བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད།

༄༅།། སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང༌། ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་མཚོན་པའི་དགེ་རྒན་ལས་བྱེད་སློབ་གཉེར་བ་རྣམ་པ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཕེབས་པའི་ཚོགས་བཅར་བ་རྣམ་པ། གཞན་ཡང་ད་རེས་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་པ་ཚང་མ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་བཅས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་རིགས་མཐོ་རིམ་སློབ་གཉེར་བ་ཚོས་ཕྱི་ལོ་༢༠༠༦ ནས་བཟུང་ལོ་ལྟར་ལོ་འཁོར་ཚོགས་ཆེན་གནང་གི་ཡོད་པར་བརྟེན། སློབ་མ་ཚོ་ཕན་ཚུན་གོ་རྟོགས་སྤེལ་རེས་དང༌། སྐབས་བབ་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་སློབ་གཉེར་བ་སོ་སོའི་དཀའ་ངལ་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་རེད། འདིར་སྔོན་དུ་གསུང་བཤད་གནང་མཁན་ཚོས་བཀའ་གནང་བ་བཞིན་ཁྱེད་ཚོ་སུ་ལའང་མ་བསྙེལ་བར་རང་རྐྱ་འཕེར་བའི་ཐོག་ནས་ཚོགས་འདུའི་གོ་སྒྲིག་དང་དཔལ་འབྱོར་འདུ་འགོད་གནང་ཐུབ་པ་མ་ཟད། ད་བར་ལོ་ལྟར་མ་ཆད་པར་ཚོགས་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བཙན་བྱོལ་བོད་གཞུང་གི་ངོས་ནས་ཚོགས་འདུ་གོ་སྒྲིག་གནང་མཁན་དང༌། ཚོགས་འདུར་ཕེབས་མཁན་བཅས་ཡོངས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད།

ཚོགས་འདུ་ནི་དོན་གནད་དམིགས་བསལ་བ་ཞིག་གི་ཐོག་བསམ་ཞིབ་དང༌། གོ་བསྡུར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་བརྟེན། བེད་སྤྱོད་ཡག་པོ་ཞིག་གནང་ཐུབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་ཐུག་འཕྲད་དང་འདུ་འཛོམས་ཙམ་ལ་ཟད་ན་ཕངས་པོ་རེད། གོ་སྒྲིག་གནང་མཁན་ཚོས་དུས་ཚོད་རིང་པོ་བཏང་སྟེ་དཀའ་ལས་བརྒྱབས་པ་མ་ཟད། མང་པོ་ཞིག་ཐག་རིང་པོ་ནས་སྐུ་ངལ་གནང་ནས་ཕེབས་ཡོད། ཉིན་གཉིས་གསུམ་ཟེར་བ་དེ་ཕྱོགས་གཅིག་ནས་དུས་ཚོད་ཐུང་ཐུང་རེད། ཡིན་ནའང་ཐུབ་ན་བེད་སྤྱོད་ཡག་པོ་ཞིག་གནང་རྒྱུ་ཡོད་ཅིང༌། ང་ཚོ་ལ་བཀའ་མོལ་གནང་རྒྱུ་མང་པོ་ཡོད་རུང༌། འཇིག་རྟེན་གྱི་མི་རིགས་སྤྱི་ཡོངས་ནང་འབུར་དུ་ཐོན་པའི་ཤེས་ཡོན་དང་རྩོམ་རིག་གི་ལག་རྗེས་ཡོད་པའི་བོད་མི་རིགས་དེ་ད་ལྟའི་གནས་བབ་གང་འདྲ་ཞིག་ཆགས་ཡོད་མེད་དང༌། མ་འོངས་པའི་ཚོད་དཔག་གང་འདྲ་ཞིག་ཐེབས་མིན། དེའི་ཆེད་དུ་ད་ལྟ་མི་རིགས་འདིའི་ནང་སྐྱེས་ནས་འཚར་ལོངས་བྱེད་བཞིན་པའི་ན་གཞོན་ཚོར་འགན་གང་འདྲ་ཞིག་འཁྲི་མིན་བཅས་ཀྱི་ཐོག་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མིན་པར། ཕྱོགས་ཡོངས་ནས་གཏིང་ཟབ་པོས་དགོངས་པ་བཞེས་དགོས་རྒྱུ་དེ་དུས་ཀྱི་དགོས་མཁོ་དང༌། བྱུང་རབས་ཀྱི་གནད་དོན་ཞིག་ལ་ཐུག་ཡོད་པ་དེ་ཧ་ཅང་གསལ་པོ་རེད།

ད་རེས་ཁྱེད་ཚོས་སྒྲོགས་ཚིག་གམ་གླེང་གཞི་༼རང་ངོ་རང་ཤེས་དང༌། རང་འགན་རང་ཁུར་༽ཞེས་པ་དེ་ཧ་ཅང་ཡག་པོ་བདམས་འདུག སྤྱིར་བཏང་ཆོས་ཕྱོགས་ལྟ་གྲུབ་ཐོག་ནས་བཤད་ན། རང་ངོ་རང་གིས་མ་ཤེས་པའམ་རང་སེམས་རང་གིས་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་པ་རེད། བདག་མེད་འདོད་མཁན་དང་བདག་ཡོད་འདོད་མཁན་གང་ཡིན་རུང་འཇིག་རྟེན་འདིའི་ཆོས་བརྒྱུད་མང་ཆེ་བས་སྡུག་བསྔལ་གྱི་རྩ་བ་མ་རིག་པར་འདོད་ཅིང༌། མ་རིག་པ་ཟེར་བ་དེ་རང་ངོ་མ་ཤེས་པ་ཡིན་པར་བརྩི་གི་ཡོད། དེ་བཞིན་སྤྱི་ཚོགས་དང་ཆབ་སྲིད་ངོས་ནས་བལྟས་ན། སོ་སོའི་ངོས་འཛིན་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅིང༌། ལྷག་པར་དུ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ཚན་རིག་དང༌། འཕྲུལ་ལས་ཡར་རྒྱས་དབང་གིས་དཔལ་འབྱོར་གྱི་འདུ་འགོད་ལ་བརྟེན་པའི་གོ་ལ་གཅིག་སྒྱུར་གྱི་ལམ་སྲོལ་དེའི་ནང་སྒེར་དང་སྤྱི་ཚོགས་བྱེ་བྲག་པའི་གནས་བབ་དེ་རིམ་པས་ཡལ་རྒྱུ་དང༌། གཅིག་གྱུར་གྱི་གནས་བབ་གསར་པ་ཞིག་ཡོང་རྒྱུའི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེའི་སྐབས་སུ་དམིགས་བསལ་གྱི་དཀའ་ངལ་གཅིག་གང་ཡོང་ཞེ་ན། སོ་སོའི་ངོ་བོ་དང་ངོས་འཛིན་བརླག་རྒྱུ་དང་དེའང་མ་ཤེས་པའི་ཐོག་ཡོང་རྒྱུ་དེ་རེད། ཕལ་ཆེར་བོད་སྐད་ནང་གོ་བརྡ་གསལ་པོ་ཞིག་འཕྲོད་ཀྱི་ཨེ་ཡོད། དབྱིན་སྐད་དུ་Identity Crisis ཟེར་བ་དེ་རེད།

དེ་ནི་ད་ལྟའི་འཇིག་རྟེན་འདིའི་ནང་རྙོག་དྲྭ་ཆེན་པོ་ཞིག་ལ་བརྩི་གི་ཡོད་ལ། དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ཀྱང་ཆགས་ཡོད་ཅིང༌། དཔལ་འབྱོར་འདྲ་མཉམ་མེད་པ་དང༌། དབུལ་ཕོངས་ཀྱི་དཀའ་ངལ། འཚེ་བའི་སྟོབས་ཤུགས་ཆེ་རུ་ཕྱིན་པ། དམག་དང་ཚོང་གི་འཇིགས་སྐུལ་རིང་ལུགས་ཀྱི་གནས་སྟངས། ཁོར་ཡུག་གི་ཉམས་ཆག དཔལ་འབྱོར་གྱི་བཤུ་གཞོག ཆོས་ལུགས་ཀྱི་འཐེན་འཁྱེར་སོགས་གནས་ཚུལ་གང་ལ་བལྟས་ནའང་ང་ཚོའི་མི་རབས་འདི་དང༌། ད་ལྟའི་འཇིག་རྟེན་འདིས་གདོང་ལེན་བྱེད་དགོས་རྒྱུའི་གནས་སྟངས་ཤིག་རེད། དེ་སྐབས་རང་ངོ་རང་གིས་ཤེས་པ་ཞིག་མ་བྱུང་ན།བྱ་བ་གང་འདྲ་ཞིག་བརྩམ་རུང༌། དེའི་འགོ་འཛུགས་ཀྱི་ངོས་འཛིན་གསལ་པོ་མེད་པ་དང༌། ལྷག་པར་དུ་བརྩོན་འགྲུས་ཀྱི་འགལ་རྐྱེན་ཆེ་ཤོས་སུ་ལེ་ལོ་རྣམ་པ་གསུམ་མམ་བཞིའི་ནང་ནས་ལེ་ལོ་སྡུག་ཤོས་བདག་ཉིད་ལ་བརྙས་པའི་ལེ་ལོ་ཡོང་རྒྱུ། རང་ངོ་རང་གིས་མ་ཤེས་པའི་དབང་གིས་རང་གི་ནུས་པ་དང༌། རང་གི་རྩལ་སོ་སོས་མ་ཤེས་ཤིང༌། བདག་ཉིད་ལ་བརྙས་པའི་ལེ་ལོའི་དབང་གིས་ངས་ཡོང་གི་མ་རེད་བསམས་ནས་གནས་ཚུལ་མང་པོ་ཞིག་ཕྱིར་བཤོལ་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། དེས་ན་ཁྱེད་ཚོའི་གླེང་གཞིའམ་སྒྲོགས་ཚིག་ནང་རང་ངོ་རང་གིས་ཤེས་དགོས་པ་བྱ་རྒྱུ་བཞག་པ་དེ་ཧ་ཅང་ཡག་པོ་བྱུང་འདུག རང་ངོ་རང་གིས་ཤེས་པ་ཙམ་གྱིས་ཕན་ཐོགས་མེད། དེའི་རྗེས་ལ་རང་གི་ལས་འགན་གང་ཡིན་པ་དང༌། དེ་ཇི་ལྟར་བསྒྲུབ་དགོས་མིན་གཟིགས་དགོས་རྒྱུ་དེ་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཀྱི་ཡོད་རེད།

དེང་རབས་ཀྱི་འཇིག་རྟེན་འདིའི་ནང་ལས་འགན་དང་ཐོབ་ཐང་གཉིས་པོ་དེ་གོ་ལྡོག་ཅིང༌། མི་ཚང་མས་ཐོབ་ཐང་མ་གཏོགས། ལས་འགན་བརྩད་གཅོད་བྱེད་ཀྱི་མེད། དེའི་དབང་གིས་ཐོབ་ཐང་ལ་བརྡལ་བཤིག་ཡོང་མུས་རེད། འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་གང་རེད་ཅེ་ན། མི་ཚང་མས་འགྲོ་བ་མིའི་ལས་འགན་ཐོག་བསམ་བློ་མ་བཏང་བར། འགྲོ་བ་མིའི་ཐོབ་ཐང་ཐོག་བསམ་བློ་ཤ་སྟག་བཏང་བའི་དབང་གིས་གཅིག་གི་ཐོབ་ཐང་དེས་གཞན་དག་གི་ཐོབ་ཐང་ལ་འགལ་རྐྱེན་འགྲོ་བར་བརྟེན། དེ་སྲུང་སྐྱོབ་ཆེད་དམིགས་བསལ་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེར་བརྟེན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བསྩལ་བའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་(Universal Responsibility) དེ་དུས་དང་འཚམས་པའི་རླབས་ཆེན་གྱི་གདམས་ངག་ཅིག་རེད། དེ་ལ་ང་ཚོས་ངེས་པར་དགོངས་པ་བཞེས་དགོས་པ་དང༌། སློབ་སྦྱོང་གནང་དགོས་པ། གང་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་དགོས་པ་དེ་གལ་ཆེན་པོ་རེད། དེས་ན་རང་ངོ་རང་གིས་ཤེས་པ་ཡིན་ན། རང་གི་ལས་འགན་དེ་རང་གིས་བསྒྲུབ་རྒྱུའི་འདུན་པ་ཡོང་གི་རེད་ལ། ནུས་པ་ཡང་ཡོང་བ་མ་ཟད། བསྒྲུབ་ཐུབ་པ་ཞིག་ཀྱང་ཡོང་གི་རེད། དེའི་ཐོག་ཁྱེད་ཚོས་ངེས་པར་དུ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མིན་པར། ཕྱོགས་ཡོངས་ནས་གཏིང་ཟབ་པོས་བགྲོ་གླེང་དང༌། བསམ་ཞིབ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་ལ་བརྟེན་ནས་ད་རེས་ཚོགས་འདུ་འདི་དོན་དང་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད་རེད།

ང་ལ་ཁྱེད་ཚོས་གཟེངས་རྟགས་གནང་བ་དེ་བཀའ་དྲིན་ཆེན་པོ་རེད། ཡིན་ནའང་ང་མགོ་སྐོར་ཕྲན་བུ་ཞིག་ཐེབས་འདུག ཕྱི་ལོ་༡༩༧༣ ལོར་ང་གཟེངས་རྟགས་ཤིག་གི་ནང་ཚུད་རྒྱུའི་སྐད་ཆ་བྱུང་བ་ནས་བཟུང་སྟེ། ངས་གཟེངས་རྟགས་མི་ལེན་རྒྱུའི་ཐག་གཅོད་ཅིག་བྱས་པ་ཡིན། རྒྱ་གར་ནང་ལ་གཟེངས་རྟགས་དང༌། ལག་འཁྱེར། གསོལ་རས་སྤྲོད་མཁན་ཧ་ཅང་མང་པོ་རེད། ལེན་པ་ཡིན་ན་མང་པོ་ཞིག་ལེན་རྒྱུ་ཡོད་རེད། དེར་བརྟེན་ངའི་ཐོག་གཟེངས་རྟགས་དང་ལག་འཁྱེར་གྱི་འཆར་གཞི་བཞག་སྐབས་ནས་ངས་གུས་ཞབས་དང་བཅས་ཏེ་ཞུ་མི་དགོས་པ་ཞེས་བཤད་ཀྱི་ཡོད། ཡིན་ནའང་ཕྱི་ལོ་༢༠༠༩ ལོར་ཧིམཱཅལ་ཀེསརཱི་ཟེར་བའི་གསར་ཤོག་གཅིག་གིས་ང་ལ་སྐད་ཆ་ཡང་མ་དྲིས་པར། ང་མེད་པའི་སྐབས་ཤིག་ལ་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ནས་ངའི་མིང་ཐོག་ལ་ཁོང་ཚོས་ནམ་རྒྱུན་འཆར་ཅན་སྤྲད་རྒྱུའི་གཟེངས་རྟགས་ཤིག་ངའི་ཤག་ཏུ་བསྐྱལ་འདུག དེ་ནི་ང་ལ་སྐད་ཆ་མ་དྲིས་པར་སྤྲད་ཟིན་པར་བརྟེན། ཕར་སློག་ཐབས་མི་འདུག དེ་བཞིན་ད་རེས་ཁྱེད་ཚོས་གཟེངས་རྟགས་འབུལ་གྱི་ཡོད་ལུགས་གསུངས་སྐབས། ངས་གཟེངས་རྟགས་ཡོང་གི་མ་རེད་ཅེས་བཤད་པ་ཡིན། སྐབས་དེ་དུས་དེ་གཟེངས་རྟགས་མ་རེད། ཞལ་ཐང་ཞིག་ཕྱག་རྟགས་འབུལ་གྱི་ཡིན་ཞེས་གསུངས་སོང༌། ང་ལ་ཞལ་ཐང་ཕྱག་རྟགས་གནང་མཁན་མང་པོ་ཡོད་པར་བརྟེན། དེ་འགྲིག་གི་འདུག་ཅེས་བཤད་པ་ཡིན། འོན་ཀྱང་འདིར་སླེབས་དུས་ཞལ་ཐང་གི་ཕྱག་རྟགས་མིན་པར་གཟེངས་རྟགས་རེད་འདུག ཁྱེད་ཚོས་སེམས་ཚོར་ཆེན་པོའི་ཐོག་ནས་གནང་བ་དེ་བཀའ་དྲིན་ཆེན་པོ་རེད། དཔལ་ྋརྒྱལ་དབང་ཀརྨ་པ་རིན་པོ་ཆེའི་ཕྱག་ནས་ཞུ་རྒྱུ་བྱུང་བ་དེའང་སྐལ་བ་བཟང་པོ་རེད།

འདིར་སླེབས་ཚར་དུས་ངས་དེ་ལེན་རྒྱུ་མིན་ཞེས་བརྗོད་ན་སྤྱོད་པ་སློག་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ངས་མ་ཞུས་རང་ཞུ་དང༌། ཁྱེད་ཚོས་གནང་བ་དེ་སྐལ་བ་བཟང་པོ་ཡིན་ཞེས་མ་བཤད་རང་བཤད་རེད། སྤྱིར་བཏང་ང་ལ་སྐྱོན་བརྗོད་བྱེད་མཁན་ཡིན་ནའང་རེད། ང་ལ་བསྟོད་བསྔགས་བཏང་ནས་གཟེངས་རྟགས་གནང་མཁན་ཡིན་ནའང་རེད། ཚང་མས་ངའི་གནས་ཚུལ་ངོ་མ་དེ་ཕལ་ཆེར་མཁྱེན་གྱི་ཡོད་མ་རེད། ངའི་གནས་ཚུལ་ངོ་མ་ཤེས་མཁན་ཐག་ཉེ་བའི་གྲོགས་པོའི་ནང་དུའང་དཀོན་པོ་རེད། ཁ་ཤས་ཀྱིས་ཚད་མཐོ་པོ་དང༌། ཁ་ཤས་ཀྱིས་ཚད་དམའ་པོར་ཚོད་དཔག་བྱེད་ཀྱི་རེད། ཡིན་ནའང་དེ་ལ་ཁྱད་པར་གང་ཡང་མི་འདུག སོ་སོས་རང་ངོ་ཤེས་པ་ཡིན་ན། གཞན་གྱིས་ངོ་མ་ཤེས་ནའང་སྐྱོན་མེད། ད་ལྟ་ངས་དེ་ཚོ་ཞུ་དགོས་རྒྱུ་དེ་གང་རེད་ཅེ་ན། ཁྱེད་ཚོས་ང་ལ་བསྔགས་བརྗོད་དང་གཟེངས་རྟགས་གནང་རྒྱུ་དེ་ངས་བོད་མི་རིགས་དང༌། བོད་རྒྱལ་ཁབ། བོད་ཀྱི་སྤྱི་ཚོགས་ཀྱི་དོན་དུ་ལས་ཀ་ཡག་པོ་བྱས་སོང་ཞེས་གསུངས་པ་རེད་དེ། ང་རང་ངོས་ནས་མི་རིགས་དང་སྤྱི་ཚོགས་ལ་ཤ་ཞེན་གྱིས་ལས་ཀ་བྱེད་དགོས་བསམ་པའི་འདུན་པ་ཡོད་མ་རེད་ལ། དེ་འདྲ་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡང་མེད། ང་ཆུང་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཤཱཀྱའི་དགེ་སྦྱོང་ཐབས་ཆག་ཅིག་རེད། དེར་བརྟེན་སོ་སོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་གང་ཡོད་པ་དེ། ཁྱེད་ཉིད་དགྱེས་ཕྱིར་བདག་བྲན་འབུལ་ལགས་ན།། ནམ་མཁའ་ཇི་སྲིད་འབངས་སུ་གཟུང་དུ་གསོལ།། ཅེས་གསུངས་པ་བཞིན་བླ་མའི་བྲན་ལ་ཕུལ་ཟིན་པ་རེད། དེས་ན་ངའི་རྩ་བའི་བླ་མ་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁྱོད་རང་མི་ཚེ་འདི་ཆ་ཚང་རྒྱལ་བ་རིན་པོ་ཆེའི་ཞབས་འདེགས་ཞུ་རྒྱུ་ལ་གཏོང་དགོས་ཞེས་བཀའ་གནང་བ་ཡིན་སྟབས།

ང་ཚོའི་ཐེག་པ་ཆེན་པོའི་གཞུང་ལུགས་ནང་བླ་མ་བསྟེན་ཚུལ་གྱི་ཐབས་ལམ་བསམ་བློ་འཁྱེར་སྟངས་ལ། བུ་མཛངས་རྡོ་རྗེ་ས་གཞི་བྲན་ཕྱག་དར།། ཐེག་པ་ཁྱི་གུ་གྲུ་ལྟར་སེམས་ཀྱིས་བསྟེན།། ཞེས་སྣ་ཁ་དགུ་གསུངས་ཡོད་ཅིང༌། བླ་མའི་ཞབས་འདེགས་སྒྲུབ་སྐབས་ངས་འདི་འདྲ་ཞིག་བྱེད་ཀྱི་ཡིན། ངས་འདི་འདྲ་ཞིག་བྱེད་རྒྱུ་མིན། ངས་འདི་འཇོན་ས་རེད། ངས་འདི་འཇོན་ས་མ་རེད་ཅེས་བྱ་བ་དེ་སོ་སོས་གདམ་ག་བྱེད་ཀྱི་མེད། བླ་མའི་དགོངས་པ་གང་དུ་ཡོད་པའམ། བླ་མས་གང་དུ་བཏང་བ། ཡང་ན་བླ་མས་ག་རེ་བྱོས་གསུངས་པ་དེ་རང་བསྒྲུབ་རྒྱུ་རེད། བསྒྲུབས་ནས་འཇོན་གྱི་མི་འདུག་ན། རིགས་པ་ཡིས་ནི་མི་ནུས་ན།། མི་ནུས་དེ་ལ་ཚིག་གིས་སྦྱང༌།། ཞེས་གསུངས་པ་ལྟར་མ་འཇོན་ན་ངས་འཇོན་མ་སོང་ཞེས་ཞུ་རྒྱུ་མ་གཏོགས། འཇོན་མིན་མ་བལྟས་གོང་དུ་ངས་འཇོན་ས་མ་རེད་ཞུ་རྒྱུ་དེ་ཐེག་པ་ཆེན་པོའི་སློབ་མས་བླ་མ་བསྟེན་སྟངས་མིན། གང་ལྟར་བླ་མས་འཇོན་ཐང་ཡོད་མེད་གཟིགས་ནས་འདི་བྱོས་ཞེས་གསུངས་པ་ཞིག་ལ་ཆ་བཞག་དགོས་རེད། དེས་ན་ངས་མི་ཚེའི་ནང་གང་བྱས་པ་དེ་བླ་མའི་བཀའ་བསྒྲུབ་རྒྱུ་དང༌། བླ་མའི་ཞབས་ཏོག་བསྒྲུབ་རྒྱུའི་བསམ་བློ་ཁོ་ནས་མ་གཏོགས། ངས་མི་རིགས་དང༌། རྒྱལ་ཁབ། ཆབ་སྲིད་བཅས་ཀྱི་བསམ་བློ་གཏོང་གི་མེད། གལ་ཏེ་ཁྱེད་ཚོས་དེ་འདྲའི་གཟིགས་སྣང་ཞིག་བྱུང་ནས་གཟེངས་རྟགས་གནང་བ་ཡིན་ན། གཟེངས་རྟགས་གནང་ཡུལ་དེ་ནོར་ཡོད་སྲིད། གང་ལྟར་གནང་མཁན་གྱིས་གནང་གྲུབ་པ་ཞིག་དང༌། ཞུ་མཁན་གྱིས་ཞུས་ཚར་བ་རེད། དེ་གར་གཞག་རྒྱུ་མ་གཏོགས། བགྲོ་གླེང་བྱེད་རྒྱུ་གང་ཡང་ལྷག་མེད། མཐའ་དོན་ཁྱེད་ཚོའི་ཚོགས་འདུ་འདི་དོན་དང་ལྡན་པ་ཡོང་བ་དང༌། གོང་དུ་དཔལ་ལྡན་ཚོགས་གཞོན་གྱིས་གསུངས་པ་བཞིན་མུ་མཐུད་ནས་ཚོགས་རྒྱུ་དང༌། དེ་ལ་བརྟེན་ནས་མི་རིགས་དང་རིག་གཞུང་བསྟན་པ་ཆབ་སྲིད་ཡོངས་རྫོགས་ལ་ཕན་ཐོགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

༢༠༡༡ ཕྱི་ཟླ་༡ ཚེས་༧ ཉིན་སཱ་ར་མཐོ་སློབ་ཏུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་དེ་སྒྲ་ཕབ་ཀྱིས་དེབ་གཟུགས་སུ་དཔར་འདུག་རུང༌། ཚིག་འགའ་ཞིག་ཏག་ཏག་མ་བསྡད་པ་དང༌། ཞལ་ནས་གསུངས་པ་བཞིན་བཀོད་པ་ཚིག་སྦྱོར་ཐོག་ནས་གོ་མ་བདེ་བ་རྣམས་ཕྲན་བུ་ཞུ་སྒྲིག་ཞུས་ཁུལ་ཡིན།