བོད་ཀྱི་མཐོ་སློབ་ཁག་ཅིག་གིས་བོད་དོན་ཞི་བའི་ལས་འགུལ་སྤེལ་སྐབས་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༣ ཚེས་ ༢༢ ཉིན་སཱ་ར་མཐོ་སློབ་གཙོས་རྡ་སའི་ཉེ་འཁོར་དུ་ཡོད་པའི་བོད་ཀྱི་མཐོ་སློབ་ཁག་ཅིག་གིས་བོད་དོན་
ཞི་བའི་ལས་འགུལ་སྤེལ་སྐབས་གནང་བའི་གསུང་བཤད།

༄༅། །བོད་རང་དབང་ཤོར་ནས་ལོ་ངོ་དྲུག་ཅུ་འཁོར་ལ་ཉེ་ཞིང༌། འདས་པའི་ལོ་ངོ་དྲུག་ཅུའི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ན། བོད་ཆོལ་ཁ་གསུམ་གྱི་མི་རབས་བཞིས་རྒྱའི་བཙན་གནོན་འོག་བརྗོད་པར་དཀའ་བའི་སྡུག་བསྔལ་མང་པོ་ཞིག་མྱངས་ཡོད། ང་ཚོར་བཙན་གནོན་བྱེད་མཁན་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ནི་ད་ལྟའི་གནས་སྐབས་ལ་དམག་དོན་དང༌། ཆབ་སྲིད། དཔལ་འབྱོར་གྱི་སྟོབས་ཤུགས་གང་ལ་བལྟས་ནའང་འཛམ་བུ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་དེ་ཚོས་འཛེམས་ཟོན་དང་བསྟུན་མཁས་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དེ་འདྲའི་བཙན་གནོན་འོག་ས་ཡ་དྲུག་གི་གྲངས་འབོར་ལས་མེད་པའི་བོད་པའི་གྲངས་ཉུང་མི་རིགས་ཤིག་གིས་ལོ་ངོ་དྲུག་ཅུའི་རིང་མི་རིགས་ཀྱི་ངོས་འཛིན་མ་བརླགས་པར་རང་གི་བདེན་པའི་འཐབ་རྩོད་མུ་མཐུད་ཉར་ཐུབ་པ་འདིའི་ཐོག་ང་ཚོས་བསམ་གཞིགས་ནན་པོ་གནང་དགོས། མི་གྲངས་ས་ཡ་ལྔ་དྲུག་ལས་མེད་མཁན་གྱི་གྲངས་ཉུང་མི་རིགས་མང་པོ་འཛམ་གླིང་འདིའི་ནང་མིང་ཙམ་ཡང་མ་ལྷག་པར་ཡལ་ཟིན་ཞིང༌། ཐག་རིང་པོར་བལྟ་མི་དགོས་པར་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ལྔའི་ནང་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་ནག་རྒྱལ་ཁབ་དེ་མན་ཇུའི་མི་རིགས་ཀྱིས་དབང་བསྒྱུར་བྱས་པའི་དུས་སྐབས་ཤིག་རེད། མན་ཇུའི་གོང་མ་རིམ་བྱོན་གྱིས་རྒྱ་ནག་ལ་དུས་ཡུན་རིང་པོར་དབང་སྒྱུར་བྱེད་མཁན་གྱི་མན་ཇུའི་མི་རིགས་དེ་དེང་སང་རྩ་མེད་དུ་ཕྱིན་ནས་མཐོང་རྒྱུ་མེད། རྒྱ་ནག་ནང་མན་ཇུའི་མི་རིགས་འཚོལ་བར་ཕྱིན་ན་རེ་གཉིས་ཙམ་རྙེད་རྒྱུ་ཡོད་ཀྱང༌། དེ་དག་གིས་མན་ཇུའི་སྐད་ཡིག་མི་ཤེས་པ་དང༌། མན་ཇུའི་རིག་གཞུང་ཡང་མེད་ལ། མན་ཇུའི་ཡུལ་གྱི་གོམས་པའི་གཤིས་ལུགས་ཀྱང་མེད། ཕྱི་རྒྱལ་དང་ཐེ་ཝན་དུ་ཡོད་པའི་མན་ཇུ་དེ་ཚོས་ང་ཚོ་ཕ་མེས་ནས་མན་ཇུའི་བརྒྱུད་པ་རེད་ཟེར་གྱི་འདུག་མ་གཏོགས། ང་ཚོས་མན་ཇུའི་སྐད་ཤེས་ཀྱི་མེད་ལ། མན་ཇུའི་ལམ་དང་ལུགས་སྲོལ་ཡང་ཤེས་ཀྱི་མེད་ཅེས་བཤད་ཀྱི་འདུག རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་གྱི་མི་རིགས་ཤིག་འདས་པའི་ལོ་བརྒྱ་ཕྲག་ཡས་མས་ནང་རྩ་མེད་ལ་ཕྱིན་པ་བཞིན་བོད་པ་ཡང་རྩ་མེད་ལ་འགྲོ་སྲིད་ནའང༌། དེ་ལས་ལྡོག་སྟེ་ལོ་ངོ་དྲུག་ཅུའི་རིང་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་རིགས་ཀྱིས་རང་གི་ངོས་འཛིན་དང་གནས་བབ་བཟུང་ནས་བསྡད་ཐུབ་པ་དེ་ལ་རྒྱུ་རྐྱེན་གཉིས་མ་གཏོགས་མེད། དང་པོ་སྤྱི་ནོར་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་དང༌། གཉིས་པ་བོད་མི་མང་ཚོགས་ཀྱི་སྙིང་སྟོབས་དང་ཆོད་སེམས་རེད། དེ་གཉིས་ལ་བརྟེན་ནས་ད་ལྟ་ང་ཚོ་བོད་པ་ཟེར་བ་དེ་ས་ཡ་དྲུག་ལས་མེད་ནའང་འཛམ་གླིང་གང་སར་མང་མདོག་ཁ་པོ་མཐོང་རྒྱུ་ཡོད། དཔེར་ན་རྒྱ་གར་བ་དེ་ཚོས་རྒྱ་གར་ནང་གང་དུ་ཕྱིན་རུང་བོད་པ་མཐོང་རྒྱུ་འདུག བོད་པ་འབུམ་ཕྲག་མང་པོ་ཡོད་མདོག་ཁ་པོ་རེད་ཅེས་བཤད་ཀྱི་ཡོད་ཀྱང༌། དོན་དུ་རྒྱ་གར་ནང་བོད་པ་ཕལ་ཆེར་སྟོང་ཕྲག་དགུ་བཅུ་གོ་བརྒྱད་གོ་དགུ་ཙམ་ཞིག་ལས་མེད་ཀྱང༌། འབོར་ཆེ་མདོག་ཁ་པོ་མཐོང་རྒྱུ་ཡོད་པ་དེ་ང་ཚོའི་དབུ་ཁྲིད་དང༌། ང་ཚོའི་རིག་གཞུང༌། ང་ཚོའི་མི་རིགས་ཀྱི་གཟི་བརྗིད་ཐོག་ནས་བྱུང་བ་ཞིག་རེད། མི་རིགས་ཀྱི་སྙིང་སྟོབས་དང་བླ་ན་མེད་པའི་དབུ་ཁྲིད་གཉིས་པོ་དེ་མ་ཚོགས་པ་ཡིན་ན་ང་ཚོ་ལས་གྲངས་འབོར་མང་བའི་མན་ཇུའི་མི་རིགས་ལྟ་བུ་དང༌། དེ་བཞིན་འཛམ་གླིང་ནང་མི་རིགས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་Civilizationམང་པོ་ཞིག་མིང་ཙམ་མ་གཏོགས་བརླགས་ཟིན།
ད་ལྟའི་གནས་སྐབས་འདི་འདས་པའི་ལོ་དྲུག་ཅུ་ཡས་མས་ཀྱི་དུས་ཡུན་ནང་ཛ་དྲག་དང་དཀའ་རྙོག་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དེ་ང་ཚོས་མཁྱེན་དགོས། ད་གིན་ཉིན་གུང་མང་ཚོགས་ལ་བཀའ་ཤག་གིས་གཏམ་བཤད་བྱེད་སྐབས་ཁྱེད་ཚོ་ཁ་ཤས་ཕེབས་ཡོད་ཀྱི་རེད། དེའི་ནང་ལ་ང་ཚོས་ངོས་འཛིན་བྱས་པ་བཞིན། ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་ད་བར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་ལ་བྱུང་བའི་གནས་ཚུལ་དེ་ཚོ་ལས་ཕྱོགས་གཅིག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་གཉའ་གནོན་ལ་བལྟས་ན་ང་ཚོ་ཡ་ང་དགོས་པ་དང་སྐྱི་གཡའ་དགོས་པ། སྙིང་སྟོབས་ཞུམ་དགོས་པ་ཞིག་ཡོད། ཡང་བོད་ནང་དུ་ཡོད་པའི་བོད་མི་ཚོའི་དཔའ་མཛངས་སྙིང་སྟོབས་ལ་བལྟས་ན་སྤོབས་པ་ཞིག་དང་སྙིང་སྟོབས་འཕེལ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཅིང༌། ད་ལྟའི་ཛ་དྲག་གི་གོ་སྐབས་འདི་གོ་སྐབས་བཟང་པོ་ཞིག་ཏུ་ངོས་ལེན་གྱིས་ཆུད་ཟོས་སུ་མ་སོང་བར་བོད་དོན་བདེན་མཐའ་གསལ་ཐབས་ལ་བེད་སྤྱོད་གཏོང་ཐུབ་པ་དགོས་རྒྱུ་དེ་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཡོངས་རྫོགས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་དགོས།
ད་གིན་ངས་གོང་དུ་ཞུས་པ་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་དེ་མེད་ན་ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དེ་འདི་འདྲ་ཞིག་ཏུ་ནམ་ཡང་སླེབས་མེད། དབུ་ཁྲིད་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་བོད་ཀྱི་ལས་འགུལ་དེ་འཚེ་མེད་ཞི་བའི་ལམ་ཡང་དག་པ་ཞིག་གི་ནང་འཁྲིད་གནང་བ་དེ་ཁོང་གི་ཐུན་མོང་མ་ཡིན་པའི་ནུས་པ་དང༌། གཟི་བརྗིད། སྟོབས་ཤུགས་རེད། ད་ལྟ་ཁྱེད་ཚོའི་འཕྲེད་དར་ནང་དྲང་བདེན་དང་འཚེ་མེད་ང་ཚོའི་ཐབས་མཆོག་ཡིན་ཞེས་བྲིས་འདུག་པ་ལྟར་དངོས་གནས་ཐབས་མཆོག་དེ་ང་ཚོར་ཡོད་མུས་རེད། ད་ལྟའི་གནས་སྐབས་འདིས་ང་ཚོར་འཚེ་བ་མེད་པའི་ལམ་ལ་ཇི་ཙམ་གྱི་ཡིད་ཆེས་དང་བློ་གཏད་ཡོད་མེད་ཀྱི་རྒྱུགས་སྤྲོད་ལྟ་བུ་ལེན་གྱི་ཡོད། ད་རེས་གོ་སྐབས་འདིར་ང་ཚོ་རྒྱུགས་སྤྲོད་ཐོན་ན། ང་ཚོ་འཚེ་བ་མེད་པའི་ལམ་གྱི་ཐོག་འགྲོ་གི་ཡོད་ཅེས་པ་དེ་བདེན་པ་ཆགས་ཀྱི་རེད། རྒྱུགས་སྤྲོད་མ་ཐོན་ན་ང་ཚོས་མི་ཚེ་གཅིག་ཟེར་ནའང་མི་འདུག ད་བར་མི་རབས་བཞིའི་རིང་ལ་མཆོག་ཏུ་གཅེས་པར་བཟུང་ནས་ཉམས་ལེན་བྱས་པའི་སྙིང་པོ་དེ་བརླག་འགྲོ་བ་ཡིན། བོད་ནང་གི་བོད་མི་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་འཚེ་བ་མེད་པའི་ལམ་ལ་འགྲོ་གི་ཡོད་ཀྱང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མ་བདེན་རྫུན་བསྒྲིགས་ཀྱིས་བོད་མིས་འཚེ་བ་བྱས་པའི་སྒྲུང་གཏམ་དེ་འདྲ་བཟོ་གི་ཡོད་ལ། པར་བརྒྱབས་ཏེ་བསྟན་གྱི་ཡང་ཡོད། ཁ་སང་རང་བོད་ནས་གནས་ཚུལ་ཚད་ལྡན་འབྱོར་བ་དེ་ཚོའི་ནང་བཅིངས་གྲོལ་དམག་མིའི་སྡེ་ཚན་གསུམ་གྱི་ནང་ནས་སྐྲ་གཞར་ཞིང་གྲྭ་ཆས་གཡོགས་ཏེ་ལྷ་སའི་སྲང་ལམ་ནང་གཏོང་གི་ཡོད་པ་མངོན་སུམ་ར་འཕྲོད་བྱུང་ཡོད། དེ་སྔོན་བརྒྱད་ཅུ་གྱ་གྲངས་ནང་དུའང་དེ་འདྲ་བཏང་ཡོད་ཅིང༌། ད་ལྟ་ཡང་ལག་ལེན་དེ་ལྟར་བྱེད་བཞིན་ཡོད། ཛ་དྲག་གི་གནས་བབ་དེ་འདྲའི་འོག་གལ་སྲིད་བོད་མི་ཚོས་རང་གི་ཚེ་སྲོག་སྐྱོབ་ཆེད་ཕྲན་བུའི་འཚེ་བ་མངོན་པ་ལྟ་བུ་ཞིག་བྱུང་ཡོད་དབང་དུ་བཏང་ཡང་དེ་དངོས་འབྲེལ་འཚེ་བའི་ལམ་དུ་ཞུགས་པ་ལྟ་བུ་ཞིག་ལ་བརྩི་མི་ཐུབ། དམག་ཆེན་གཉིས་པ་འགོ་འཛུགས་སྐབས་ཇར་མན་དམག་མིས་ཡོ་རོབ་ཤར་ཕྱོགས་ཀྱི་ལུང་པ་མང་པོ་ཧ་ཅང་དྲག་ཤུགས་ཆེན་པོས་གཉའ་གནོན་བྱས་ཡོད། པོ་ལེནཌ་ལ་ཇར་མན་དམག་མིས་མེ་མདའ་སྦག་སྦག་དང་མེ་སྒྱོག་ཡོད་པའི་ལྕགས་ཀྱི་ཐང་འཁོར་བཅས་མཚོན་ཆ་ཆེན་པོ་དེ་འདྲ་བེད་སྤྱོད་ཀྱིས་གཉའ་གནོན་བྱེད་སྐབས་པོ་ལེནཌ་མི་མང་གིས་དབྱུག་པ་དང་ཚལ་གཏུབ་རྒྱུའི་གྲི་དང་རྡོ་ལ་སོགས་པ་འཁྱེར་ནས་དམག་མི་དང་མཉམ་དུ་ཕྲན་བུའི་ཁ་གཏད་གཅར་རྒྱུའི་འབད་བརྩོན་བྱས་འདུག དེ་སྐབས་ནུབ་ཕྱོགས་ཀྱི་ཞི་བའི་ལས་འགུལ་སྤེལ་མཁན་ལ་དབྱིན་སྐད་དུ་ Passive resistance movement ཞེས་མིང་བཏགས་ཡོད། བདག་ཉིད་ཆེན་པོ་གཱནྡཱིས་ཐོག་མར་འཚེ་མེད་ཞི་བའི་ལས་འགུལ་རྩོམ་སྐབས་མིང་དེ་རང་བེད་སྤྱོད་གནང་ཡོད། སྐབས་དེ་དུས་ལས་འགུལ་བ་དེ་ཚོས་གཱནྡཱི་ལ་ང་ཚོས་པོ་ལེནཌ་མང་ཚོགས་ལ་རྒྱབ་སྐྱོར་མཐུན་འགྱུར་བྱས་ན་འགྲིག་གི་མི་འདུག ཁོང་ཚོ་འཚེ་བའི་ལམ་ལ་ལྷུང་འདུག ཁོང་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཕྱིར་འཐེན་བྱེད་དགོས་ཤིང༌། ཁོང་ཚོར་འཚེ་བ་མ་བྱེད་ཅེས་གསུང་ན་ལེགས་ཞེས་ཞུ་སྐབས། བདག་ཉིད་ཆེན་པོ་གཱནྡཱིས་པོ་ལེནཌ་གྱི་མི་མང་ནས་རང་གི་སྲོག་སྐྱོབ་ཆེད་མཚོན་ཆ་གང་ཡང་མེད་པར་འཐབ་རྩོད་ཆེན་པོ་བྱས་པ་དེ་ལ་ངས་འཚེ་བའི་ལམ་ལ་ལྷུང་བ་རེད་ཅེས་བཤད་དེ་ཁོང་ཚོ་གཡུག་ནུས་པ་མི་འདུག ཙི་ཙི་ཆུང་ཆུང་ཞིག་ཞི་མིའི་སྦར་བའི་ནང་ཚུད་སྐབས་དེ་ལས་ཐར་བའི་དོན་དུ་སོ་བརྒྱབ་པ་དང་སྦར་བགྲད་བརྒྱབས་ཀྱང་ཐར་བའི་རེ་བ་མེད། འོན་ཀྱང་དེ་འཚེ་བ་རེད་ཅེས་ལབ་ན་འོས་ཤིང་འཚམས་པ་ཆགས་ཀྱི་མེད། རྒྱུན་ལྡན་ཙི་ཙིའི་རང་བཞིན་དེ་ཞི་མིའི་ཐོག་རྒོལ་མཆོངས་བྱེད་མཁན་དང༌། སྲོག་ཆགས་གཞན་གྱི་ཐོག་འཚེ་བ་བྱེད་མཁན་ཞིག་མིན་པར། འབྲུ་དང་ཤིང་ཏོག་གི་རིགས་བསྒྲུགས་ཏེ་འཚོ་མཁན་ཞིག་རེད། ཡིན་ནའང་ཞི་མིའི་སྦར་བའི་འོག་སླེབས་སྐབས་གང་ཐུབ་ཅི་ཐུབ་ཀྱིས་འཕག་འཚག་རྒྱག་གི་ཡོད། དེ་ནི་སྤྱིར་བཏང་འཚེ་བ་རེད་དེ། ད་ལྟའི་གནས་སྐབས་ལ་འཚེ་བ་མེད་པའི་ལམ་ནས་གོལ་བ་དང་འཚེ་བའི་ལམ་ལ་ལྷུང་བ་ལ་ཆ་འཛིན་བྱེད་མི་ཐུབ་ཅེས་གསུངས་ཡོད། གལ་སྲིད་བོད་མི་ཚོས་འཚེ་བ་བྱས་ཡོད་ཚེ་དེ་འགྲིག་པ་རེད་ཅེས་དེའི་དོན་དུ་སྒྲུང་དེ་བཤད་མེད། ཡིན་ནའང་འ་ཆད་འུ་ཐུག་སྐབས་ལ་ཕྲན་བུའི་འཕག་འཚག་མ་རྒྱག་རང་རྒྱག་གི་གནས་སྟངས་ཆགས་སྲིད་པ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བདེན་པ་མིན་པའི་དྲིལ་བསྒྲགས་བྱས་པ་དེ་ཚོས་བོད་ནང་ཡོད་པའི་བོད་མི་རྣམས་འཚེ་བའི་ལམ་དུ་ལྷུང་བ་རེད་ཅེས་བཙན་བྱོལ་བོད་གཞུང་གིས་ངོས་འཛིན་བྱེད་མི་ཐུབ། ལྷག་པར་དུ་རང་དབང་ཅན་གྱི་ལུང་པར་ཡོད་པའི་བོད་མི་ཚོས་བརྒྱ་ཆ་བརྒྱ་ཐམ་པ་འཚེ་མེད་ཞི་བའི་ལམ་དུ་བསྡད་ཐུབ་པ་དགོས་རྒྱུ་དེ་གལ་ཆེ། ད་ལྟ་ང་ཚོས་དངོས་སུ་མྱང་རྒྱུའི་གནས་སྟངས་ཤིག་མེད་ཀྱང༌། ཁོང་ཚོའི་སྡུག་བསྔལ་ཇི་ཡོད་རྣ་བས་ཐོས་པ་དང༌། གཟུགས་བརྙན་དང་པར་རིས་གང་འཚམས་ཤིག་མཐོང་བའི་སྐབས་ལ་ང་ཚོའི་སེམས་རྒྱུད་ཀྱི་ཞི་བ་དང༌། བཟོད་པ་བརླགས་ཏེ་འདི་ནས་ཁོང་ཁྲོའི་མེ་ལྕེ་འབར་ཏེ་བསྡད་ན་ང་ཚོ་འཚེ་མེད་ཞི་བའི་ལམ་ནས་གོལ་ཏེ་འཚེ་བའི་ལམ་དུ་ལྷུང་ཉེན་ཡོད། དེར་བརྟེན་ད་ལྟའི་གནས་སྐབས་འདི་ང་ཚོས་འཚེ་བ་མེད་པ་ལ་ཡིད་ཆེས་དང་ཉམས་ལེན་ཇི་ཙམ་གྱི་བརྟན་པོ་ཡོད་མེད་ཀྱི་བརྟག་དཔྱད་དང་རྒྱུགས་སྤྲོད་གཏོང་བའི་གནས་སྟངས་ལྟ་བུ་ཞིག་ཆགས་ཡོད། ད་རེས་ང་ཚོས་རྒྱུགས་སྤྲོད་གཏོང་བའི་གོ་སྐབས་འདིའི་ཐོག་གཟབ་གཟབ་བྱས་ནས་རྒྱུགས་འཕྲོད་དགོས་པ་དེ་གལ་ཆེན་པོ་རེད།
དེ་རིང་འདིར་ཡོད་ཕལ་མོ་ཆེ་དགེ་འདུན་པ་རེད། དགེ་འདུན་པ་རྣམས་ང་ཚོ་བོད་པའི་འཇིག་རྟེན་ཕལ་པ་ཚོའི་སྐད་ཆ་བཤད་སྟངས་བྱས་ན་སངས་རྒྱས་ཀྱི་ན་བཟའ་བཞེས། ཚུལ་ཁྲིམས་ཀྱི་སྐེ་རགས་བཅིངས་ཞེས་ཤོད་ཀྱི་ཡོད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གང་ཟག་ཅིག་ཡིན་པའི་ཆ་ནས་མ་མཐའ་ཡང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཞིག་དང༌། ཉུང་མཐར་འཚེ་བ་རགས་པ་ལས་ལྡོག་པ་ཞིག་ངེས་པར་དུ་དགོས། གུང་ཐང་འཇམ་དཔལ་དབྱངས་ཀྱིས། ལྟོ་འགྲངས་ཉི་མས་དྲོད་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། །ཞེས་གསུངས་པ་བཞིན་ལྷོད་ལྷོད་སྡོད་སྐབས་སྨིན་མ་ཟིང་ཟིང་གིས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིགཅེས་འདོན་པ་དང༌། ཡང་སྐབས་རེ་ལག་གཉིས་ཐལ་མོ་སྦྱར་ཏེ། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་འདོན་ཡང་རྐྱེན་ངན་པ་ཞིག་ཐོག་ཏུ་བབས་པའི་སྐབས་དང༌། དཔེར་ན་ད་ལྟ་བོད་དུ་བྱུང་བའི་གནས་ཚུལ་དེ་ཚོ་ཐོས་སྐབས་ཁོང་ཁྲོའི་མེ་ལྕེ་འབར་བ་ལྟ་བུ་ཆགས་ན་སོ་སོའི་བཟང་སྤྱོད་དང་མིའི་རིན་ཐང་དེ་ཉམས་འགྲོ་བ་ཡིན། གོ་སྐབས་དེ་འདྲའི་སྐབས་ལ་ངེས་པར་དུ་རང་གིས་རང་ལ་ཚོད་བཟུང་ཐུབ་པ་དང༌། བཏང་འཛིན་ཐུབ་པ། རང་སེམས་རང་གི་དབང་དུ་འདུས་པ་ཞིག་ཐུབ་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། གང་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་གྱི་འོག་འགྲོ་ཐུབ་པ་ཞིག་ངེས་པར་དུ་དགོས། རབ་བྱུང་དེ་ཚོ་ཆོས་ལ་དད་པ་མེད་པ་ཞིག་ཡོང་ཐབས་མེད། ཆོས་ལ་དད་པ་ཡོད་ཕྱིན་ཚད་མ་གསུམ་གྱི་རིགས་པའི་ལམ་ནས་ྋགོང་ས་སྐྱབས་མགོན་ཆེན་པོའི་གསུང་ལ་ཞིབ་ཏུ་བརྟག་པ་ཡིན་ནའང་དཔྱད་པ་གསུམ་གྱིས་དག་པ་ཞིག་ལས་རྙེད་རྒྱུ་མེད། ད་རེས་ཀྱི་གོ་སྐབས་འདི་འདྲའི་སྐབས་སུ་སླར་ཡང་ྋགོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་གསུང་གི་བདུད་རྩི་དེ་ཚོ་ཡང་ཡང་སྙིང་ལ་བཅངས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྗེ་བཙུན་བྱམས་པས། གང་ཞིག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་གསུངས་པ་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་བོད་དོན་བདེན་མཐའ་གསལ་ཆེད་ཐབས་བྱུས་དང་ལམ་ལེགས་པ་ཡོད་གསུང་མཁན་དེ་ཚོར་ལས་སླ་པོས་ཡིད་ཆེས་གནང་རྒྱུ་མེད། གང་ལྟར་ལམ་མ་ནོར་བ་ཞིག་དང་འདྲེན་པ་མ་ནོར་བ་ཞིག་གི་ཐོག་ནས་བོད་དོན་བདེན་མཐའ་གསལ་བའི་ལས་འགུལ་ཞིག་བྱེད་དགོས་པ་དེ་ཧ་ཅང་གི་གལ་གནད་ཆེ།
ལས་འགུལ་ཟེར་བ་དེ་ཡང་མང་ཆེ་བ་ཡིད་ཀྱི་ལས་ཤིག་གི་ཐོག་ནས་གནང་དགོས་པ་ཞིག་རེད། ཛ་དྲག་གི་གནས་ཚུལ་བྱུང་སྐབས་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ་ཡང་མང་གཙོའི་ལམ་སྲོལ་གྱི་ཆ་ཤས་ཤིག་རེད། འོན་ཀྱང་དེ་རྐྱང་རྐྱང་གིས་ང་ཚོའི་མངོན་འདོད་འགྲུབ་ཐབས་མེད། ང་ཚོའི་མངོན་འདོད་འགྲུབ་པ་ལ་དེ་ལས་གཞན་པའི་ཐབས་ཚུལ་མང་པོ་བསྟེན་དགོས། ད་ལྟའི་གནས་སྐབས་འདིར་གལ་ཆེ་ཤོས་ཤིག་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུ་དེ་རེད། ལོ་བཞི་ལྔའི་སྔོན་ནས་བླ་ལྷ་མང་པོས་བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་འཁྱོགས་པ་ཡིན་ན་བོད་དོན་བདེན་མཐའ་གསལ་རྒྱུ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་བོད་དུ་ཕྱིར་ཕེབས་གནང་རྒྱུའི་གོ་སྐབས་ཤར་ལ་ཉེ་ཞེས་ལུང་བསྟན་དང་བཀའ་སློབ་ཡོད་མུས་རེད། ལྷག་པར་དུ་ད་ལྟའི་གནས་སྐབས་ལ་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཆགས་ཡོད། ཉེ་ཆར་བོད་དུ་ཟིང་ཆ་བྱུང་མ་ཐག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བཙུན་སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་མ་དུང་ཕྱུར་གཅིག་ལས་མི་ཉུང་བ་དང༌། གུ་རུའི་ཐུགས་དམ་གནད་སྐུལ། མ་ཎི་ཡིག་དྲུག ཡི་དམ་རྟ་མགྲིན་གྱི་གཟུངས་སྔགས་ལ་སོགས་པ་བགྲང་དགོས་རྒྱུའི་བཀའ་གནང་ཡོད་པས་བོད་མི་མི་རེ་ངོ་རེས་གལ་ཆེན་པོར་བརྩིས་ཏེ་གྲངས་གསོག་གནང་བ་ཡིན་ན་སྐད་འབོད་བྱེད་དུ་མ་ཕྱིན་རུང་བོད་ཀྱི་རྩ་དོན་ཐོག་ལས་ཀ་མ་བྱས་པར་བསྡད་མེད། ངས་ཁྱེད་ཚོར་སྐད་འབོད་བྱེད་དུ་མ་འགྲོ་ཞེས་ཞུ་གི་མེད། སྐད་འབོད་བྱེད་རྒྱུ་དེ་ཡང་ལས་དོན་ཞིག་རེད། འོན་ཀྱང་སྐད་འབོད་བྱེད་དུ་མ་ཕྱིན་ན་བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་གང་ཡང་བྱེད་རྒྱུ་མེད་པའི་བཟོ་འདྲ་ཞིག་བསམ་བློ་འཁོར་བ་ཡིན་ན་འགྲིགས་ཀྱི་མེད། སོ་སོའི་ནང་ལ་བསྡད་པའམ། ཡང་ན་སོ་སོའི་འཛིན་གྲྭའི་ནང་ཕྱིན་ནས་སོ་སོའི་ཁ་འདོན་དགེ་སྦྱོར་བྱས་ཏེ་བོད་བསྟན་སྲིད་སྤྱིའི་ཆེད་དུ་སྐད་འབོད་བྱེད་པ་ལས་ལྷག་པའི་ལས་དོན་མང་པོ་བྱེད་རྒྱུ་ཡོད་པ་དེ་དག་ཀྱང་མཁྱེན་པ་གནང་དགོས། སྐད་འབོད་སྐབས་ལའང་ཁོང་ཁྲོ་དང་སྡང་སེམས་ཀྱི་གཞན་དབང་དུ་མི་འགྲོ་བ་ཞིག་བྱེད་དགོས་མ་གཏོགས། མདུན་ལ་ཡོད་ན་ཧ་ལམ་བསད་བཞག་དགོས་བསམ་པའི་སྡང་སེམས་ཤིག་ཁྱེར་ཏེ་ཕྱིན་ན་གྱོན་བསྡད་པའི་གྲྭ་ཆས་ལ་ཡང་ངོ་ཚ་དགོས་པ་ཞིག་རེད། དེས་ན་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ཡོངས་རྫོགས་ནང་འགལ་དུ་མ་སོང་བར་ཕན་ཚུན་མཐུན་པ་ཞིག་དགོས་རྒྱུ་དང༌། ལྷག་པར་དུ་འཚེ་མེད་ཞི་བའི་ལམ་དེ་ང་ཚོའི་ཐབས་མཆོག་ཡིན་ཞེས་པའི་དར་ཆ་དེ་ལའང་ངོ་ཚ་མི་དགོས་པ་ཞིག་གནང་དགོས་རྒྱུ་དེ་མི་རེ་ངོ་རེའི་ལས་འགན་རེད་བསམ་གྱི་ཡོད། ད་རེས་ཀྱི་དཀའ་རྙོག་དེ་དུས་ཚོད་རིང་པོའི་བར་དུ་གནས་སྲིད། ང་ཚོས་ཉི་མ་ཁ་ཤས་རིང་ཚ་ཚ་འུར་འུར་དང༌། དེ་ནས་ག་ལེར་རྒྱུན་ཡལ་འགྲོ་བ་ལྟ་བུ་ཆགས་ན་མི་འགྲིགས།
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་དེ་ཚོ་ཡང་བསྐྱར་བོད་མི་རིགས་ཀྱི་ནང་དུ་སྐྱེ་བ་བླངས་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་སྟེ་བོད་མི་རིགས་ཀྱི་ཞབས་འདེགས་ཞུ་ཐུབ་པ་ཡོང་བ་ཞིག་དང༌། ད་ལྟ་རྨས་ནས་ཡོད་པ་དེ་ཚོ་འཕྲལ་དུ་གཟུགས་པོ་བདེ་གསོའི་ཡོང་རྒྱུ། བཙོན་དུ་ཡོད་པ་དེ་ཚོ་བཙོན་གྲོལ་འཐོབ་ཐུབ་པ། འཚེ་བའི་ལས་རྒྱུན་ཆད་པ། བོད་རྒྱ་མི་རིགས་གཉིས་པོ་དེ་ཕན་ཚུན་བྱམས་བརྩེའི་ངང་གནས་ཐུབ་པ། བོད་ལ་སྡང་ཟུག་བྱས་ཏེ་གཉའ་གནོན་བྱེད་མཁན་གྱི་མི་སྲུན་པའི་སྐྱེ་བོ་དེ་ཚོ་ཡང་བླང་དོར་གྱི་མིག་ཕྱེ་ནས་ཚང་མ་དགའ་བདེའི་དཔལ་ལ་སྤྱོད་ཐུབ་པ། གང་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བདེན་ཚིག་སྨོན་ལམ་ནང་གསུངས་པ་དེ་ཚོ་ཚིག་དོན་གཉིས་ཀ་དྲན་བཞིན་པའི་ཐོག་ནས་ཉམས་ལེན་གནང་དགོས་རྒྱུ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་ལ་ཡིད་ཆེས་བློ་གཏད་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་རེད། བོད་སྤྱི་མཐུན་གྱི་དམ་ཚིག་དང་བསོད་ནམས་མི་ཉམས་པ་ཞིག་བྱུང་ན་བོད་དོན་བདེན་མཐའ་མྱུར་དུ་གསལ་མདོག་ཁ་པོ་རེད། དེའི་ཆེད་དུ་བོད་ནང་ཡོད་པའི་བོད་མི་མང་པོ་ཞིག་གིས་ཚེ་སྲོག་བློས་གཏོང་གི་ཡོད། ད་དུང་ཡང་སྔོན་མ་ལས་མང་བ་ཞིག་བློས་གཏོང་དགོས་པ་ཡོང་སྲིད། དེ་ཚོ་ཚང་མ་ཆུད་ཟོས་མི་འགྲོ་བ་ཞིག་ཡོང་བ་ཇི་ལྟར་བཟོ་ཐུབ་མིན་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོའི་ལས་དོན་བྱེད་སྟངས་ལ་རག་ལས་ཤིང༌། དེར་བརྟེན་ཚང་མས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་ཤར་བསྐྱོད་བྱ་རྒྱུ་དེ་ད་ལྟའི་གནས་སྐབས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་གི་ཡོད་ཅེས་བསྐྱར་ཟློས་ཡང་ཟློས་ཀྱིས་ནན་བརྗོད་ཞུ་རྒྱུ་ཡིན། མཐའ་དོན་ལས་འགུལ་དོན་དང་ལྡན་ཞིང་འབྲས་བུ་དང་བཅས་པ་ཞིག་ཡོང་བའི་སྨོན་ལམ་ཞུ་བཞིན་ཡོད།།