བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་སློབ་ཟུར་ཚོར་བསྩལ་བའི་བཀའ་སློབ།

ཕྱི་ལོ་༢༠༡༤ཟླ་༡༡ཚེས་༦ཉིན་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོར་བཀའ་སློབ་དང་གསུང་བཤད་གནང་དོན།
Varanasi (4)
དགེ་འདུན་པ་རྣམ་པ། ཉེ་བའི་རིགས་བདག་མཆོག ས་གནས་མང་པོ་ཞིག་ནས་ཕེབས་པའི་གཙུག་ལག་སློབ་ཁང་འདིའི་སློབ་ཟུར་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་དེ་རིང་ཕྱོགས་མཐའ་ཁག་མང་པོ་ཞིག་ནས་སློབ་ཟུར་མང་པོ་ཞིག་ཕེབས་འདུག དེ་ཙམ་འཛོམས་ཀྱི་ཡོད་པའི་དོ་སྣང་མ་བྱུང་། དེ་རིང་འདིར་ཕེབས་མཁན་ནང་མཁན་ལས་ཟུར་དང་། སློབ་གཉེར་ཁང་ཁག་གི་འགན་འཛིན། གཞུང་ཞབས། སྤྱི་ཚོགས་ཀྱི་ཕྱག་ལས་གནང་མཁན། ཆོས་ཕྱོགས་ཀྱི་ཕྱག་ལས་གནང་མཁན་འདྲ་མིན་སྣ་ཚོགས་ཤིག་དང་། དེ་ཡང་གནད་འགག་ཡོད་པའི་ལས་དོན་ཐོག་ལ་ཐུགས་འགན་བཞེས་མཁན་སློབ་ཟུར་མང་པོ་ཡོད་པ་རྣམས་དངོས་སུ་མཇལ་ནས་ངོ་སྤྲོད་བྱུང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང་བློ་ཁ་ཚིམ་པོ་བྱུང་།
ནམ་རྒྱུན་ཁ་འཐོར་དགུ་འཐོར་ཡོད་དུས་གནད་འགག་ཡོད་པའི་མི་དེ་ཚོའང་དྲན་ཡུལ་ནང་གསལ་པོ་ཞིག་ཡོད་པ་མ་རེད། དེ་རིང་འདིར་རུབ་རུབ་འཛོམས་པ་དང་ལྷག་པར་དུ་ཁྱེད་རང་ཚོའི་དྲན་རྟེན་གླེགས་བམ་དེའི་ནང་སློབ་ཐོན་པ་མང་པོའི་གནས་ཚུལ་བཀོད་འདུག་པས་དེར་བལྟ་དུས་ཧ་ཅང་དགའ་པོ་བྱུང་སོང་།
དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་དེ་ཚོའི་ནང་སློབ་གྲྭ་འདི་ཐོག་མར་འགོ་འཛུགས་བྱེད་པའི་སྐབས་སུ་རྒྱ་གར་གཞུང་གི་ལས་དོན་དང་འབྲེལ་བ་ཡོད་པའི་གནད་འགག་ལས་བྱེད་ཚང་མས་སྐད་ཆ་དང་པོ་དང་རྟག་པར་འདྲི་རྒྱུ་དེ་འདི་ནས་ཐོན་དུས་ལས་ཀ་ག་རེ་རག་གི་རེད་ཅེས་པའི་དྲི་བ་འདི་ཤ་སྟག་འདྲི་ཡི་རེད། ཁོ་རང་ཚོའི་བསམ་ཚུལ་ནང་ལ་འགྲོ་སོང་ཆེན་པོ་ཞིག་བཏང་ནས་སློབ་གྲྭ་ཆེན་པོ་ཞིག་བཙུགས་དུས་སློབ་ཐོན་སྐབས་ལས་མེད་ཀྱི་མི་མང་པོ་ཞིག་བཟོ་རྒྱུ་མ་གཏོགས། འདིར་སློབ་སྦྱོང་བྱས་ནས་མི་ཚེའི་མདུན་ལམ་གྱི་འཚོ་བ་ཞིག་རག་གི་རེད་བསམས་པའི་ཚོད་དཔག་ཧ་ལམ་མ་ཐིག་པའི་གནས་སྟངས་ཤིག་རེད། དེར་ཁག་ཡོད་པ་མ་རེད། སློབ་གྲྭ་འདི་ཐོག་མར་བཙུགས་རྒྱུའི་འཆར་གཞི་འདིང་སྟངས་དེ་སྦག་སར་བཞུགས་པའི་དགེ་འདུན་པ་དེ་ཚོ་རིམ་པས་སློབ་གྲྭའི་རྣམ་པར་བསྒྱུར་ནས་འདིར་སྤོ་རྒྱུ་ཡིན་པའི་ཁུལ་རེད།
དེར་བརྟེན་ཕལ་ཆེར་ཐེངས་དང་པོ་དང་གཉིས་པ་གསུམ་པའི་སློབ་ཕྲུག་ཚོ་སྦག་སར་ཡོད་པའི་ཆོས་བརྒྱུད་བཞིའི་དགེ་འདུན་པ་མང་ཉུང་ལ་གཞིག་པའི་ཚད་གཞི་ངེས་ཅན་ཞིག་ཕེབས་པ་མ་གཏོགས། སྦག་ས་ནས་མ་ཡིན་པ་ཕྱི་ལོགས་ནས་འཛུལ་མཁན་ཁྱིམ་པ་སོགས་དམིགས་བསལ་གྱིས་བཅུག་པ་རེ་གཉིས་ཙམ་མ་གཏོགས་ཡོད་མ་རེད།
Varanasi (3)རིག་གཞུང་ལྷན་ཁང་(Culture Department)གི་ཟུང་འབྲེལ་དྲུང་ཆེ་ཅཽདྷ་རཱི་(Chodhiri)ཟེར་བ་ཁོང་འདིར་ཕེབས་པ་རེད། དེ་དུས་ང་ཚོའི་སློབ་ཕྲུག་ཀྱང་རབ་ཏུ་བྱུང་བ་ཤ་སྟག་རེད། སཱ་ར་ནཱ་ཐར་འདུ་འཛོམས་ཞིག་འཚོགས་ནས་ཁོང་ནང་ལ་གདན་འདྲེན་ཞུ་དུས་ང་ཡང་སླེབས་ཚར་ཙམ་ཡིན། ནང་ལ་མཆོད་མཇལ་བྱེད་དུས་སྐབས་ལ། ཁོ་རང་ཚོའི་ནང་ལོགས་ལ་སྐད་ཆ་བཤད་པ་ངས་གོ་བ་རེད། ཟུང་འབྲེལ་དྲུང་ཆེ་དེས་འདི་མ་ཋ་བཟོ་རྒྱུ་རེད་འདུག འདི་སློབ་གྲྭ་བཟོ་རྒྱུ་རེད་མི་འདུག་ཟེར་གྱི་འདུག ཚིག་དེ་ང་ལ་ཕོག་པོ་དང་མ་བདེ་བ་ཞིག་བྱུང་སོང་། དེར་བརྟེན་དེ་དུས་ང་ཚོས་ཁོ་ཚོར་འདི་ནས་ཐོན་དུས་ལས་ཀ་རག་པའི་ཆེད་དུ་སློབ་གྲྭ་འཛུགས་ཀྱི་ཡོད་པ་མ་རེད་ཅེས་ལན་བརྒྱབ་བསྡད་པ་རེད། ལན་དེ་ཁོ་ཚོའི་ཨ་མཆོག་ནང་རྩ་བ་ནས་འགྲོ་ཡི་ཡོད་མ་རེད། ལས་ཀ་རག་གི་མེད་ན་སློབ་གྲྭ་ག་རེ་བྱས་ནས་བཙུགས་དགོས་པ་རེད་བསམས་པ་ཞིག་ཡོད་རེད། ཤེས་ཡོན་གྱི་དོན་དག་ལ་སློབ་གྲྭ་བཙུགས་དགོས་རེད་བསམས་པའི་བསམ་བློ་འཁྱེར་ཕྱོགས་དེ་འདས་པའི་ལོ་བརྒྱ་ཕྲག་ཡས་མས་ཤིག་ལ་མེ་ཁོ་ལེའི་ཤེས་ཡོན་སྲིད་བྱུས་(Education Policy of Macaulay)ཁྱབ་པ་ནས་བཟུང་རྒྱ་གར་གྱི་མི་དེ་ཚོའི་བསམ་བློའི་ནང་དང་། ལྷག་པར་དུ་རྒྱ་གར་གྱི་འཛིན་སྐྱོང་ནང་ལས་ཀ་བྱེད་མཁན་IS ཁོ་རང་ཚོའི་བསམ་བློའི་ནང་ཡོད་པ་མ་རེད།
དེར་བརྟེན་སློབ་གྲྭ་ཟེར་བ་དེ་འཚོ་ཐབས་རྐྱང་པ་ཡིན་པ་དང་འཚོ་ཐབས་ཤིག་བཙལ་ཐུབ་ཀྱི་མེད་ན་སློབ་གྲྭ་བཙུགས་པའི་དགོས་པ་མེད་པ་ནེཧ་རཱུ་དང་ཆཀ་ལཱ་ (chakla)ཁོ་རང་ཚོའི་དགོངས་པའི་ནང་ལེགས་བྱང་གི་འཛིན་སྐྱོང་དང་། བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་བྱེད་དགོས་པའི་དགོངས་ཚུལ་ཞིག་ཡོད་པ་རེད་མ་གཏོགས་དངོས་སུ་ལས་དོན་ལག་ལེན་བསྟར་མཁན་ཚོའི་ནང་ལ་བསམ་བློ་དེ་མེད་པ་ཤ་སྟག་རེད།
དེར་བརྟེན་ང་ཚོས་ག་དུས་ཡིན་ནའང་ལས་ཀ་རག་པའི་ཆེད་དུ་མིན་པ་དང་། ད་དུང་ངས་ཚིག་དེ་ལས་རྩུབ་པ་ཞིག་བེད་སྤྱོད་བཏང་ནས་ང་ཚོ་འདི་ནས་མ་འོངས་པར་གླ་ཆ་ལེན་ནས་གཡོག་པོ་རྒྱུག་མཁན་ཞིག་བཟོ་བའི་ཆེད་དུ་མ་རེད། ཐོན་སོང་ན་མི་གཞན་ལ་ཕར་ལས་ཀ་བཀོལ་ཐུབ་ན་བཀོལ་མཁན་ཞིག་དང་དེ་མ་ཐུབ་རུང་རང་མགོ་རང་འདོན་བྱས་ནས་བདག་པོ་བྱེད་མཁན་ཞིག་མ་གཏོགས། མིའི་གཡོག་པོ་རྒྱུག་མཁན་ཞིག་བཟོ་བའི་ཆེད་དུ་མ་རེད་ཅེས་བཤད་བསྡད་པ་རེད།
ཡིན་ནའང་ང་རང་ཚོའི་བསམ་བློའི་ཟུར་ཞིག་གི་ནང་འདི་ནས་ཐོན་པའི་སློབ་ཕྲུག་དེ་ཚོས་མི་ཚེའི་འཚོ་བའི་མདུན་ལམ་ཁྱོན་ནས་མ་རག་པ་ཡིན་ན། བོད་ལ་ཡིན་ན་རབ་བྱུང་ཡིན་དུས་དགོན་པ་གྲྭ་ཚང་ལ་ཆོས་ཞུགས་བྱེད་ཚར་བའི་རྗེས་ལ་མི་ཚེ་དགོན་པའི་ནང་འཁྱོལ་འགྲོ་བ་མ་གཏོགས་འཚོ་ཐབས་ཟུར་དུ་དགོས་ཀྱི་ཡོད་པ་མ་རེད།
འདིར་མཐོ་རིམ་སློབ་གྲྭའི་ནང་ག་ཚོད་མང་བ་བསྡད་ནའང་ལོ་དགུ་དང་བཅུ་ནས་འཐོན་འགྲོ་རྒྱུ་རེད། ཉམས་ཞིབ་འདྲ་བྱས་ན་ལོ་བཅུ་གཅིག་བཅུ་གཉིས་ཙམ་སྡོད་ཐུབ་འགྲོ། ཐོན་འགྲོ་བའི་སྐབས་ལ་འགྲོ་སྟངས་སྡོད་སྟངས་མ་ཤེས་པ་ཞིག་ཆགས་པ་ཡིན་ན། རྒྱ་གར་བ་ཁོ་ཚོས་བཤད་པ་དེ་ལའང་དངོས་ཡོད་ཀྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་རེད་བསམ་པ་ཡང་ཡང་འཁོར་གྱི་ཡོད་པ་རེད།
ཡིན་ནའང་ད་དུང་ཕྱི་ལོགས་ལ་རྣམ་འགྱུར་སྟོན་སྟངས་དེ་དེའི་སྐོར་སེམས་ཁྲལ་རྩ་བ་ནས་མེད་པའི་རྣམ་འགྱུར་བསྟན་བསྡད་པ་རེད། ལོ་རེ་ལོ་རེའི་སློབ་གྲྭ་གསར་ཞུགས་ཡོང་མཁན་དེ་ཚོ་ལའང་དང་པོའི་སྐབས་དེར་འཛུལ་རྒྱུགས་ཀྱི་སྐད་ཆ་ཡོད་མ་རེད། རྗེས་མ་འཛུལ་རྒྱུགས་སྐད་ཆ་ཆགས་ཚར་བའི་རྗེས་ལའང་གསར་ཞུགས་ཚོར་ངས་རྟག་ཏུ་ཐུག་ཀྱི་ཡོད།
གཅིག་བྱས་ན་ཁྱེད་རང་ཚོར་ཐུགས་དྲན་སོས་ཀྱི་རེད། སློབ་སྦྱོང་ཐོན་རྗེས་གཡོག་པོ་རྒྱུག་འཆར་ཡིན་ན་ཡོང་ས་དེ་ནོར་བ་རེད། རྒྱ་གར་ནང་གཙུག་ལག་སློབ་ཁང་ཉིས་བརྒྱ་ལྔ་བཅུ་ཡས་མས་ཤིག་ཡོད་པ་རེད་ལ་དེ་རིང་སང་ཉིན་ཧ་ཅང་མང་པོ་ཆགས་ཚར་བ་རེད། དེ་ཚོའི་ནང་ག་པར་འགྲོ་འགྲོ་རེད། འདིར་ཡོང་ནས་ཁྱེད་རང་ཚོའི་བསམ་བློའི་ནང་ལ་ཕུགས་ཀྱི་རེ་འདུན་དེ་སློབ་གྲྭ་ཐོན་སོང་ན་གཡོག་པོ་ཞིག་རག་གི་རེད་བསམས་པའི་བསམ་ཚུལ་དེ་ཡོད་པ་ཡིན་ན། འདིར་ཡོང་རྒྱུ་ཡོད་མ་རེད། གཞན་དག་ཞིག་ལ་འགྲོ་དགོས་པ་རེད། ཅེས་ལོ་ལྟར་བཤད་བསྡད་པ་རེད། དེས་མིའི་བསམ་བློའི་ནང་ལ་ག་ཚོད་ཅིག་གཡོ་འགུལ་དང་ནུས་པ་ཐོན་གྱི་ཡོད་མེད་མི་ཤེས་ཀྱང་འཆར་ཅན་གྱི་ཆོ་ག་ཕྱག་ལེན་ལྟར་དེ་འདྲ་བཤད་བསྡད་པ་རེད།
Varanasi (2)དེ་ནས་ལོ་གང་འཚམས་ཕྱིན་ནས་སློབ་གྲྭ་ཐེངས་ཁ་ཤས་ཐོན་ཚར་བའི་རྗེས་ལ། ཕལ་ཆེར་༡༩༩༠གོ་གྲངས་ལ་མཁས་དབང་བི་པི་སིངྷ་(Dr.BPS, Balmikya Prasad Singh) རིག་གཞུང་དྲུང་ཆེ་(Culture Secretary)ཡིན་པ་མ་ཟད། སློབ་གྲྭ་འདིའི་ཚོགས་གཙོ་(Chairperson)ཡང་ཁོ་རང་གིས་གནང་བ་རེད། རྗེས་མར་ཁོ་རང་ནང་སྲིད་དྲུང་ཆེ་(Home Secretary)ཆགས་ནས་འདིར་ལོ་དུས་མ་ཚང་བར་ནང་སྲིད་དྲུང་ཆེ་ཡིན་བཞིན་དུ་འདིར་ང་ཚོའི་ཚོགས་གཙོ་བྱས་ནས་བཞུགས་པ་རེད། དེ་དུས་ཁོང་གིས་ཉིན་ཞིག་བཀའ་གནང་སོང་། འདི་ནས་ཐོན་པའི་སློབ་གྲྭ་བ་ལས་ཀ་མ་རག་པ་ལུས་བསྡད་པ་དེ་འདྲ་ཡོད་མེད་ཞིབ་འཇུག (Survey)བྱས་ན་ཡག་པོ་ཡོད་རེད་ཟེར་གྱི་འདུག ང་ཚོས་གཏིང་ཟབ་མོས་ཞིབ་འཇུག་བྱེད་ཐུབ་མེད་ཀྱང་གང་ཐུབ་ཐུབ་ཅིག་བྱས་དུས་མང་པོ་རག་མ་སོང་། ཚང་མ་ག་པར་ཡིན་ན་ལའང་བདག་འདུག དགེ་རྒན་བྱེད་མཁན་འདུགདཔེ་མཛོད་ཀྱི་ལས་ཀ་བྱེད་མཁན་འདུག ཕྱི་རྒྱལ་ཁག་གི་ཆོས་ཚོགས་ལ་འགྲོ་མཁན་དེ་ཚོ་ཡང་ལས་མེད་དུ་བརྩི་རྒྱུ་ཡོད་པ་མ་རེད། ང་ཚོའི་སློབ་གྲྭ་འདིའི་ནང་ལ་ཤ་ཁུ་ཤ་འཐིམ་ལྟར་བྱས་ནས་ཕྱག་ལས་གནང་མཁན་ཡང་འདུག
དེར་བརྟེན་དེ་ནས་བཟུང་ཁོ་རང་གིས་རྒྱ་གར་གཞུང་གི་དཔོན་རིགས་ཡོད་ཚད་ལ་རྟག་ཏུ་ང་ཚོའི་དམིགས་ཡུལ་དེ་ལས་ཀ་(Employment)བཞག་ཡོད་མ་རེད། འོན་ཀྱང་སློབ་གྲྭའི་ནང་ནས་ལས་མེད་(Unemployment)གཅིག་ཀྱང་ཐོན་གྱི་ཡོད་པ་མ་རེད་གསུང་གི་རེད། འབྲུའི་དོན་དུ་སོ་ནམ་བྱས་ནས་ཕུག་མ་ཡོང་བ་ཆོས་ཉིད་རེད་ཅེས་དཔེ་དེ་ཡང་ཁོང་གིས་གསུང་མཁྱེན་གྱི་ཡོད་པ་རེད།
དེ་ང་རང་ཚོའི་བོད་བརྒྱུད་ནང་བསྟན་དང་བོད་པའི་ལེགས་བྱང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག ད་ལན་འདིར་ཕེབས་མཁན་སློབ་ཟུར་དེ་ཚོ་ཡང་ཕྱག་ལས་གནད་འགག་ཆེན་པོ་ཤ་སྟག་གནང་མཁན་མ་གཏོགས་ཕྱག་ལས་གནད་འགག་ཆུང་ཆུང་གནང་མཁན་ཧ་ལམ་མེད་པའི་བཟོ་འདུག ཕྱག་ལས་གནད་འགག་ཆེ་ཆུང་དེ་ངས་གང་འདྲ་བྱས་ནས་བརྩི་བཞིན་ཡོད་ཟེར་ན། དང་པོ་དེ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེབས་སྒྲུབ་ཀྱི་ཡོད་མེད་དང་། གཉིས་པ་དེ་སེམས་ཅན་ལ་ཕན་ཐོགས་ཀྱི་ཡོད་མེད། དེ་རིང་ཁ་སང་སྐད་ཆ་ལྟར་བྱས་ན་སོ་སོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་དེ་རེད། མ་གཏོགས་བསྟན་པ་དང་སྤྱི་ཚོགས་གང་ལའང་མི་ཕན་པའི་(multi-national company)(CAO)ལྟ་བུ་ཟླ་བ་རེར་གླ་ཕོགས་འབུམ་མང་པོ་བླངས་པ་གང་ཞིགགྲུབ་དོན་དེ་སོ་སོའི་གྲོད་ཁོག་རྒྱོང་ཆེད་དང་སོ་སོའི་ནང་མི་བུ་ཕྲུག་གསོ་ཆེད་ཙམ་མ་གཏོགས། བསྟན་པ་སེམས་ཅན་གང་ལའང་མི་ཕན་པའམ་ཡང་ན་རང་གི་ལེགས་བྱང་དང་སྤྱི་ཚོགས་ལ་ཕན་ཐོགས་མེད་པའི་ལས་ཀ་ཞིག་ཡིན་ན། དེ་ལས་ཀ་གནད་འགག་ཆུང་ཆུང་ཆགས་པ་རེད།
ལས་ཀ་གནད་འགག་ཆུང་ཆུང་ག་རེ་བྱས་ནས་ཆགས་པ་རེད་ཟེར་ན། ལས་ཀ་བྱེད་མཁན་ཁོ་རང་སྐྱེས་བུ་ཆུང་ངུའི་ཆ་ལ་ཕྱིན་པ་རེད། སྐྱེས་བུ་ཆུང་ངུའང་ཆགས་མིན་མི་ཤེས། གཅིག་བྱས་ན་སྐྱེས་བུ་མི་ཆགས་པའི་ཉེན་ཁའང་ཡོད་པ་རེད། མི་ཡིན་པ་གང་ཞིག་སྐྱེས་བུ་མ་རེད་ཅེས་བཤད་དགོས་པ་ཞིག་རྒྱལ་ཚབ་བཞི་པས་མཛད་པའི་ལམ་སྒྲོན་གྱི་འགྲེལ་པ་དེའི་ནང་སྐྱེས་བུ་ཆུང་ངུའི་མཚན་ཉིད་བཞག་པའི་སྐབས་ལ། ཕྱི་མ་དོན་གཉེར་ཅན་གྱི་བློ་དང་། ཚེ་འདི་དོན་གཉེར་ཅན་གྱི་བློ་དེ་སྐྱེས་བུ་ཆུང་ངུའི་ཁོང་གཏོགས་མ་རེད་དམ་ཟེར་ན། ཚེ་འདི་དོན་གཉེར་ཅན་གྱི་བློ་དེ་ཕལ་ཆེར་སྐྱེས་བུ་ཆུང་ངུ་མ་རེད་མདོག་མདོག་གསུངས་ཡོད་པ་རེད། ཐག་ཆོད་པོས་གསུངས་ཡོད་པ་མ་རེད། དེར་བརྟེན་ཚེ་འདི་དོན་གཉེར་ཅན་དེ་སྐྱེས་བུ་ཆུང་ངུ་མ་རེད། སྐྱེས་པ་རེད་དེ་བུ་མ་རེད་ཅེས་བཤད་དགོས་འཁེལ་གྱི་རེད། སྐྱེས་པའི་གོ་མ་ཆོད་པའི་བཟོ་འདྲ་ཞིག་རེད།
དེར་བརྟེན་ད་ལྟ་ང་ཚོ་ཕྱག་ལས་གནང་མཁན་ཚོའི་ནང་མར་བལྟས་པའི་སྐབས་ལ་གཙོ་བོ་བསྟན་པ་དང་སྤྱི་ཚོགས་ལ་རྒྱ་ཆེ་ཆུང་ལ་མ་བལྟོས་པར་ཕན་ཐོགས་ཡོད་པའི་ལས་དོན་སྒྲུབ་མཁན་ཤ་སྟག་འདྲ་ཞིག་ཡིན་དུས་རང་གི་ཀུན་སློང་བཅོས་ཤེས་པ་ཡིན་ན། བོད་པའི་གཏམ་དཔེར་བཏབ་ས་དེར་སྨིན་པ་ལྟར་བྱུང་བ་རེད་བསམ་གྱི་འདུག དེར་བརྟེན་ཁྱེད་རང་ཚོ་ཚང་མར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། མ་འོངས་པར་ཡང་དེ་འདྲ་མུ་མཐུད་ནས་གནང་ཐུབ་པ་ཡིན་ན་སློབ་གྲྭ་འདིའི་མཚན་དོན་ལ་ཕན་གྱི་རེད། སློབ་གྲྭ་འདིའི་མཚན་དོན་ལ་ཕན་མིན་ལ་བལྟོས་པར་གང་ལྟར་སྐྱེས་པའི་སྐྱེ་གོ་ཆོད་པའི་སྐྱེས་བུ་ཞིག་ཆགས་འགྲོ་ཡི་རེད། དེར་བརྟེན་དེའི་ཐོག་ལ་དགོངས་བཞེས་གནང་རོགས་ཞེས་ད་ལན་ང་ཚོ་མཇལ་བའི་སྐབས་ལ་ཞུ་འདོད་བྱུང་སོང་།
སློབ་གྲྭ་འདིའི་ཐོག་མའི་དམིགས་ཡུལ་ནང་ལ་བོད་མི་སྐྱབས་བཅོལ་བ་དང་རྒྱ་གར་གྱི་ཧི་མཱ་ལའི་རི་རྒྱུད་བོད་རང་དབང་ཡོད་པའི་སྐབས་སློབ་སྦྱོང་བྱེད་པར་བོད་ལ་འགྲོ་མཁན་དེ་ཚོ་གཉིས་ཀ་དམིགས་ཡུལ་མཉམ་དུ་བཟུང་ཡོད་པ་རེད། སློབ་གྲྭའི་དམིགས་ཡུལ་བཞི་བཞག་པའི་ནང་གཅིག་དེ་རེད། སྔོན་མ་བོད་ལ་སློབ་སྦྱོང་བྱེད་པར་འགྲོ་མཁན་དེ་ཚོའི་ཆེད་དུ་འགྲོ་ས་ཞིག་མེད་པ་ཡིན་སྟབས་དེ་ཚོར་གདམ་ཀ་གསར་པ་སྤྲོད་རྒྱུ་དེ་གཅིག་རེད། ཡིན་ནའང་དང་པོ་དེར་བོད་མི་སྐྱབས་བཅོལ་བ་མང་བ་མ་གཏོགས་ཧི་མཱ་ལའི་རི་རྒྱུད་ནས་ཡོང་མཁན་དཀོན་པོ་རེད། དེ་རིང་སང་ཉིན་བོད་པ་སྐྱབས་བཅོལ་བ་ཡོང་མཁན་ཉུང་དུ་ཕྱིན་པ་རེད། མ་འོངས་པར་རྒྱ་གར་ནང་བོད་པ་སྐྱབས་བཅོལ་བ་ལྷག་གི་ཡོད་མེད་ཤེས་ཀྱི་མི་འདུག
༢༠༡༤ལོའི་རྒྱ་གར་འོས་བསྡུ་ཆེན་མོའི་སྐབས་བོད་མི་མང་པོ་ཞིག་རྒྱ་གར་གྱི་འོས་ཤོག་བླུགས་པར་ཕྱིན་ཡོད་པ་རེད། དེ་འདྲ་བྱེད་དུས་ད་ལྟ་ནས་བརྩིས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ལྷག་ཀྱི་ཡོད་དམ་མེད། སྔོན་མ་སྐྱབས་བཅོལ་བ་རེད་ཟེར་བ་ཙམ་མ་གཏོགས་དངོས་གནས་སྐྱབས་བཅོལ་བ་རང་བྱས་ནས་རྗེས་མར་བོད་ལ་གནས་བབ་འགྲིག་འཇགས་ཤིག་བྱུང་བ་ཡིན་ན་ཕར་ལོག་ཆོག་ཆོག་རེད་ཟེར་བ་དཀོན་དུ་དཀོན་དུ་འགྲོ་ཡི་མེད་འགྲོ་བསམ་གྱི་འདུག དེ་དྲི་བ་ལོགས་ཀ་ཞིག་རེད། མཐོ་རིམ་སློབ་གྲྭ་འདི་དང་འབྲེལ་བ་ཡོད་པའི་དྲི་བ་ཞིག་མ་རེད།
Varanasi (1)དེ་རིང་སང་ཉིན་བོད་མི་སྐྱབས་བཅོལ་བ་དང་ཧི་མཱ་ལའི་རི་རྒྱུད་ཀྱི་སློབ་ཕྲུག་མང་ཉུང་དང་བསྡུར་བ་ཡིན་ན་ཧི་མཱ་ལ་ཡ་ནས་མང་བ་ཆགས་ཡོད། དེ་ཐོག་མའི་དམིགས་ཡུལ་བཞག་པ་དང་མཚུངས་པ་ཞིག་བྱུང་བ་རེད། ཧི་མཱ་ལ་ཡའི་རི་རྒྱུད་ལ་དངོས་སུ་ཕྱིན་པའི་སྐབས་ལ་འདི་ནས་ཐོན་པའི་སློབ་ཟུར་དེ་ཚོས་དངོས་གནས་ཕྱག་ལས་ཡག་པོ་ཕན་ཐོགས་ཡོད་པ་དེ་འདྲ་གནང་སྡོད་མཁན་མང་པོ་འདུག རེ་ཙམ་གཉིས་ཙམ་ཆབ་སྲིད་ནང་ཕེབས་པ་དེ་འདྲ་འདུགདེ་རང་དབང་རེད། མང་ཆེ་བ་ཆོས་དང་རིག་གཞུང་གི་ཕྱག་ལས་གནང་མཁན། དགོན་པ་ཁག་དེ་ཚོར་ཕན་ཐོགས་ཡོད་པའི་ཕྱག་ལས་གནང་མཁན་ཧ་ཅང་མང་པོ་འདུགལྷག་པར་དུ་བལ་ཡུལ་ནང་གི་དགོན་པ་ཁག་ཉམས་གསོ་བྱུང་བ། བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་ཏུ་ཡོད་པའི་དགོན་པ་ཉམས་གསོ་བྱུང་བ། རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཉམས་གསོ་བྱུང་བ་ཁག་ལ་ཝཱ་རཱ་ཎ་སཱིའི་མཐོ་སློབ་དང་། མཻ་སོར་རྣམ་གྲོལ་གླིང་སོགས་སྡེ་ཚན་ཁ་ཤས་ཤིག་གིས་ཕན་ཐོགས་ཤོས་བྱུང་འདུག མཁན་པོ་དང་། སློབ་དཔོན། དགེ་རྒན་སོགས་ཀྱིས་སོ་སོས་ཆོས་དང་འཛིན་སྐྱོང་གང་ལ་གང་འཚམས་གནང་ཐུབ་མཁན་མང་པོ་རེད་འདུག
དེ་རིང་འདིར་གནད་ཡོད་ཀྱི་མི་མང་པོ་ཞིག་ཐག་རིང་པོ་ནས་ཕེབས་ནས་ང་རང་ཚོ་འཛོམས་པའི་གོ་སྐབས་བྱུང་བ་ཡིན་སྟབས། ངས་བོད་མི་སྐྱབས་བཅོལ་བ་ཚོར་ང་རང་གི་སེམས་ནང་ཡོད་པའི་འབྱུང་འགྱུར་བོད་མི་རིགས་ཀྱི་གནས་བབ་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཤིག་དང་། རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་ལ་སོགས་པ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་དེ་ཚོར་ང་རང་ལ་བསམ་ཚུལ་ཡོད་པའི་དོན་ཚན་གཅིག་གཉིས་ཤིག་ཞུས་པ་ཡིན་ན། གཅིག་བྱས་ན་ཐུགས་ཕན་སོས་མདོག་ཁ་པོ་རེད། ཐུགས་ཕན་མ་སོས་ཀྱང་ཇ་འཐུང་སྙན་སྒྲོན་གྱི་ཚུལ་ལྟ་བུ་དང་། ང་ཚོ་བོད་ཀྱི་གཏམ་དཔེ་ལ། ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་ཅེས་པ་ལྟ་བུ་ཆགས་ཀྱི་རེད།
ཐོག་མར་བོད་མི་སྐྱབས་བཅོལ་བ་ལ་མཚོན་པ་ཡིན་ན། ང་ཚོ་སྐྱབས་བཅོལ་ལ་སླེབས་ནས་ལོ་༥༥དང་༥༦ཙམ་འགྲོ་བཞིན་ཡོད་པ་རེད། ལོ་༦༠ཟིན་པར་ཐག་ཉེ་བ་རེད། ལོ་༦༠དེ་བོད་པའི་སྐར་རྩིས་བརྩི་སྟངས་ལྟར་བྱས་པ་ཡིན་ན། རབ་བྱུང་གཅིག་གམ་དུས་རབས་གཅིག་ཆགས་ཀྱི་ཡོད་པ་རེད། ཧ་ཅང་རིང་པོ་རེད། དེའི་རིང་ལ་གནས་ཚུལ་སྡུག་པ་ཡང་ཇི་ལྟ་ཇེ་སྙིད་ཅིག་བྱུང་ཡོད་པ་རེད་ལ། གནས་ཚུལ་ཡག་པོ་བསམ་ཡུལ་ལས་འདས་པ་དེ་འདྲའང་མང་པོ་བྱུང་ཡོད་པ་རེད། གནས་ཚུལ་ཡག་པ་བྱུང་བ་དེ་ཚོ་ཚང་མ་མཐར་གཏུགས་ན་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གི་སྐུ་ངལ་དང་དེའི་སྐུ་དྲིན་ལ་བརྟེན་ནས་མཛད་པ་འཕྲིན་ལས་བྱུང་བ་ཞིག་རེད། ༢༠༡༡ནས་བཟུང་༧སྐྱབས་མགོན་རིན་པོ་ཆེ་ཆབ་སྲིད་ཀྱི་ཕྱག་ལས་ནས་ཟུར་ཐོན་གནང་བ་རེད། ༧རྒྱལ་དབང་ལྔ་པས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་སྔོན་གྱི་༧རྒྱལ་བ་སྐུ་ཕྲེང་དང་པོ་ནས་བཞི་དང་༧རྒྱལ་བ་ལྔ་པའི་སྐུ་ཚེ་སྟོད་ཀྱི་གནས་བབ་དང་གཅིག་གྱུར་བྱས་ནས་རི་བོང་ཚང་ལོག་ལྟར་ཕྱི་ལོགས་ལ་བཞུགས་ཡོད་པ་རེད། དེར་བརྟེན་ནས་བཙན་བྱོལ་བོད་མི་ཙམ་མ་ཟད་བོད་མི་རིགས་སྤྱི་ཡོངས་ལ་གནས་སྐབས་ཀྱི་གྱོང་གུད་དང་མཐར་ཐུག་ང་ཚོས་ཁེ་ཕན་འདྲ་ཞིག་ལེན་ཐུབ་ཀྱི་རེད་དམ་མ་རེད། དྲི་བ་དེ་ད་ལྟ་ལམ་སང་མཐའ་གཅིག་ཏུ་ལན་རྒྱག་ཐུབ་རྒྱུ་ཁག་པོ་རེད།
འདི་ཡག་པོ་བྱུང་བ་རེད། མ་འོངས་པར་འདིའི་ཐོག་ལ་ཁེ་བཟང་ཆེན་པོ་རག་གི་རེད་ཟེར་ནས་བཤད་པ་དེ་ང་ཚོས་རྒྱུ་མཚན་གྱི་ཐོག་ནས་ཚོད་དཔག་བྱེད་ཐུབ་རྒྱུ་དེ་ཙམ་ལས་སླ་པོ་ཞིག་མ་རེད། ང་རང་ཚོས་ཡིད་ཆེས་དང་ཆ་འཇོག་བྱེད་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་ཡིན་ཙང་དུས་གསུམ་གསལ་གཟིགས་ཀྱི་ཐོག་ནས་དེ་ཏན་ཏན་ང་ཚོར་ཁེ་ཕན་ཡོད་པ་ཞིག་ཡིན་གྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཁེ་ཕན་དེ་མང་ཚོགས་ཀྱིས་མཁས་མཛངས་རྣམ་དཔྱོད་ལྡན་པ་ཞིག་གི་ཐོག་ནས་ལེན་མ་ཐུབ་པ་ཡིན་ན། ཁེ་ཕན་དེ་ལེན་མི་ཐུབ་པ་གང་ཞིག་གྱོང་གུད་དེ་འཁུར་དགོས་པ་ཞིག་ཆགས་པ་ཡིན་ན། ཕུགལ་ལ་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག༧སྐྱབས་མགོན་རིན་པོ་ཆེ་འགྲོ་བ་མིའི་ཤ་གཟུགས་སུ་བྱོན་པ་ཡིན་ཙང་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་བཞུགས་རྒྱུ་མེད་པ་དེ་དངོས་ཡོད་གནས་སྟངས་རེད། ང་རང་ཚོར་འདོད་པ་ཡོད་ཀྱང་རུང་མེད་ཀྱང་རུང་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་པ་ཡིན་ནའང་ད་ལྟ་ག་ཚོད་ལྷག་ཡོད་རེད། དགུངས་ལོ་བརྒྱད་ཅུ་ཐམ་པར་ཕེབས་འགྲོ་བཞིན་ཡོད་རེད། བརྒྱད་ཅུ་ཐམ་པ་ནས་བརྒྱ་དང་བཅུ་གསུམ་ཟེར་བ་དེ་རིང་པོ་ཞེ་དྲག་མ་རེད། བྱ་ལོང་བྱེད་ལོང་ཡོད་པའི་རིང་པོ་ཞིག་གང་ཡང་མ་རེད། དེ་འདྲ་སོང་ཙང་༧རྒྱལ་བ་རིན་པོ་ཆེའི་སྐུ་ནའི་བབ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ། ལྷག་པར་དུ་བོད་ཕྱི་ནང་ལ་གནས་པའི་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་འགྲོ་ཕྱོགས་ཀྱི་འཚར་ལོངས་དེ་ཚོ་ཚང་མར་བསྡོམས་ཤིག་བརྒྱབ་ནས་ང་ཚོས་ཞིབ་འཇུག་ཅིག་གནང་བ་ཡིན་ན། ཉེན་ཁ་ཚ་པོའི་དུས་ཚོད་ཅིག་ཡིན་པ་དེ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཉེན་ཁ་ཚ་པོའི་དུས་ཚོད་ཟེར་བ་དེ། མཐའ་གཅིག་ཏུ་སྡུག་པ་ཞིག་ལ་གོ་དགོས་དོན་མེད། དེ་ནི་ཀླན་ཀ་ཞིག་རེད། ཀླན་ཀ་དེ་གདོང་ལེན་བྱེད་སྟངས་ཤིག་དང་དེ་ང་ཚོས་བྱེད་ཐུབ་ཀྱི་རེད་དམ་མ་རེད། ཀླན་ཀ་མེད་པའི་སྤྱི་ཚོགས་ཤིག་གི་ནང་འགྱུར་བ་དང་ཡར་རྒྱས་གཉིས་ཀ་གང་ཡང་འགྲོ་རྒྱུ་ཡོད་པ་མ་རེད། སྤྱི་ཚོགས་ཀྱི་འགྱུར་བ་དང་ཡར་རྒྱས་དེ་དུས་དང་གནས་སྐབས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དབང་གིས་ཁ་ཐུག་ཁ་ཐུག་ཀླན་ཀ་བྱུང་བའི་སྐབས་ལ་ཀླན་ཀ་དེ་དག་ལ་སོ་སོས་གདོང་ལེན་བྱེད་སྟངས་དེ་མཁས་མཛངས་རྣམ་དཔྱོད་ག་ཚོད་ཅིག་བྱེད་ཐུབ་མིན་དང་ཚུལ་དང་མཐུན་པ་ག་ཚོད་ཅིག་ཡོང་གི་ཡོད་མེད་དེའི་ཐོག་ལ་རག་ལས་པ་ཞིག་རེད།
དེར་བརྟེན་ང་ཚོ་བོད་པའི་ན་གཞོན་ཚོའི་བསམ་བློའི་ནང་ལ་༧སྐྱབས་མགོན་རིན་པོ་ཆེ་དབུ་ཁྲིད་དང་ཁོང་གི་ཐུགས་རྗེའི་གྲིབ་བསིལ་ཡོད་པའི་སྐབས་ཀྱི་གནས་སྟངས་དང་དེ་མེད་པ་ཆགས་པའི་སྐབས་ཀྱི་གནས་སྟངས་དེ་གཉིས་ཀ་འཐད་སྒྲུབ་རིག་པའི་ཐོག་ནས་ཞིབ་འཇུག་བྱས་ནས་ག་རེ་ག་རེ་ཡོང་སྲིད་པ་རེད། ག་རེ་ག་རེ་ཡོང་མི་སྲིད་པ་རེད། ང་ཚོར་སྟོབས་ཤུགས་ག་རེ་ཡོད་རེད། ང་ཚོར་ཞན་ཆ་ག་རེ་ཡོད་རེད། ཀླན་ཀ་ག་རེ་ཡོད་རེད། དེར་གདོང་ལེན་བྱེད་སྟངས་ཀྱི་ཐབས་ཤེས་ག་རེ་ཡོད་རེད། དེའི་ཐོག་ལ་ད་ལྟ་ནས་བསམ་བློ་གཏོང་དགོས་པ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་ལ་སྣང་བ་གདོང་འདེད་ལྟར་ཁ་ཐུག་ཁ་ཐུག་བསམ་བློ་གཏོང་མཁན་དེ་མང་བ་ཞིག་དང་། ལོ་བརྒྱ་ཕྲག་གི་རྗེས་ལ་ག་རེ་ཡོང་སྲིད་མིན། ག་རེ་ཡོང་བར་ད་ལྟ་ང་ཚོས་རྒྱུ་རྐྱེན་ག་རེ་བཟོ་བཞིན་ཡོད་མེད་དེའི་ཐོག་ལ་དགོངས་པ་བཞེས་མཁན་ཉུང་ཉུང་རེད། དེར་བརྟེན་བོད་པའི་སྤྱི་ཚོགས་སུ་བསམ་བློའི་འཁྱེར་ཕྱོགས་ནང་ཕུགས་རྒྱང་རིང་པོའི་འཆར་སྣང་དེ་བསྐྲུན་དགོས་པ་ཞིག་དང་། ཕུགས་རྒྱང་རིང་པོའི་འཆར་སྣང་དེ་དང་མཉམ་དུ་ལྟ་གྲུབ་ལ་གཞི་བརྟེན་བཅོལ་བའི་ཐབས་ལམ་འཚོལ་བཞིན་པ་ཞིག་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ད་ལྟ་ང་ཚོ་ན་གཞོན་ཚང་མ་འཛིན་གྲྭ་བཅུ་གཉིས་བར་དུ་བོད་པས་ཟུར་འཛུགས་ཀྱི་སློབ་གྲྭ་ཁག་གི་ནང་ལ་སློབ་སྦྱོང་བྱེད་བཞིན་ཡོད་ནའང་དངོས་སུ་བསམ་བློའི་ནང་བསམ་བློའི་འཁྱེར་ཕྱོགས་ཀྱི་འགྱུར་བ་བརྟན་པོ་བཟོ་རྒྱུ་དེ་མཐོ་རིམ་སློབ་གྲྭའི་ནང་ལ་རེད། མཐོ་རིམ་སློབ་གྲྭ་འདི་ཙམ་མ་གཏོགས་སྤྱི་ཡོངས་ཀྱི་བརྒྱ་ཆ་མང་ཤོས་དེ་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་ནང་འགྲོ་བཞིན་ཡོད་པ་རེད། རྒྱ་གར་སྤྱི་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཚོའི་ནང་ད་ལྟ་ཡང་ལོཌ་མེ་ཁོ་ལེ་(Lord Macaulay)ཡི་བྱིན་རླབས་ཀྱི་གནོན་ཤུགས་དེ་སྔོན་མ་ལས་ཆེ་བ་མེད་ནའང་ཆུང་དུ་ཕྱིན་མེད་པའི་བཟོ་འདྲ་ཞིག་ཡོད་རེད། དེའི་འོག་ལ་ཕྱིན་ནས་ང་ཚོའི་ཕུགས་ཀྱི་འཆར་སྣང་དང་ཕུགས་ཀྱི་དམིགས་ཡུལ་གཉིས་ཀ་བརླག་པའི་ཉེན་ཁ་མེད་འགྲོ་བསམ་པ་ཕྲན་བུ་མཐོང་གི་ཡོད་རེད། དེར་བརྟེན་སྤྱིར་བོད་རིགས་ཡོངས་རྫོགས་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭ་འདི་ནས་ཐོན་པའི་སློབ་ཟུར་དེ་ཚོ་སྤྱི་ཚོགས་ནང་བསམ་ཚུལ་བཟོ་མཁན་གྱི་གྲས་ལ་ཡོད་དགོས་ཀྱི་རེད། ད་ལྟ་མེད་པ་ཡིན་ན་ཚུད་དགོས་ཀྱི་ཡོད་རེད། སྤྱི་ཚོགས་ནང་བསམ་ཚུལ་བཟོ་མཁན་(opinion maker)ཧྲ་ཏག་ཏག་ཅིག་མེད་པ་ཡིན་ན། སྤྱི་ཚོགས་ཡར་རྒྱས་འགྲོ་ཐུབ་ཀྱི་མ་རེད། བརྟན་པོ་སྡོད་ཐུབ་ཀྱི་མ་རེད། དེར་བརྟེན་སྤྱི་ཚོགས་ནང་བསམ་བློའི་འགྲོ་ཕྱོགས་དེ་ཁ་ལོ་སྒྱུར་ཐུབ་མཁན་ང་ཚོ་འདིའི་ནང་ནས་མང་པོ་ཞིག་ཐོན་ཡོད་པ་རེད་བསམ་གྱི་འདུག ད་ལྟ་འདིར་བཞུགས་པ་མང་ཆེ་བ་ཞིག་དེ་འདྲ་ཤ་སྟག་རེད། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངེས་པར་དུ་ཕུགས་བསམ་རིང་པོའི་འཆར་སྣང་དེ་ཡང་གསལ་པོ་ཞིག་ཡོད་དགོས་པ་ཞིག་རེད། དཔེར་ན་ཕྱི་རྒྱལ་ལ་ཁ་འཐོར་དགུ་འཐོར་དུ་འགྲོ་མཁན་བཙན་བྱོལ་བོད་མི་དེ་ཚོ་གང་མགྱོགས་མགྱོགས་ཤིག་གི་ཐོག་ནས་ལུང་པ་སོ་སོའི་ཡུལ་མི་ཆགས་འགྲོ་བཞིན་ཡོད་རེད། ལུང་པའི་ཡུལ་མི་ཆགས་ཚར་བའི་རྗེས་ལ་ཁོ་རང་ཚོའི་ལས་འགན་དང་པོ་དེ་རང་ཉིད་ལུང་པ་གང་གི་ཡུལ་མི་ཡིན་པ་དེའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་ཞོར་ལ་སྔོན་མ་བོད་རིགས་ཡིན་པའི་ཆ་ནས་བོད་པའི་ཁེ་ཕན་སྒྲུབ་ཐུབ་ན་བསྒྲུབ་རྒྱུ་ཞིག་རེད། དཔེར་ཆ་བཞག་ན་སོ་སོ་ལུང་པ་གང་གི་ཡིན་པ་དེའི་ཁེ་ཕན་དང་བོད་པའི་ཁེ་ཕན་གཉིས་པོ་དེ་མཐུན་ཕྱོགས་ལ་མ་ཕྱིན་པར་འགལ་ཟླར་ཕྱིན་པ་ཡིན་ན། བོད་པའི་ཁེ་ཕན་བློས་བཏང་ནས་རང་གི་ལུང་པའི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་པ་དེ་རང་བཞིན་གྱིས་ཁུར་དུ་བབ་པའི་ལས་འགན་ཞིག་ཆགས་འགྲོ་རྒྱུ་རེད།
རྒྱ་གར་ནང་ད་ལྟ་བར་དུ་རྒྱ་གར་གཞུང་གི་ངོས་ནས་ད་ཁྱེད་ཚོ་རྒྱུན་ཧ་ཅང་རིང་པོ་ཕྱིན་པ་རེད། སྐྱབས་བཅོལ་བ་བྱས་ནས་སྡོད་རྒྱུ་ཡོད་པ་མ་རེད་ཅེས་ད་ལྟ་ཕན་ཆད་གནོན་ཤུགས་སྤྲོད་མཁན་བྱུང་ཡོད་པ་མ་རེད་ལ་མ་འོངས་པར་ཡང་གཅིག་བྱས་ན་ཡོང་སྲིད་ཀྱི་མ་རེད་སྙམ། ཡིན་ནའང་གཞུང་གི་སྲིད་བྱུས་འགྱུར་བ་འགྲོ་བཞིན་ཡོད་པས། དེ་འདྲ་ཞིག་ཚོད་དཔག་བྱས་པ་ཡིན་ན། རང་རང་སོ་སོ་རང་འགུལ་གྱི་ཐོག་ནས་སྐྱབས་བཅོལ་བའི་གནས་བབ་བཞག་ནས་རྒྱ་གར་ཡུལ་མིའི་གནས་བབ་ལེན་པ་ཡིན་ན། ཁེ་བཟང་མང་པོ་ཞིག་འདུག་དགོངས་མཁན་ཧ་ཅང་མང་པོ་རེད། རྒྱ་གར་གྱི་པཱ་སི་རག་གི་རེད། བོད་མིའི་སྐྱབས་བཅོལ་ལག་དེབ་(R.C.)ས་ཡིག་རྒྱག་པར་འགྲོ་དགོས་ཀྱི་ཡོད་པ་མ་རེད། དེའི་ཐོབ་ཐང་རག་གི་རེད། ཕ་གིའི་ཐོབ་ཐང་རག་གི་རེད་ཟེར་བ་མང་པོ་ཡོད་པ་རེད། གཅིག་བྱས་ན་སྒེར་གྱི་ཐོག་ནས་ཡིན་གྱི་རེད། དེ་ཡང་ག་ཚོད་ཙམ་ཞིག་གནད་དུ་སྨིན་པ་ཞིག་ཡོད་དམ་མེད་བརྗོད་ཐུབ་རྒྱུ་ཁག་པོ་རེད། དེ་ཚོ་ངས་དཔེ་མཚོན་ཙམ་ཞིག་ཞུས་པ་རེད།
དེ་དང་དེ་བཞིན་གྱི་ད་དུང་ང་ཚོ་བོད་ལ་ལོག་པའི་གོ་སྐབས་མ་བྱུང་བར་ལོ་ལྔ་བཅུ་ཐམ་པ་ལུས་པ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་དེ་ད་ལྟ་ཡིན་ན་རྒྱ་གར་ནང་ཆོས་སྡེ་ཁག་དང་། དགོན་པ་ཁག སློབ་གྲྭ་ཁག གཞིས་ཆགས་ཁག་མང་པོ་ཞིག་ང་རང་ཚོས་ངོས་འཛིན་ཡོད་པ་ཞིག་དང་། ཟུར་བཅད་འདྲ་ཞིག་ཡོད་རེད། དེ་ཚོ་ཚང་མ་མེད་པ་བྱས་ན་གནས་བབ་གང་འདྲ་ཞིག་ཆགས་ཀྱི་རེད། ཡོད་པ་བྱས་ནས་བསྡད་པ་ཡིན་ན། ང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད་ལ་སོགས་པ་དེ་ཚོའི་རིགས་དེ་ཏོག་ཙམ་དྲི་བ་གནད་འགག་ཆེན་པོ་རེད། དེ་དང་མཉམ་དུ་སློབ་གྲྭ་ཁག་ལ་ང་ཚོས་ན་གཞོན་ཚོར་སློབ་སྦྱོང་སྤྲོད་སྟངས་དེ་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་ཐབས་ལམ་གང་འདྲ་ཞིག་ལག་བསྟར་བྱས་ནས་སྤྲད་དགོས་རེད། དེའི་སྐོར་ལའང་བསམ་ཤེས་བྱེད་དགོས་པ་དང་། སོ་སོར་ལངས་ཕྱོགས་ཡོད་པ་ཞིག་དགོས་རྒྱུ་དེའང་གཅིག་བྱས་ན་གལ་ཆེན་པོ་ཡིན་གྱི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་ཁ་ནས་བཤད་དུས་རྒྱ་བལ་འབྲུག་གསུམ་ཟེར་གྱི་ཡོད་པ་རེད། དངོས་གནས་བོད་པ་ཟུར་དུ་ངོས་འཛིན་ཡོད་པའི་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་རྒྱ་གར་ནང་མ་གཏོགས་ཡོད་མ་རེད། འདིའི་ངོས་འཛིན་དེ་རྒྱུན་མཐུད་ནས་ཉར་ན་ཡག་གི་རེད་དམ། ཡང་ན་གཡུག་བཞག་ན་ཡག་གི་རེད། གཡུག་བཞག་ན་ཁེ་ཕན་ག་རེ་ག་རེ་རག་གི་ཡོད་དམ། ཉར་ན་གྱོང་ག་རེ་ག་རེ་རག་གི་ཡོད་རེད། དེ་ཚོ་མིའི་བསམ་བློའི་ནང་དྲི་བ་མང་པོ་ཞིག་སླེབས་ཀྱི་ཡོད་པ་རེད།
དྲི་བ་དེ་ཚོར་ལན་འཚོལ་བའི་སྐབས་ལ་བོད་མི་རིགས་ཀྱི་ཕུགས་ཀྱི་མངོན་འདོད་དེ་བློ་ལ་བཞག་ནས་འཚོལ་གྱི་ཡོད་རེད། ཡང་ན་ད་ལྟ་སོ་སོར་སྟབས་བདེ་མིན་གྱི་ཁྱད་པར་ཞིག་གི་ཐོག་ནས་ལན་དེ་འཚོལ་གྱི་ཡོད་རེད། དེ་ཚོ་ཞིབ་ཚགས་པོ་བྱས་ནས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ནང་ལ་གལ་ཆེ་ཤོས་བཙན་བྱོལ་བའི་གནས་བབ་ཡོད་པ་ཞིག་བྱས་ནས་སྡོད་ཀྱི་རེད་དམ། མེད་པ་ཞིག་བྱས་ནས་སྡོད་ཀྱི་རེད། དེ་དང་ཆབས་ཅིག་ན་གཞོན་དེ་ཚོ་སློབ་གྲྭའི་ནང་སློབ་སྦྱོང་གང་འདྲ་ཞིག་བྱེད་ཀྱི་རེད། མ་འོངས་པར་དམིགས་ཡུལ་གང་འདྲ་ཞིག་བཟུང་ནས་ཐབས་ལམ་གང་འདྲ་ཞིག་སྤྱད་ཀྱི་རེད། ད་ལྟ་ཡོད་བཞིན་པའི་སྤྱི་ཚོགས་ཀྱི་རུབ་རུབ་བཟོས་པའི་གཞིས་ཆགས་དེ་ཚོར་འཛིན་སྐྱོང་དགོས་ཀྱི་རེད་དམ་མ་རེད། ཐུབ་ཀྱི་རེད་དམ་མ་རེད། རྒན་པོ་དེ་ཚོ་ཤི གཞོན་པ་དེ་ཚོ་ཕྱི་རྒྱལ་ལ་ཕྱིན་ནས་ཉིན་ཞིག་ས་ཆ་དེ་དག་རང་བཞིན་གྱིས་སྟོང་པ་ཆགས་འགྲོ་ཡི་རེད་དམ། ལ་སོགས་པ་ལ་སོགས་པ་དེ་ཚོའི་ཐོག་ལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཤིག་ཡོད་པ་རེད། དེ་ད་ལྟ་བར་དུ་སྲ་ཚུགས་ནས་གནས་པ་རེད། མ་འོངས་པར་ཡང་བོད་དོན་བདེན་མཐའ་མ་སེལ་བར་དུ་སྲ་ཚུགས་ནས་གནས་དགོས་ཀྱི་རེད། བཙན་བྱོལ་བོད་མི་བོད་ལ་ལོག་འདོད་ཡོད་མཁན་དེ་ཚོ་རང་དབང་གི་ཐོག་ནས་ལོག་ཆོག་པའི་གནས་བབ་ཅིག་མ་འཆར་བར་དུ་བོད་མིའི་སྒྲིག་འཛུགས་དེར་གཞིར་བཟུང་བ་ཡིན་ན་ཡ་མཚན་པོ་ཆགས་ཀྱི་རེད། དེ་སྲུང་སྐྱོབ་བྱེད་རྒྱུ་དང་དེ་རྒྱུན་གནས་ཐུབ་ཐབས་ཀྱི་གནས་སྟངས་ནང་ལ་ཀླན་ཀ་ག་རེ་ཡོང་སྲིད་ཀྱི་རེད། ཀླན་ཀ་དེ་ཚོར་གདོང་ལེན་གང་འདྲ་ཞིག་བྱེད་དགོས་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག
ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བོད་གཞུང་བཀའ་ཤག་ཟེར་བ་དེ་གཉིས་པོ་ནི་ང་ཚོའི་སྒྲིག་འཛུགས་ཀྱི་ལས་ཀ་ཡོད་ན་མེད་ན་ཞིག་རེད། དེའི་རྒྱན་ཆའི་ཚུལ་དུ་ཁྲིམས་ཞིབ་ཁང་ཞིག་ཡོད་རེད། དེ་རིང་ཁ་སང་དྷརྨ་ས་ལའི་སྐད་ཆ་ཤོད་སྟངས་ལྟར་བྱས་པ་ཡིན་ན། མང་གཙོའི་ཀ་བ་གསུམ་ཞེས་བཤད་ཀྱི་ཡོད་པ་རེད། སྤྱིར་བཏང་ཅོག་རྩེ་ཞིག་ཡིན་ན་ཀ་བ་གསུམ་ཅན་ནི་དེ་ཙམ་བརྟན་པོ་ཡོད་པ་མ་རེད། ༼ཞལ་ཤོབ་དང་སྦྲགས་ནས་གསུངས། ༽བཞི་ཡོད་ན་ཡག་གི་རེད། མང་གཙོའི་ཀ་བ་གསུམ་པོ་གནས་ས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཐོག་ལ་གནས་ཡོད་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་ཁོང་ཚོའི་བསམ་བློའི་འཁྱེར་ཕྱོགས་དེ་དྷརྨ་ས་ལའི་བོད་མིའི་སྒྲིག་འཛུགས་གནས་ཕྱོགས་དང་ཐག་ཉེ་པོ་འབྲེལ་བ་ཡོད་པ་ཞིག་རེད། དེ་ཚོ་ཡང་ང་ཚོའི་འཆར་སྣང་དང་དཔྱད་ཞིབ་ནང་ངེས་པར་དུ་སླེབས་དགོས་ཀྱི་རེད་བསམ་གྱི་འདུག ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་རྩ་བའི་འབྱུང་ཁུངས་འདྲ་པོ་དེ་རེད། ཆབ་སྲིད་ཀྱི་དབང་ཚད་ཚང་མའི་འབྱུང་ཁུངས་དེ་རེད། འཛིན་སྐྱོང་དང་ཁྲིམས་ཞིབ་གཉིས་ཀའི་མཐའ་མ་འགན་འཁུར་ས་དེ་སྤྱི་འཐུས་ལྷན་ཚོགས་ཀྱིས་འཁུར་དགོས་པ་རེད། སྤྱི་འཐུས་ལྷན་ཚོགས་དེ་ད་ལྟའི་གནས་སྐབས་ལ་ཆབ་སྲིད་ཀྱི་ཚོགས་པ་མང་པོ་མེད་པའི་མང་གཙོའི་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། འགལ་ཟླ་ཚོགས་པ་དང་གཞུང་འཛིན་ཚོགས་པ་ཟེར་བའི་དབྱེ་བ་ཡོད་པ་མ་རེད། མི་མང་པོས་དེར་རླབས་ཆེན་གྱི་ཁྱད་ཆོས་ཤིག་དང་དེ་ལ་བརྟེན་ནས་ང་ཚོར་འཕྲལ་ཕུགས་རྒྱང་གསུམ་ལ་ཁེ་ཕན་མང་པོ་ཞིག་ཡོད་པ་རེད་བསམ་གྱི་ཡོད། ཡང་དེ་ཞན་ཆ་ཡིན་པ་ཡང་དགོངས་པ་བཞེས་མཁན་མང་པོ་ཡོད་པ་རེད། དེར་བརྟེན་མ་འོངས་པར་ང་ཚོ་ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ལམ་སྲོལ་དེ་དང་ལེན་བྱེད་མི་ཆོག་པ་མ་རེད། ཡིན་ནའང་དང་ལེན་བྱེད་མཁན་དཀོན་པོ་དང་འོས་གཞི་ཡང་མི་མང་གིས་བདམ་དགོས་ཀྱི་ཡོད་པ་རེད། དེའི་རྗེས་ལ་ཡང་མཐའ་མའི་འོས་བསྡུའི་རིམ་པ་གཉིས་ཐོག་ལ་འོས་བསྡུ་དེར་ཡང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་པ་དེ་མང་གཙོའི་ལྟ་གྲུབ་སློབ་སྦྱོང་བྱེད་མཁན་མང་པོས་དེ་ལྟར་བསམ་བཞིན་ཡོད་པ་རེད་ལ་གླེང་བཞིན་ཡོད་རེད།
དེ་འདྲ་ཞིག་མ་བསྡད་པར་ཉིན་ཞིག་རང་དབང་ཡོད་པའི་རྒྱལ་ཁབ་ལྟར་འོས་ཤོག་སྒང་ལ་དྲིལ་བསྒྲགས་དང་། འགྲན་སྡུར། ཁ་གཏད་བཅག་ནས་འཁྲུག་པོ་བྱ་རྒྱུ་དེ་ང་ཚོར་དགོས་མཁོ་དང་ཕན་ཐོགས་ཡོད་པ་ཞིག་རེད་དམ་མེད་པ་ཞིག་རེད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཡོད་པ་ཞིག་དང་འདྲ་བ་བྱས་ནས་ཕྱིན་པ་ཡིན་ན་ང་ཚོ་ག་པར་སླེབས་ཀྱི་རེད། དེ་ལས་ལྡོག་སྟེ་ད་ལྟ་ནང་བཞིན་གཅིག་གྱུར་གྱིས་ཕྱིན་པ་ཡིན་ན་དེ་ལ་ཁེ་ཕན་ག་རེ་ཡོད་པ་རེད། དེ་ཚོ་ཡང་དགོངས་པ་བཞེས་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཚོ་ཡོང་རྒྱུར་བསྡད་པའི་ལོ་ལྔ་བཅུ་དྲུག་ཅུའི་ནང་ག་རེ་ག་རེ་ཡོང་སྲིད་པ་རེད། ཉེན་ཁ་ག་རེ་ག་རེ་ཡོད་རེད། ཁེ་ཕན་ག་རེ་ག་རེ་ཡོད་རེད། དེ་ཚོའི་ཐོག་ལ་སྤྱི་ཚོགས་ནང་བསམ་བློ་བསྡུར་བ་དང་། གོ་བསྡུར། བགྲོ་གླེང་བྱེད་མཁན་དཀོན་པོ་འདྲ་ཞིག་འདུག དེ་གལ་ཆེན་པོ་རེད་བསམ་གྱི་འདུག
དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་ཞན་ཆ་ཞིག་ག་རེ་ཡོད་པ་རེད་ཟེར་ན། གནས་ཚུལ་ཞིབ་ཚགས་པོ་ཞིག་དང་གསལ་པོ་ཞིག་སྤྲོད་ལེན་བྱེད་མཁན་གྱིས་མི་བྱེད་པ་དང་གནས་ཚུལ་སྒྲུག་མཁན་གྱིས་མ་སྒྲུག་པར་གསལ་ཁ་མེད་པའི་ཐོག་ནས་འགྲོ་བ་ཞིག་དང་། དེའི་འོག་ནས་མཚམས་རེར་གསལ་པོ་མེད་པ་དེའི་ཁེ་ཕན་གང་ཟག་བྱེ་བྲག་པ་རེ་ཟུང་གིས་རང་དོན་ཁོག་བཅུག་གི་དམིགས་ཡུལ་སྒྲུབ་རྒྱུར་ཕན་འགྲོ་བར་བྱས་ན་སྤྱི་ཚོགས་བརྟན་པོ་གནས་ཐུབ་ཀྱི་མ་རེད། ང་ཚོ་བཀའ་ཤག་ནང་ཡོད་པའི་སྐབས་ལ་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་རིང་ལུགས་ཞེས་གཞི་རྩའི་ལྟ་གྲུབ་གསུམ་བཞག་པ་དེ་བྱས་རྗེས་ཤིག་དང་ཕན་སྲིད་པ་དེ་འདྲ་གང་ཡང་མ་རེད། བདེན་པ་དེ་མེད་པ་ཡིན་ན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་སྐྱབས་བཅོལ་བའི་གནས་བབ་ཐོག སའི་གོ་ལ་ཆེན་པོ་འདིའི་ཐོག་ལ་རྒྱུན་རིང་པོ་གནས་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་རེད། ང་ཚོར་སྟོབས་ཤུགས་ཆེ་ཤོས་དེ་བདེན་པ་དང་འཚེ་བ་མེད་པ་གཉིས་རེད་བསམས་ནས་ང་ཚོའི་སྟོབས་ཤུགས་མ་ཤོར་བའི་དོན་དུ་མི་ལྔ་དྲུག་ཅིག་ལས་མེད་རུང་སོ་སོའི་ངོས་འཛིན་མ་བརླག་པ་བྱས་ནས་སྡོད་ཐུབ་པའི་ཆེད་དུ་ལྟ་གྲུབ་དེ་ཚོ་བཟུང་བ་རེད། དེ་རིང་ཁ་སང་ཆབ་སྲིད་ཀྱི་བགྲོ་གླེང་ནང་བདེན་པ་ལ་དེ་ཙམ་གྱིས་བརྩི་མཐོང་མེད་པ་འདྲ་ཞིག་ཡོང་གི་འདུག དཔེ་མཚོན་ཙམ་ཞུས་ན། ཉེ་ཆར་བརྒྱུད་ལམ་ཁག་གི་ནང་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་གསལ་ལ་མ་གསལ་བྱས་ནས་ཡོང་བ་ཞིག་མ་གཏོགས་མང་གཙོའི་འགྲོ་སྟངས་དང་མཐུན་པ་བྱས་ནས་མི་མང་ལ་སྐད་ཆ་དྲིས་པ་དང་། བསམ་ཚུལ་བསྡུས་པ། མང་གཙོའི་བརྒྱུད་ལམ་ནང་ལ་བསམ་བཞིན་དུ་བགྲོ་གླེང་བྱས་པའི་རྗེས་ལ་ཐག་བཅད་པ་ཞིག་མ་རེད་ཟེར་ནས་བཤད་མཁན་དེ་འདྲ་ཡོང་གི་འདུག དེ་ཚོ་མངོན་སུམ་ལ་བསྙོན་པའི་སྐྱག་རྫུན་ཤོད་ཀྱི་ཡོད་རེད། དེ་དག་ལ་ལན་དེ་འདྲ་འབྲི་མཁན་བྱུང་འདུག ཡིན་ནའང་མི་མང་པོ་ཞིག་གིས་དེ་འདྲ་ཞིག་མིན་འགྲོ་དྲན་སྲིད་པ་ཞིག་རེད། རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཞིག་ཡིན་ན་ཡིན་དང་ཡིན། རང་བཙན་གྱི་ལྟ་གྲུབ་བཟུང་མི་ཆོག་སུ་གང་གིས་བརྗོད་མི་སྲིད། ཡིན་ནའང་དེའི་རྒྱབ་རྟེན་གྱི་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ནའང་དངོས་ཡོད་ཀྱི་གནས་ཚུལ་ཤོད་དགོས་རེད་མ་གཏོགས། སྐྱག་རྫུན་བཤད་ནས་དབུ་མའི་ལམ་དེ་ཡང་དག་པའི་བརྒྱུད་ལམ་གྱི་ཐོག་ནས་ཐག་གཅོད་བྱས་ཡོད་མ་རེད་ཅེས་གནས་ཚུལ་དེའི་སྒང་ལ་ཕྱིན་པ་ཡིན་ན་བདེན་པ་མ་ཡིན་པའི་དྲིལ་བསྒྲགས་ཤིག་གིས་མི་ལ་མགོ་སྐོར་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་མ་རེད་དམ། དེ་ཚོའི་རིགས་དེ་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་དྲང་བདེན་གྱི་གནས་བབ་དེ་ཚོའི་རིགས་མར་ཆུང་དུ་ཕྱིན་པ་ཡིན་ན་དེ་ཉེན་ཁ་ཚ་པོ་ཞིག་མིན་འགྲོ་བསམས་པའི་མཐོང་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད། དེར་བརྟེན་མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། མ་འོངས་པའི་བོད་པའི་མང་གཙོའི་འགྲོ་སྟངས། མ་འོངས་པའི་ཤེས་ཡོན་གྱི་གནས་སྟངས་གསུམ་པོ་དེ་ད་ལྟ་ནས་བློ་གྲོས་དང་ལྡན་པ་དེ་ཚོས་རྟོག་ཞིབ་བྱེད་དགོས་པ་དང་། བློ་གཟུ་བོར་གནས་པའི་ཐོག་ནས་སོ་སོར་འདོད་ཕྱོགས་གང་འདྲ་ཞིག་ཡོད་པ་ཡིན་ནའང་དེར་སྒྲུབ་བྱེད་དང་རྒྱབ་རྟེན་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་དེ་དྲང་པོ་དྲང་ཤག་དང་ལྷག་བསམ་རྣམ་དགདངོས་ཡོད་གནས་ཚུལ་ཐོག་ནས་གསུང་དགོས་པ་མ་གཏོགས། དངོས་ཡོད་མ་ཡིན་པའི་གནས་ཚུལ་བཤད་བསྡད་པ་ཡིན་ན་འགྲིག་གི་མེད་པ་རེད། དེ་བཞིན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ལ་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོད་པ་ཡིན་ན། ང་ཚོ་མ་འོངས་པར་འགྲོ་ཕྱོགས་གང་འདྲ་ཞིག་ལ་འགྲོ་ཡོང་བསམ་གྱི་ཡོད་པ་རེད། དེའི་ཐོག་ལ་ཁྱེད་རང་ཚོར་གཅིག་བྱས་ན་དགོངས་པ་འཁོར་ཡོད་ཀྱི་རེད། དགོངས་པ་འཁོར་མེད་པ་ཡིན་ན་དགོངས་པ་བཞེས་ནས་དངོས་ཡོད་གནས་ཚུལ་སྤྱི་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་ཕན་པ་གནང་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་བཙན་བྱོལ་བོད་མིའི་གནས་སྟངས་ཀྱི་ཐོག་ནས་བཤད་པ་རེད།
སྐད་ཡིག་གི་ཐོག་ནས་བཤད་པ་ཡིན་ན། བོད་པའི་སྐད་ཡིག་དེ་བོད་མི་རིགས་ཀྱི་མཚོན་རྟགས་ཡོད་ན་མེད་ན་དེ་རེད། དེ་ཉར་དགོས་ཀྱི་རེད་དམ་མ་རེད། མི་རིགས་ཀྱི་གཞོན་སྐྱེས་ཚོས་རང་བཞིན་གྱི་དགོངས་པ་བཞེས་དགོས་པ་ཞིག་རེད། སྤྱི་བཏང་མི་རིགས་ཀྱི་ཤ་ཞེན་ཟེར་བ་དེ་གལ་ཆེན་པོ་ཞིག་ཡིན་པ་ངས་བརྩི་བཞིན་མེད་ལ། མི་བརྩི་མཁན་མང་པོ་ཡོད་པ་རེད། མི་རིགས་ཀྱི་ཤ་ཞེན་བརྩི་དགོས་རེད་ཅེས་ཧ་ལས་ལས་བྱེད་མཁན་མང་པོ་ཡོད་པ་རེད། འོན་ཀྱང་མི་རིགས་ཀྱི་ཤ་ཞེན་ཟེར་བ་དང་མི་རིགས་ཀྱི་ལས་འགན་ཟེར་བ་དེ་གཉིས་པོ་རྦད་དེ་ལོགས་ཀ་རེད། མཱ་ཁི་སི་ཁོ་རང་གིས་བཤད་པའི་སྐབས་ལའང་མི་རིགས་ཀྱི་ཤ་ཞེན་བྱས་ན་འགྲིག་གི་མི་འདུག་ཅེས་བཤད་ཡོད་པ་རེད།
མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་རྩ་མེད་དུ་གཏོང་དགོས་པ་རེད་ཅེས་བཤད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། མི་རིགས་ཆེན་པོའི་རིང་ལུགས་ཡིན་ན་མི་རིགས་ཤ་ཞེན་ཐོག་ནས་འགྲོ་ཡི་ཡོད་པ་རེད། ས་གནས་མི་རིགས་རིང་ལུགས་ཡིན་ནའང་མི་རིགས་ཤ་ཞེན་ཐོག་ལ་འགྲོ་ཡི་ཡོད་པ་རེད། དེ་བཞག་ནས་མི་རིགས་ཀྱི་མཐུན་ལམ་དང་མི་རིགས་ཀྱི་ཆིག་སྒྲིལ་གལ་ཆེ་བ་རེད། ད་ལྟ་ང་རང་ཚོ་འཇིག་རྟེན་ཡོངས་ལ་མི་རིགས་གང་འདྲ་ཞིག་ཡོད་པ་དེ་ཚང་མ་ཆིག་སྒྲིལ་ཡོང་བར་བསམ་བློ་གཏོང་དགོས་པ་དང་། མི་རིགས་གཞན་དག་གི་ཆེད་དུ་མི་རིགས་གཅིག་གི་ཁེ་ཕན་བློས་གཏོང་དགོས་ན་གཏོང་ཐུབ་པ། གཅིག་གི་ཐོག་ལ་བློས་གཏོང་དང་བསམ་བློ་རླབས་ཆེ་བ་ཞིག་གཏོང་དགོས་པ་བསམ་མཁན་ཚོའི་བསམ་བློའི་དགོངས་པ་བཞེས་ཕྱོགས་དང་ཁ་ཕྱོགས་དེ་འདྲ་ཞིག་རེད། ཡིན་ནའང་མི་རིགས་ཀྱི་ལས་འགན་ཟེར་བ་དེ་མ་བསྒྲུབས་པ་ཡིན་ན། མི་རིགས་གཏོར་བཤིག་གཏོང་མཁན་བཟོ་འདྲ་ཞིག་དང་། མི་རིགས་གཏོར་བཤིག་བཏང་བ་ཡིན་ན་མི་རིགས་མཐུན་སྒྲིལ་ཡོང་རྒྱུ་མེད་པ་རེད། ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་བྱེད་ཀྱི་མི་འདུག མི་རིགས་རྩ་མེད་གཏོང་གི་འདུག་བཤད་བསྡད་པ་དེ་དང་གཅིག་པ་ཆགས་ཀྱི་རེད། མི་རིགས་ཀྱི་ལས་འགན་ནང་རང་གི་མི་རིགས་ཀྱི་ངོས་འཛིན་དང་རང་གི་མི་རིགས་ཀྱི་སྐད་ཡིག་གཉིས་པོ་དེ་རེད།
བོད་པའི་སྐད་ཡིག་དེ་བོད་པ་ཁོ་ནའི་དོན་དག་གང་ཡང་མ་རེད། བོད་པའི་སྐད་ཡིག་དེ་བརླག་པ་ཡིན་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་དང་བོད་པའི་རིག་གཞུང་པོ་ཏི་ཁྲི་ཕྲག་མང་པོ་ཡོད་པ་དེ་དག་ཚང་མ་དོན་མེད་དུ་ཆགས་འགྲོ་རྒྱུ་རེད། ཡང་མཚམས་ཤིག་ལ་དངོས་རྫས་རྙིང་པ་རྔོག་མཁན་དེ་ཚོས་ཚིག་རེ་རེ་བཞིན་ཀློག་ནས་དེ་དག་ག་རེ་ཟེར་གྱི་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་སྲིད་ཀྱི་རེད། དེར་བརྟེན་དེའི་སྐོར་ལ་ང་ཚོས་རང་བཞིན་གྱི་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད་པ་རེད་བསམ་གྱི་འདུག
རྒྱ་བལ་འབྲུག་གསུམ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་དེ་ཚོར་དམིགས་བསལ་གྱི་ངོས་འཛིན་ག་རེ་རེད་ཟེར་ན། ཁོ་ཚོའི་དམིགས་བསལ་གྱི་ལེགས་བྱང་དེ་རེད། སྤྱིར་བཏང་ལེགས་བྱང་དང་ཡུལ་གྱི་གོམས་པའི་གཤིས་ལུགས་དེ་གཉིས་དབྱེ་བ་འབྱེད་དགོས་པ་གལ་ཆེན་པོ་རེད། ཡུལ་གྱི་གོམས་པའི་གཤིས་ལུགས་ཁ་ཤས་ཆེད་དུ་མངགས་ནས་མེད་པ་བཟོ་དགོས་པ་ཡང་མང་པོ་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་རྩ་ཁྲིམས་ལྟ་བུར་གཟིགས་པ་ཡིན་ན། ཆོས་དད་རང་དབང་དེ་རྩ་ཁྲིམས་ནང་ཆ་རྐྱེན་མེད་པ་བཞག་ཡོད་པ་མ་རེད། ཆོས་དད་རང་དབང་དེ་ཆ་རྐྱེན་དང་མཉམ་དུ་བཞག་ཡོད་པ་རེད། དེར་བརྟེན་ཆོས་དད་རང་དབང་གི་ཐོབ་ཐང་ཆ་ཚང་ཡོད་པ་གང་ཞིག་ཆོས་ལུགས་ལ་བསྙེས་པའི་ལམ་སྲོལ་ངན་པའི་རིགས་ཀྱི་དབྱེ་བ་ཕྱེ་བ་དང་། རིགས་ལ་བཟང་ངན་བརྩི་བ། རིགས་ཁ་ཤས་ལ་ལག་པ་འཆང་མི་ཆོག་པ་དེ་འདྲའི་རིགས་དེ་ཆོས་ཀྱི་རིག་གཞུང་ནང་ཡོད་པ་ཡིན་ནའང་རྩ་མེད་དུ་བཟོ་དགོས་ཀྱི་རེད་ཅེས་གསལ་ཡོད་རེད། སྤྱིར་བཏང་གི་བཟང་སྤྱོད། མི་མང་གི་འཕྲོད་བསྟེན། མི་མང་གི་བདེ་འཇགས་ལ་མ་གནོད་པའི་ཐོག་ནས་ཆོས་དད་རང་དབང་ཡོད་རེད་ཅེས་ཆ་རྐྱེན་གསུམ་ཙམ་བཀོད་ཡོད་རེད།
དེར་བརྟེན་ཡུལ་གྱི་གོམས་པའི་གཤིས་ལུགས་ཟེར་བ་དེའི་ནང་ཕར་བཞག་དགོས་པ་དང་མེད་པ་བཟོ་དགོས་པ་དེ་འདྲ་མང་པོ་ཡོད་པ་རེད། དཔེར་ན་ང་ཚོ་ཧི་མཱ་ཅལ་ལྟ་བུར་ཆ་བཞག་པ་ཡིན་ན། ཆོས་ལུགས་ཡིན་མིན་མི་ཤེས་ཀྱང་ཡུལ་གྱི་གོམས་པའི་གཤིས་ལུགས་ནང་དམར་མཆོད་ཕུལ་བའི་ལུགས་སྲོལ་དེ་ད་ལོ་བར་དུ་ཡོད་པ་ཞིག་རེད། ད་ལོ་ཁྲིམས་ཁང་ནས་དམར་མཆོད་འབུལ་ཆོག་གི་མ་རེད་གསུངས་དུས་དམར་མཆོད་མཚམས་འཇོག་བྱེད་དགོས་བྱུང་བ་རེད། དེར་བརྟེན་ཁྲིམས་ཁང་གི་ཐག་གཅོད་དེ་ཆོས་དད་རང་དབང་ལ་བརྡལ་བཤིག་བཏང་བ་རེད་ཅེས་བཤད་ཐུབ་ཀྱི་མ་རེད། རྩ་ཁྲིམས་ནང་དེ་འདྲ་ཞིག་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པས་རེད། དེར་བརྟེན་ཡུལ་གྱི་གོམས་པའི་གཤིས་ལུགས་ཆ་ཚང་གི་སྐད་ཆ་མིན་པ་ཡིན་ནའང་རང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ལེགས་བྱང་ཟེར་བ་དེ་ཨིན་སྐད་ལ་(culture) ཟེར་བ་ཡང་དག་པའི་ལམ་སྲོལ་གང་ཡོད་པ་དེ་ཉར་མ་ཐུབ་པ་ཡིན་ན། མི་རིགས་དང་སྤྱི་ཚོགས་ཀྱི་ལས་འགན་མ་འགྲུབ་པ་ཞིག་ཆགས་འགྲོ་ཡི་ཡོད་རེད། དེར་བརྟེན་ཁྱེད་རང་ཚོས་ནམ་རྒྱུན་ལུང་པ་སོ་སོའི་ཁ་སྐད་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ལ་མ་བལྟོས་པར་སློབ་སྦྱོང་དང་བཀའ་འགྱུར་བསྟན་འགྱུར་དེ་དག་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་སྐད་ཡིག་དེའི་ཐོག་ནས་འགྲོ་ཡི་ཡོད་དུས་དེ་ལུང་པ་གཞན་པ་ཕྱི་རྒྱལ་གྱི་སྐད་ཡིག་ཡིན་པའི་སྣང་བ་མི་བྱེད་པར་དེ་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་སྐད་ཡིག་ཡིན་བསམ་པ་དང་། རང་གི་རྒྱལ་ཁབ་ལ་སྐད་ཡིག་མང་པོ་ཡོད་པའི་ནང་གི་སྐད་ཡིག་གི་ཆ་ཤས་ཤིག་ཡིན་བསམ་པ་བྱེད་དགོས་པ་རེད།
སངས་རྒྱས་ཀྱི་ཆོས་ཀྱི་རིང་ལུགས་དེ་ཕྱི་རྒྱལ་ནས་ཡོང་བ་ཞིག་གང་ཡང་མ་རེད། རྒྱ་གར་རང་གི་དཔལ་ནཱ་ལནྡཱ་ནས་བརྒྱུད་རིང་དེ་དག་ལུང་པ་སོ་སོའི་ནང་ལ་དྲི་མ་མེད་པ་ཞིག་བྱས་ནས། དྲི་མ་མེད་པ་ཟེར་བ་དེ་ནང་པ་ཡིན་ཟེར་གྱིན་ཟེར་གྱིན་ལ་རིགས་ཀྱི་དབྱེ་བ་ཡོད་པའི་བཟོ་འདྲ་དང་། ནང་པ་ཡིན་ཟེར་གྱིན་ཟེར་གྱིན་ལ་དམར་མཆོད་བྱེད་པ་ལྟ་བུ་འདྲེས་བསྲེས་མ་ཡིན་པར་ནང་པ་ཡིན་ན་ནང་པ་གཙང་མ་ཞིག ནང་པ་མ་ཡིན་ན་ཆོས་བརྒྱུད་ག་རེ་ཡིན་ནའང་དེ་གཙང་མ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད།
དཔེར་ན་དེ་རིང་སང་ཉིན་མུ་སྟེགས་པའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་ནའང་མུ་སྟེགས་པའི་ཆོས་བརྒྱུད་ནང་ལ་རིགས་ཀྱི་དབྱེ་བ་དང་དམར་མཆོད་འབུལ་བ་དེ་དག་དངོས་གནས་བསྟན་བཅོས་ཀྱི་དགོངས་པ་རེད་དམ་མ་རེད་བགྲོ་གླེང་ཡོད་པ་རེད། བགྲོ་གླེང་དེ་དག་ཤུགས་ཆེན་པོ་བྱས་ནས་སླེབས་ས་ཞིག་ལ་སླེབས་ཐུབ་པ་ཡིན་ན། རང་རང་སོ་སོའི་ཆོས་བརྒྱུད་དང་ལེགས་བྱང་འཛིན་སྐྱོང་སྤེལ་བར་ཕན་ཐོགས་ཡོང་ངེས་ཤིག་རེད།
ལྷག་པར་དུ་དེ་རིང་སང་ཉིན་རྒྱ་གར་རང་བཙན་བྱུང་ནས་ལོ་དྲུག་ཅུ་རེ་གྲངས་ཤིག་གི་རིང་ལ་ས་མཚམས་ཁག་གི་གདོད་མའི་མི་རིགས། ས་མཚམས་ཁག་གི་གྲངས་ཉུང་མི་རིགས། གྲངས་ཉུང་མི་རིགས་ལ་སྐད་ཡིག་གི་གྲངས་ཉུང་མི་རིགས། ཆོས་ལུགས་ཀྱི་གྲངས་ཉུང་མི་རིགས་གཉིས་ཀ་ཡོད་རེད། ཡང་རིགས་ཀྱི་གྲངས་ཉུང་མི་རིགས་ཡང་ཏོག་ཙམ་ཏོག་ཙམ་ཡོད་པ་རེད། དེར་བརྟེན་གྲངས་ཉུང་མི་རིགས་དེ་ཚོ་ང་ཚོར་ནམ་རྒྱུན་ཁ་ལ་ཧ་ཅང་གོམས་པའི་ཚིག་གཅིག་གི་འོག་ལ་འཁྱེར་འགྲོ་ཡི་ཡོད་རེད། རྩ་བའི་རྒྱུན་(Mukhyadhārā)ཡི་ནང་ལ་འགྲོ་ཐུབ་པ་དགོས་རེད་ཟེར། ཨིན་ཡིག་ནང་ (the mainstream) ཟེར་ཀྱི་འདུག དེར་བརྟེན་གྲངས་ཉུང་མི་རིགས་དེ་ཚོ་དང་ལྷག་པར་དུ་ས་མཚམས་ཁག་གི་གྲངས་ཉུང་མི་རིགས་དེ་ཚོ་རྒྱ་གར་གྱི་རྩ་བའི་རྒྱུན་གྱི་ནང་འབྲེལ་དགོས་རེད་ཟེར་བའི་ཚིག་དེའི་གོ་བ་དང་འགྲེལ་བཤད་ཡག་པོ་ཞིག་མ་བརྒྱབ་པ་ཡིན་ན་ཉེན་ཁ་ཡོད་པའི་ཚིག་རེད། ག་པར་འཐེན་འཐེན་ལྟར་ཞིག་རེད། སོ་སོའི་ངོས་འཛིན་ཆ་ཚང་ཕྱི་བདར་བཏང་ནས་རྒྱ་ཐང་གི་མི་དེ་ཚོས་གང་འདྲ་བྱེད་ཀྱི་ཡོད་པ་ཚང་མ་བྱས་པ་ཡིན་ན། (mainstream)ལ་སླེབས་པ་དེ་འདྲར་བསམ་བློ་འཁོར་བ་ཡིན་ན། དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། མོ་རཱ་ཇི་བཱ་བཱུ་(Morajibabu)སྲིད་བློན་གཞོན་པ་(Deputy Prime Minister)ཡིན་པའི་སྐབས་སུ་ལ་དྭགས་ཀྱི་བླ་མ་བློ་བཟང་ཁོང་ཐུག་པར་ཕྱིན་ཏེ། བླ་མ་བློ་བཟང་གིས་མང་པོ་ཞིག་ཞུས་ཡོད་པ་འདྲ། གནམ་གྲུ་འགྲོ་ཡི་མི་འདུག སྨན་ཁང་མི་འདུག གཅིག་མི་འདུག་གཉིས་མི་འདུག་ཅེས་མང་པོ་ཞུས་དུས། མོ་རཱ་ཇི་ཡིས་ཁྱེད་རང་གིས་ག་རེ་ཟེར་གྱི་ཡོད། ཁྱེད་རང་གི་ལ་དྭགས་དེ་ལ་དྭགས་ལ་བཞག་རྒྱུ་ཡིན་ནམ་ཡང་ན་ལ་དྭགས་དེ་མུམྦ་ཨཱི་ལ་བསྒྱུར་རྒྱུ་ཡིན་ཞེས་དྲིས་པ་རེད། ཁོང་གི་དྲི་བ་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད། མོ་རཱ་ཇི་ཁོ་རང་མཚམས་རེར་ཁོ་རང་ཨུ་ཚུགས་ཚ་པོ་ཡོད་པ་མ་གཏོགས་ལྷག་བསམ་རྣམ་དག་གི་གཱནྡྷཱིའི་རྗེས་འཇུག་ཅིག་དང་རྩ་བའི་དགོངས་པ་བཞེས་ཕྱོགས་གཱནྡྷཱི་དང་ཧ་ཅང་མཐུན་པོ་རེད། ད་ལྟ་ལ་དྭགས་དེ་ལ་དྭགས་བྱས་ནས་བརྒྱ་ཆ་ག་ཚོད་བསྡད་ཡོད་རེད། མུམྦ་ཨཱི་ལྟར་བརྒྱ་ཆ་ག་ཚོད་ཆགས་ཡོད་རེད་ཟེར་ན། གླེ་དེ་ཚོར་བལྟས་པ་ཡིན་ན་ཧ་ལས་པ་ལྟ་བུ་ཞིག་འདུག དེར་བརྟེན་(Mukhyadhārā) འམ་(mainstream)ནང་ལ་སོ་སོ་ངོས་འཛིན་ཡོད་པ་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར་ཆབ་སྲིད་ཀྱི་ཐོབ་ཐང་མི་གཞན་པ་དང་འདྲ་མཉམ་བྱས་ནས་ལོངས་སྤྱོད་བྱེད་ན་འཕེལ་གྱི་རེད། ཡང་ན་ (Mukhyadhārā)ནང་ལ་འགྲོ་བའི་ཆེད་དུ་སོ་སོའི་ལྷམ་དང་ཞྭ་མོ་གྱོན་གོས་ཆ་ཚང་ཕུད་ནས་དམར་ཧྲང་བྱས་ནས་མཆོང་དགོས་རེད་དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱུན་དུ་ཕུགས་རྒྱང་རིང་པོར་དགོངས་པ་མ་བཞེས་པ་ཡིན་ན། སྐད་ཆ་དེ་ཧ་ཅང་ཁྱབ་ཆེན་པོ་རེད། ཚིག་དེ་དང་ཡར་རྒྱས་(development)དང་ཧིནྡཱིའི་(Vikāsa) ཟེར་བ་དེ་གཉིས་པོ་དེས་མི་མང་པོ་ཞིག་ལ་མགོ་སྐོར་ཐེབས་སྲིད་པ་ཞིག་རེད། ལོ་དྲུག་ཅུ་རེ་གྲངས་གོང་རྒྱ་གར་རང་བཙན་མ་བྱུང་བའི་སྔོན་དེར་ཡིན་ན། རྒྱ་གར་ནང་ཡར་རྒྱས་ཟེར་བའི་ཚིག་དེ་ཚིག་གྲོགས་མེད་པ་རྐྱང་པ་ཞིག་བེད་སྤྱོད་གཏོང་གི་མེད་ལ། དཔེ་ཆ་དེ་ཚོའི་ནང་ལའང་དེ་འདྲ་ཡོད་མ་རེད། ཞིང་ལས་ཡར་རྒྱས། སོ་ནམ་ཡར་རྒྱས། བཟོ་ལས་ཡར་རྒྱས་ལ་སོགས་པ་ཚིག་གྲོགས་གཅིག་དང་སྦྱར་ནས་བེད་སྤྱོད་གཏོང་གི་ཡོད་པ་རེད། དེ་རིང་སང་ཉིན་ཁྱད་གཞི་གང་ཡང་མེད་པར་ཡར་རྒྱས་(development)ཁོ་རང་རྡོག་རྡོག་ཞིག་ཡོད་པའི་བཟོ་ལྟ་བུ་དེས་གོ་ལ་གཅིག་གྱུར་གྱི་ལམ་སྲོལ་འོག་ལ་ཚིག་དེའི་འོག་ནས་གནས་ཚུལ་མང་པོ་ཞིག་བོད་པའི་གཏམ་དཔེར་རྒྱུག་པ་ལེབ་རྡུང་ལྟར་གྱི་གནས་སྟངས་ཤིག་ཡོད་པ་རེད།
ལྷག་པར་དུ་ང་ཚོ་ས་མཚམས་ཀྱི་གྲངས་ཉུང་མི་རིགས་དང་གདོད་མའི་མི་རིགས་དེ་ཚོར་ཞིབ་ཚགས་པོ་བྱས་ནས་བལྟ་དགོས་པ་དེ་གལ་ཆེན་པོ་རེད། ཡར་རྒྱས་ཕྱིན་པ་ཡིན་ན་ང་ཕྱུག་པོ་ཆགས་ཀྱི་རེད་ངར་སྒོར་མོ་མང་པོ་རག་གི་རེད་བསམ་པ་རྐྱང་རྐྱང་བྱས་པ་ཡིན་ན། གནས་སྐབས་ཤིག་ལ་ཕྱུག་པོ་ཆགས་སྲིད་པ་རེད། པད་ཤག་མང་པོ་རག་སྲིད་པ་རེད། པད་ཤག་དང་ཕྱུག་པོ་ཆགས་པ་དེས་དངོས་ཡོད་ཀྱི་ཁེ་ཕན་དེ་རྗེས་མ་ག་པར་འགྲོ་ཡི་རེད། སོ་སོར་རག་གི་ཡོད་རེད་དམ་མི་གཞན་ཞིག་གིས་འཁྱེར་འགྲོ་ཡི་རེད། དེ་གཟིགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་རྩ་ཁྲིམས་ནང་ངོས་འཛིན་བྱས་པའི་སྐད་ཡིག་སུམ་ཅུ་བཞི་བཅུ་ཞིག་ཡོད་པ་རེད། དེའི་ནང་ནེ་པཱ་ལི་དང་ཨིན་ཇི་ཡོད་རེད། དེ་ཚོ་རྒྱ་གར་གྱི་སྐད་ཡིག་གང་ཡང་མ་རེད། དེར་བརྟེན་བོད་སྐད་ཟེར་དུས་རྒྱ་གར་གྱི་རྩ་ཁྲིམས་ནང་ངོས་ལེན་བྱས་པ་ཡིན་ན། ཧ་ཅང་ཞེད་སྣང་བྱེད་མཁན་དང་ཞེད་སྣང་སྐུལ་མཁན་དེ་འདྲ་ཡང་ཡོང་གི་འདུག ཚིག་དེ་བརྗེ་པོ་རྒྱག་དགོས་པ་རེད། བྷོ་ཊི་ཞེས་བརྗོད་དགོས་རེད། ཅེས་ཟེར་གྱི་ཡོད་པ་རེད། བྷོ་ཊི་དེ་ཚིག་བརྗེ་པོ་རྒྱག་པ་གང་ཡང་མ་རེད་སྐད་བརྗེ་པོ་བརྒྱབ་པ་རེད། བོད་སྐད་དེ་སཾསྐྲྀཏའི་སྐད་ལ་བསྒྱུར་བ་རེད་མ་གཏོགས་དོན་དག་གཅིག་པ་ཆགས་ཀྱི་ཡོད་པ་རེད། བྷོཊ་བྷཱ་ཥཱ་ལ་བྷོ་ཊི་ཞེས་བརྗོད་པ་རེད། ཁྱད་པར་གང་ཡང་ཡོད་པ་མ་རེད། ཡིན་ནའང་དངོས་ཡོད་ཀྱི་བསམ་བློ་གཏོང་སྟངས་ག་རེ་རེད་ཟེར་ན། ནེ་པཱ་ལི་ཟེར་བ་དེ་རྒྱ་གར་གྱི་སྐད་ཅིག་མིན་པ་ཧ་ཅང་གསལ་པོ་རེད། དེ་རྩ་ཁྲིམས་ནང་ངོས་ལེན་བྱེད་ཆོག་པ་དང་ཟུར་མཆན་ནང་བཞག་ཆོག་པར་བོད་སྐད་དེ་བཞག་མི་ཆོག་ཟེར་བ་དེར་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། ཡང་ཕྱོགས་གཞན་པ་ཞིག་ནས་བལྟས་པ་ཡིན་ན། སྐད་ཡིག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ཟུར་འཛར་ཐོའི་ནང་སླེབས་པ་ཡིན་ན་ཧ་ཅང་ཁེ་ཕན་ཡོད་པ་ཞིག་དང་། མ་སླེབས་ན་གྱོང་ཡོད་པ་དེ་འདྲ་ཕྲན་བུ་ཕྲན་བུ་ཡོད་ཀྱི་རེད་མ་གཏོགས་དངོས་གནས་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་འདུན་པ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་ན། རྩ་ཁྲིམས་ནང་མ་ཚུད་པ་ཡིན་ནའང་རྩ་ཁྲིམས་ནས་བཀག་ཐུབ་ཀྱི་མེད་པ་ཧ་ཅང་གསལ་པོ་རེད་བསམ་གྱི་འདུག གནས་ཚུལ་དེ་ཚོ་ཚང་མ་ཚང་མས་མཁྱེན་དགོས་པ་དེ་ཐུགས་གལ་ཆེན་པོ་རེད།
དེར་བརྟེན་བསམ་བློའི་ནང་ཡར་རྒྱས་ཀྱི་འདུན་པ་དང་། རྩ་བའི་རྒྱུན་ནང་འགྲོ་རྒྱུའི་འདུན་པ། དེ་ཕྱིན་པ་ཡིན་ན་ཁེ་བཟང་ཆེན་པོ་ཡོད་པའི་བསམ་ཚུལ་དེ་འདྲ་ཀླད་པ་དཀྲུགས་ནས་བླུགས་ཡོད་པ་རེད། དེ་དག་ལ་ལམ་སང་ཆ་མ་བཞག་པར་རང་གི་རིག་པས་བརྟག་དཔྱད་བྱས་ནས་དེ་ཡག་པོ་རེད་འདུག་བསམས་ན་གནས་ཚུལ་དེ་ལྟར་རེད། དེ་མིན་པ་ཡིན་ན་མིས་གནོན་ཤུགས་དེ་འདྲའི་འོག་ལ་གློ་བུར་དུ་མ་ཕྱིན་པ་ཡིན་ན་ཡག་པོ་རེད་བསམ་གྱི་འདུག
དེ་རིང་སང་ཉིན་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཚང་མའི་ནང་ལ། བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཟེར་དུས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་དང་། དེ་ནས་རྒྱ་ནག་དང་། རཱ་ཤི་ཡ། སོག་ཡུལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཚང་མའི་ནང་ལ་ཀླན་ཀ་དང་སུན་པོ་ཞིག་ནི་དོལ་རྒྱལ་རྗེས་འབྲང་པ་དེ་ཚོ་རེད། དོལ་རྒྱལ་རྗེས་འབྲང་པ་དེ་ཚོས་དངོས་ཡོད་ཀྱི་གནས་ཚུལ་མ་ཡིན་པའི་དོན་དག་མང་པོ་ཞིག་དྲིལ་བསྒྲགས་བྱས་ནས་འཇིག་རྟེན་ཁྱོན་ཡོངས་རྫོགས་མགོ་སྐོར་གཏོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། མགོ་སྐོར་གཏོང་ཐུབ་ཐབས་མེད་པ་ཡིན་ནའང་གནས་སྐབས་རིང་བསླུ་བྲིད་འོག་ལ་འགྲོ་བའི་ཉེན་ཁ་ཡོད་པ་དེ་འདྲ་རེད། དེར་བརྟེན་འདིར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཡོངས་རྫོགས་ཀྱིས་དོ་སྣང་བྱེད་དགོས་པ་ཞིག་དང་ཤེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

དེའི་ནང་དངོས་ཡོད་མ་ཡིན་པའི་གནས་ཚུལ་ཞིག་ག་རེ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེས་སུ་གང་གིས་དོལ་རྒྱལ་བརྟེན་ཆོག་གི་མ་རེད་ཅེས་གསུངས་པ་རེད་ཟེར་བའི་གནས་ཚུལ་གཅིག་དང་། ཨིན་ཇིའི་སྐད་ལ་(ban)ཟེར་བ་དེ་འདྲ་ང་ཚོས་བྱེད་ཐུབ་ཐབས་ཡོད་པ་མ་རེད་ལ་༧སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ནའང་བཀའ་གནང་ཡོད་མ་རེད། མ་བསྟེན་ན་ཡག་པོ་ཡོད་རེད། བསྟེན་ན་སྐྱོན་ཡོད་རེད་ཅེས་རྒྱུ་མཚན་གསུངས་པ་རེད། རྒྱུ་མཚན་གསུངས་པའི་རྗེས་ལ་བསྟེན་དང་མ་བསྟེན་ཁྱེད་རང་ཚོའི་འདོད་པ་རེད་ཅེས་བཞག་ཡོད་པ་རེད། དེ་ལ་བརྟེན་ནས་ད་ལྟ་ང་ཚོ་གདན་ས་ཁག་ལ་བསྟེན་ནས་སྡོད་མཁན་དེ་ཚོར་སུ་གང་གིས་སུན་གཙེར་བཟོ་ཡི་ཡོད་མ་རེད། བགོ་སྐལ་ཐོབ་ཐང་ཆ་ཚང་སྤྲད་ནས་ཁོ་རང་ཚོ་བསྡད་ཡོད་པ་རེད། ཁང་པ་དང་མཐུན་རྐྱེན་ས་ཆ་ཚང་མ་སྤྲད་ཡོད་པ་རེད། དེའི་ནང་སྟེན་མཁན་དེ་ཚོ་བསྟེན་ནས་བསྡད་ཡོད་པ་རེད། སུ་གང་གིས་ཁྱེད་ཚོས་ག་རེ་བྱས་ནས་སྟེན་གྱི་ཡོད་ཅེས་སྙད་བརྐོ་བར་འགྲོ་མཁན་ཡོད་མ་རེད། (Ban)མིན་པའི་རྟགས་དེ་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་གསུང་ཆོས་ཞུ་ན་འགྲིག་གི་མ་རེད་ཅེས་གསུངས་པ་དེ་༧རྒྱལ་བ་རིན་པོ་ཆེ་རང་གི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། ཆོས་གནང་མཁན་གྱི་བླ་མས་སློབ་མ་སྣོད་དུ་རུང་མི་རུང་བརྟག་དཔྱད་བྱེད་པ་དང་ཆོས་ཞུ་མཁན་གྱི་སློབ་མ་དེས་བླ་མའི་མཚན་ཉིད་ལྡན་དང་མི་ལྡན་བརྟག་དཔྱད་བྱེད་རྒྱུ་དེ་གང་ཟག་སོ་སོར་དོར་དུ་མེད་པའི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད། ཐོབ་ཐང་ཙམ་དུ་མ་ཟད་ལས་འགན་ཞིག་ཀྱང་རེད། དེ་གསུངས་པ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་འདུག་ཟེར་བ་དེ་སྐྱག་རྫུན་སྐྱག་ནག་རེད། དེ་གསུང་རྒྱུའི་ཐོབ་ཐང་ཆ་ཚང་༧རྒྱལ་བ་རིན་པོ་ཆེ་ལ་ཡོད་པ་རེད། ཉེ་ཆར་ངས་མི་ཞིག་དང་སྐད་ཆ་བྱས་པ་ཡིན། དེ་འདྲ་གསུང་གི་འདུག ༧རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་མ་ཡོང་ན་ཡག་པོ་ཡོད་གསུངས་པ་ལས་ཡོང་ཆོག་གི་མ་རེད་གསུངས་ན་ཏོག་ཙམ་བདེ་པོ་མི་འདུག་ཟེར་དེ་འདྲ་ཤོད་མཁན་ཡོང་གི་འདུག ཡོང་ཆོག་གི་མ་རེད་གསུངས་པ་དེ་༧རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་རེད། སོ་སོའི་ནང་ལ་ཇག་པ་ཞིག་ཡར་འཛུལ་ཡོང་དུས་ཇག་པ་དེ་འཛུལ་ཆོག་གི་མ་རེད་ཅེས་བཤད་ཆོག་གི་མ་རེད་དམ། ཇག་པ་འཛུལ་ཆོག་གི་མ་རེད་བརྗོད་ན་དེ་ཇག་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཕྱིན་པ་རེད་དམ། དེ་ཚོ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད།

དེ་བཞིན་སྤྱི་ཚོགས་ནང་ཟུར་འཇོག་བྱེད་པ་དེ་ཡང་ཐོབ་ཐང་ཡོད་པ་ཞིག་རེད། འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱེད་པའི་ཐབས་ལམ་དྲག་ཤོས་ཤིག་ཟུར་འཇོག་(boycott) བྱེད་པ་དེ་རེད། ཚོང་ཁང་ཞིག་གི་ནང་ཚོང་ཁང་བདག་པོ་དེས་དོལ་རྒྱལ་སྟེན་མཁན་ཚོ་མ་ཡོང་ཞེས་བྲིས་པ་ཡིན་ན་དེ་འབྲི་ཆོག་གི་རེད། ཚོང་ཁང་གི་ཅ་ལག་དེ་སུ་ལ་འཚོང་མི་འཚོང་དེ་ཚོང་ཁང་བདག་པོ་ཁོ་རང་གི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད་མ་གཏོགས་དེ་ཉོ་མཁན་གྱི་ཐོབ་ཐང་གང་ཡང་མ་རེད། གྱོང་རག་མཁན་དེ་ཚོང་ཁང་བདག་པོ་ཁོ་རང་རེད། ཉོ་མཁན་ཉུང་དུ་ཉུང་དུ་འགྲོ་ཡི་རེད་མ་གཏོགས་ཉོ་མཁན་ཁོ་རང་ཕར་ཙམ་ཚུར་ཙམ་ཕྱིན་པ་ཡིན་ན་ཚོང་ཁང་གཅིག་མ་གཏོགས་མེད་པ་ཡིན་གྱི་མ་རེད། དེ་ཚོ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་འགྲོ་ཡི་འདུག་བྱས་པ་ཡིན་ན། གཱནྡྷཱིས་མཐུན་འགྱུར་མི་བྱེད་པའི་ལས་འགུལ་ནང་ལ་ཨིན་ཇིའི་ལུང་པ་ནས་བཟོས་པའི་རས་དང་ཅ་ལག་མ་ཉོས་པ་དེ་ཚོ་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་རེད་ཟེར་ནས་ཁྲིམས་ཁང་ནང་འགྲོ་སྲིད་ཀྱི་རེད་དམ་མ་རེད།

ལར་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཕྱིན་དང་མ་ཕྱིན་ཟེར་བ་དེ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད། དོལ་རྒྱལ་ཚོགས་པ་ཚོས་གནའ་སྔ་མོ་ནས་རྒྱལ་སྤྱིའི་གུ་ཡངས་ཚོགས་པ་(Amnesty International)དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(International Commission of Human Rights)ཚང་མར་ཞུ་བ་ཕུལ་ཚར་བ་མ་ཟད་ཞིབ་འཇུག་བྱས་ཚར་བ་རེད། ཞིབ་འཇུག་བྱས་པའི་རྗེས་ལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གང་ཡང་ཕྱིན་མི་འདུག་ཅེས་ཁྲིམས་མཐུན་ཐོག་ནས་ཐག་གཅོད་བྱས་པའི་གནས་སྟངས་ཤིག་རེད། དེར་བརྟེན་དེ་ཚོ་སྐྱག་རྫུན་བཤད་ན་འགྲིག་གི་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེས་ཞལ་རྫུན་གནང་གི་འདུག་ཟེར་གྱི་ཡོད་པ་རེད། འདི་འདྲ་ཞིག་ཞལ་རྫུན་གནང་སོང་ཞེས་སྟོན་རྒྱུ་གཅིག་ཀྱང་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་བ་བཏང་སོང་ཟེར་གྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་དབྱེ་བ་སུ་ལ་བཏང་བ་རེད། ག་རེ་བཏང་བ་རེད། སུ་སྨན་ཁང་ན་མ་བསྐྱལ་པ་རེད། སུ་སློབ་གྲྭའི་ནང་མ་བཅུག་པ་རེད། དེ་ཚོར་མི་གཅིག་གི་མིང་འདོན་རྒྱུ་ཡོད་མ་རེད། དེ་ཚོ་ཧམ་པའི་ཐོག་ནས་སྐྱག་རྫུན་བཤད་པའི་དྲིལ་བསྒྲགས་ཤིག་རེད། དེ་འདྲ་བྱེད་མཁན་གྱི་གང་ཟག་དེ་ཚོ་ནི་སྙིང་རྗེའི་ཡུལ་རེད། ཁོང་ལ་ཁོང་ཁྲོ་བྱེད་རྒྱུ་ཡོད་མ་རེད། བྱེད་སྟངས་དེར་ང་ཚོས་ངེས་པར་དུ་གསལ་བཤད་བྱེད་དགོས་པ་ཞིག་དང་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

རང་རང་སོ་སོས་ལས་དོན་གང་འདྲ་ཞིག་གི་སྒང་ལ་ཕྱག་ལས་གནང་གི་ཡོད་པ་ཡིན་ནའང་ལས་དོན་དེ་སོ་སོའི་འཚོ་ཐབས་ཙམ་གྱི་ཡིན་མ་དགོངས་པར་བསྟན་པ་དང་འགྲོ་བ་ལ་ཕན་པའི་ཆེད་དུ་བསྒྱུར་ཐུབ་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་བྱས་ནས། ལྷག་བསམ་རྣམ་དག་གི་ཐོག་ནས་རང་གིས་གང་བྱ་བ་ལ་བརྩོན་པ་དེ་བརྩོན་འགྲུས་དང་ལྡན་པའི་ཐོག་ནས་བྱེད་དགོས། བརྩོན་འགྲུས་ཟེར་དུས་སྡུག་རུས་བརྒྱབ་ནས་མ་ཡིན་པར་སྡུག་རུས་བརྒྱབ་ནས་དཀའ་ངལ་ཁག་རོགས་རེད། བརྩོན་འགྲུས་ཟེར་དུས་སྤྲོ་ཤུགས་ཀྱིས་སོ་སོས་ལས་ཀ་ག་རེ་ཡིན་ནའང་དེར་འདུན་པ་ཡོད་པ་ཞིག་དང་སྤྲོ་བ་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད། དེ་ལྟར་གནང་བ་ཡིན་ན། མི་ཚེའི་ནང་ཏན་ཏན་ཧ་ཅང་བདེ་བ་ཐོབ་པ་དོན་དང་ལྡན་པ་ཞིག་མ་བྱུང་ནའང་བདེ་བ་ཐོབ་པ་ཆུད་ཟོས་སུ་མ་འགྲོ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག

ཞར་བྱུང་དུ་ང་ཚོ་ངག་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་པ་སྒྲ་འཛིན་འཁོར་ཐག་ནང་ཡོད་པ་དེ་ཚོ་ཡིག་ཐོག་ཏུ་ཕབ་ནས་འགྲེམས་སྤེལ་བྱ་རྒྱུ་དེ་རིང་སང་ཉིན་དར་པོ་འདྲ་ཞིག་འདུག ལྷག་པར་དུ་ཝཱ་རཱ་ཎ་སཱིའི་མཐོ་སློབ་ནས་ངས་བཤད་པའི་སྒྲ་འཛིན་འཁོར་ཐག་མང་པོ་ཞིག་དེ་རིང་སང་ཉིན་ཡིག་ཐོག་ཏུ་ཕབ་སྒྱུར་ཐབས་ཤེས་བྱེད་ཀྱི་འདུག དེ་མི་ཚོས་ཉན་དགོས་པ་དང་བེད་སྤྱོད་གཏོང་དགོས་ཀྱི་ཡོད་ན། འོད་སྡེར་བཟོས་ནས་སྒྲ་འཛིན་འཁོར་ཐག་རང་གི་ཐོག་ནས་ཉན་རྒྱུ་ཡོད་ན་ཡག་པ་འདུག་བསམ་པ་བར་ལམ་ཞིག་ནས་ཚོར་བ་ཤུགས་ཆེན་པོ་བྱུང་། ཁ་ནས་བཤད་པ་དེ་ཡིག་ཐོག་ཏུ་ཕབ་དུས་རྗེས་མར་ཡི་གེ་འབྲི་བའི་སྐབས་སྐད་ཡིག་ལ་གནོད་སྐྱོན་འགྲོ་བའི་ཉེན་ཁ་ཡོད་པ་རེད་བསམ་གྱི་འདུག ཚང་མ་ཡིག་སྐད་ལ་བཟོས་ནས་ཕབ་ཐུབ་མཁན་དཀོན་པོ་རེད། ང་རང་ལ་ཉམས་མྱོང་ཡོད་པ་ཞིག་ལ། ངས་བཤད་པའི་ང་ཚོའི་རིགས་ཀྱི་གླུ་ཡི་འགྲེལ་བཤད་ཅིག་འདི་གའི་དགེ་ལགས་ཚོས་དཀའ་ལས་མང་པོ་བརྒྱབ་ནས་ཡིག་ཐོག་ཏུ་ཕབ་འདུག རྗེས་མ་དེ་པར་རྒྱག་གྲབས་བྱས་དུས་མང་ཆེ་བ་ཞིག་བསྐྱར་སྒྲིག་བྱེད་དགོས་བྱུང་། བསྐྱར་སྒྲིག་བྱས་པའི་རྗེས་ལའང་ད་དུང་དང་པོ་ནས་ཡིག་ཐོག་ཏུ་བྲིས་པ་ནང་བཞིན་བྱུང་མི་འདུག

གྲོས་ཚོགས་ཀྱི་ལས་རིམ་ལྟ་བུ་ཡིན་ན། ཉིན་རེ་ཉིན་རེའི་གསར་ཤོག་ཐོག་འདོན་དགོས་དུས་ཁ་ནས་བཤད་པ་དེ་ཡིག་ཐོག་ཏུ་མ་བཀོད་ཐབས་མེད་རེད། དེ་མིན་པའི་སློབ་ཚན་གྱི་སྐོར་དང་གཞུང་གི་སྐོར་དེ་འདྲ་ཡིན་ན། ངག་ཐོག་ནས་ཡོད་པ་དེ་དག་ངག་ཐོག་ཏུ་ཉར་རྒྱུ་དང་ཡིག་ཐོག་ཏུ་ཡོད་པ་དེ་དག་དང་པོ་ནས་ཡིག་ཐོག་ཏུ་བྲིས་པ་ཡིན་ན། དེ་ཡག་པ་ཡོད་པ་འདྲ། ངག་ཐོག་ནས་བཤད་པ་མང་པོ་ཡིག་ཐོག་ཏུ་བསྒྱུར་དུས་ང་ཚོ་བོད་པའི་ཡི་གེའི་འབྲི་སྟངས་ཀྱི་སྲོལ་རྒྱུན་དེར་དོ་ཕོག་འགྲོ་མི་ཡོང་ངམ་སྙམ་པའི་དོགས་གཞི་བྱུང་སོང་། ཡིག་ཐོག་ཏུ་མ་ཕབ་ཐབས་མེད་ཡིན་ན། དོན་དག་ལ་འགྱུར་བ་མ་བཏང་བར་ག་ཚོད་ཐུབ་ཐུབ་ཀྱིས་ཁ་སྐད་དེ་ཡིག་སྐད་ལ་ཕར་བསྒྱུར་ནས་ཕབ་དགོས། དེ་མིན་གང་བཤད་པ་དེ་ཡིག་ཐོག་ཏུ་ག་ཚོད་ཐུབ་ཐུབ་མི་དགོས་པ་གནང་ན་ཡག་པ་ཡོད་རེད་བསམ་གྱི་འདུག

དེ་བཞིན་རྩོམ་རིག་ལ་མཚོན་པ་ཡིན་ནའང་། སྔོན་མ་ང་ཚོ་རྒྱ་གར་ལ་སླེབས་ཚར་ཙམ་དེར་ཡི་གེ་འབྲི་བའི་སྐབས་ལ་ག་ཚོད་ཐུབ་ཐུབ་ངག་སྐད་ལ་འབྲི་དགོས་པ་རེད་ཅེས་རྗོད་མཁན་མང་པོ་བྱུང་བ་རེད། ཚང་མ་ངག་སྐད་ལ་བྲིས་པ་ཡིན་ན། ཉིན་ཞིག་བཀའ་འགྱུར་བསྟན་འགྱུར་གྱི་དོན་དག་མ་ཤེས་པའི་དུས་ཚོད་ཅིག་ཤར་མི་སྲིད་པ་མ་རེད། ཀློག་ནས་མ་ཤེས་ན་མི་གཞན་ཞིག་ལ་འདྲི་དགོས་རྒྱུ་དང་། དེར་བརྟེན་ཤེས་རིག་ཚོགས་ཆེན་ཐེངས་མང་པོའི་ནང་བཀའ་བསྡུར་གནང་ནས་མཐའ་མར་ཁ་ནས་བཤད་དུས་ག་ཚོད་ཐུབ་ཐུབ་ཡིག་སྐད་བེད་སྤྱོད་གཏོང་དགོས་པ་དང་ཡི་གེ་འབྲི་བའི་སྐབས་ལ་ངག་སྐད་དེ་བེད་སྤྱོད་མི་གཏོང་རྒྱུ་དྷརྨ་ས་ལར་ཤེས་རིག་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པ་རེད། དེར་བརྟེན་ང་ཚོའི་རང་བཞིན་གྱི་བོད་སྐད་དེ་ངག་སྐད་དང་ཡིག་སྐད་གཉིས་མི་འདྲ་བ་ཆགས་ཡོད་པ་རེད། ཡི་གེའི་ནང་གང་འབྲི་རུང་བ་དེ་ངག་ནས་སྨྲ་བཞིན་ཡོད་མ་རེད། ངག་ནས་གང་བརྗོད་པ་དེ་ཡི་གེའི་ནང་འབྲི་ཡི་ཡོད་པ་མ་རེད། ཐ་དད་ཡོད་པ་དེ་ཐ་དད་རང་བཞག་ནས། དེ་བེད་སྤྱོད་གཏོང་བའི་སྐབས་ལའང་ལོགས་ཀ་བེད་སྤྱོད་གཏོང་བ་ཡིན་ན་དགེ་མཚན་ཆེ་བ་ཡོད་རེད། ཅེས་བཀའ་གནང་།།