་གྲུབ་འབྲས་གང་ཡང་འཐོན་རྒྱུ་མེད། རིམ་པས་མི་ཚང་མ་སུན་སྣང་བྱེད་རྒྱུ་དང་། ལས་འགུལ་དེའི་ནུས་པ་ཉམས་རྒྱུའི་གཞི་རྩ་མ་གཏོགས་མེད། གལ་ཏེ་དུས་ཚོད་བྱེ་བྲག་པ་རེ་ཟུང་ལ་དེ་འདྲ་བྱེད་ན་ཕན་ཐོགས་ཡོང་བ་དང་། རྒྱལ་སྤྱིའི་མང་ཚོགས་ཀྱི་དོ་སྣང་དྲང་ཐུབ་པ། དེ་ལ་བརྟེན་ནས་བསམ་བློའི་གནོན་ཤུགས་ལྟ་བུ་བཟོ་ཐུབ་པའི་གོ་སྐབས་ཡོང་སྲིད། དེ་མིན་མང་ཆེ་བས་སོ་སོས་དཀའ་ལས་བརྒྱབས་པ་ཡིན། སྐད་འབོད་བྱས་པ་ཡིན། གོམས་བགྲོད་ལ་ཕྱིན་པ་ཡིན་བསམ་པའི་ཚོར་བ་ཞིག་ཡོང་མདོག་ཁ་པོ་རེད་མ་གཏོགས། ཟླ་ཤས་རྗེས་ཕྱི་བལྟས་ལོག་ནས་དེའི་གྲུབ་འབྲས་ལ་བལྟས་ན་ཧ་ཅང་ཉུང་ཉུང་ཡིན་པ་གཞི་ནས་ཤེས་ཐུབ་ཀྱི་རེད།
གཱཾནྡྷཱིའི་ལས་འགུལ་སྤེལ་སྟངས་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀའི་ནང་འཚེ་མེད་ཞི་བའི་བསམ་པ་དེ་མ་ཉམས་པར་ཡང་དག་པ་ཞིག་ཡོད་ན་ལུས་ངག་གི་རྣམ་འགྱུར་ཐོག་འཚེ་བ་མེད་པ་རྐྱང་པ་མ་གཏོགས། འཚེ་བའི་རྣམ་པ་ཁྱོན་ནས་མི་འཐོན་པ་ཡོང་གི་རེད། སྤྱིར་བཏང་ལས་འགུལ་དེ་ཚོའི་ནང་འཚེ་བ་མེད་པར་གནས་ཐུབ་པ་ཧ་ཅང་ཁག་པོ་རེད། ཉེན་ཁ་ཆེ་ཤོས་ནི་དགག་ཕྱོགས་ཀྱི་ལས་འགུལ་བརྩམ་པའི་སྐབས་སུ་རེད། སྒྲུབ་ཕྱོགས་ཀྱི་ལས་འགུལ་རྩོམ་པའི་སྐབས་སུ་འཚེ་བ་མེད་པའི་བསམ་བློ་བརླག་རྒྱུའི་ཉེན་ཁ་ཆུང་བ་རེད། དགག་ཕྱོགས་ཀྱི་ལས་འགུལ་ནང་གདོང་ཐུག་དང་། རྔམ་སྟོན། སྐད་འབོད་སོགས་ཀྱི་སྐབས་སུ་འཚེ་བ་མེད་པའི་བསམ་པའི་ཚབ་ཏུ་ཁོང་ཁྲོ་དང་ཞེ་སྡང་གི་དབང་དུ་སོང་ནས་ལུས་ངག་གི་རྣམ་རིག་ཕལ་ཆེ་བ་འཚེ་བའི་རྣམ་འགྱུར་ལ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་གཱཾནྡྷཱིས་གཏིང་ཟབ་པོས་གཟིགས་པ་རེད། དེར་བརྟེན་གཱཾནྡྷཱིའི་སྐུ་ཚེའི་ནང་དགག་ཕྱོགས་ཀྱི་ལས་འགུལ་ཆེན་པོ་ཧ་ལམ་ཐེངས་ལྔ་ཙམ་ནུས་པ་ཆེན་པོ་ཐོན་པའི་སྐབས་སུ་གློ་བུར་དུ་མཚམས་འཇོག་གནང་སྟེ་མི་ཚང་མ་ཧ་ལས་དགོས་པ་བཟོས་ཡོད། དེ་ལ་གཞན་གྱིས་བལྟས་ན་ཨིན་ཇིའི་དབང་འཛིན་པ་ལ་ཁེ་བཟང་ཆེན་པོ་ཐོབ་པའི་བཟོ་འདྲ་ཞིག་ཡོད་ཀྱང་། གཙོ་བོ་མཚམས་འཇོག་གནང་དགོས་དོན་ནི་ལས་འགུལ་ནང་ཞུགས་མཁན་རྣམས་འཚེ་བ་མེད་པའི་བསམ་པས་མ་འདང་བ་དང་། འཚེ་བ་མེད་པའི་བསམ་པ་ཉམས་འགྲོ་གི་ཡོད་པ་དེའི་དབང་གིས་ལུས་ངག་གི་རྣམ་རིག་ནང་འཚེ་བ་ཐོན་པ་ལ་བརྟེན་ནས་རེད། ང་ཚོ་ཚང་མས་ཀྱང་འཚེ་མེད་ཞི་བའི་ལས་འགུལ་ཡིན་ཞེས་བརྗོད་ཀྱང་། ལུས་ངག་གི་རྣམ་རིག་རྣམས་འཚེ་མེད་ཞི་བ་ཡིན་མིན་ཞིབ་ཚགས་པོས་གཟིགས་ན་མཁྱེན་ཐུབ།
ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༣ ནས་བཟུང་ས་ཕྱོགས་གང་སར་དགག་ཕྱོགས་ལས་འགུལ་གྱི་དུས་ཚོད་ལྟ་བུ་ཤར་བ་རེད། དེའི་སྐབས་སུ་བོད་མི་མང་ཚོགས་ཀྱིས་ག་རེ་བྱེད་ཀྱི་ཡོད་རེད། ག་རེ་བྱེད་ཀྱི་ཡོད་མ་རེད་ཅེས་པ་དེ་གནད་འགག་ཆེན་པོ་མ་རེད། འོན་ཀྱང་སངས་རྒྱས་ཀྱི་ན་བཟའ་མཆོད། ཚུལ་ཁྲིམས་ཀྱི་སྐེད་རགས་བཅིངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་ལས་འགུལ་ནང་ཞུགས་དུས་ལུས་ངག་གི་རྣམ་རིག་གང་འདྲ་ཞིག་ཐོན་གྱི་ཡོད་རེད། ལུས་ངག་གི་རྣམ་རིག་དེ་དངོས་གནས་འཚེ་མེད་ཞི་བའི་ལམ་གྱི་ལས་འགུལ་དང་མཐུན་པ་ཆགས་ཀྱི་ཡོད་མེད་གཟིགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ལོ་གཅིག་མ་ཟིན་ཙམ་གྱི་གོང་དུ་མ་ཡན་མར་ (Myanmar) ནང་ནང་པའི་རབ་བྱུང་ཚོས་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་བ་རེད། དེ་ཚོའི་འདྲ་པར་རྣམས་ཁྱེད་ཚོས་གཟིགས་ཡོད་མདོག་ཁ་པོ་རེད། སྐབས་དེར་དངོས་གནས་དགེ་སློང་ཚོས་དམ་ཆོས་འདུལ་བའི་དགོངས་དོན་དང་ནམ་ཡང་མ་འགལ་བར་ཆོས་བཞིན་འདུལ་བ་བཞིན་གནང་ནས་ཆབ་སྲིད་ཀྱི་རྣམ་འགྱུར་བསྟན་ཡོད། དེ་བཞིན་དུ་ང་ཚོའི་བོད་པའི་རབ་བྱུང་ཚོས་བསྟན་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་འདུག སྐབས་དེར་དྷརྨཤཱལཱར་ཡང་ཆོས་གོས་ཚུལ་བཞིན་མཆོད་དེ་ཞི་ཞིང་དུལ་བའི་ཐོག་ནས་འཚེ་བ་དང་མ་འབྲེལ་བའི་འབོད་ཚིག་གསུངས་ནས་ཕེབས་མཁན་བྱུང་འདུག དིལླཱིར་ཡང་དེ་ལྟ་བུའི་གནས་ཚུལ་ཡག་པོ་ཁ་ཤས་བྱུང་འདུག དེ་མིན་ང་ཚོའི་རབ་བྱུང་མང་པོ་ཞིག་གིས་གྲྭ་ཆས་མཆོད་བཞིན་དུ་གདོང་ལ་ཚོན་བཏང་ནས་འདྲ་མིན་བཟོ་རྒྱུ་དང་། གཤམ་ཐབ་བརྫེས་ནས་རྐང་པ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དཀྲིས་པ་སོགས་མཐོང་རྒྱུ་འདུག དེ་བཞིན་སྐད་འབོད་རྒྱག་སྟངས་ཀྱང་ཁྱིམ་པ་ཕལ་པ་དང་དབྱེ་བ་མེད་པར། དྲག་ཤུལ་དང་། འཇིགས་རུང་། རྔམ་སྟོན་ཤ་སྟག་གི་ངང་ནས་ཚིག་གང་རྩུབ་རྩུབ་དང་། ལུས་ངག་གི་རྣམ་འགྱུར་དྲག་ཤུལ་གང་ཆེ་ཆེ་སོགས་དེ་འདྲའི་དབང་གིས་འགྲོ་མཁན་བྱུང་ན། དངོས་སུ་བོད་ཀྱི་རྩ་དོན་ལ་ག་རེ་ཕན་ཡོད་མིན་ཧ་ཅང་བརྗོད་ཁག་པོ་རེད། ལར་ནས་བོད་ཀྱི་རྩ་དོན་ངོ་མ་ནི་སངས་རྒྱས་ཀྱི་བསྟན་པའམ་ནང་པའི་ཆོས་ལུགས་དེ་རེད། དེ་ལ་རབ་ཏུ་བྱུང་བ་ཞིག་གིས་དེ་འདྲ་བྱས་ན་ཧ་ཅང་ཤུགས་ཆེན་པོས་གནོད་ཀྱི་རེད། ངུར་སྨྲིག་ཆོས་གོས་ཟུང་དག་གིས།། རབ་བྱུང་རྣམས་ཀྱི་ལུས་མཛེས་ཀྱིས།། རབ་བྱུང་ཁྱིམ་པའི་རྟགས་འཆང་བ།། བསྟན་པ་འཇིག་པའི་བརྟུལ་ཞུགས་ལགས།། ཞེས་བསྟན་པ་འཇིག་པའི་བརྟུལ་ཞུགས་ངོ་མ་དེ་རེད། རྒྱ་ནག་དབང་འཛིན་པ་ལ་ང་ཚོས་གནོད་པ་བྱས་ཐུབ་ཡོད་མེད་གང་ཡང་ཤེས་ཀྱི་མེད་ཀྱང་། སོ་སོའི་དམ་ཆོས་འདུལ་བའི་བསྟན་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཐག་ཆོད་ཅིག་བྱུང་ཡོད། ཕྱི་མི་ལྟ་མཁན་ཚོས་ཁོང་ཚོས་གོས་དམར་པོ་སེར་པོ་གྱོན་པ་མ་གཏོགས། སྤྱིར་བཏང་ལུས་ངག་ཡིད་གསུམ་གྱི་གནས་བབ་དེ་སྐྱེས་བུ་ཕལ་པ་དང་ཁྱད་པར་མི་འདུག་སྙམ་པ་ཡོང་ན་ཁྱིམ་པ་སུན་འབྱིན་གྱི་ལས་ཀྱང་མཉམ་དུ་བསགས་པ་རེད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཚབས་ཆེན་པོ་བཟོ་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད།
སྤྱི་བཏང་སངས་རྒྱས་ཀྱི་བསྟན་པ་ནི་དགོན་པ་དང་། འདུ་ཁང་། མཆོད་རྫས། སྐུ་གསུང་ཐུགས་རྟེན་ཁྲ་ཁྲ་ཟིང་ཟིང་ཐོག་ལ་གནས་མེད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་ཁོ་ན་ཞེས་པའི་ཚིག་དེ་སློབ་དཔོན་དབྱིག་གཉེན་གྱིས་ཚིག་གི་རྐང་པ་མ་ཚང་ནས་བརྒྱབས་པ་ཞིག་མིན། ཚིག་གི་རྐང་པ་མ་ཚང་ན་བརྒྱབ་རྒྱུའི་ཚིག་གཞན་པ་མང་པོ་ཡོད་རེད། དེར་བརྟེན་མ་འོངས་པ་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལས་གཞན་པའི་ཁྲ་ཁྲ་ཟིང་ཟིང་བྱེད་རྒྱུ་དེ་བསྟན་པའི་བྱ་བ་ཡིན་ཞེས་བརྗོད་མཁན་ཡོང་གི་རེད་དགོངས་ནས་ཁོ་ན་ཞེས་པའི་གཞན་གཅོད་པའི་ཚིག་དེ་བེད་སྤྱོད་གནང་བ་རེད། སངས་རྒྱས་ཀྱི་བསྟན་པ་ནི་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་ཐོག་ནས་འཛིན་པ་མ་གཏོགས། དེ་ལས་གཞན་པའི་འཛིན་སྟངས་ཤིག་མེད། དེས་ན་བསྟན་པ་ཟེར་བ་དེ་རང་གི་རྒྱུད་ལ་ཡོད་པའི་ལུང་གི་ཆོས་དང་། དེས་དྲངས་པའི་རྟོགས་པའི་ཡོན་ཏན་དེ་རེད། རང་རྒྱུད་ལ་རྟོགས་པའི་ཡོན་ཏན་ཡོད་མེད་ནི་གང་ཟག་གིས་གང་ཟག་ཚོད་མི་བཟུང་བས་སོ་སོས་ཐག་གཅོད་རྒྱུ་རེད། ལུང་གི་ཆོས་ཁ་ཤས་ཚང་མའི་རྒྱུད་ལ་ཡོད་སྲིད། དེ་ལྟ་བུའི་ལུང་གི་ཆོས་དང་དེས་དྲངས་པའི་རྟོགས་པའི་ཡོན་ཏན་ནི་རྒྱ་མི་སོགས་སུས་ཀྱང་འཕྲོག་མི་ཐུབ། གལ་ཏེ་རྒྱ་མིས་དེ་འདྲའི་གྲྭ་པ་ཞིག་བསད་པ་ཡིན་ནའང་། གྲྭ་པ་ཞིག་ཤི་བ་རེད་མ་གཏོགས། གྲྭ་པ་དེའི་རྒྱུད་ལ་ཡོད་པའི་ལུང་རྟོགས་ཀྱི་བསྟན་པ་དེ་ཤི་བ་མ་རེད། དེའི་ལུང་རྟོགས་ཀྱི་བསྟན་པ་དེ་བསྡད་ཀྱི་རེད། དེར་བརྟེན་སོ་སོའི་རྒྱུད་ལ་ཡོད་པའི་ལུང་རྟོགས་ཀྱི་བསྟན་པ་དེ་སྲུང་ཐབས་མ་བྱས་པར། དེ་ལ་གནོད་རྒྱུའི་བྱ་སྤྱོད་དམ་ལས་འགུལ་སྤེལ་ན། དེ་ནི་རྒྱ་མི་གུང་བྲན་ལ་དགོས་རྒྱུ་དེ་བྱུང་བ་རེད་དམ། ཡང་ན་ང་ཚོ་ལ་དགོས་རྒྱུ་དེ་བྱུང་བ་རེད། ཕུགས་འབྲས་དེ་འདྲ་བྱས་ནས་བལྟ་དགོས། དཔེར་ན། རབ་ཏུ་བྱུང་བ་ཞིག་རྔམས་སྟོན་ཁྲོམ་སྐོར་དུ་ཕྱིན་ནས་རྔུལ་ནག་འཆིར་འཚིར་དང་སྐད་འགགས་ནས་ཚུར་ལོག་ནས། དེའི་དགོང་མོར་དགེ་བཤེས་འབེན་གུང་རྒྱལ་བཞིན་རང་གི་རྒྱུད་ལ་འདི་ལྟར་ཞུ་དག་ཅིག་གནང་དང་། དེ་རིང་ཉིན་གཅིག་རྔམ་སྟོན་ཁྲོམ་སྐོར་དུ་ཕྱིན་པ་དེས་བོད་མི་ལ་ག་ཚོད་ཕན་འདུག ང་ཚོར་དབང་བསྒྱུར་བྱེད་མཁན་རྒྱ་མི་ལ་ག་ཚོད་གནོད་འདུག རང་གི་རྒྱུད་ལ་ཡོད་པའི་ལུང་རྟོགས་ཀྱི་བསྟན་པ་དེ་ག་ཚོད་ཡར་རྒྱས་ཕྱིན་འདུག ག་ཚོད་ཉམ་དམས་ཕྱིན་འདུག དེ་ཚོ་ཆ་ཆང་རྩིས་བརྒྱབ་ན་གཞི་ནས་ཧ་གོ་རྒྱུ་རེད་མ་གཏོགས། གདོང་ལ་ཁྲ་ཁྲ་ཟིང་ཟིང་གི་ཚོན་བཏང་བའི་འདྲ་པར་ཡ་མཚན་པོ་དེ་ཚོ་གསར་ཤོག་ནང་ཐོན་པ་ཙམ་གྱིས་ཧ་ཅང་གྲུབ་འབྲས་ཐོན་ཡོད་བསམས་ན། དེ་ནི་ཧ་ཅང་གི་གོ་བ་ལོག་སྒྲུབ་རེད། དེར་བརྟེན་ཉེ་ཆར་གནས་ཚུལ་མང་པོ་བྱུང་བའི་སྐབས་སུ་ང་ཚོ་བཀའ་བློན་ཚོ་ལས་བགོས་ཀྱིས་ས་གནས་གང་སར་དྲིལ་བསྒྲགས་ཆེད་ཕེབས་པ་རེད། དེའི་སྐབས་སུ་རབ་བྱུང་ཚོ་ལས་འགུལ་ནང་ཞུགས་སྟངས་དེ་ཁྱིམ་པ་ཕལ་པ་ལྟ་བུ་བྱེད་ན་འགྲིགས་ཀྱི་མི་འདུག་ཅེས་ཧ་ཅང་གསལ་པོ་དང་དོ་ནན་པོས་བརྗོད་དགོས་པ་དང་། དེའི་རྗེས་སུ་ཡང་བསྐྱར་ཆོས་རིག་ལས་ཁུངས་ཀྱིས་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་དགོན་པ་ཡོད་ཚད་ལ་ཡི་གེ་རིང་པོ་ཞིག་བཏང་ཡོད། དེའི་ནང་རབ་ཏུ་བྱུང་བ་ཚོས་ལས་འགུལ་ནང་ཞུགས་པའི་སྐབས་སུ་འོས་པ་དང་མ་འོས་པ་རྣམས་འཁོད་ཡོད། སྤྱིར་བཏང་རབ་ཏུ་བྱུང་བ་རྣམས་ལ་རྟོག་དཔྱོད་དེ་ཧ་ཅང་དཀོན་པོ་རེད། ལྷག་པ་རྒྱག་ཕྱོགས་ཐོག་ནས་ཕྱིན་པ་མང་པོ་ཡོང་གི་ཡོད་འདུག བཀའ་བློན་ཚོ་ཕེབས་པའི་སྐབས་སུའང་རབ་བྱུང་ཁ་ཤས་ཀྱིས་སྐད་འབོད་རྒྱག་ཏུ་མ་ཕྱིན་ན་མི་མང་གིས་གྲྭ་པ་དེ་ཚོ་ཡོང་གི་མི་འདུག ཁོང་ཚོ་བཟས་ནས་ཉལ་བསྡད་ཀྱི་འདུག་ཅེས་མང་པོ་བཤད་ཀྱི་འདུག་ཅེས་ཞུས་འདུག སྤྱིར་བཟས་ནས་ཉལ་བསྡད་ན་མ་འགྲིགས་པ་རེད། དེ་མིན་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་བྱ་བ་ཞིག་གནང་ཡོད་ན་རབ་བྱུང་གི་བྱ་བ་དེ་རང་རེད། སངས་རྒྱས་ཀྱིས་རབ་ཏུ་བྱུང་བའི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ།། ཞེས་ཐག་བཅད་ནས་གསུངས་ཡོད། དེ་མ་གཏོགས་གསུམ་པ་ཞིག་ཡོད་པ་སངས་རྒྱས་ཀྱིས་རྩ་བ་ནས་གསུངས་མེད། ཡིན་ནའང་བོད་ནང་འཁོར་ལོ་གསུམ་གྱི་སྐད་ཆ་ཞིག་ཡོད། མདོ་དང་རྒྱ་གཞུང་ནང་འཁོར་ལོ་གཉིས་མ་གཏོགས་འཁོར་ལོ་གསུམ་པ་ཞིག་གསུངས་པ་ངས་ད་ལྟའི་བར་མཇལ་མ་སོང་། ལར་ནས་འཁོར་ལོ་གསུམ་པ་ཞིག་ཡོད་དབང་དུ་བཏང་ནའང་གལ་ཆེ་བ་གང་ཡང་མིན། དེ་ནི་ཕུན་སུམ་ཚོགས་པའི་ཡན་ལག་རེད། བྱུང་ན་ཡག་པོ་རེད། མ་བྱུང་ནའང་དེའི་དབང་གིས་བསྟན་པ་ཉམས་རྒྱུ་གང་ཡང་མེད། ད་ལྟ་རྔམས་སྟོན་ཁྲོམ་སྐོར་ལ་འགྲོ་རྒྱུའི་རིགས་རྣམས་བྱ་བ་ལས་ཀྱི་འཁོར་ལོའི་ནང་དུའང་གཏོགས་ཀྱི་མ་རེད། དེ་ནི་ཆོས་ལྡན་གྱི་བྱ་བ་ཡིན་པའང་ཁག་པོ་རེད། འདས་ལོ་མི་མང་སྒེར་ལངས་སྐབས་ལས་འགུལ་ཆེན་པོ་ཞིག་དིལླཱི་ལ་བརྩམས་པ་རེད། དེ་དུས་སེ་ར་ནས་གྲྭ་པ་ངོ་ཤེས་པ་ཞིག་གིས་ང་ལ་ཁ་པར་བཏང་སྟེ། དིལླཱིར་མི་མང་གི་ལས་འགུལ་ཆེན་པོ་ཞིག་ཡོད་པ་དེར་འགྲོ་དགོས་རེད་ཟེར་གྱི་འདུག་ཅེས་བཤད་སོང་། ངས་དེར་འགྲོ་ནས་ག་རེ་བྱེད་རྒྱུ་རེད་ཅེས་བརྗོད་པར། ཁོང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར་གྱི་འདུག་ཅེས་བཤད་བྱུང་། གང་ལྟར་ལས་འགུལ་རྩོམ་མཁན་དང་མགོ་ཁྲིད་མཁན་རྣམས་དབུ་མའི་ལམ་གྱི་ཁ་ཕྱོགས་ཡུལ་ཕྱོགས་ལའང་ཡོད་མ་རེད། ཡིན་ནའང་འགྲོ་མཁན་དེ་དག་གི་བསམ་བློའི་ནང་དེ་འདྲ་བྱས་ནས་འགྲོ་གི་ཡོད་པ་རེད། ཁ་སང་ཟས་བཅད་ངོ་རྒོལ་ནང་ཡོད་པའི་མི་གཅིག་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་དང་བགྲོ་གླེང་བྱེད་ཀྱི་འདུག ཁོང་ཚོའི་ལས་འགུལ་མགོ་ཁྲིད་མཁན་ཚོའི་ལས་དོན་གྱི་དམིགས་ཡུལ་དང་། ཟས་བཅད་ནང་བསྡད་མཁན་གྱི་གང་ཟག་གི་དམིགས་ཡུལ་གཉིས་རྦད་དེ་ཐ་དད་རེད་འདུག ཁྱེད་ཚོ་མང་པོས་གསན་ཡོད་ཀྱི་རེད། དེས་ན་ཆ་ཚང་ལྷག་པ་རྒྱག་ཕྱོགས་ལ་ཕྱིན་པ་མ་གཏོགས། རང་གི་བསམ་བློས་བརྟག་དཔྱད་བྱས་ནས་བྱུང་བ་མེད། ལྷག་པར་དུ་རབ་ཏུ་བྱུང་བ་ཞིག་ཡིན་པའི་དབང་གིས་རབ་ཏུ་བྱུང་བའི་བྱ་བ་ཞིག་ཡིན་མིན་སྔོན་ལ་བསམ་བློ་གཏོང་དགོས་ཤིང་། ཆོས་དང་འདུལ་བ་དང་འགལ་ན་གནད་འགག་གང་ཡང་མེད་པ་དང་། མི་ཁག་ཅིག་གིས་བཟས་ནས་ཉལ་བསྡད་ཀྱི་འདུག་ཅེས་བཤད་པ་ལ་ཧ་ཅང་གནད་འགག་ཡོད་པར་བརྩི་ན། བཀའ་གདམས་གོང་མ་ཚོའི་གསུང་ཞིག་ཡོད་པ་དེ་དང་གཅིག་པ་ཆགས་པ་རེད། དེ་ཡང་དེང་སང་ཆོས་པར་རློམ་པ་ཚོས་སངས་རྒྱས་ཀྱི་བཀའ་ལ་མོ་མ་ཞིག་གི་ངག་ལས་ཀྱང་གལ་གནད་ཆུང་བ་བརྩིས་ཀྱི་འདུག་ཅེས་གསུངས་ཡོད། གང་ལྟར་མོ་རྒྱག་མཁན་གྱི་སྐད་ཆ་ལས་སངས་རྒྱས་ཀྱི་གསུང་གལ་ཆུང་བར་བརྩི་བ་རེད། དེ་ནི་བདེན་པ་རེད། དཔེར་ན་མོ་རྒྱག་མཁན་ཞིག་གིས་འདི་ལོ་ཁྱེད་རང་ལ་འཚུབ་པོ་འདུག ངེས་པར་དུ་བརྒྱད་སྟོང་པ་སོགས་ཀློག་དགོས་འདུག་ཟེར་ན་གཟབ་གཟབ་བྱས་ནས་ཀློག་གི་རེད། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་སྟབས། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀློག་པ་ཐོས་བསམ་བྱེད་དགོས་རེད་བསམས་ནས་བརྒྱད་སྟོང་པ་སོགས་ཀློག་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་མོ་མ་དེ་སངས་རྒྱས་ལས་རྩ་ཆེ་བ་བྱུང་བ་རེད། དེང་སང་ལས་འགུལ་གྱི་མགོ་ཁྲིད་དེ་ཚོ་སངས་རྒྱས་ལས་རྩ་ཆེ་བ་མི་ཕལ་པ་ཚོས་བརྩི་ན་དེ་ཙམ་གནད་འགག་མེད་ཀྱང་། རབ་ཏུ་བྱུང་བ་ཚོས་བརྩི་ན་ཧ་ཅང་ཡ་མཚན་པོ་རེད།
རབ་ཏུ་བྱུང་བ་ཚོ་ཆབ་སྲིད་ཀྱི་བྱ་བའི་ནང་ཞུགས་མི་ཆོག་ཅེས་བརྗོད་ཀྱི་མེད། རབ་ཏུ་བྱུང་བ་ཚོ་ཡུལ་མི་ཞིག་ཡིན་པ་དང་སྤྱི་ཚོགས་ཤིག་ནང་བསྡད་པ་ཡིན་སྟབས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་ཐོག་མཉམ་ཞུགས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། འོན་ཀྱང་རབ་ཏུ་བྱུང་བ་ཚོས་ཆོས་དང་མི་འགལ་བ་དང་། འདུལ་བ་དང་མི་འགལ་བ། དགེ་འདུན་གྱི་ནང་ཁྲིམས་དང་མི་འགལ་བ་བཅས་ཀྱི་ཐོག་ནས་མཉམ་ཞུགས་བྱེད་དགོས་མ་གཏོགས། ལས་འགུལ་རེད་ཟེར་བའི་སྐབས་སུ་འདུལ་བ་ཡང་ཟུར་དུ་བཞག་ཆོག་ཆོག་དང་། མངོན་པ་དང་མདོ་སྡེ་ཡང་ཟུར་དུ་བཞག་ཆོག་ཆོག དགོན་པ་སོ་སོའི་ནང་ཁྲིམས་ཀྱང་ཟུར་དུ་བཞག་ཆོག་ཆོག་བཅས་བྱེད་ན་ང་ཚོའི་རྩ་དོན་དང་འགལ་འགྲོ་གི་ཡོད། རྩ་དོན་དེ་གང་རེད་ཅེ་ན། ༧གོང་ས་༧སྐྱབས་མགོན་ཆེན་པོས་རྟག་ཏུ་གསུངས་པ་བཞིན་ང་ཚོ་བོད་པའི་འཐབ་རྩོད་ནི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འཐབ་རྩོད་མིན་པར། བོད་ཀྱི་ཆོས་དང་རིག་གཞུང་དང་། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་དུ་ཡིན་པ་དེ་ནི་དངོས་གནས་རྩ་དོན་དེ་རེད། རྒྱ་མིས་དགོན་པ་མེད་པ་བཟོས་པ་དང་། སྐུ་གསུང་ཐུགས་རྟེན་གཏོར་བ་སོགས་བྱས་ཀྱང་། ང་ཚོའི་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་འཕྲོག་ཐུབ་མེད། ང་ཚོའི་རྒྱུད་ལ་ཡོད་པའི་ལུང་དང་རྟོགས་པའི་བསྟན་པ་དེ་སོ་སོས་མེད་པ་མ་བཟོས་ན་རྒྱ་མིས་བཟོ་ཐུབ་ཐབས་མེད། རིག་གནས་གསར་བརྗེའི་སྐབས་སུའང་བཟོས་ཐུབ་མེད་ལ། ད་ལྟའང་བཟོ་ཐུབ་ཐབས་མེད། དེར་བརྟེན་ང་ཚོས་སོ་སོའི་རྒྱུད་ཀྱི་བསྟན་པ་བསྲུང་རྒྱུ་དེ་གོམ་རིམ་དང་པོ་དེ་རེད་བསམ་གྱི་ཡོད། བཀའ་གདམས་པ་གོང་མ་ཚོས་སྤྱིའི་བསྟན་པ་འུ་ཅག་ལ་མི་འཇུག འུ་ཅག་གི་བསྟན་པ་སྒོས་ནུབ་ཏུ་མ་སོང་བ་ཞིག་དགོས་ཞེས་གསུངས་འདུག་པ་དེ་ཧ་ཅང་རྩ་ཆེན་པོ་རེད། སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་དར་ཡོད་ནའང་ང་ཚོའི་རྒྱུད་ལ་ལམ་སེང་ཁྱད་པར་འགྲོ་གི་མ་རེད། སྤྱིའི་བསྟན་པ་དེ་འུ་ཅག་ལ་མི་འཇུག་པ་ཡིན་སྟབས། བསྟན་པ་དར་ཡོད་ནའང་སོ་སོ་བསྟན་པ་ལ་མ་ཞུགས་ན། སྐལ་བ་ཆད་པ་རེད། དེས་ན་ང་ཚོས་བྱེད་ཐུབ་པ་དེ་རང་གི་རྒྱུད་ལ་ཡོད་པའི་ལུང་རྟོགས་ཀྱི་བསྟན་པ་ཉར་ཚགས་བྱེད་རྒྱུ་དེ་རེད། དེ་ཡག་པོ་ཞིག་བྱེད་མ་ཐུབ་ན་བོད་ཀྱི་ལས་འགན་ཆེན་པོ་ཞིག་མ་འགྲུབ་པ་རེད་བསམ་གྱི་ཡོད། གང་ལྟར་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱིས་ཀུན་ནས་བསླངས་ཏེ་འོས་ཤིང་འཚམས་པའི་ལུས་ངག་གི་རྣམ་རིག་ཐོག་ནས་དེང་རབས་ཀྱི་ལས་འགུལ་ནང་བླང་དོར་མ་ནོར་བར་ཞུགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ལས་འགུལ་སྤེལ་ཚུལ་རྣམས་བདག་ཉིད་ཆེན་པོ་གཱཾདྡྷཱིའི་གསུང་ལས་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་རེད། དེའི་ནང་ནས་ང་ཚོ་རབ་ཏུ་བྱུང་བ་ཚོས་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ནས་སྒྲུབ་ཕྱོགས་ཀྱི་ལས་འགུལ་ནང་ཤུགས་ཆེ་བ་ཞུགས་དགོས་ཀྱི་རེད། ངས་འདིར་མཚམས་གཞག་རྒྱུ་ཡིན། དུས་ཚོད་མང་པོ་ལྷག་མི་འདུག ད་ལྟ་སྐར་མ་༤༠ ཙམ་འདུག དེའི་རིང་ད་ལྟའི་བརྗོད་གཞི་དང་འབྲེལ་བ་ཡོད་པའམ། ཡང་ན་བཀའ་འདྲི་གནང་རྒྱུ་གལ་ཆེན་པོ་ཡོད་ན་བརྗོད་གཞི་དང་ཐད་ཀར་འབྲེལ་བ་མེད་ནའང་འགྲིགས། ཐུགས་རྗེ་ཆེ།
དྲི་བ། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། སྤྱིར་བཏང་རིན་པོ་ཆེས་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ཟབ་ཅིང་རྒྱས་པ་བཀའ་གནང་སོང་། ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རིན་པོ་ཆེས་སྔོན་ལ་འཚེ་བ་མེད་པའི་ཐོག་ལ་ཁྱབ་ཆེ་ཆུང་གཉིས་བཀའ་གནང་སོང་། གཅིག་དེ་སྙིང་རྗེས་ཀུན་ནས་བསླངས་ཏེ་ལས་བྱེད་པ་དེ་དག་ལ་འཚེ་བ་མེད་པ་དང་། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་དུ་བླངས་ཏེ་ངས་བྱེད་ཀྱི་ཡིན་ཟེར་བ་དེའི་ཐོག་ནས་སྒོ་གསུམ་གྱི་ལས་འགུལ་ཚང་མ་འཚེ་བ་མེད་པ་ཡང་དག་པར་ངོས་འཛིན་གནང་ནས་བཀའ་གནང་སོང་། དེ་འདྲ་ཡིན་དུས་དེའི་རྗེས་སུ་ཡང་རིན་པོ་མཆོག་གི་བཀའ་གནང་ཕྱོགས་གཅིག་ལ། བདག་ཉིད་ཆེན་པོ་གཱཾདྡྷཱིའི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་སྙིང་རྗེ་འབྲེལ་ནས་གཅིག་གསུངས་སོང་། དེས་ན་གཱཾདྡྷཱིའི་རང་གི་ཐུགས་རྒྱུད་ལ་སྙིང་རྗེའི་ཀུན་སློང་དེ་ཡོད་དམ་ཞེས་པའི་དྲི་བ་གཅིག་དང་།
དྲི་བ་གཉིས་པ་ནི་དབུ་མའི་ལམ་ཟེར་བ་དེ་ང་རང་ཚོའི་གཞུང་ལུགས་ནང་ལ་ཡོད་པ་ཞིག་རེད། ཡིན་ནའང་སངས་རྒྱས་མ་ཕེབས་སྔོན་ལ་དབུ་མ་ཟེར་བ་དེ་བྱུང་ཡོད་པ་གསུངས་སོང་། ང་ཚོའི་དབུ་མ་ལ་དབྱེ་བ་ཕྱེ་ན་གཞིའི་དབུ་མ་དང་། ལམ་གྱི་དབུ་མ། འབྲས་བུའི་དབུ་མ་ཞེས་ཡོད་པ་ཡིན་དུས། སངས་རྒྱས་མ་ཕེབས་པའི་སྔོན་ལ་དབུ་མའི་ལམ་ལ་ཐ་སྙད་གང་འདྲ་ཐོགས་ཀྱི་ཡོད་མེད། དབུ་མ་ལ་འདོད་ཚུལ་མི་འདྲ་བའི་སྐོར་ལ་དྲི་བ་ཞུ་རྒྱུ་དང་།
དེ་ནས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བཀའ་མང་པོ་གནང་བ་ཡིན་ཙང་དེའི་ཐོག་ལ་ཕྲན་བུ་ཞུ་ཆོག་པ་ཞུ། ང་ཚོའི་རབ་ཏུ་བྱུང་བ་རྣམས་སྤྱིར་བཏང་ལས་འགུལ་མང་པོའི་ནང་འཛུལ་ཞུགས་གནང་བསྡད་ཀྱི་འདུག རིན་པོ་ཆེས་སྔོན་མ་ནས་ལྷག་པ་རྒྱག་ཕྱོགས་སྐོར་ལ་བཀའ་གནང་སོང་། རིན་པོ་ཆེས་གསུངས་པ་ལ་ང་རང་བླ་མ་ཞིག་དང་སེར་མོ་བ་ཞིག་ཡིན་པའི་ཆ་ནས་རྒྱབ་སྐྱོར་ཞུ་གི་མེད། ནམ་རྒྱུན་ནས་བཀའ་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན། ང་ཚོའི་གྲྭ་པའི་ནང་ལ་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་རྣམ་གཞག་ཡག་པོ་འགྲེལ་བཤད་བསྐྱོན་པའམ་གང་ཟག་རང་ཉིད་དེ་ལ་འགྱུར་རྒྱུར་ཁག་པོ་ཞིག་ལ་ངོས་འཛིན་ཞུ་བསྡད་ཀྱི་ཡོད། དེའི་ཐོག་ནས་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་དགོངས་ཚུལ་ཞིག་གནང་རོགས་གནང་།
ལན། གང་ཟག་གིས་གང་ཟག་ཚོད་མི་བཟུང་བ་ཡིན་སྟབས། བདག་ཉིད་ཆེན་པོ་གཱཾདྡྷཱིའི་ཐུགས་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་མེད་ངས་ཐག་བཅད་ནས་ཞུ་མི་ཐུབ། གཱཾདྡྷཱིའི་རྒྱུན་ལྡན་གྱི་ཕྱག་ལས་གནང་ཕྱོགས་ལ་བལྟས་ན། སྙིང་རྗེ་ཆེན་པོ་ཡོད་མེད་མི་ཤེས་ཏེ། སྙིང་རྗེ་གང་ལ་གང་འཚམས་ཡོད་པ་དེ་ཧ་ཅང་གསལ་པོ་རེད། སྲོག་ཆགས་ཚོའི་བདེ་སྡུག་ལ་ཇི་ལྟར་གཟིགས་མིན་དཔེ་མཚོན་ཞིག་ཞུ་ན། གཱཾདྡྷཱིའི་བསྟི་གནས་ནང་ཡོད་པའི་ར་གཅིག་རྐང་པ་ཆག་ནས་ཆག་བཅིང་བརྒྱབ་དགོས་པ་དང་། དུས་ཐོག་ལ་སྨན་དང་ཆུ་སྤྲད་དགོས་པའི་གནས་ཚུལ་ཞིག་ཡོད་པའི་སྐབས་སུ་རེད། སྐབས་དེར་རྒྱ་གར་གྱི་མགོ་ཁྲིད་ཆེན་པོ་ནེཧརཱུ་ (Nehru) དང་། མཽལཱནཱ་ཨཱཛཱད། (Maulana Azad) རཱཇེནྡྲ་པྲསཱད། (Rajendra Prasad) ཨབདུལ་གཕཱར་ཁཱན་ (Abdul Ghaffar Khan) སོགས་ཧ་ཅང་གི་ཛ་དྲག་གི་གལ་གནད་ཐོག་གཱཾདྡྷཱི་དང་བཀའ་བསྡུར་གནང་རྒྱུའི་ཆེད་དུ་འཛོམས་ཡོད། བཀའ་མོལ་གནད་འགག་ཆེ་ས་ཞིག་གི་མཚམས་སུ་སླེབས་དུས་གཱཾདྡྷཱི་གློ་བུར་དུ་བཞེངས་ནས་ཕྱི་ལ་ཐོན་ཕེབས་པ་རེད། ཚང་མ་ཧ་ལས་ཏེ་གཱཾདྡྷཱི་དགོངས་པ་འགལ་བ་མིན་ནམ་བསམས་ནས་རྗེས་སུ་བལྟ་རུ་འགྲོ་སྐབས། རྭ་རྐང་ཆག་དེ་ལ་སྨན་བྱུག་རྒྱུ་དང་ཆུ་སྤྲད་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་རེད། གང་ལྟར་རྒྱལ་ཁབ་ཀྱི་རྩ་དོན་ཐོག་བཀའ་མོལ་གནང་རྒྱུ་དང་རྭ་ལ་ཆུ་སྤྲད་རྒྱུ་གཉིས་པོ་གལ་གནད་ཆེ་ཆུང་མཚུངས་པར་གཟིགས་པ་རེད། དེ་ཚོ་ཁོང་གི་རྣམ་ཐར་ནང་གསལ་ཡོད། དེས་རྭ་ལའང་རླབས་ཆེན་གྱི་སྙིང་རྗེ་དང་བརྩེ་སེམས་ཡོད་པ་མཚོན་གྱི་ཡོད། དེར་བརྟེན་ཕྱོགས་གཞན་ཞིག་ནས་འཚེ་བ་མེད་པའི་ལས་འགུལ་ཚད་ལྡན་པ་ཡོང་རྒྱུ་དེ་རང་གི་རྒྱུད་དག་མ་དག་དང་། རང་གི་འཚོ་བའི་འབྱུང་ཁུངས་དག་མ་དག་གཉིས་ལ་ཧ་ཅང་རག་ལས་པ་དེ་རྒྱུན་དུ་གཱཾདྡྷཱིས་རྩལ་དུ་བཏོན་ནས་གསུང་གི་ཡོད། དེང་སང་རྒྱ་གར་ནང་གཱཾདྡྷཱིའི་རྗེས་འཇུག་འཚེ་བ་མེད་པའི་ལམ་དུ་ཞུགས་མཁན་དང་། འཚེ་བ་མེད་པའི་ལམ་དུ་ཞུགས་པར་གྲགས་པའི་མི་མང་པོ་ཡོད་ཀྱང་། ཁོང་ཚོའི་ལས་འགུལ་ལ་ནུས་པ་གང་ཡང་ཐོན་གྱི་མེད། གཱཾདྡྷཱིས་ལས་འགུལ་མང་པོ་ཞིག་ནུས་པ་མ་ཐོན་པའི་སྐབས་སུ་མཐའ་མའི་མཇུག་བསྡོམས་དེ་མི་གཞན་ཞིག་ལ་ཁག་དཀྲི་གནང་མེད། དེ་ནི་ང་ཚོའི་རྒྱུད་མ་དག་པའམ། ཡང་ན་འཚོ་བ་ལ་ལོག་འཚོ་འདྲེས་པ་གང་རུང་ཞིག་གིས་ལས་འགུལ་དེ་ནུས་པ་མ་ཐོན་ཚུལ་གསུང་གི་ཡོད། དེར་བརྟེན་ཧིན་སྐད་ནང་ཅིཏྟ་ཤུདྡྷི་དང་སཱདྷན་ཤུདྡྷི་དགོས་ཚུལ་མང་པོ་གསུང་གི་ཡོད། དེ་ནི་སེམས་དག་པ་དང་། མཐུན་རྐྱེན་དག་པ་ལ་ཟེར་གྱི་ཡོད། གལ་ཏེ་དེ་གཉིས་མེད་ན་ལས་འགུལ་གང་འདྲ་ཞིག་བརྩམས་ནའང་ནུས་པ་ཐོན་གྱི་མེད་པའི་ཡིད་ཆེས་ཆེན་པོ་ཡོད་རེད། དེས་ན་གཱཾདྡྷཱིས་ཟས་བཅད་བསྙུང་གནས་ཀྱི་ལས་རིམ་མང་པོ་ཞིག་གནང་ཡོད་ཀྱང་། དེ་དག་གཞན་ལ་མངོན་འདོད་བཏོན་རྒྱུའི་ཆེད་དུ་མིན་པར། རང་གི་ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་གནང་བ་མང་བ་རེད། གཱཾདྡྷཱིའི་སྐུ་ཚེའི་ནང་ཟས་བཅད་བསྙུང་གནས་གནང་བའི་གོ་སྐབས་མང་པོ་བྱུང་ཡོད། དེ་ཚོ་ཚང་མ་བསྡོམས་ནས་གཟིགས་ན། རང་གི་རྒྱུད་དག་པའི་ཆེད་དུ་གནང་བ་མང་བ་རེད། གཞན་ལ་མངོན་འདོད་བཏོན་ནས་གནང་བ་དེ་ཉུང་བ་རེད། དེའི་དབང་གིས་རྒྱུད་དག་པའི་ཐབས་ལམ་ནང་བརྩེ་སེམས་སླེབས་དགོས་པའི་དགོངས་ཚུལ་ཞིག་ཏན་ཏན་ཡོད་རེད་བསམ་གྱི་འདུག ཡིན་ནའང་དེ་ལ་བརྟེན་ནས་ང་ཚོས་སྙིང་རྗེ་ཆེན་པོ་ཡོད་མེད་དཔོག་ཐུབ་རྒྱུ་ཁག་པོ་རེད། ངས་གཱཾདྡྷཱིའི་ལུས་ངག་གི་རྣམ་རིག་མཇལ་མེད་ཀྱང་། ཁོང་གི་རྣམ་ཐར་བྲིས་པའི་ནང་བལྟས་ན་ཕལ་ཆེར་བརྩེ་བ་ཡོད་པ་ཞིག་དཔོག་ཐུབ་ཀྱི་རེད་བསམ་གྱི་འདུག
ནང་ཆོས་མ་དར་བའི་སྔོན་དུ་རྒྱ་གར་གཞུང་ལུགས་ནང་ཡོད་པའི་དབུ་མའི་སྐོར་དེ་གང་རེད་ཅེས་བཀའ་འདྲི་གནང་སོང་། དེ་ད་ལྟ་ལན་མ་ཞུས་པར་གཞག་རྒྱུ་ཡིན། ཚོགས་ཐེངས་གཉིས་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཤད་དགོས་འདུག དེའི་མཉམ་དུ་བཤད་ན་འགྲིག་གི་རེད་བསམ་གྱི་འདུག
རབ་ཏུ་བྱུང་བ་ཚོས་ལས་འགུལ་སྤེལ་ཕྱོགས་སྐོར་ཇི་ལྟར་བྱེད་དགོས་མིན་འགྲེལ་བརྗོད་གནང་རོགས་གནང་གསུངས་སོང་། ད་ལྟ་ངས་གོང་དུ་ཞུས་པ་ལས་ལྷག་པ་ཡང་བསྐྱར་འགྲེལ་བརྗོད་བྱེད་དགོས་ཀྱི་ཨེ་ཡོད། ཡིན་ནའང་ང་ཚོས་བློ་ཁ་ནང་དུ་ཕྱོགས་ནས་བསམ་བློ་ཞིབ་ཚགས་པོ་གཏང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་བཏང་བསམ་བློ་ཞིབ་ཚགས་པོ་མ་བཏང་བ་དེ་དེ་རིང་ཕྱི་ལོ་ ༢༠༠༨ ནང་གསར་དུ་བྱུང་བའི་གནས་སྟངས་ཤིག་མ་རེད། ང་ཚོས་ཕྱིར་བལྟས་བསློགས་ནས་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་དབུ་བརྙེས་པ་ནས་ད་ལྟ་བར་དུ་བོད་ཀྱི་ནང་ལ་བོད་མི་སྤྱི་དང་། ལྷག་པར་དུ་རབ་ཏུ་བྱུང་བ་ཚོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་ཐོག་སྒྲིག་འཛུགས་ཀྱི་ངོས་ནས་ནོར་འཁྲུལ་མང་པོ་ཕྱིན་ཡོད་པ་དེ་ད་དུང་ངོ་མ་ཤེས་ན་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག དེང་སང་འདིར་གྲྭ་པ་ཚོས་ཕལ་ཆེར་བརྗོད་ཀྱི་ཡོད་མེད་མི་ཤེས་ཀྱང་། སྔོན་མ་བོད་ལ་ཡོད་དུས་མང་ཆེ་བ་གྲྭ་བ་ཚོས་བེད་སྤྱོད་གཏང་བའི་གཏམ་དཔེ་ཞིག་ཡོད། དེ་ནི་བསྟན་པ་ལ་དགྲ་བྱུང་ན་འཁར་གསིལ་མདུང་བྱེད་ཀྱི་ཡིན་ཞེས་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་བྱུང་ན་རབ་བྱུང་འཁར་གསིལ་ཐོགས་པ་ཚོས་འཁར་གསིལ་དེ་མདུང་ནང་བཞིན་བེད་སྤྱོད་བཏང་སྟེ་འཛིང་རྒྱུ་ཡིན་ཟེར་བ་རེད། དེ་བཞིན་གཞུང་གི་ལམ་སྲོལ་ནང་ལའང་སེར་དམག་བསྡུས་པ་ཡིན་ཞེས་པ་ཞིག་ཀྱང་ཡོད། དེ་ནི་སྐབས་རེ་དམག་རྒྱག་དུས་གཞུང་གི་སྒྲིག་འཛུགས་ནང་ཡོད་པའི་དམག་མི་ཚོས་མ་འདང་བར་བརྟེན། གདན་ས་ཁག་དང་དགོན་པ་ཆེ་ཁག་ནས་གྲྭ་གྲངས་ལ་གཞིགས་ཏེ་གྲྭ་དམག་བསྡུ་བསྐོང་བྱེད་ཀྱི་ཡོད། དེ་ཚོ་གཞུང་གིས་བཀའ་བཏང་རྐྱང་དང་། དགོན་པ་ཚོས་བཀའ་འཁྱེར་རྐྱང་བྱས་ནས་འགྲོ་གི་ཡོད་རེད། དེ་འདྲ་འགྲོ་བའི་སྐབས་སུ་སྡོམ་པ་ཕུལ་གྱི་ཡོད་མེད་མི་ཤེས། དེ་དུས་ང་ཚོས་ཞིབ་འཇུག་བྱེད་རྒྱུ་གང་ཡང་བྱུང་མེད། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ཟིང་བྱུང་ནས་ང་ཚོ་བཙན་བྱོལ་དུ་ཡོང་བ་རེད། ཕྱི་ལོ་ ༡༩༥༨ ལོ་ནས་ཆུ་བཞི་སྒང་དྲུག་དང་བསྟན་སྲུང་དྭང་བླངས་དམག་ལ་སོགས་པའི་ལས་འགུལ་མགོ་བཙུགས་ཚར་བ་རེད། བླ་མ་གྲྭ་པ་མང་པོ་དེའི་ནང་ཕེབས་སོང་། དེ་ནས་ང་ཚོ་བཙན་བྱོལ་དུ་ཡོང་བའི་སྐབས་སུ་མཉམ་དུ་བླ་མ་ཆེན་པོ་དགུང་ལོ་བགྲེས་པ་དེ་འདྲའང་ཡོད། བོད་ནང་བཞུགས་དུས་གསུང་ཆོས་གནང་བ་མ་ཟད། སློབ་མའང་མང་པོ་སྐྱོང་མཁན་དེ་འདྲ་རེད། ཐོག་མར་ཕེབས་ལམ་དུ་མཇལ་དུས་མེ་མདའ་རིང་ཐུང་གཉིས་བཏགས་ནས་ཕེབས་འདུག ང་ནི་ཧ་ཅང་ཁྱད་མཚར་པོ་མཐོང་བྱུང་། དེ་བཞིན་ངས་ཡག་པོ་ངོ་ཤེས་པའི་གྲྭ་པ་ཁ་ཤས་དམག་གི་ནང་དུ་ཕྱིན་མེད་ཀྱང་། དུས་ཚོད་ལོག་པ་ཡིན་སྟབས། བཙན་བྱོལ་དུ་ཡོང་བའི་སྐབས་སུ་ཅི་བྱེད་འདི་བྱེད་མེད་པར་སྡོམ་པ་ཕུལ་མཁན་དེ་འདྲའང་བྱུང་སོང་། དེ་དག་ལ་ང་ཚོས་ཞིབ་ཚགས་པོས་བལྟས་ན། སངས་རྒྱས་ཀྱི་ཆོས་ཀྱིས་ང་ཚོའི་བསམ་བློའི་ནང་ནུས་པ་དང་ཤུགས་རྐྱེན་ག་ཚོད་ཐེབས་ཡོད་མེད་གསལ་པོ་ཤེས་ཐུབ། དེར་བརྟེན་གུང་ཐང་འཇམ་དཔལ་དབྱངས་ཀྱིས། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས།། རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ།། ཞེས་གསུངས་པ་དེ་དངོས་གནས་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག ཇ་ཡག་པོ་ཞིག་འཐུང་། ཁ་ལག་རྒྱགས་ཚད་ཅིག་བཟས། ཉི་མ་དྲོད་པོ་ཞིག་བྱུང་ན་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བའི་སྐོར་རྒྱས་ཐག་ཆོད་བཤད་དེ་སྨིན་མ་ཟིང་ཟིང་བྱེད་པ་དང་། སྐབས་དེར་འགྲམ་ལྕག་གཞུ་མཁན་ཞིག་བྱུང་ན་ལམ་སེང་མི་ཕལ་པ་བཞིན་ཁོང་ཁྲོ་ལངས་པ་སོགས་ང་ཚོ་ཚང་མའི་གནས་སྟངས་དེ་འདྲ་ཞིག་ཕལ་ཆེར་ཆགས་མེད་དམ་བསམ་གྱི་འདུག གང་ལྟར་དེ་ནི་ཚུལ་འཆོས་རེད། ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་སླེབས་པའི་སྐབས་སུ་གྲྭ་པ་ཧ་ཅང་ཉུང་ཉུང་རེད། སྐབས་དེར་ངས་ཁ་སྡོད་མ་ཚུགས་པར་ད་རེས་གོ་སྐབས་ཧ་ཅང་བཟང་པོ་རེད། མ་འོངས་པ་ལ་གྲྭ་པ་དེ་དག་དངོས་གནས་ཚད་ལྡན་དང་། འདུལ་བ་དང་མཐུན་པ་བསྡད་ཐུབ་མཁན་གྲངས་ཀ་ཉུང་ཉུང་ཡིན་ནའང་སྤུས་ཀ་དག་པོ་ཞིག་བཟོ་ན་ད་ལྟ་བཟོ་ཐུབ་ཅེས་བཤད་མྱོང། སྔོན་མ་བོད་ལ་བཤད་རྒྱུན་ཞིག་ཡོད། གདན་ས་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་རེད། རྒྱ་མཚོའི་ནང་ཉ་སྦལ་ལྕོང་གསུམ་སོགས་སྣ་ཚོགས་ཡོད་པ་བཞིན་གྲྭ་ས་ལའང་གྲྭ་པ་བཟང་ངན་བར་མ་སྣ་ཚོགས་ཡོང་གི་རེད་ཅེས་ངོས་ལེན་བྱས་ནས་བསྡད་པ་ལྟ་བུ་ཡོད་རེད། གང་ལྟར་དེ་གཙང་མ་བཟོ་མི་ཐུབ་པའི་གནས་སྟངས་ཡིན་པ་མི་ཚོའི་བསམ་བློའི་ནང་འཇགས་བསྡད་ཡོད། ད་ལྟ་རྒྱ་གར་དུ་རྒྱུད་གྲྭ་དང་གདན་ས་ཚོ་གཞི་ནས་ཚུགས་ཡོང་བའི་སྐབས་སུ་གྲྭ་པ་ཉུང་ཉུང་རེད། སྐབས་དེར་སྤུས་ཀ་ལ་ཧ་ཅང་དོ་དམ་པོ་བྱས་ཏེ། དངོས་གནས་ཆོས་བཞིན་འདུལ་བ་བཞིན་བྱེད་ཐུབ་པ་ཞིག་ཏུ་དེ་དུས་བཟོ་ཐུབ་ས་རེད་བསམས་པ་ཞིག་བྱུང་། དེ་དུས་ངའི་ཧ་ཅང་བློ་ཐག་ཉེ་བའི་མཁན་ཟུར་ཞིག་ཡོད། ཁོང་གིས་གྲྭ་པ་ཉུང་ཉུང་ནང་དུ་ཆོས་པ་ཡག་པོ་དེ་འདྲ་འཐོན་ཐུབ་ཀྱི་མ་རེད། ཁྱེད་རང་གིས་གསུངས་པ་དེ་གང་འདྲ་ཡིན་ནམ་ཞེས་མིག་ཆུ་བཏང་ནས་གསུང་གི་འདུག དེ་དུས་ང་ཚོ་ཌ་ལ་ཧོ་སི་ (Dalhousie) ལ་ཡོད་པའི་སྐབས་རེད།
ཚད་དང་ལྡན་པའི་བྱུང་རབས་ཡིན་མིན་མི་ཤེས་ཏེ། ངག་རྒྱུན་ལ་མཁན་ཆེན་ཞི་བ་འཚོ་དགོངས་པ་གཞན་དོན་དུ་གཤེགས་ཁར་ཁོང་དགོངས་པ་རྫོགས་པའི་རྗེས་སུ་སྐུ་གདུང་དེ་བསམ་ཡས་ཀྱི་རི་རྩེ་ལ་ཞུགས་འབུལ་ཞུ་ན་རབ་བྱུང་གི་སྡེ་ཧ་ཅང་མང་པོ་ཡོང་ནའང་། ཚང་མ་ཡག་པོ་ཞིག་མི་ཡོང་། གལ་ཏེ་ལུང་པའི་མདའ་ལ་ཐང་ཞིག་ཏུ་ཞུགས་འབུལ་ཞུ་ན་རབ་བྱུང་ཉུང་ཉུང་མ་གཏོགས་མི་ཡོང་ཡང་། གང་བྱུང་བ་དེ་སྤུས་ཀ་དག་པོ་ཞིག་ཡོང་ཚུལ་གསུངས་པར་བརྟེན། རྒྱལ་པོ་དང་བློན་པོ་ཚོ་གོ་བསྡུར་གནང་མཐར་གྲྭ་པ་ཉུང་ཉུང་ལས་མ་བྱུང་ན། ཚད་ལྡན་འཐོན་རྒྱུ་ཉུང་དུ་འགྲོ་གི་རེད། དེ་ལས་མང་བ་བྱུང་ན་ཡག་གི་རེད་ཅེས་བློ་མཐུན་གྱིས་རིའི་རྩེ་ལ་ཞུགས་འབུལ་ཞུས་པ་རེད་ཅེས་བཤད་སྲོལ་ཡོད། གང་ལྟར་བོད་དུ་གྲྭ་པ་ཧ་ཅང་མང་པོ་བྱུང་བ་རེད། ཕལ་ཆེར་ཕྱི་ལོ་ ༡༩༥༩ སྔོན་དུ་ང་ཚོ་བོད་རང་དབང་ཡོད་པའི་སྐབས་སུ་བོད་ཀྱི་མི་འབོར་གྱི་བརྒྱ་ཆ་ ༦ ནས་ ༩ བར་རབ་བྱུང་དང་བཙུན་མ་རེད། མང་བའི་སྐབས་སུ་བརྒྱ་ཆ་ ༩ དང་། ཉུང་དུས་བརྒྱ་ཆ་ ༦ ནས་ཧ་ལམ་ཟག་གི་མེད། དེ་ལྟར་རབ་བྱུང་གི་གྲངས་ཀ་ཧ་ཅང་མང་པོ་ཡོད་ཀྱང་། ད་ལྟ་ངས་གོང་དུ་ཞུས་པ་བཞིན་རབ་བྱུང་ནང་ཁྱིམ་པ་སུན་འབྱིན་གྱི་ལས་འདྲ་མིན་བྱེད་མཁན་ཡང་ཡོད་རེད། རྟགས་ཙམ་འཛིན་པའི་ལེའུ་ལ་དངོས་སུ་སླེབས་པ་མིན་འགྲོ་དྲན་དགོས་པའང་སྐབས་དེ་དུས་ནས་ཡོད། དེར་བརྟེན་རབ་བྱུང་གི་སྡེའི་མཁན་པོ་དང་། བླ་མ། དགེ་བསྐོས་སོགས་བཏང་འཛིན་གནང་མཁན་ཡིན་ནའང་རེད། གྲྭ་པ་སོ་སོ་ཡིན་ནའང་རེད། ལས་ཀ་གང་འདྲ་ཞིག་བྱེད་ནའང་ཆོས་དང་མཐུན་པ་ཡིན་མིན་གཟིགས་དགོས་ཀྱི་རེད་བསམ་གྱི་འདུག དེ་གཟིགས་རྒྱུ་ལ་དཀའ་ལས་གང་ཡོད་དམ། སྔོན་མ་རྒྱ་གར་དུ་ནཱལནྡཱའི་ཚོགས་འདུའི་སྐབས་སུ་ལས་དོན་གང་འདྲ་ཞིག་ཐག་བཅད་པ་ཡིན་ནའང་སྡེ་སྣོད་གསུམ་པོ་གང་ཡང་རུང་བའི་དགོངས་པ་དང་འགལ་མིན་གཟིགས་ཀྱི་ཡོད་འདུག དེས་ན་མཁན་པོ་དགེ་བསྐོས་ཚོ་ཡིན་ནའང་བཏང་འཛིན་གནང་མ་བདེ་བ་ཞིག་གང་ཡང་ཡོད་མ་རེད་བསམ་གྱི་འདུག འདི་འདྲ་བྱེད་ན་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པ། འདི་འདྲ་བྱེད་ན་ཆོས་དང་མི་མཐུན་པ་དང་འདུལ་བ་དང་མི་མཐུན་པར་བརྟེན། མཐུན་པ་དེ་གནང་ཆོག་གི་རེད། མ་མཐུན་པ་དེ་གནང་ཆོག་གི་མ་རེད་ཅེས་གསུངས་ན། དེ་ལ་མི་ཚོས་ག་རེ་ལབ་ནའང་རེད། ཚོགས་པ་སྐྱིད་སྡུག་ཚོས་ག་རེ་ལབ་ནའང་རེད། སྲང་ལམ་བར་དུ་འགྲོ་མཁན་ཚོས་ག་རེ་བཤད་ནའང་རེད། དེ་ཚོར་བལྟ་དགོས་པ་མེད། དེ་གནད་འགག་ཆེན་པོའང་ཆགས་ཀྱི་མེད། ལར་ནས་རབ་ཏུ་བྱུང་བའི་སྐབས་སུ་ཁྱིམ་ནས་ཁྱིམ་མེད་པར་བྱས་ཚར་དུས་ཁྱིམ་པ་ཚོས་ག་རེ་བཤད་ཀྱི་འདུག དེ་ལ་ཇུས་གཏོགས་བྱེད་རྒྱུ་མེད་བསམ་གྱི་འདུག དེ་ལྟར་བྱེད་ན་ཁྱིམ་ནས་ཁྱིམ་མེད་པར་ཆགས་ཀྱི་མེད། གཟུགས་པོ་དེ་ཡར་ཕྱིན་པ་མ་གཏོགས། བསམ་བློ་ད་ལྟའང་ཁྱིམ་ནང་ལྷག་པ་ལྟ་བུ་རེད། དེར་བརྟེན་རབ་ཏུ་བྱུང་བ་ཚོས་དགེ་འདུན་གྱི་སྡེ་ཆ་ཚང་ཡག་པོ་བཟོས་མ་ཐུབ་ནའང་། སོ་སོ་ཡག་པོ་བཞུགས་རྒྱུར་རང་ཐག་རང་གཅོད་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཁག་ཅིག་གིས་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལས་འགུལ་དང་མཐུན་པ་གླེང་སློང་བྱེད་ཀྱི་ཡོད། ཁག་ཅིག་གིས་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ངོ་བོ་དང་རིན་ཐང་ངོས་མ་འཛིན་པར། གང་ལྟར་སོ་སོའི་ཚོར་བ་དང་། སྒོ་གསུམ་གྱི་རྣམ་འགྱུར་སྟོན་གྱི་ཡོད་རེད། ཕྱོགས་དེ་གཉིས་དབར་ཧེ་བག་དང་སྟོང་ཆ་ཆེན་པོ་ཡོད་རེད། ཕྱོགས་དེ་གཉིས་ནས་སུས་འགན་མ་ཁུར་བ་དང་། སྙོམ་སྒྲིག་མ་ཐུབ་པ་རེད་དམ།
ལན། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ད་ལྟའི་གནས་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཚད་དང་ལྡན་པའི་མང་གཙོའི་ལམ་སྲོལ་ཞིག་ནང་འགྲོ་མུས་རེད། ང་ཚོས་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་བློ་གཏད་བྱེད་རྒྱུ་དེ་ཚོད་བལྟའི་ངོ་བོ་མ་རེད། དེ་ནི་ཚོད་བལྟའི་ངོ་བོ་ལས་བརྒལ་ཏེ་དངོས་གནས་མཐར་ཐུག་གིས་བློས་འགེལ་བྱེད་ཀྱི་ཡོད་ལ། དེའི་ཐོག་གང་ཐུབ་ཀྱིས་འགྲོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་སྣ་ཚོགས་ཡོད་ཆོག་པ་ཙམ་མ་ཟད། ཡོད་དགོས་པ་ཞིག་ཀྱང་རེད། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་མང་པོ་མེད་ན། མི་མང་ལ་འདེམས་ཀ་བརྒྱབ་རྒྱུ་མེད་པ་ཆགས་ཀྱི་རེད། མི་མང་ལ་འདེམས་ཀ་བརྒྱབ་རྒྱུ་མེད་པ་ཆགས་ན། མང་གཙོའི་མཚན་ཉིད་ཚང་གི་མེད། མང་གཙོ་ཟེར་བ་དེ་ག་དུས་ཡིན་ནའང་འགྱུར་བ་འགྲོ་དགོས་པ་རེད། ཡིན་ནའང་འགྱུར་བ་འགྲོ་བའི་གཞི་རྩ་དེ་ཞེ་དྲགས་རྙེད་ཀྱི་མེད། དེར་བརྟེན་བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོས་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་མང་པོ་ཡོད་པའི་དབང་གིས་བར་ཆད་ཡོང་གི་འདུག་ཅེས་མགོ་ལྕག་གཞུས་ཏེ་བཀག་ན་འགྲིག་གི་ཡོད་མ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་ཇི་ཙམ་མང་བ་དེ་ཙམ་གྱིས་མང་གཙོའི་འཕེལ་རིམ་ཡག་པ་ཡོད་ལ། མགྱོགས་པའང་ཡོད་རེད། དེས་ན་སོ་སོས་རྣམ་དཔྱོད་འདྲ་མིན་བཏོན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་བསྟེན་དགོས་ཀྱི་རེད་ལ། བསྟེན་ཆོག་པའང་རེད། དེ་བསྟེན་པ་དེ་ལེགས་པའི་རང་བཞིན་རེད། དེ་ལ་བརྟེན་ནས་ལྟ་གྲུབ་འདྲ་མིན་འཁྱེར་མཁན་ཚོའི་དབར་ལ་རྒྱང་ཕད་ཆགས་ཀྱི་ཡོད་ནའང་། དེ་ལ་ང་ཚོས་ཞེད་སྣང་བྱེད་དགོས་པ་གང་ཡང་མེད། ཉིན་ཤས་སྔོན་དུ་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་ང་ཚོས་མང་གཙོའི་དུས་ཆེན་སྲུང་རྩི་བྱས་པ་རེད། སྐབས་དེར་བཀའ་ཤག་གིས་བོད་མི་མང་ཚོགས་ལ་གཏམ་བཤད་ཅིག་ཕུལ་ཡོད། ཁྱེད་ཚོས་གསན་ཡོད་མེད་མི་ཤེས། དེའི་ནང་ག་རེ་ཞུས་ཡོད་ཅེ་ན། ཛ་དྲག་དང་གཉན་འཕྲང་དེ་འདྲ་འཕྲད་པའི་སྐབས་སུ་མང་གཙོའི་ཁེ་ཕན་ལས་མང་གཙོའི་ལས་འགན་དེ་གལ་ཆེ་བར་བརྩི་དགོས། མང་གཙོའི་ནང་ཁེ་ཕན་གྱི་ཐོབ་ཐང་ཞིག་ཡོད་ལ། ལས་འགན་ཞིག་ཀྱང་ཡོད་རེད། དེ་གཉིས་ནམ་རྒྱུན་གཅིག་པ་བརྩི་དགོས་ཀྱི་རེད། ཡིན་ནའང་ཛ་དྲག་གཉན་འཕྲང་གི་དུས་ཚོད་བྱུང་བའི་སྐབས་སུ་ཁེ་ཕན་ཁ་ཤས་བཞག་དགོས་བྱུང་ནའང་ལས་འགན་དེ་ཆ་ཚང་སྒྲུབ་ཤེས་པར་བྱེད་དགོས་རྒྱུ་དེ་མང་གཙོའི་སྤྱི་ཚོགས་ནང་ཡོད་པའི་མི་ཚང་མའི་འགན་ཞིག་ཆགས་ཀྱི་ཡོད་རེད། ལྷག་པར་དུ་གང་ཟག་སྒེར་དང་། སྡེ་ཚན། ཚོགས་པ་ཁག་གི་ཁེ་ཕན་ལས་མི་རིགས་ཤིག་གི་ཁེ་ཕན་གལ་ཆེ་བར་བརྩི་དགོས་པ་ཆགས་ཀྱི་ཡོད་རེད། དེར་བརྟེན་ཆབ་སྲིད་ཀྱི་ལྟ་གྲུབ་སྣ་མང་ཡར་རྒྱས་གཏང་རྒྱུའི་འབད་བརྩོན་དེ་དང་། དེའི་དབང་གིས་སྤྱི་ཚོགས་ནང་གོང་བུའི་ནུས་པའམ་ཆིག་སྒྲིལ་གྱི་ནུས་པ་བརླག་མི་འགྲོ་བ་གཉིས་པོ་ཡང་ལྗིད་གཅིག་པ་འགྲོ་ཐུབ་པའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཀོད་ཡོད། མང་གཙོའི་ལམ་སྲོལ་ཟེར་བ་དེ་མི་མང་ཚང་མའི་ཤེས་ཡོན་དང་། དེ་ལས་ལྷག་པ་བསམ་བློའི་གནས་ཚད་དེ་མཐོ་པོ་དགོས་པ་ཞིག་རེད། ཤེས་ཡོན་མང་པོ་སྦྱོང་བརྡར་བྱས་ནས་སློབ་གྲྭའི་ལག་ཁྱེར་མཐོ་པོ་ཡོད་མཁན་ཡིན་ནའང་། བསམ་བློའི་གནས་ཚད་མཐོ་པོ་ཡོད་པའི་ངེས་པ་གང་ཡང་མེད། དེར་བརྟེན་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ཡག་པོ་ཡོང་བ་ལ་མང་ཚོགས་ཀྱི་བསམ་བློའི་གནས་ཚད་མཐོ་པོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། དེ་འདྲའི་བསམ་བློའི་གནས་ཚད་མ་སྨིན་པའི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་ལག་བསྟར་བྱེད་པའི་སྐབས་སུ་ད་ལྟ་ཁྱེད་རང་གིས་གསུངས་པ་བཞིན་སྡེ་ཚན་སྡེ་ཚན་དང་། ཤོག་ཁག་ཤོག་ཁག་དབར་ལ་རྒྱང་ཕད་དེ་གསལ་པོ་ཆགས་ཡོང་གི་ཡོད། ལོ་ཤས་སྔོན་དུ་ཐའེ་ཝན་གྱི་སློབ་དཔོན་ཆེན་པོ་ (Professor) གཅིག་ཡོད། ཁོང་ནི་སྔོན་མ་ནས་ཆབ་སྲིད་ནང་ཡོད་པའི་སྲིད་དོན་ཚན་རིག་གི་སློབ་དཔོན་ཆེན་པོ་གྲགས་ཅན་ཞིག་རེད། ཁོང་དང་ང་གཉིས་སྤྱིར་བཏང་སྐད་ཆ་ཞིག་བཤད་པའི་སྐབས་སུ། ངས་ཁོང་ལ་བསྟོད་ར་ཞིག་བཏང་སྟེ། ཐའེ་ཝན་དེ་དཔེ་མ་སྲིད་པའི་སྤྱི་ཚོགས་ཡག་པོ་ཞིག་རེད། མི་གསོད་ཁྲག་སྦྱོར་མང་པོ་བྱེད་མ་དགོས་པའི་ཐོག་ནས་དུས་ཚོད་ཐུང་ཐུང་ནང་མང་གཙོའི་ལམ་སྲོལ་ཆ་ཚང་ཐོག་འགྲོ་ཐུབ་པ་བྱུང་བ་རེད། ད་ལྟ་ཁྱེད་ཚོ་སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་རིང་ལུགས་ནང་སླེབས་ཡོད་པ་རེད། ཧ་ཅང་གཟི་བརྗིད་ཆེན་པོ་རེད་ཅེས་བཤད་པ་ཡིན། ཁོང་གིས་ཕྲན་བུ་བསམ་བློ་ཞིག་བཏང་རྗེས། སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོའི་ལམ་ལུགས་ནང་སླེབས་ཡོད་ཀྱང་། དེ་ནི་ཡག་ཏུ་ཕྱིན་པ་ཡིན་འགྲོ ཡང་ན་སྡུག་ཏུ་ཕྱིན་པ་ཡིན་འགྲོ་བཤད་ཐུབ་ཀྱི་མི་འདུག་ཅེས་གསུང་གི་འདུག ང་ཧ་ཅང་ཡ་མཚན་པོ་བྱུང་། ངས་ཁོང་ལ་ཅིའི་ཕྱིར་གསུང་ཐུབ་ཀྱི་མི་འདུག་ཅེས་དྲིས་པར། ཁོང་གིས་སྔོན་མ་གཅིག་སྡུད་དབང་འཛིན་རིང་ལུགས་ཡིན་པའི་སྐབས་སུ་མི་ཚང་མས་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནར་བསམ་བློ་གཏང་གི་རེད། ད་ལྟ་སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་མང་གཙོ་ཆགས་པའི་རྗེས་སུ་མི་མང་ཆེ་བས་སོ་སོའི་སྲིད་དོན་གྱི་ཤོག་ཁག་གི་ཁེ་ཕན་དེ་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་སྔོན་ལ་བཞག་གི་འདུག དེ་ཉེན་ཁ་ཆེན་པོ་རེད་ཅེས་གསུང་གི་འདུག དེ་ནི་མང་ཚོགས་ཀྱི་གནས་ཚད་མ་ལོན་པའི་སྤྱི་ཚོགས་ནང་མང་གཙོའི་རིང་ལུགས་ལག་བསྟར་བྱེད་པའི་སྐབས་སུ་ཡོང་སྲིད་པའི་ཉེན་ཁ་ཞིག་ཏན་ཏན་རེད། དེས་ན་ཡོང་སྲིད་པའི་ཉེན་ཁ་དེ་ལ་ང་ཚོས་གདོང་ལེན་བྱེད་ཕྱོགས་དེ་མི་ཚང་མས་བསམ་བློ་གཏང་དགོས་པ་དང་། འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།
དབུ་མའི་ལམ་གྱི་རྒྱབ་སྐྱོར་བྱེད་མཁན་གྱི་ཤོག་ཁག་གཅིག་དང་། དེ་ལས་ལམ་ཁ་གཞན་དུ་འགྲོ་མཁན་ཤོག་ཁག་གཉིས་དབར་བར་སྟོང་ཆེ་རུ་འགྲོ་གི་འདུག དེ་སུས་འགན་མ་ཁུར་བ་རེད་ཅེས་དྲི་བ་རྡོག་རྡོག་དེ་རེད་འདུག ཆབ་སྲིད་ཀྱི་ལྟ་གྲུབ་དང་། མི་རིགས་ཡོངས་ཀྱི་དམ་བཅའ་གཉིས་དབར་དབྱེ་བ་ཞིག་ཕྱེ་དགོས་ཀྱི་རེད། དེ་དབྱེ་བ་མ་ཕྱེ་ན་ཏོག་ཙམ་འགྲིག་གི་མ་རེད། དཔེར་ན། བོད་མི་རིགས་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་གྱི་སྒོ་ནས་འགྲོ་རྒྱུ་ཡིན་ཞེས་པ་དེ་ང་ཚོའི་མི་རིགས་ཀྱི་དམ་བཅའ་རེད། དེ་ནི་ཚོགས་པ་སྐྱིད་སྡུག་གི་དམ་བཅའ་ཟུར་པ་ཞིག་མ་རེད། དེས་ན་བོད་པ་ཞིག་ཡིན་ཕྱིན་ཆད་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་བོད་མིའི་དབུ་ཁྲིད་དུ་ཁས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་ཆད་འཚེ་མེད་ཞི་བའི་ལམ་ལ་འདེམས་ཀ་བརྒྱབ་རྒྱུ་གང་ཡང་མེད། དེ་ནི་ཚང་མས་ངོས་ལེན་བྱེད་དགོས་པའི་གནས་བབ་ཅིག་རེད། དེ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་གང་ཡང་མིན་ཞིང་། ཐབས་ལམ་གྱི་གནས་སྟངས་ཤིག་རེད། ད་ལྟ་ང་ཚོས་ཚོད་དཔག་བྱེད་ན་འཚེ་མེད་ཞི་བའི་ལམ་བཞག་ནས་འཚེ་བའི་ལམ་དུ་འགྲོ་གི་ཡིན་ཞེས་བརྗོད་མཁན་དང་འགྲོ་མཁན་ད་ལྟ་འདས་པའི་ལོ་ ༤༩ རིང་ལ་བྱུང་མེད། དངོས་གནས་བྱེད་ན་དེ་འདྲ་བྱུང་སྲིད་པ་ཞིག་རེད། འོན་ཀྱང་སྟབས་ཡག་པ་ཞིག་ལ་དེ་འདྲ་འགྲོ་མཁན་བྱུང་མེད། དེ་ནི་ང་ཚོ་བོད་པའི་གཟི་བརྗིད་ཅིག་རེད་བསམ་གྱི་འདུག དབུ་མའི་ལམ་དང་ལྟ་ཕྱོགས་མི་མཐུན་པའི་ཤོག་ཁག་དེ་ཚོ་མང་ཆེ་བས་འཚེ་མེད་ཞི་བའི་ལམ་ཡིན་ཟེར་གྱི་ཡོད་མ་གཏོགས། འཚེ་མེད་ཞི་བའི་ལམ་མིན་ཟེར་མཁན་ཧ་ལམ་མེད། དེས་ན་དངོས་སུ་འཚེ་མེད་ཞི་བའི་ལམ་ལ་འབུར་དུ་ཐོན་ནས་དགག་པ་རྒྱག་མཁན་དང་ཕྱོགས་འགལ་བྱེད་མཁན་བོད་པའི་སྤྱི་ཚོགས་ནང་ཡོད་མ་རེད་བསམ་གྱི་འདུག དབུ་མའི་ལམ་དང་། རང་བཙན་གཙང་མ། དེ་བཞིན་སྲིད་བྱུས་ལྟ་གྲུབ་གཞན་འཛིན་མཁན་གྱི་ཤོག་ཁག་ཡོད་ཆོག་གི་རེད། དེ་ཚོའི་དབར་ལ་བར་ཁྱད་མི་འགྲོ་བའི་ཐབས་ལམ་ལས་སླ་པོ་ཞིག་ཡོད་རེད་བསམ་གྱི་མི་འདུག སུ་གང་གིས་འགན་མ་ཁྱེར་བའི་ཐོག་ནས་བར་ཁྱད་དང་སྟོང་ཆ་ཕྱིན་པ་རེད་བསམ་གྱི་མི་འདུག ང་ཚོ་མང་གཙོའི་སྤྱི་ཚོགས་ནང་དུ་ཡོད་སྟབས། མཐའ་མ་གཞུང་གི་སྲིད་བྱུས་གང་དུ་འགྲོ་མིན་དེ་མི་མང་གིས་ཐག་གཅོད་བྱེད་རྒྱུ་རེད། ད་ལྟ་གཞིས་བྱེས་བོད་མི་བརྒྱ་ཆ་ ༦༦ ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་དེས་སྤྱི་མོས་ཀྱི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད། དེར་བརྟེན་ད་ལྟའི་ང་ཚོའི་གཞུང་གི་སྲིད་བྱུས་དེ་དབུ་མའི་ལམ་དུ་གནས་མུས་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་ལྟ་གྲུབ་སྤེལ་གང་ཐུབ་གནང་དགོས། དེ་བཞིན་དབུ་མའི་ལམ་ལ་འགལ་ཟླ་བྱེད་མཁན་ཚོས་སོ་སོའི་ལྟ་གྲུབ་དེ་སྤྱི་ཚོགས་ནང་སྤེལ་གང་ཐུབ་གནང་དགོས་ལ། སྤེལ་ཆོག་རྒྱུ་ཞིག་ཀྱང་རེད། གང་ལྟར་ཕྱོགས་གཉིས་ཀར་ཐོབ་ཐང་ཡོད་རེད། གལ་ཏེ་མ་འོངས་པ་ལ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། དེ་ལས་གཞན་པའི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ན། མང་མོས་ཉུང་མོས་ཀྱི་ཐོག་ནས་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་འགྲོ་རྒྱུ་རེད་མ་གཏོགས། གཞུང་གི་ལངས་ཕྱོགས་ལ་འགྱུར་བ་འགྲོ་མི་ཆོག་ཅེས་བཤད་རྒྱུ་བསྡད་མེད། དེ་འདྲ་བཤད་ན་མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་དང་འགལ་འགྲོ་གི་རེད། གང་ལྟར་ཕྱོགས་གཉིས་ཀས་འགན་གང་ཁྱེར་དགོས་ཀྱི་རེད་ཅེ་ན། དབུ་མའི་ལམ་གྱི་ལྟ་གྲུབ་ལ་ཡིད་ཆེས་བློ་གཏད་ཡོད་མཁན་ཚོས་ཐོག་མར་སོ་སོས་དབུ་མའི་ལམ་གྱི་ལྟ་གྲུབ་ཆ་ཚང་བ་ཞིག་ཤེས་དགོས་པ་མ་ཟད། གཞན་ལའང་ཁྱབ་སྤེལ་བྱེད་དགོས་ཀྱི་རེད། དེའི་དབང་གིས་དབུ་མའི་ལམ་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་གང་མང་ཡོང་བའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད། དེ་ནི་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་ཞིག་གི་ལས་འགན་རེད། དེ་མ་བྱེད་པ་ཡིན་ན་ལས་འགན་མ་ཁུར་བ་རེད། དབུ་མའི་ལམ་ལ་འགལ་ཟླ་བྱེད་མཁན་ཞིག་ཡིན་ནའང་རྒྱུ་མཚན་ཤེས་ནས་འགལ་ཟླ་བྱེད་དགོས་རེད་མ་གཏོགས། སེམས་ཀྱི་ཚོར་བ་ཙམ་གྱིས་འགལ་ཟླ་བྱེད་ན་ཕན་ཐོགས་གང་ཡང་མེད། དཔེར་ན། སྡེ་ཚན་ཁ་ཤས་ཀྱིས་རང་བཙན་གཙང་མ་བསྐྱར་གསོ་བྱེད་རྒྱུ་དེ་ཁོང་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་ཞེས་བཤད་ཀྱི་ཡོད། དེ་ནི་བཤད་ཆོག་པ་མ་ཟད། ཁོང་ཚོའི་ཐོབ་ཐང་ཡང་རེད། ཁོང་ཚོས་རང་བཙན་མིན་པ་ཞིག་རང་བཙན་སྒྲུབ་ཀྱི་ཡིན་ཟེར་གྱི་མེད། བྱུང་རབས་ཀྱི་གནས་བབ་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་གཞན་དབང་དུ་སོང་བ་ཡིན་སྟབས། དེ་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་བཤད་ཆོག་གི་རེད། ཡིན་ནའང་དེ་འདྲའི་ལྟ་གྲུབ་ཅིག་གཞུང་གིས་འཛིན་པར་བྱེད་པ་ལ་མང་ཚོགས་ཀྱི་མང་མོས་དགོས་ཀྱི་ཡོད། མང་ཚོགས་ཀྱི་མང་མོས་ཡོང་རྒྱུའི་ཆེད་དུ་གཞི་ལམ་འབྲས་གསུམ་ཆ་ཚང་ཞིག་བཤད་དགོས་ཀྱི་རེད། དཔེར་ན་བསྒྲུབ་བྱ་རང་བཙན་ཡིན་ན། དེ་ཇི་ལྟར་བསྒྲུབ་དགོས་པ་དང་། ཇི་ལྟར་འཐོབ་ཐུབ་པ། དེའི་ཐབས་ལམ་གང་ཡིན་པ། ང་ཚོས་ད་ལྟ་བྱེད་རྒྱུ་གང་ཡིན་པ། མུ་མཐུད་ནས་བྱེད་རྒྱུ་གང་ཡིན་པ། མ་འོངས་པར་བྱེད་རྒྱུ་གང་ཡིན་པ་སོགས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་ཞིག་བྱུང་ན། མི་མང་གིས་སེམས་ཚོར་གྱི་ཐོག་ནས་མིན་པར། རྣམ་དཔྱོད་དམ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་གང་ཡག་མིན་བལྟས་ཏེ་རྒྱབ་སྐྱོར་མང་བ་ཡོད་པ་དེ་ང་ཚོའི་གཞུང་གི་སྲིད་བྱུས་ཆགས་རྒྱུ་རེད།
དྲི་བ། ད་ལྟ་ང་ཚོའི་བོད་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་ལ། འཚེ་བ་མེད་པ་དང་། བདེན་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་གསུམ་གཞི་ལ་བཞག་པའི་ཐོག་ནས་འགྲོ་གི་ཡོད་རེད། ད་ལྟ་སྐབས་སུ་བབས་པ་འཚེ་བ་མེད་པའི་ལྟ་གྲུབ་དེའི་སྒང་ལ་འགྲོ་བསྡད་དུས། དེ་མང་ཚོགས་ཀྱི་གཞི་རིམ་གྱི་ཆ་ནས་ད་ལྟ་རིན་པོ་ཆེས་གསུངས་པ་བཞིན་དེའི་བསམ་བློའི་གོ་རྟོགས་དང་། རྒྱབ་ལྗོངས་གང་གི་ཆ་ནས་མ་འདང་བ་དང་མ་འཐུས་པ་མང་པོ་ཡོད་རེད། དེ་ཡིན་དུས་མང་ཚོགས་ཀྱི་ཐོག་ནས་མ་རྟོགས་པ་དང་། རྟོགས་ཀྱང་ལག་ལེན་བསྟར་མི་ཐུབ་པ། ལག་ལེན་བསྟར་ཐུབ་ཀྱང་སྙིང་སྟོབས་ཀྱིས་མ་འདང་བ་སོགས་དཀའ་ངལ་མང་པོ་ཞིག་ཡོད་རེད། དེ་ཡིན་དུས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཙམ་མ་ཡིན་པར། གཞིས་ལུས་རྒྱ་ཆེའི་མི་མང་དང་བཅས་པའི་ཐོག་ལ་ཟབ་སྦྱོང་ཟེར་ནའང་མི་འདུག གོ་རྟོགས་སྤེལ་བའི་ལས་འགུལ་དམིགས་བསལ་བ་ཞིག་གནང་ཐབས་ཡོད་མེད་བཀའ་འདྲི་ཞུ་རྒྱུ་ཡིན།
གཉིས་པ་དེ་ལ་ད་ལྟ་ཛ་དྲག་གི་གནས་ཚུལ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ཡར་མཐོ་རུ་མཐོ་རུ་འགྲོ་གི་ཡོད་རེད། དེ་འདྲ་ཡིན་དུས་ཕྱོགས་ཕེབས་གནང་རྒྱུ་དང་། གསུང་ཆོས་མང་པོ་གནང་རྒྱུ་དེ་དག་ཉུང་དུ་བཏང་ཐུབ་ན་དཔེ་ཡག་པོ་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ཉེ་ཆར་ཕ་རན་སི་ལ་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཁམས་མ་བདེ་བའི་གནས་ཚུལ་བྱུང་བ་རེད། དེ་འདྲ་ཡིན་དུས་འཛིན་སྐྱོང་བཀའ་ཤག་ཡིན་ནའང་རེད། ཕྱོགས་གང་ནས་ཡིན་ནའང་ང་ཚོས་སྐུ་ངལ་གསོ་ཐབས་ཐོག་ལ་ཐབས་ཤེས་དང་དགོངས་བཞེས་གནང་གི་ཡོད་དམ་ཞེས་ཞུ་རྒྱུ་ཡིན།
ལན། དབུ་མའི་ལམ་གྱི་གོ་རྟོགས་གོང་མཐོར་སྤེལ་བའི་ཆེད་དུ་བཙན་བྱོལ་གཞུང་གི་ངོས་ནས་དམིགས་བསལ་ལས་རིམ་ཞིག་འགྲོ་མུས་རེད། འདས་པའི་ལོ་བཞིའི་ནང་དེའི་ཆེད་དུ་གང་ལ་གང་འཚམས་ཀྱི་ལས་འགུལ་སྤེལ་ཡོད། ཡིན་ནའང་དེ་ཧ་ཅང་གི་མངོན་གསལ་དོད་པོ་དང་། གྲུབ་འབྲས་ཐོན་པ་ཞིག་བྱུང་མེད་པ་དེ་ང་ཚོས་ཚོར་གྱི་འདུག མ་འོངས་པར་ཡང་དེའི་ཐོག་ལས་འགུལ་མུ་མཐུད་ནས་སྤེལ་གྱི་རེད། ད་དུང་ག་ཚོད་ཐུབ་ཐུབ་ཀྱིས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུའི་འཕྲོད་བསྟེན་དང་། ལྷག་པར་དུ་མཛད་འཆར་ཧ་ཅང་ཉུང་དུ་གཏང་དགོས་པ་དེ་ཚང་མའི་བསམ་བློའི་ནང་འཁོར་གྱི་ཡོད་རེད། ཡིན་ནའང་སྤྱིར་བཏང་འཛིན་སྐྱོང་གི་འགྲོ་སྟངས་ཀྱི་ཆ་ནས་༧གོང་ས་མཆོག་གི་མཛད་འཆར་ཐོག་བོད་གཞུང་བཀའ་ཤག་གིས་ཐེ་བྱུས་ཞུ་གི་ཡོད་མ་རེད། མཛད་འཆར་ཆ་ཚང་སྐུ་སྒེར་ཡིག་ཚང་ནས་ཐད་ཀར་གཏན་འབེབས་གནང་གི་ཡོད། ཡིན་ནའང་༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ཧ་ཅང་གལ་ཆེན་པོ་ཡིན་སྟབས། འཛིན་སྐྱོང་གི་འགྲོ་སྟངས་ཇི་ཡིན་ལ་མ་ལྟོས་པར་བཀའ་ཤག་གི་ངོས་ནས་གང་ཐུབ་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐད་ཀར་སྙན་གསན་ཞུ་རྒྱུ་དང་། དེ་དང་ཕྱོགས་མཚུངས་སྐུ་སྒེར་ཡིག་ཚང་དང་གོ་བསྡུར་ཞུ་རྒྱུ་སོགས་རིམ་པས་ཞུ་གི་ཡོད། མ་འོངས་པར་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་དང་མ་འགལ་བའི་ཐོག་ནས་མཛད་འཆར་དེ་ཚོ་ཕྲན་བུ་ཉུང་དུ་གཏང་རྒྱུ་དང་། གུ་ཡང་དུ་གཏང་རྒྱུ། སྐུའི་འཕྲོད་བཞེས་དང་སྐུ་ངལ་གསོ་རྒྱུ་སྔོན་མ་ལས་མང་བ་ཡོང་རྒྱུའི་རེ་འདུན་ཚང་མ་ལ་ཡོད་ལ། འབད་བརྩོན་ཡང་བྱས་དང་བྱེད་བཞིན་པ་རེད། ཡིན་ནའང་གཙོ་ཆེ་བ་དེ་༧གོང་ས་མཆོག་གི་དགོངས་བཞེད་དང་བསྟུན་རྒྱུ་མ་གཏོགས། དེ་ལས་འགལ་བ་སུ་གང་གིས་བྱེད་ཐུབ་ཐབས་ཡོད་མ་རེད་བསམ་གྱི་འདུག
ཚོགས་ཐེངས་གཉིས་པ་མགོ་མ་ཚུགས་སྔོན་དུ་ཚོགས་ཐེངས་དང་པོའི་ནང་གི་དྲི་བ་གཉིས་གལ་ཆེན་པོ་ཡིན་སྟབས། ད་དུང་དེ་ལ་ཏོག་ཙམ་ཁ་སྣོན་བརྒྱབ་རྒྱུ་ཡིན། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་དེ་ཚོའི་བར་ལ་རྒྱང་ཕད་ཆེན་པོ་འདུག དེ་གང་འདྲ་བསྐང་ཐུབ་ཀྱི་རེད། སུས་འགན་ལེན་བྱེད་ཐུབ་ཀྱི་རེད་ཅེས་པའི་དྲི་བ་དེ་རེད། སྤྱིར་མང་གཙོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ལྷག་པར་དུ་ང་ཚོ་བོད་པ་ནང་བཞིན་ཛ་དྲག་གི་གནས་སྟངས་འོག་ཡོད་མཁན་ཚོའི་ཆེད་དུ་དྲི་བ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། བཙན་བྱོལ་གཞུང་གི་ངོས་ནས་རྒྱང་ཕད་དེ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་མེད་ལ། ཐབས་ཤེས་བྱེད་ཤེས་ཐབས་ཀྱང་མེད། ང་ཚོས་བཙན་བྱོལ་གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་ཚོ་ལ་གང་བརྗོད་ཀྱི་ཡོད་ཅེ་ན། ཁྱེད་རང་ཚོས་གཞུང་དང་ལྟ་གྲུབ་མི་མཐུན་པ་དེ་གསལ་པོ་མང་ཚོགས་ཀྱི་མདུན་དུ་བཞག་དགོས་རེད་མ་གཏོགས། ཧ་ལམ་ནང་དོན་གཅིག་པ་ཡིན་མདོག་གི་རྣམ་འགྱུར་བསྟན་རྒྱུ་དེ་ཡག་པོ་རྩ་ནས་མ་རེད་ཅེས་བཤད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་འཛུགས་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་རྣམ་གྲངས་གཅིག་གང་རེད་ཅེ་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁ་ལ་ཐོན་པ་མ་གཏོགས། ནང་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུལ་ལྕག་དང་རྒྱབ་སྐྱོར་གནང་གི་ཡོད་ཅེས་རྟག་པར་བཤད་ཀྱི་ཡོད། སྤྱིར་བཏང་ཁོང་ཚོས་བཤད་པ་དེར་ང་ཚོས་གལ་ཆེན་པོ་གང་ཡང་རྩིས་ཀྱི་མེད། ཡིན་ནའང་ཡང་དག་པའི་མང་གཙོའི་སྤྱི་ཚོགས་ཤིག་ཡོང་བ་ལ་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་རྣམས་ཐ་དད་བསྡད་དགོས་ཀྱི་རེད་མ་གཏོགས། ཚང་མ་ནང་དོན་གཅིག་པ་ཡིན་མདོག་དང་ཕྱི་ལ་འཁྲབ་པ་ཡིན་མདོག་བྱེད་ན་ལྟ་གྲུབ་ཀྱི་ནུས་པ་དེ་ཉམས་ཀྱི་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྤྱིའི་བླ་མ་རེད། བོད་མི་སྤྱིའི་དབུ་ཁྲིད་རེད། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་རེད། དེར་བརྟེན་སྲིད་དོན་གྱི་ཤོག་ཁག་འདྲ་མིན་ཡིན་ནའང་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ཡིན་ནའང་རེད། ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་ཡིན་ནའང་རེད། དེ་ཚོ་ཆ་ཚང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གཟིགས་པ་གཅིག་གྱུར་ཡོད་རེད་མ་གཏོགས། ཁ་ཤས་ལ་ཡག་པ་དང་། ཁ་ཤས་ལ་སྡུག་པ་རྩ་བ་ཉིད་ནས་ཡོང་ཤེས་ཐབས་མེད། ཡིན་ནའང་དེ་རྒྱུ་མཚན་དུ་བྱས་ནས་ང་ཚོ་ཚང་མ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀོད་བསྒྲིགས་བྱེད་པའི་མི་ཡིན་མདོག་གིས་ཚང་མ་༧རྒྱལ་བ་རིན་པོ་ཆེ་དང་དགོངས་པ་གཅིག་པ་ཡིན་པ་ལ། ཆབ་སྲིད་ཀྱི་དགོས་མཁོའི་ཐོག་ནས་ལྟ་གྲུབ་འདྲ་མིན་བཟོས་པ་རེད་མདོག་མདོག་གི་རྣམ་འགྱུར་སྟོན་ན། དེ་ཧ་ཅང་གི་ཐབས་སྐྱོ་པོ་རེད། གང་ལྟར་ང་ཚོས་གཡོ་སྒྱུ་འཁྲབ་ཀྱི་ཡོད་ཅེས་བཤད་ཀྱི་ཡོད་རེད་མ་གཏོགས། ང་ཚོས་བདེན་པ་བདེན་ཐུག་བྱེད་ཀྱི་ཡོད་པ་བཤད་ཀྱི་མེད། དེས་མང་གཙོའི་སྤྱི་ཚོགས་ཀྱི་གནས་ཚད་ལའང་ཕན་གྱི་མེད་ལ། བོད་ཀྱི་རྩ་དོན་ལའང་ཕན་གྱི་མེད། དེས་ན་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་དགོངས་ཚུལ་དང་མི་མཐུན་པ་ཡིན་པ་དེ་གསལ་པོ་བཟོ་དགོས་ལ། ཁས་ལེན་བྱེད་དགོས་ཀྱི་རེད། གལ་ཏེ་དེ་ལྟར་བྱེད་ན། མང་གཙོའི་རིན་ཐང་ཞིག་ཡོང་རྒྱུ་རེད། དེ་བཞིན་མིས་བལྟས་པ་ཡིན་ནའང་ཁོང་ཚོའི་ནང་དུ་བསམ་བློའི་ནུས་པ་དེ་ཆེན་པོ་འདུག་དྲན་གྱི་རེད་མ་གཏོགས། ནུས་པ་ཆག་རྒྱུ་གང་ཡང་མེད། དེ་འདྲའི་ངོས་ནས་བལྟས་ན་རྒྱང་ཕད་ཡོད་དགོས་ཀྱི་ཡོད་པ་ལྟ་བུ་ཡོད་རེད། གལ་ཏེ་རྒྱང་ཕད་མེད་ན། ཚང་མ་སྣོད་ཆས་གཅིག་ནང་བླུགས་པའི་ཅ་ལག་ལྟ་བུ་ཆགས་ནའང་འགྲིགས་ཀྱི་ཡོད་མ་རེད། ཡིན་ནའང་བོད་མི་ཞིག་ཡིན་ཕྱིན་ཆད་༧རྒྱལ་བ་རིན་པོ་ཆེས་དམིགས་ཀྱིས་བཀར་ནས་བླང་དོར་བཀའ་སློབ་ཞལ་གསལ་པོ་ཞིག་གནང་ན། དེ་ལ་ཚང་མས་རྩིས་དགོས་ཀྱི་རེད་བསམ་གྱི་ཡོད། གལ་ཏེ་དེ་ལ་མ་རྩིས་པ་ཡིན་ན། དེ་མང་གཙོའི་ཐོབ་ཐང་གི་སྐད་ཆ་ཞིག་རྩ་བ་ཉིད་ནས་མ་རེད་བསམ་གྱི་ཡོད། ནམ་རྒྱུན་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་། གཞིས་བྱེས་བོད་མི་སྤྱི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པར་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་རེད། དེས་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་དངོས་སུ་འགལ་བའི་ལས་དོན་བརྩམས་ན། དེ་ཚོ་བོད་མི་མང་ཚོགས་ཡོངས་རྫོགས་ཀྱིས་ཟུར་དུ་དབྱེ་ནས་གཞག་རྒྱུ་རེད། དེ་ནི་ད་ལྟའི་གནས་སྐབས་སུ་བོད་ཀྱི་རྩ་དོན་ཐོག་ལ་ཉེན་ཁ་ཆེ་ཤོས་ལྟ་བུ་ཆགས་ཀྱི་མེད་དམ་བསམ་གྱི་འདུག གང་ལྟར་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་ཕྱོགས་འགལ་དུ་དངོས་སུ་ཐོན་ན། དེ་ཧ་ཅང་གནོད་ཚབས་ཆེན་པོ་རེད་བསམ་གྱི་ཡོད། དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་སུ་བོད་ཀྱི་མ་འོངས་མདུན་ལམ་དེ་གང་འདྲ་ཆགས་ཀྱི་ཡོད་མེད་ཧ་ཅང་ཐེ་ཚོམ་ཟ་གི་འདུག བཙན་བྱོལ་གཞུང་གི་འཛིན་སྐྱོང་ཡིན་ནའང་། ད་གང་འདྲ་ཡིན་ནམ། ང་ཚོས་འཛིན་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད་བསམ་པའི་སོ་སོར་ཡིད་ཆེས་བརླག་གི་འདུག གལ་ཏེ་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་རྩིས་ཀྱི་མེད་ན། ང་ཚོས་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་རྩིས་ཀྱི་མེད། ང་ཚོ་ཟུར་དུ་ཐོན་གྱི་ཡིན་ཞེས་གསལ་པོ་བཟོ་དགོས། ཁ་ཤས་ཟུར་ཙམ་ཟུར་ཙམ་ཐོན་པ་ལྟ་བུ་བྱེད་ཀྱི་ཡོད། དེས་ཕན་ཐོགས་གང་ཡང་མེད། དངོས་སུ་གསལ་པོ་ཐོན་ནས་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་འགྲོ་གི་མིན་ཞེེས་བཤད་ན་ཁྲུན་ཐག་ཆོད་པོ་ཡོང་གི་རེད། འཛམ་བུ་གླིང་གི་མི་ཚང་མས་འདི་དག་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཏུ་འགྲོ་མཁན་རེད། འདི་དག་མི་འགྲོ་མཁན་རེད། ཁོང་ཚོའི་དབུ་ཁྲིད་འདི་འདྲ་རེད་ཅེས་དབྱེ་བ་ཕྱེ་བ་བྱུང་ན་དེས་མ་ཆོག་པ་གང་ཡང་མེད། དེ་ལྟར་མིན་པར་གང་དུ་ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཁྱེར་གྱི་ཡོད་པ་བཟོ་འདྲ་པོ་དང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པའི་འབོད་ཚིག་ཀྱང་སྒྲོག་གི་ཡོད་པ་འདྲ་པོ། མངོན་འདོད་དེ་ཚོའི་ནང་ལའང་༧རྒྱལ་བ་རིན་པོ་ཆེའི་སྐོར་བཀོད་དགོས་ཀྱི་ཡོད་པ་འདྲ་པོ་སོགས་བྱེད་ཀྱང་། ལས་ཀ་དེ་༧རྒྱལ་བ་རིན་པོ་ཆེས་གསུངས་པ་དེའི་ལྡོག་ཕྱོགས་ཏག་ཏག་བྱེད་མཁན་བྱུང་ན། བོད་ཀྱི་རྩ་དོན་གྱི་རྩ་བ་དེ་རུལ་འགྲོ་གི་ཡོད། དེ་ནི་ཧ་ཅང་གི་གྱོང་གུན་ཆེན་པོ་ཞིག་རེད་བསམ་གྱི་འདུག དེའི་འགན་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་ཐོག་ཏུ་བབས་པ་ཞིག་རེད་མ་གཏོགས། བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང་། ཚོགས་པ་སྐྱིད་སྡུག་ཁ་ཤས་ཐོག་ཏུ་བབས་པ་ཞིག་ཆགས་ཀྱི་མེད། ད་ལྟ་ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད། དེའི་རིང་བོད་པ་དེ་དག་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་བསྡད་ཐུབ་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་དེ་ཁ་གཏད་དུ་ཡོད་ནའང་། ད་དུང་ང་ཚོའི་བོད་ཀྱི་གནད་དོན་མ་བརླགས་པར་བསྡད་ཐུབ་པ་དེ་༧རྒྱལ་བ་རིན་པོ་ཆེ་མི་གཅིག་གི་འཇོན་ཐང་ཟེར་ནའང་མི་འདུག བཀའ་དྲིན་ཟེར་ནའང་མི་འདུག དེ་རང་རེད་མ་གཏོགས། ༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་དེ་མེད་ན། བོད་ཀྱི་གནས་སྟངས་དེ་ཧ་ལམ་མི་ཚང་མས་བརྗེད་ཚར་ཡོད་རེད། གལ་ཏེ་བརྗེད་ཚར་མེད་ནའང་། ཤིན་ཅང་གི་ཡུ་གུར་གྱི་གནས་སྟངས་དང་། ང་ཚོ་བོད་ཀྱི་གནས་སྟངས་གཅིག་པ་ཆགས་ཚར་ཡོད་རེད། ལར་ནས་མི་འབོར་དང་སྟོབས་ཤུགས་ཀྱི་ཆ་ནས་ཡུ་གུར་ང་ཚོ་ལས་ཧ་ཅང་མང་བ་རེད། ཡིན་ནའང་དེང་སང་འཛམ་གླིང་ནང་ཡུ་གུར་གྱི་སྐད་ཆ་བཤད་མཁན་སུ་འདུག་གམ། ཡུ་གུར་གྱི་རྒྱབ་སྐྱོར་ཚོགས་པ་ག་ཚོད་འདུག་གམ། ཧ་ལམ་མཐོང་རྒྱུ་མེད། འོན་ཀྱང་འཛམ་གླིང་གི་ས་ཆ་གང་སར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ༧རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་མེད་པ་ཧ་ལམ་མཐོང་རྒྱུ་མེད། དེ་བཞིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ནས་བཟུང་སྟེ་མི་མང་དཀྱུས་མ་ཡན་ནང་བོད་ཀྱི་གནད་དོན་ཐོག་རླབས་ཆེན་གྱི་སེམས་ཁུར་བྱེད་མཁན་ཡོད་པ་དེ་སུ་ལ་ཐུག་ཡོད་དམ། སུའི་བཀའ་དྲིན་རེད་དམ། དེ་ལ་ང་ཚོས་ཞིབ་འཇུག་བྱེད་ན། ༧གོང་ས་མཆོག་ཁོ་ན་ལས་གཞན་སུ་གང་གིས་འཇོན་པོ་རྒོད་པོ་བཏང་བ་མེད།
ང་ཚོས་༧རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་བཞག་ནས་འདི་འདྲ་ཞིག་བྱེད་ཐུབ་ཀྱི་ཡོད་ཅེས་ཐོན་ཡོང་ན། དེ་ནི་དགེ་མཚན་དང་གཟི་བརྗིད་ཅིག་རེད་མ་གཏོགས། དེ་ཐབས་ཆག་རེད་ཅེས་ཁྱོན་ནས་བརྗོད་ཀྱི་མེད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་མཚན་དེ་བེད་སྤྱོད་གཏང་དགོས་ཀྱི་ཡོད་པ་དང་། ནང་དོན་གྱི་ལས་ཀ་དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དང་མི་མཐུན་པ་བྱེད་ཡོང་དུས་དེ་ཕྱི་ནང་མ་མཚུངས་པ་དང་། ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་ཆགས་ཀྱི་ཡོད། ང་ཚོ་རྒྱ་གར་དུ་སླེབས་ནས་ལོ་ལྔ་བཅུ་ཕྱིན་པ་དེའི་རིང་ཕྱི་བལྟས་སློག་ན། སྤྱི་ཚོགས་ནང་རྙོག་ཁྲ་མང་པོ་བྱུང་བ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་སླེབས་པ་ནས་བཟུང་ ༡༩༨༠ གྱ་གྲངས་བར་རྙོག་ཁྲ་ཞིག་ག་དུས་ཡིན་ནའང་ཡོད་བསྡད་པ་རེད། ཡིན་ནའང་ད་ལྟའི་བར་དུ་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་མ་ཉན་པར་ལོགས་སུ་འགྲོ་མཁན་བྱུང་མེད། ད་ལྟ་དེ་འདྲ་ཐོན་ཡོང་དུས་སེམས་ཀྱི་ནང་དངངས་སྐྲག་ཆེན་པོ་སླེབས་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་འདུག
དྲི་བ་གཞན་ཞིག་ནང་༧སྐྱབས་མགོན་རིན་པོ་ཆེའི་མཛད་འཆར་ཉུང་དུ་གཏང་དགོས་པ་དང་། སྐུའི་འཕྲོད་བསྟེན་ཐོག་དགོངས་པ་བཞེས་དགོས་ཚུལ་གསུངས་པ་དེ་ཚོ་ཧ་ཅང་བདེན་པ་རེད། ཡིན་ནའང་དེ་ལས་གལ་ཆེ་བ་ཞིག་ནི་བོད་མི་སྤྱི་ཡོངས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་འགྲོ་བའི་གནས་སྟངས་ཤིག་བཟོ་དགོས་པ་དེ་རེད། གལ་ཏེ་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་རྩིས་ཐུབ་ཀྱི་མེད་ན། རིགས་པ་ཡིས་ནི་མ་ནུས་ན།། མ་ནུས་དེ་ལ་ཚིག་གིས་སྦྱང་།། ཞེས་གཞུང་ནང་གསུངས་ཡོད་པར་བརྟེན། དེ་འདྲ་བཀའ་མ་གནང་རོགས་ཞེས་ཞུས་པ་ཡིན་ནའང་མ་འོས་པ་གང་ཡང་མེད། དེ་འདྲ་མེད་པར་སྐུའི་མདུན་ལ་ཡོད་དུས་ཡིན་ཤག་བྱེད་པ་དང་། ཕྱི་ལ་ཐོན་དུས་གཞན་ཞིག་བྱེད་དུས། དེ་ནི་རྒྱབ་མདུན་མི་མཐུན་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་མཛད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ཡོང་གི་ཡོད། དེ་ཡོང་ཆོག་གི་མ་རེད་ཅེས་ང་ཚོས་ནམ་ཡང་བརྗོད་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེ་བླ་མ་ཡིན་པའི་གནས་བབ་དེ་ཐ་དད་རེད། ༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པའི་གནས་བབ་དེ་ཐ་དད་རེད། མང་གཙོའི་སྤྱི་ཚོགས་ཀྱི་ནང་ཆབ་སྲིད་ཀྱི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་གནས་སྟངས་གང་ཡང་མེད། ཡིན་ནའང་བོད་མི་རིགས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཐོག་ལ་སྤུངས་ནས་སྐྱོན་བརྗོད་དང་། མཚན་སྨད། ཟུར་ཟ་ཞུ་རྒྱུའི་རིགས་དེ་དག་མ་འོས་པ་རེད། ད་ལྟ་ང་ཚོའི་བཙན་བྱོལ་གཞུང་གིས་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལྟ་བུ་ལ་མཚོན་ན། ༧རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་རལ་གྲི་གནམ་གཡུག་གནང་ནས། འདི་ངའི་ལྟ་གྲུབ་ཡིན། ཁྱེད་ཚོ་ཚང་མས་ཁས་ལེན་དགོས་ཞེས་ནམ་ཡང་གསུངས་མེད། དེ་ནི་མང་གཙོའི་ཐག་གཅོད་ཀྱི་བརྒྱུད་རིམ་ཆ་ཚང་ཕྱིན་ནས་ཐག་བཅད་པའི་གནས་སྟངས་ཤིག་རེད།
༧རྒྱལ་བ་རིན་པོ་ཆེས་ཕྱི་ལོ་ ༡༩༦༧།༡༩༦༨ ཙམ་ནས་དབུ་མའི་ལམ་གྱི་སྐོར་ལ་དགོངས་པ་བཞེས་པ་དང་། ནང་དོན་མི་ཉུང་ཤས་དང་བཀའ་བསྡུར་གནང་བ་རེད། ཕྱི་ལོ་ ༡༩༧༢།༡༩༧༣ ལ་གཞུང་འབྲེལ་གྱིས་སྐབས་དེའི་བཀའ་ཤག་དང་སྤྱི་འཐུས་ཚང་མར་གོ་བསྡུར་གནང་སྟེ་བང་རིམ་ཆ་ཚང་བསྒྲིགས་པ་རེད། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་བགྲོ་གླེང་མཐར་ཕྱིན་གནང་བའི་རྗེས་སུ་མ་འོངས་པར་གོ་སྐབས་ཤིག་བྱུང་ན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་རྒྱུ་ཡིན་པ་དེ་གཏན་འཁེལ་བྱུང་བ་རེད། གོ་སྐབས་དེ་ནི་ཕྱི་ལོ་ ༡༩༧༩ ལོར་ ཏིང་ཤོ་ཕིང་གིས་ཞི་མོལ་གྱི་གྲོས་འཆར་བཏོན་པའི་སྐབས་སུ་བྱུང་བ་རེད། སྐབས་དེར་གསལ་བསྒྲགས་ཀྱང་གནང་བ་རེད། དེའི་རྗེས་སུའང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་གྲུབ་འབྲས་ཆེན་པོ་མི་ཐོན་པ་དང་། གྲུབ་འབྲས་ཆེན་པོ་འཐོན་རྒྱུར་དཀའ་ངལ་ཡོད་པ་གཟིགས་པའི་སྐབས་སུ་བསྐྱར་དུ་ཕྱི་ལོ་ ༡༩༩༦།༡༩༩༧ ལོ་གཉིས་རིང་ཡང་བསྐྱར་མང་ཚོགས་ནང་ལ་གོ་བསྡུར་གྱིས་མ་འོངས་པའི་སྲིད་བྱུས་གང་འདྲ་ཟིན་མིན་ཆེད་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུར་ཐུགས་གཏན་འཁེལ་བ་རེད། མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་ཟླ་གྲངས་མང་པོ་བྱས་པའི་རྗེས་སུ་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཀྱིས་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་པར་མང་མོས་བྱུང་བ་ཡིན་སྟབས། ཁྲིམས་བཟོའི་ལྷན་ཚོགས་ཀྱི་ནུས་པ་ཆ་ཚང་ཡོད་པའི་སྐབས་ ༡༡ དང་ ༡༢ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐག་གཅོད་གནང་རོགས་གནང་ཞུས་པའི་སྐབས་སུ། ༧རྒྱལ་བ་རིན་པོ་ཆེས་དེ་འདྲ་ཡིན་ན་ངའི་ཐག་གཅོད་དབུ་མའི་ལམ་ཡིན་ཞེས་བཀའ་གནང་བ་རེད། སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་རང་འགྲིགས་ཀྱི་འདུག་ཅེས་ཡང་བསྐྱར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཞུས་ཡོད། གལ་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་ཆ་དང་། མ་འདང་བ་ཡོད་ན་དེའི་འགན་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་མི་མང་ལ་འཁྲི་བ་མ་གཏོགས། ༧རྒྱལ་བ་རིན་པོ་ཆེ་ལ་རྩ་བ་ཉིད་ནས་འཁྲི་གི་མེད། དེ་ལ་བརྟེན་ནས་༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་དང་ཟུར་ཟ་བྱེད་རྒྱུའི་གཞི་རྩ་གང་ཡང་མེད། གལ་ཏེ་འགྱུར་བ་ཞིག་གཏང་དགོས་ནའང་། མི་མང་གི་བསམ་ཚུལ་དང་གྲོས་ཚོགས་ཀྱི་བགྲོ་གླེང་དེ་ཚོའི་བརྒྱུད་ནས་འགྱུར་བ་གཏང་ཆོག་པ་མ་གཏོགས། དེ་འགྱུར་བ་བཏང་དང་མ་བཏང་གི་མཐའ་མའི་ཐག་གཅོད་དེ་༧རྒྱལ་བ་རིན་པོ་ཆེའི་ཕྱག་ལ་བཙན་དབང་ཐོག་ནས་ཉར་གནང་མེད། ཁྲིམས་ཀྱི་ཐོག་ནས་བཤད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་གང་ཡོད་ཅེ་ན། ༧རྒྱལ་བ་རིན་པོ་ཆེས་ཐག་གཅོད་གང་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་བ་དང་གནས་ཚད་མཉམ་པ་ཞིག་རྩིས་ཀྱི་ཡིན་ཞེས་འཁོད་ཡོད། གལ་སྲིད་དེའི་འབྲུ་དོན་གཞིར་བཟུང་བྱེད་ན། སྲིད་བྱུས་འདི་ལ་འགྱུར་བ་གཏོང་དགོས་ན། ཡང་བསྐྱར་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་བཏང་ན་མ་གཏོགས། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏང་བདེ་པོ་མེད་པ་ཞིག་ཆགས་ཡོད། འོན་ཀྱང་མང་མོས་ཐག་གཅོད་འོས་བསྡུའི་ལམ་དེ་སུ་གང་གིས་བཀག་མེད། མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུའི་ལམ་དེ་མུ་མཐུད་ཡོད་མུས་རེད། དེར་བརྟེན་ཚད་ལྡན་གྱི་མང་གཙོའི་ལམ་སྲོལ་བཞིན་འགན་ཁྱེར་མཁན་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ལ་དགག་པ་བརྒྱབ་ཆོག་གི་རེད། སུ་གང་གིས་དགག་པ་བརྒྱབ་ཆོག་གི་མ་རེད་ཅེས་བཤད་མཁན་མེད། དགག་པ་རྒྱག་པ་དང་ཆབས་ཅིག་ཏུ་དེའི་སྐྱོན་ཆ་དེ་དག་མང་ཚོགས་ནང་གསལ་བཤད་བྱེད་ཆོག དེ་མིན་གྱི་ཐབས་ལམ་གཞན་ཡང་མང་ཚོགས་ནང་གསལ་བཤད་བྱེད་ཆོག་གི་རེད། དེ་ནས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཡིན་ནའང་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་ལམ་ནས་ཡིན་ནའང་རེད། དེ་འགྱུར་བ་གཏང་རྒྱུའི་ཐབས་ལམ་ཏན་ཏན་ཡོད་བསྡད་པ་རེད། དེ་འདྲའི་ལས་རིམ་དེ་དག་བྱེད་མི་དགོས་པར། སྟབས་བདེ་པོས་༧རྒྱལ་བ་རིན་པོ་ཆེས་འགྲིགས་ཀྱི་མི་འདུག་མདོག་མདོག་བྱེད་པ་དང་། དེ་བཞིན་བརྒྱུད་ལམ་ཁག་ལ་རིང་ཙམ་ཐུང་ཙམ་བཤད་རྒྱུ་དེ་དཔའ་རྟགས་མ་རེད། དེ་ནི་མང་གཙོའི་ལམ་སྲོལ་ལ་འགན་ཁྱེར་བའི་ལས་ཀ་མ་རེད་ལ། བོད་མི་མང་ལ་འགན་ཁྱེར་བའི་ལས་ཀའང་མ་རེད། གལ་ཏེ་བོད་མི་མང་གི་རྩ་དོན་གཙོ་བོར་བཟུང་གི་ཡོད་ན། དེ་ཚོའི་ཐོག་ལ་ཡང་དག་པའི་བརྒྱུད་ལམ་དེ་ཆ་ཚང་ཁྲིམས་ནང་གསལ་ཡོད་རེད་མ་གཏོགས། དེ་ལས་གཞན་པའི་བརྒྱུད་ལམ་གསར་པ་བཙལ་དགོས་པའི་གནས་སྟངས་ཆགས་ཀྱི་མེད།
མང་ཚོགས་ནང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་སྐུའི་འཕྲོད་བསྟེན་ཐོག་ཐུགས་འཚབ་གནང་མཁན་མང་པོ་བྱུང་ཡོད། ད་ལྟ་འདིར་ཡང་བཀའ་འདྲི་གནང་མཁན་བྱུང་སོང་། དེ་བཞིན་ང་ཚོར་ཕྱག་བྲིས་གནང་མཁན་དང་། ཐུག་པའི་སྐབས་སུ་བཀའ་གནང་མཁན་ཡང་ཡོང་གི་འདུག དེ་ཚོས་ཐུགས་འགན་བཞེས་པ་ཧ་ཅང་ཡག་པོ་རེད། ཡིན་ནའང་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་འགྲོ་བ་དང་། ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དང་མི་འགལ་བ་ཡོང་རྒྱུའི་ཐོག་མང་ཚོགས་ནང་བཀའ་གནང་དགོས་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེས་གཏན་ལ་ཕབ་པའི་སྲིད་བྱུས་འགྲིགས་ཀྱི་མེད་ན། ཡང་དག་པའི་མང་གཙོའི་བརྒྱུད་ལམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་ཡོད་པ་དང་། དེ་འདྲ་གཏང་དགོས་པ་མ་གཏོགས། ཟུར་ཟ་དང་སྐྱོན་བརྗོད་བྱེད་ན་སྲིད་བྱུས་ལ་འགྱུར་བ་འགྲོ་གི་མ་རེད་ལ། མི་དེའི་བྱེད་སྟངས་དེའང་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་ཆགས་ཀྱི་མེད། དེ་རིང་ཕྱོགས་མཐའ་ཁག་ནས་ཕེབས་མཁན་མང་པོ་ཡོད་སྟབས་གནས་ཚུལ་དེ་ཚོའི་སྐོར་ཞུས་ན་བསམས་བྱུང་། ཚང་མའི་ཐུགས་ལ་འཇགས་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
(༢༠༠༨ ཕྱི་ཟླ་ ༩ ཚེས་ ༧ ཉིན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཚོགས་ཁང་དུ་རབ་བྱུང་བ་རྣམས་ཀྱི་ཟབ་སྦྱོང་གི་ཚོགས་ཐེངས་དང་པོར་འཚེ་མེད་ཞི་བའི་ལྟ་གྲུབ་དང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་སྐོར་གསུང་བཤད་གནང་འདུག)