བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་གནང་བའི་གསལ་བཤད།
༄༅།། བཀུར་འོས་ཚོགས་གཙོ་མཆོག ད་རེས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཧ་ཅང་གལ་ཆེན་པོ་དེ་ཚོགས་དུས་ཐུང་ཐུང་ཞིག་གི་ནང་གཏན་འབེབས་གནང་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། འདས་པའི་ཉིན་གཉིས་གསུམ་ནང་བསམ་བློར་དགའ་སྐྱོའི་ཚོར་བ་མང་པོ་ཞིག་སྐྱེས་སོང༌། དངོས་གནས་བྱས་ན་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་འབྲས་ཕྱི་ལོ་༢༠༡༡ ཕྱི་ཟླ་༤ ཚེས་༢༧ ཉིན་གསལ་བསྒྲགས་གནང་བ་རེད། དེའི་རྗེས་བཀའ་ཁྲི་གསར་པའི་དམ་འབུལ་ག་དུས་གནང་ཡང་གནང་ཆོག་རྒྱུ་ལས། བཀའ་ཤག་རྙིང་པ་དུས་ཡུན་མ་རྫོགས་བར་བསྡད་དགོས་པའི་ངེས་པ་མེད། ལས་དུས་ལས་བརྒལ་ནས་བསྡད་མ་ཆོག་པ་མ་གཏོགས་ལས་དུས་མ་རྫོགས་གོང་རྩིས་སྤྲོད་བྱེད་མི་ཆོག་པ་ཁྲིམས་དང་སྒྲིག་གཞི་གང་གི་ནང་དུའང་གསལ་མེད། འོན་ཀྱང་ང་ཚོས་དུས་ཡུན་ཆ་ཚང་བསྡད་དགོས་པའི་གནས་སྟངས་ཆགས་པའི་རྒྱབ་ལྗོངས་གཙོ་བོ་ཞིག་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་གཞི་འདིའི་ལས་མཇུག་གཙང་མ་ཞིག་བསྐྱལ་ཐུབ་པའི་རེ་བས་ནར་འགྱངས་ཞུས་པ་ཡིན།
ཕྱོགས་གཞན་ཞིག་ནས་འདེམས་ཐོན་བཀའ་ཁྲི་གསར་པས་ཀྱང་དམ་བཅའ་རྗེས་སུ་འབུལ་རྒྱུའི་ཐུགས་ཐག་བཅད་པར་བརྟེན། དགའ་སྐྱོ་ཟུང་འབྲེལ་སྐྱེ་གཞིའི་ལས་དོན་འདིའི་ཐོག་སྐབས་བཅུ་གསུམ་པའི་བཀའ་ཤག་ལྷག་པའི་གནས་སྟངས་འདི་བྱུང་བ་རེད། དགའ་སྐྱོ་ཟུང་འབྲེལ་ཞེས་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་གསུངས་པ་ཡིན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཚོད་རིང་པོ་ཞིག་གི་རིང་ཐུགས་ལ་བརྣགས་པའི་ཆབ་སྲིད་དང་འབྲེལ་བའི་སྐུ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་བསྩལ་གནང་རྒྱུའི་ཐུགས་དགོངས་དེ་ད་ཆ་གྲུབ་པ་རེད། བོད་མི་མང་ཚོགས་ཀྱི་ངོས་ནས་རང་གི་རྐང་པའི་སྟེང་དུ་རང་ཉིད་ལང་ཐུབ་རྒྱུའི་འབད་བརྩོན་དང་སྦྱོང་བདར་ཉམས་གསོག་བྱེད་རྒྱུའི་གོ་སྐབས་ཤིག་ྋགོང་ས་མཆོག་སྐུ་ཁམས་གསལ་དྭངས་བཞུགས་དུས་སུ་བྱུང་བ་དང༌། ང་ཚོས་གོ་སྐབས་འདི་ཆུད་ཟོས་སུ་མ་བཏང་བར་བཀའ་དགོངས་ལྟར་ཕྱག་བསྟར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཕྱོགས་མཚུངས་སྐབས་བཅུ་བཞི་པའི་བཀུར་འོས་སྤྱི་འཐུས་ཚང་མས་སྐུ་ངལ་འཛེམས་མེད་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་ནང་ཆ་ཤས་བཞེས་པ་དང༌། བཀུར་འོས་ཚོགས་གཙོ་མཆོག་གིས་འབད་བརྩོན་ཆེན་པོས་དུས་ཚོད་ཐོག་གྲུབ་པ་གནང་རྒྱུ་དང་ཞིབ་ཚགས་པོ་གནང་རྒྱུ། བཀུར་འོས་སྤྱི་འཐུས་དགོངས་འཆར་གནང་འདོད་ཡོད་མཁན་ཚང་མར་དགོངས་འཆར་གནང་རྒྱུའི་གོ་སྐབས་ཐོབ་པ་བཅས་ང་ཚོ་དགའ་མགུ་ཡི་རངས་བྱེད་ཆོག་པ་དང༌། ཧ་ཅང་ཡག་པོ་བྱུང་སོང་བསམ་གྱི་ཡོད། དེར་བརྟེན་ང་དང་ངའི་ཕྱག་སྦྲེལ་བཀའ་བློན་ཚང་མའི་ངོས་ནས་ཚོགས་གཙོ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཕྱག་ལས་གྲུབ་འབྲས་གཟི་བརྗིད་ལྡན་པ་བྱུང་སོང་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བཀུར་འོས་སྤྱི་འཐུས་ཚང་མས་འཛེམས་ཟོན་མེད་པར་དགོངས་འཆར་གནང་བ་དང༌། དུས་ཚོད་ཕྱི་པོ་བར་དུ་བཞུགས་པ། གྲུང་ཤ་དོད་པོས་ཆ་ཤས་བཞེས་པ་བཅས་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན།
ད་ལྟ་གཏམ་བཤད་ཞུ་མཁན་གྱི་གང་ཟག་འདིས་ཁ་སང་བཀུར་འོས་ཚོགས་གཙོ་མཆོག་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་བསྐྱར་དུ་ཞལ་པར་གནང་བ་དེ་ཚུལ་མཐུན་བྱུང་མི་འདུག་ཅེས་ཕྲན་བུའི་ཤུགས་ཆེན་པོའི་སྒོ་ནས་ཞུ་ཐལ་བྱུང་འདུག ྋགོང་ས་མཆོག་ལ་ཡང་ཡང་སྙན་སུན་ཞུ་རྒྱུ་ཡག་པོ་མ་རེད་སྙམ་པའི་བསམ་ཚུལ་དེ་ཁོ་ནའི་དབང་གིས་ཞུས་པ་རེད། འོན་ཀྱང་ཚིག་དང་ཞུ་སྟངས་ཕྲན་བུ་ཚད་ལས་བརྒལ་བ་བྱུང་ཡོད་ས་རེད། དེར་བརྟེན་བློ་འགྱོད་ཆེན་པོའི་ངང་ནས་ཚུལ་མཐུན་མིན་པའི་ཚིག་བརྗོད་ཞུས་པ་དེ་ཚོ་ཕྱིར་འཐེན་ཞུས་པ་དང་ཆབས་ཅིག་བཀུར་འོས་ཚོགས་གཙོ་མཆོག་ལའང་དགོངས་སེལ་ཞུ་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་བལྟས་ན་དྭོགས་གཅོད་གནང་བ་དེ་ཡག་པོ་བྱུང་འདུག་བསམ་གྱི་འདུག དྭོགས་གཅོད་གནང་བར་བརྟེན་སྔོན་མའི་ཚིག་བརྗོད་ལས་བཟང་བའི་ཚིག་བརྗོད་གསར་པ་ཞིག་ཐོབ་པ་རེད། དེས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཐོག་ཐུགས་ཕན་གསོས་པོ་བྱུང་སོང༌།
སྤྱིར་བཏང་ྋགོང་ས་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་བཀའ་ཕེབས་པ་དེ་བཅའ་ཁྲིམས་དོན་ཚན་དང་པོ་དང་འབྲེལ་བ་ཡོད་པའི་ཚིག་བརྗོད་རྐྱང་པ་འགྱུར་བ་གཏོང་དགོས་བཀའ་ཕེབས་པ་ཞིག་མ་གཏོགས། བཅའ་ཁྲིམས་མགོ་མཇུག་བར་གསུམ་ལ་ཚིག་བརྗོད་དེས་ཁྱབ་པ་བྱེད་དགོས་ཞེས་བཀའ་གནང་བ་མིན་པར་ང་ཚོས་ངོས་འཛིན་གསལ་པོ་བྱེད་ཀྱི་ཡོད། སྤྱིར་བཏང་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེའི་ཚབ་ཏུ་ཚིག་གཞན་གང་འདྲ་ཞིག་བེད་སྤྱོད་བྱེད་ན་སྟབས་བདེ་བ་ཡོད་པའི་སྐོར་སྨོན་ལམ་གསུང་ཆོས་སྐབས་དང། ལྷག་པར་ཉེ་ཆར་ཚོགས་ཆེན་གྱི་ཚོགས་མི་ཡོངས་ལ་བཀའ་སློབ་ཞིབ་ཅིང་རྒྱས་པ་ཕེབས་སོང༌། བཀའ་སློབ་དེ་ཚོ་ང་ཚོས་འཕྲལ་དུ་མཇུག་གནོན་བྱས་ནས་མིང་ཚིག་ཡག་པོ་ཞིག་བཙལ་ཡོད་ན་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཀྱང་གོ་སྐབས་དེ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་ངོས་ནས་བླངས་མ་ཐུབ་པ་དེ་ཕངས་པོ་རེད་བསམ་གྱི་ཡོད།
སེམས་སྐྱོ་བའི་ཚོར་བ་བྱུང་ཞེས་ཞུ་དགོས་པའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་ྋགོང་ས་མཆོག་ལ་སྐུ་དབང་རྩིས་སྤྲོད་མ་གནང་རོགས་གནང་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པ་དང༌། ཅི་སྟེ་སྐུ་དབང་རྩིས་སྤྲོད་གནང་ཡང་ཨིན་ཇིའི་རྒྱལ་པོ་ལྟ་བུ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་བཞུགས་གནང་ཡོང་བའི་གསོལ་བ་བཏབ་དགོས་གསུང་མཁན་མང་དག་ཅིག་བྱུང་སོང༌། འོན་ཀྱང་ྋགོང་ས་མཆོག་གི་དགོངས་བཞེས་དང་བཀའ་ཕེབས་པ་དེ་དག་ཚུལ་བཞིན་དུ་བསྒྲུབ་རྒྱུའི་དགོངས་བཞེས་དང་འབད་བརྩོན་གནང་མཁན་ཉུང་ཉུང་ལས་མེད་པ་ལྟ་བུའི་མཐོང་ཚུལ་ཞིག་བྱུང༌། དེའི་དབང་གིས་བསམ་བློའི་ནང་ན་ཟུག་ཆེན་པོ་ཞིག་དང༌། ད་ལྟ་འགྲོ་བཞིན་པའི་འགྱུར་བ་ཆེན་པོ་འདི་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་འཁྱུན་ཐུབ་བམ་སྙམ་པའི་དྭོགས་གཞི་ཞིག་ཀྱང་བྱུང༌། ད་ཆ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་གྲུབ་པ་རེད། བརྗོད་པ་གསུམ་པ་ནི་ཆོ་ག་ཕྱག་ལེན་ཙམ་ཞིག་རེད། དེར་བརྟེན་ད་ལྟ་ངས་གནས་ཚུལ་ཞུས་པ་དེ་ཚོ་དུས་ཚོད་བསྐྱལ་རྒྱུ་ཙམ་ཞིག་མ་གཏོགས་ཕན་ནུས་མེད་པ་རེད། འོན་ཀྱང་བྱུང་རབས་ཡིག་ཚང་ནང་གནས་ཚུལ་དེ་ཚོ་གསལ་པོ་གནས་དགོས་རྒྱུ་ཡིན་སྟབས་ད་རེས་བགྲོ་གླེང་སྐབས་བྱུང་བའི་དགོངས་ཚུལ་ཁ་ཤས་ཐོག་བཀའ་ཤག་གིས་གསལ་བཤད་ཅིག་མ་ཞུས་པ་ཡིན་ན་བཀའ་ཤག་གིས་ལས་འགན་མ་འགྲུབ་པ་ཆགས་ཀྱི་རེད། ད་ལྟ་ང་ཚོ་ྋརྒྱལ་བ་དོན་གྱི་བདག་པོའི་བཀའ་ཤག་ལྷན་ཚོགས་ཡིན་པ་དང༌། སང་ཉིན་བསྐྱར་བཅོས་ཕྱིན་པའི་བཅའ་ཁྲིམས་ལ་ྋགོང་ས་མཆོག་གིས་ཆོག་མཆན་མ་བསྩལ་བར་གནས་བབ་དེ་རྒྱུན་གནས་ཡོང་རྒྱུ་ཡིན་སྟབས་ྋགོང་ས་མཆོག་གི་དགོངས་གཞི་དང་བཀའི་ཕེབས་སྒོ་ཡོངས་སུ་རྫོགས་པ་ཡང་དག་པ་ཡིན་པ་སྒྲུབ་བྱེད་ཀྱི་ལམ་ནས་སྲུང་སྐྱོབ་ཞུ་རྒྱུ་དེ་ང་དང་ངའི་ལས་རོགས་བཀའ་བློན་རྣམས་ཀྱི་ལས་འགན་དམིགས་བསལ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
༡ ཟིན་བྲིས་ཚོགས་ཆུང་གིས་བཟོས་པའི་སྔོན་གླེང་ཟིན་བྲིས་ནང་བྱུང་རབས་མ་ཚང་བ་མེད་པ་ཞིག་འཁོད་ཡོད་ཅིང༌། ང་ཚོའི་ཁྲིམས་མཐུན་གྱི་གནས་བབ་རྒྱུན་གནས་ཡོང་རྒྱུར་འགྲེལ་བརྗོད་དེ་ལས་མང་བ་མེད་ཀྱང་འཐུས་པ་ཞིག་ཡོད། འོན་ཀྱང་ྋགོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ཆ་ཚང་སྔོན་གླེང་ནང་བཅུག་དགོས་པའི་དགོངས་འཆར་མང་པོ་ཞིག་ཚོགས་ཆེན་དང་གྲོས་ཚོགས་གཉིས་ཀའི་ནང་བྱུང་སོང༌། སྤྱིར་བཏང་གསུང་འཕྲིན་ཁྲིམས་ཡིག་གི་ཆ་ཤས་སུ་བཅུག་རྒྱུའི་ལམ་སྲོལ་མེད་པ་ཚོགས་ཆེན་མཇུག་བསྡོམས་སྐབས་ཞུས་པ་ཡིན། འོན་ཀྱང་དེ་ལ་གསན་དགོངས་མ་གནང་བར་གྲོས་ཚོགས་སུའང་གསུང་འཕྲིན་གྱི་བརྗོད་བྱ་ཕལ་མོ་ཆེ་སྔོན་གླེང་ནང་བཅུག་དགོས་པའི་དགོངས་འཆར་བྱུང་བ་དང༌། དགོངས་འཆར་གཞི་བཟུང་བཅུག་གནང་བ་རེད། བཅུག་པའི་རྗེས་སུ་གསུང་འཕྲིན་གྱི་བརྗོད་བྱ་མང་དག་ཅིག་མ་དག་པ་དང༌། དངོས་དོན་མ་ཡིན་པའི་རྒྱུ་མཚན་མང་པོ་བཀའ་གནང་སོང༌། དེ་སྐབས་གཞི་ནས་གསུང་འཕྲིན་གྱི་ཆ་ཤས་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཅུག་དགོས་པའི་ཨུ་ཚུགས་གནང་བ་དེ་གསུང་འཕྲིན་གྱི་ནང་དོན་མ་དག་པ་དང༌། ཡང་དག་པ་མ་ཡིན་པ་དེ་དག་ཐེར་འདོན་གྱིས་དགག་པ་བརྒྱབ་རྒྱུའི་ཆེད་དུ་བཅུག་པ་མིན་ནམ་སྙམ་པའི་དྭོགས་པ་སྐྱེ་དགོས་པ་བྱུང༌།
དཔེར་ན་བོད་སིལ་བུར་ག་དུས་ཐོར་བ་དང༌། བོད་སྤྱི་ལ་དབང་བའི་རྒྱལ་པོའི་མཐའ་མ་སུ་ཡིན་པ་བྱུང་རབས་སྨྲ་བ་ཚོའི་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད། དེ་དག་ལ་དགོངས་པ་བཞེས་ཏེ་ྋགོང་ས་མཆོག་གི་གསུང་འཕྲིན་དབུ་འཛུགས་སྐབས་ནས་༼ཡོངས་གྲགས་ལྟར་ན་༽ཞེས་པའི་ཚིག་དེ་བཅུག་གནང་བ་རེད། ཡོངས་གྲགས་ལྟར་ན་མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་གཞོན་ཐོག་བདུད་བློན་གསུམ་གྱིས་སྐུ་སྲོག་བཀྲོངས་པ་དེ་བོད་སིལ་བུར་ཐོར་བའི་འགོ་འཛུགས་ཡིན་པ་དང༌། བོད་སིལ་བུར་གཏོར་རྒྱུའི་དམིགས་ཡུལ་བཟུང་ནས་ཁྲི་རལ་བཀྲོངས་པ་ཡིན་པའི་དན་རྟགས་ཡོད། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་ཞིག་གིས་ལྷ་ལུང་དཔལ་རྡོར་གྱིས་གླང་དར་བཀྲོངས་རྗེས་ཁོ་རང་གིས་རྒྱལ་སྲིད་བསྐྱངས་ཡོད་ན་ཡག་པོ་བྱུང་ཡོད་ཀྱང༌། རྒྱལ་སྲིད་མ་བཟུང་བར་བྲོས་ཕྱིན་པ་དེ་བོད་ལ་གནོད་སྐྱོན་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་འདུག ངས་ལྟ་སྟངས་དེ་ཚོའི་ཐོག་ལ་འགྲེལ་བརྗོད་ཞུ་རྒྱུ་མིན་ལ། གླང་དར་གྱིས་རྒྱལ་སྲིད་ཡུན་རིང་བསྐྱངས་མ་ཐུབ་པ་དང༌། ཐ་ན་རང་སྲོག་ཀྱང་བསྲུངས་མ་ཐུབ་པ་དེས་སྲི་ཞུ་བ་དང་ཆབ་འབངས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་ཉམས་ནས་རྒྱལ་པོ་དང་རྒྱལ་ཁབ་གཉིས་ཆ་སྲུང་སྐྱོབ་བྱེད་མ་ཐུབ་པར་ཁ་འཐོར་རྒྱུ་འགོ་ཚུགས་ཟིན་པ་ཡིན་པར་བརྟེན། ཡོངས་གྲགས་ལ་ཁྲི་རལ་བར་གཅིག་གྱུར་དང༌། གླང་དར་ནས་སིལ་བུར་འཐོར་འགོ་ཚུགས་པའི་བཤད་སྟངས་ཤིག་ཡོད་པ་དེ་མཐའ་གཅིག་ཏུ་མ་དག་པ་ཡིན་པའི་རྒྱུ་མཚན་གང་ཡང་མེད། སྤྱིར་བཏང་ཡན་ཆད་མན་ཆད་ཅེས་མཚམས་བཟུང་སྐབས་གང་མཚམས་སུ་འཛིན་པ་དེ་ཚུད་དང་མ་ཚུད་པ་སྣ་ཚོགས་ཤིག་ཡོད། གླང་དར་དང་ཐོག་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་རེད་ཅེས་བརྗོད་མི་ཐུབ་ཀྱང༌། སྤྱི་ལ་དབང་བའི་རྒྱལ་སྲིད་བསྐྱངས་མ་ཐུབ་པར་འཐོར་འགོ་ཚུགས་པ་རེད་ཅེས་བརྗོད་མི་ཐུབ་པ་མེད། བོད་ཀྱི་བྱུང་རབས་སྨྲ་བ་ཚོས་ཁྲི་རལ་སྐུ་མཆེད་གཞོན་པ་དང༌། གླང་དར་སྐུ་མཆེད་རྒན་པ་ཡིན་པའི་བཤད་རྒྱུན་ཞིག་ཡོད་པ་དེ་མ་དག་པ་རེད། ཁྲི་རལ་བགྲེས་པ་དང་གླང་དར་གཞོན་པ་ཡིན་པ་མྱང་ཉི་མ་འོད་ཟེར་གྱིས་གསུངས་པ་དེ་བདེན་པ་ཡིན་པའི་རྒྱུ་མཚན་ཡོད།
ཁྲི་རལ་གྱིས་འུ་དུམ་བཙན་པོའི་ཐོབ་ཐང་འཕྲོགས་ནས་རང་ཉིད་བཙན་པོའི་ཁྲི་ལ་འཁོད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད། ཁྲི་རལ་བཀྲོངས་པ་དེ་གློ་བུར་གྱི་བྱུང་རྐྱེན་ཞིག་མ་ཡིན་པར་དུས་ཡུན་གང་འཚམས་ནས་ལྷ་སྲས་གཙང་མ་དང་བཙུན་མོ་ངང་ཚུལ་མ་མེད་པ་བཟོ་རྒྱུ་སོགས་གླང་དར་གྱི་རྗེས་སུ་རྒྱལ་རྒྱུད་འཛིན་མཁན་མེད་པ་བཟོ་རྒྱུའི་ལས་དོན་འཆར་གཞི་དང་ལྡན་པའི་སྒོ་ནས་ཁྲི་རལ་བཀྲོངས་པ་དང༌། དེའི་ལས་རིམ་ནང་འུ་དུམ་བཙན་པོའི་ལག་པ་མེད་པའང་བརྗོད་དཀའ། དེར་བརྟེན་གསུང་འཕྲིན་དུ་ཁྲི་རལ་པ་ཅན་གྱི་བར་དུ་ཞེས་གསུངས་པ་དེ་བྱུང་རབས་དང་མ་མཐུན་པའམ། ྋགོང་ས་མཆོག་གིས་བྱུང་རབས་མ་མཁྱེན་པར་བྲིས་གནང་བ་ཞིག་མ་རེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན་སྔོན་གླེང་ནང་བརྗོད་ཚིག་དེ་ལ་བཟོ་བཅོས་དགོས་པའི་རྒྱུ་མཚན་ཞིག་བཀའ་ཤག་གིས་མཐོང་གི་མེད། སྤྱིར་བཏང་བོད་ཀྱི་བྱུང་རབས་གསལ་པོ་མེད་པ་དང༌། ལྷག་པར་སྔོན་གྱི་འདས་ཟིན་པའི་གནས་ཚུལ་བསྐྱར་ཞིབ་བྱེད་དཀའ་བ་ནི། དགེ་འདུན་ཆོས་འཕེལ་གྱིས། དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།། བྱུང་ནས་ཡལ་བའི་སྔོན་གྱི་གནས་ཚུལ་རྣམས།། སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།། ཤིན་ཏུ་ངོ་མཚར་སྒྱུ་མའི་ལྟད་མོ་ཉིད།། ཅེས་གསུངས་པ་ལྟ་བུ་རེད།
༢ ཡང་སོག་དམག་གིས་བོད་ལ་བཙན་འཛུལ་བྱས་པ་ཙམ་མ་ཚད། དུས་ཚོད་མི་ཉུང་བ་ཞིག་དབང་བསྒྱུར་བྱས་ཡོད་པ་གནའ་དུས་དང་དེང་རབས་ཀྱི་བྱུང་རབས་སྨྲ་བ་ཕལ་ཆེ་བ་དགོངས་པ་གཅིག་མཐུན་རེད། ལྷག་པར་དེང་དུས་བོད་ཀྱི་བྱུང་རབས་ལ་ཉམས་ཞིབ་བྱེད་མཁན་ཚོས་སོག་པོས་བོད་དབང་བསྒྱུར་བྱས་མེད་པ་དང༌། དེའི་རྒྱུ་མཚན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པ་ནས་བོད་རྒྱ་ཁོངས་ཡིན་ཟེར་བ་བདེན་པ་མ་རེད་ཅེས་རྩོད་པ་རྒྱག་གི་མེད། རྒྱ་མིའི་འདོད་ཚུལ་ལ་ཁོང་ཚོའི་སྐྱོན་བརྗོད་བྱེད་སྟངས་ནི་གཅིག་ཏུ་སོག་པོས་བོད་དབང་བསྒྱུར་བྱས་པ་ཁྲིམས་མཐུན་བྱུང་མེད་པ་དང༌། གཉིས་སུ་སོག་པོས་བོད་ཙམ་མ་ཟད་རྒྱ་ནག་ཀྱང་དབང་བསྒྱུར་བྱས་ཤིང༌། སོག་པོ་ནི་བོད་དང་རྒྱ་ནག་སུས་བལྟས་ཀྱང་ཕྱི་རྒྱལ་བ་ཞིག་ཡིན་པ་ལས། སོག་པོ་དང་རྒྱ་ནག་གཅིག་པ་མིན་པ་དེ་རྒྱུ་མཚན་དུ་བཀོད་ཀྱི་རེད། ཁ་སང་ངས་དཔེ་མཚོན་ཞུས་ཟིན་པ་ལྟར་དབྱིན་ཇིས་རྒྱ་གར་དང༌། མ་ཡན་མར། ཤྲིའལངྐཱ་བཅས་ལ་དབང་བསྒྱུར་རྒྱུན་རིང་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་དེ་རིང་རྒྱ་གར་གྱིས་མ་ཡན་མར་དང༌། ཤྲཱིལངྐཱ་རང་གི་མངའ་འོག་ཡིན་པ་དག་འབུད་བྱས་མི་ཐུབ་པ་ལྟར། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བོད་རྒྱ་གཉིས་ཀ་སོག་པོས་དབང་བསྒྱུར་བྱས་པའི་རྒྱུ་མཚན་གྱིས་བོད་རྒྱ་ཁོངས་ཡིན་པ་བསྒྲུབ་མི་ཐུབ་པའི་ཁུངས་སྐྱེལ་བྱེད་ཀྱི་ཡོད། གལ་སྲིད་རྒྱ་མིའི་བཤད་ཚུལ་དེ་བདེན་པ་ཡིན་ན། བོད་པས་ཀྱང་རྒྱ་ནག་བོད་ཀྱི་ཆ་ཤས་ཡིན་པའི་དག་འབུད་བྱེད་ཐུབ་དགོས་པ་དེ་བོད་རྒྱ་གཉིས་ཀ་སོག་པོས་དབང་བསྒྱུར་བྱས་པའི་རྒྱུ་མཚན་མགོ་མཚུངས་ཡིན་པའི་ཕྱིར་ཞེས་བརྗོད་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་སོག་པོས་བོད་ལ་ཁྲལ་བླངས་མེད། ཁྲིམས་སྐུལ་མེད་ཅེས་གསུངས་པ་ཡིན་ན་བྱུང་བ་རིག་པ་དང་མི་མཐུན་པ་རེད།
ཁ་ཤས་ཀྱིས་མཁས་ཉམས་ཀྱི་ཐོག་ནས་གསུང་འཕྲིན་ནང་༼རྒྱ་ནག་ཙམ་མ་ཟད། བོད་༽ཅེས་འཁོད་པ་དེ་ཡང་འགྲིགས་ཀྱི་མི་འདུག བོད་སྔོན་ལ་དབང་བསྒྱུར་བ་དང༌། རྒྱ་ནག་རྗེས་ལ་དབང་བསྒྱུར་བ་རེད་ཅེས་བཀའ་གནང་སོང༌། དེ་ནི་བྱུང་རབས་ཞིབ་ཚགས་པོ་མ་གཟིགས་པ་ཙམ་སྟེ། དངོས་དོན་དུ་ཇིང་གི་སི་ཁཱན་གྱིས་ཕྱི་ལོ་༡༠༨༩ ལོར་རྒྱ་ནག་ལ་དམག་དཔུང་གིས་བཙན་འཛུལ་བྱེད་འགོ་ཚུགས་ཏེ་རྒྱ་ནག་ལྷོ་ཕྱོགས་ཀྱི་ཞིང་ཆེན་གསུམ་ཙམ་མ་གཏོགས། དེ་བྱིངས་རྒྱ་ནག་ཡོངས་རྫོགས་དབང་དུ་བསྡུས་ཟིན་པའི་རྗེས་ཕྱི་ལོ་༡༢༠༦ ལོར་གཞི་ནས་དབུས་གཙང་ལ་སླེབས་པ་རེད། སྐབས་དེའི་དབུས་གཙང་གི་གནས་བབ་ལ་ཞིབ་ཚགས་པོས་གཟིགས་ན་ཕྱི་ལོ་༡༢༣༩ ཙམ་གྱི་བར་ཕག་གྲུ་དང༌། ས་སྐྱ། འབྲི་གུང༌། ཚལ་པ། སྟག་ལུང་པ། གཡའ་བཟང་ལ་སོགས་པ་བོད་ཀྱི་སྡེ་དཔོན་མི་དྲག་ཡོངས་སུ་རྫོགས་པས་མགོ་འབུལ་ལུས་འབུལ་ཞུས་ཟིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གསུང་འཕྲིན་ནང་གང་འཁོད་པ་དེ་དངོས་དོན་དང་མཐུན་པ་རེད་ཅེས་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གི་གསུང་འཕྲིན་ལུང་དྲངས་ནས་དེ་ལ་དགག་སྒྲུབ་གནང་བ་དེ་ྋགོང་ས་མཆོག་ལ་ཐད་ཀར་དགག་སྒྲུབ་གནང་གི་ཡོད་པ་ཞིག་ཏུ་ང་ཚོས་མཐོང་བ་ཡིན་ཙང༌། གསལ་བཤད་མ་ཞུས་ཐབས་མེད་བྱུང་སོང༌།
སོག་པོ་དང་མཆོད་ཡོན་གྱི་འབྲེལ་བ་དེ་འཇམ་མགོན་ས་པཎ་གྱི་སྐབས་ནས་བྱུང་བ་མ་གཏོགས་ཀུབ་ལའི་ཁཱན་དང་ཆོས་རྒྱལ་འཕགས་པས་གསར་དུ་འགོ་བཙུགས་པ་ཞིག་མིན་པ་ཡོངས་གྲགས་རེད། འོན་ཀྱང་བཅའ་ཁྲིམས་སྔོན་གླེང་གི་ཚིག་བརྗོད་ནང་དེ་ལྟར་ཡིན་པ་ལྟར་བཀོད་འདུག ཕྱོགས་གཅིག་ནས་གནད་འགག་མེད་པ་ལྟ་བུ་ཡིན་རུང༌། ཕྱོགས་གཞན་ནས་བལྟས་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ནང་ཐུགས་འགན་ཡོད་པའི་བཀུར་འོས་སྤྱི་འཐུས་རྣམ་པས་བཀའ་གནང་བ་ཡིན་པར་བརྟེན་གྲོས་ཚོགས་ཀྱི་དེབ་ཐེར་ནང་ཕྱོགས་གཉིས་ཀའི་མཐོང་ཚུལ་དང་འཛིན་ཚུལ་གསལ་པོ་མ་བཀོད་ན་འགྲིགས་ཐབས་མེད་པས་ད་ལྟ་དུས་ཚོད་ཡོད་པའི་ཁེ་ཕན་བླངས་ནས་གང་དྲན་པ་རྣམས་ཕྲན་བུ་ཞུ་རྒྱུའི་འབད་རྩོལ་ཞུས་པ་ཡིན།
༣ ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་བབ་འདི་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཀྱི་ཡོད་ན་ཚིག་ལ་མ་རྟོན་པར་དོན་ལ་རྟོན་དགོས་པའི་དགོས་པ་རྒྱུ་མཚན་རླབས་ཆེན་ཞིག་གཟིགས་པ་རེད། གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྔ་རྗེས་ཀྱི་ནང་རྟོན་བཞིའི་འཇུག་ལྡོག་མ་ནོར་བ་དགོས་ཞེས་གསུངས་པ་དེ་ཅིའི་ཕྱིར་བཀའ་བསྩལ་བ་ད་ཆ་གཞི་ནས་ངེས་པ་རྙེད་ཀྱི་འདུག ཕྱི་ལོ་༡༦༤༢ ནས་རྒྱུན་ཆད་མེད་པར་ཡོང་བའི་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་གྱི་གནས་བབ་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དེའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་བ་རེད་དམ། དེའི་མིང་ཚིག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་བ་རེད། མིང་ལ་ནུས་པ་གང་ཡང་མེད་པ་རྒྱ་གར་གྱི་གཏམ་དཔེའི་ནང་མིང་ཨཱམཱིརཅནྡ་འདོགས་མཁན་ཚང་མ་ཕྱུག་པོ་ཡིན་པའི་ཁྱབ་པ་མེད་ཅེས་ཟེར་བ་དང་མཚུངས་པ་རེད། མིང་ལས་དོན་གལ་ཆེ་བ་ཞིག་རེད།
ལྷག་པར་དུ་ད་ལྟའི་གནས་སྐབས་འདིར་ྋགོང་ས་མཆོག་གིས་འདིའི་སྐོར་འཛེམས་ཟོན་མེད་པར་བཀའ་སློབ་རྩལ་བཏོན་གནང་དགོས་པའི་གནད་འགག་དེ་གཅིག་བྱས་ན་ཚང་མས་གསལ་པོ་མཁྱེན་གྱི་ཨེ་ཡོད་བསམས་པའི་དྭོགས་པ་ཡོང་གི་འདུག ཕྱི་ལོ་༡༩༥༩ ནས་བཟུང་ད་བར་བཙན་བྱོལ་སྒྲིག་འཛུགས་འདི་ཨིན་སྐད་དུ་དབུས་བོད་ཀྱི་འཛིན་སྐྱོང་གི་མིང་དང༌། བོད་སྐད་དུ་སྐབས་རེ་བཙན་བྱོལ་བོད་གཞུང་སོགས་མིང་གང་འདྲ་ཞིག་འབོད་ཀྱང་རུང༌། རྒྱལ་སྤྱིའི་སྡིངས་ཆ་གང་སར་སླེབས་ཐུབ་པ་ཞིག་ཆགས་ཡོད། ཁ་ཤས་ཀྱིས་དངོས་གསལ་དོད་པོ་དང༌། འགའ་རེས་དངོས་གསོལ་དོད་པོ་མེད་པའི་ཐོག་ནས་ངོས་ལེན་ཡོད་པ་དང༌། ལས་ཁུངས་སུ་མ་ཐུག་པ་ཡིན་ནའང་མགྲོན་ཁང་དང་ཟ་ཁང་སོགས་ཀྱི་ནང་ཐུག་འཕྲད་འབྲེལ་མོལ་བྱེད་ཐུབ་པའི་གནས་བབ་ཅིག་ཆགས་ཡོད། དེ་འདྲའི་གནས་བབ་དེ་གང་འདྲ་བྱས་ནས་ཆགས་པ་རེད་ཅེ་ན། ྋགོང་ས་མཆོག་གི་གཟི་བརྗིད་འོད་སྣང་གིས་གསལ་བའི་ཕེབས་ལམ་ཆེན་པོ་དེའི་ནང་ང་ཚོ་ཞར་དང་ཞོར་དུ་ཚུད་ཀྱི་ཡོད། ད་ལྟ་ྋགོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་གནང་རྒྱུ་མཚམས་འཇོག་མཛད་པ་ཡིན་ཙང༌། ང་ཚོའི་ངོས་འཛིན་དང་གཟུགས་བརྙན་དེ་ང་ཚོ་རང་ཉིད་ཀྱིས་བཟོ་དགོས་པ་མ་གཏོགས་ྋགོང་ས་མཆོག་གི་སྐུ་གཟན་ལ་འཇུས་ནས་འགྲོ་རྒྱུའི་དུས་ཚོད་དེ་རྫོགས་པ་རེད། ང་ཚོས་ཐད་ཀར་ཕྱི་མི་དང་འབྲེལ་བ་བྱེད་སྐབས་ཕ་རོལ་པོ་དེ་འདྲོགས་འགྲོ་རྒྱུའི་མིང་ཞིག་འཁྱེར་ན་ང་ཚོ་ག་པར་སླེབས་ཐུབ་ཀྱི་རེད། ང་ཚོའི་གཟུགས་བརྙན་དང་མིང་གང་འདྲ་ཞིག་འཁྱེར་ནས་རྒྱལ་སྤྱིའི་ནང་འབྲེལ་ལམ་ཚུགས་ཐུབ་པ་ཞིག་བཟོ་དགོས་ཀྱི་རེད། དེ་ཚོའི་ཐོག་དགོངས་པ་མ་བཞེས་པ་དང་དགོངས་པ་མ་འཁོར་བ་ཡིན་ན། ནམ་ཞིག་གྱོང་ཞིག་ཕོག་ན་སུ་ལ་ཕོག་གི་རེད། བཀའ་ཤག་མི་བརྒྱད་ཁོ་ནའི་ཐོག་ལ་གྱོང་གུན་དེ་འབབ་ཀྱི་རེད་དམ། ཡང་ན་བཀུར་འོས་སྤྱི་འཐུས་རྣམ་པ་བཞི་བཅུ་ཞེ་གྲངས་ཤིག་རྐྱང་པའི་དབུ་ཐོག་ལ་འབབ་ཀྱི་རེད།
ང་ཚོས་མིང་ཚིག་ཙམ་ཞིག་ལ་དམ་འཛིན་བྱས་ནས་ཉིན་གཅིག་དཀའ་ངལ་འཕྲད་པ་ཡིན་ན་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་གྱོང་ཕོག་སྲིད་པ་ཞིག་རེད། ད་བར་ལོ་༥༢ རིང་དཀའ་ངལ་མ་འཕྲད་པར་འབྱུང་འགྱུར་དཀའ་ངལ་འཕྲད་ཀྱི་མ་རེད་ཅེས་གསུངས་པ་དེ་རྒྱུ་མཚན་ཚད་ལྡན་ཡིན་པ་མཐོང་གི་མི་འདུག དེ་རྒྱུ་མཚན་ཚད་ལྡན་ཡིན་ན་ངས་ཀྱང་ལོ་༧༣ བར་ཤི་མ་སོང་བས་མ་འོངས་པར་ཡང་འཆི་བ་ཡོང་གི་མ་རེད་ཅེས་ལབ་ཐུབ་ཀྱི་རེད་དམ། ཆུ་མ་ཡོང་གོང་ནས་རགས་དང༌། རྐྱེན་མ་ཡོང་གོང་ནས་བཟློག་བསྒྱུར་ཞེས་པ་གནའ་བོའི་བོད་ཀྱི་གཏམ་དཔེ་རེད། ང་ཚོས་བྱེད་མ་ཐུབ་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། བྱེད་ཐུབ་པ་དང་བྱས་པའི་དབང་གིས་དོན་ལ་འཐུས་ཤོར་གང་ཡང་འགྲོ་རྒྱུ་མེད་པའི་གནས་ཚུལ་ཞིག་ཡིན་ན། དེ་དྭང་ལེན་བྱེད་རྒྱུར་འཇིགས་སྣང་འཚེར་སྣང་དང༌། བསམ་གཞིག་མང་པོ་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག
ཁ་སང་ངས་གྲོས་ཚོགས་སུ་ཚིག་བརྗོད་ཅིག་ཞུས་ཡོད། བཀུར་འོས་སྤྱི་འཐུས་རྣམ་པས་གསལ་པོ་གསན་ཡོད་མེད་ཤེས་ཀྱི་མེད། ད་རིང་བསྐྱར་ལྡབ་ཞུ་རྒྱུ་ཡིན། སྔོན་མ་ྋགོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་གི་ཡིན་ཞེས་གསུངས་སྐབས་ང་ཚོའི་བློ་ཡུལ་དུ་མ་ཤོང་བ་དང༌། ངོས་ལེན་གཏན་ནས་ཞུ་མ་ཐུབ་པ་ཞིག་ཡོང་གི་ཡོད། འོན་ཀྱང་ཕྱི་ལོ་༢༠༠༨ ཙམ་ཚུན་ཆད་དང༌། ལྷག་པར་ད་ལོ་ཕྱི་ཟླ་༣ ཚུན་ཆད་ཀྱི་བྱུང་རིམ་དང་གནས་སྟངས་ལ་བལྟས་སྐབས་ྋགོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་རྒྱུ་དེ་ཧ་ཅང་འོས་འཚམས་ཡིན་པ་དང༌། ཕྱིས་དྲགས་མེད་ནའང་སྔ་དྲགས་མི་འདུག་སྙམ་པའི་སེམས་ཚོར་བྱུང་ཞེས་ཞུ་རྒྱུ་དེ་ཡིན། ཉེ་ཆར་ཚོགས་ཆེན་དང་ཚོགས་ཆེན་རྗེས་ཀྱི་བྱུང་རིམ་ལ་གཟིགས་ན་ྋགོང་ས་མཆོག་གིས་བཀའ་གནང་བ་དེ་ཚོ་འགྲིགས་ཀྱི་མི་འདུག་ཅེས་ཚིག་གསལ་པོའི་ཐོག་ནས་ཞུ་མཁན་དང༌། ཞུ་ཡིག་འབུལ་མཁན་ཡོང་གི་འདུག གྲོས་ཚོགས་ཀྱི་ནང་དང་གྲོས་ཚོགས་ཀྱི་ཕྱི་གང་སར་གསུང་མཁན་ཡོང་བཞིན་པ་རེད། ྋགོང་ས་མཆོག་གི་བཀའ་སློབ་དེ་ཚོ་མི་དགོས་པའི་དུས་ཚོད་ལ་སླེབས་ཡོད་ན། ད་དུང་ྋགོང་ས་མཆོག་དགོས་ཀྱི་ཡོད་གསུངས་པ་དེ་ཡང་ན་ཚུལ་འཆོས་དང༌། ཡང་ན་བཙན་དབང་རེད། དེར་བརྟེན་སེམས་པ་གཏིང་ནས་སྐྱོ་བའི་ཚོར་སྣང་ཡང་ཡང་བྱུང་སོང་ཞེས་སྙན་གསན་ཞུ་རྒྱུ་ཡིན།
མཐའ་དོན་ཉེ་ཆར་ཚོགས་དུས་བཅུ་གཅིག་པའི་ཐོག་ཐུགས་རྗེ་ཆེ་ཞུས་ཟིན་པ་ཡིན་ཡང༌། དེ་རིང་སླར་ཡང་གོ་སྐབས་ཐོབ་པར་བརྟེན་ཡང་བསྐྱར་སྐབས་བཅུ་བཞི་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀུར་འོས་ཚོགས་གཙོ་ལྷན་རྒྱས་དང༌། སྤྱི་འཐུས་མི་རེ་ངོ་རེ་ཚང་མར་བཀའ་ཤག་གི་ངོས་ནས་འདས་པའི་ལོ་ལྔའི་རིང་རླབས་ཆེན་གྱི་ཕྱག་ལས་གནང་བ་སྤྱི་དང༌། བྱེ་བྲག་བཀའ་ཤག་སྐབས་བཅུ་གསུམ་པ་དང༌། སྤྱི་འཐུས་སྐབས་བཅུ་བཞི་པའི་མཉམ་འདུས་ཀྱི་འགན་ཁུར་འོག་ལས་དོན་ཕྲན་བུ་བྱས་ཐུབ་པ་དེར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐབས་བཅོ་ལྔ་པའི་སྤྱི་ལྷན་དབུ་འཛུགས་གནང་བའི་སྐབས་སུའང་དུས་ཚོད་ཕྲན་བུ་ཞིག་འགན་ཁུར་ཞུ་རྒྱུའི་གོ་སྐབས་ཡོད་པར་བརྟེན། སྔར་བཞིན་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས་དབར་གྱི་འབྲེལ་བ་བཟང་མཐའ་འཁྱོལ་བ་ཞིག་ཡོང་རྒྱུའི་རེ་བ་ཡོད།
ད་རིང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཐོག་བཀུར་འོས་ཚོགས་གཙོ་མཆོག་གིས་བརྩོན་ཤུགས་ཆེན་པོས་ཐུགས་འགན་བཞེས་སྟངས་དང་བཏང་འཛིན་གནང་སྟངས་ལ་དམིགས་བསལ་གྱི་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕྱི་ལོ་༢༠༡༡ ཟླ་༥ ཚེས་༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་གནང་བའི་གསལ་བཤད།