དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་ཐོག་གནང་བའི་གསུང་བཤད།
༄༅།། ཆེས་མཆོག་ཏུ་བཀུར་བར་འོས་པའི་ཚོགས་གཙོ་ལྷན་རྒྱས་མཆོག བྱུང་རབས་ཀྱི་དོན་སྙིང་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ལེགས་གྲུབ་བྱུང་རྗེས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ད་ལན་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་ངོ་མ་རྒྱུན་དུ་གཞི་རིམ་མང་ཚོགས་དང་མཉམ་བཤིབས་ཀྱིས་བཞུགས་མཁན་རྣམ་པའི་ལྷན་འཛོམས་གཞི་རྒྱ་ཆེ་བ་འདིའི་ཐོག་གོ་སྐབས་བླངས་ཏེ་ཐུགས་རྗེ་ཆེ་མ་ཞུས་སྔོན་དུ་བཀའ་ཤག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་སྙན་ཞུ་མདོར་བསྡུས་ཤིག་དང༌། གལ་ཆེའི་རེ་སྐུལ་རེ་ཟུང་ཞུས་ཆོག་པ་ཞུ་རྒྱུ་ཡིན། གང་ལགས་ཟེར་ན། ལྷན་ཚོགས་འཛོམས་པོ་དེ་ལྟ་བུ་ཡང་ཡང་དཀོན་པོ་དང༌། ཧ་ཅང་རྙེད་དཀའ་བར་བརྟེན། ཐོག་མར་ཚོགས་འདུའི་ལས་རིམ་སྒྲིག་སྐབས་དང༌། ཚོགས་འདུ་དབུ་འཛུགས་སྐབས་སུ་བཀའ་ཤག་ནས་ཞུ་རྒྱུ་གང་ཡང་མེད་ཀྱང༌། ཐུགས་རྗེ་ཆེ་ཞུའི་སྐབས་སུ་དུས་ཚོད་རིང་ཙམ་ཞུ་ཆོག་པའི་ཚོགས་གཙོ་རྣམ་པ་ལྷན་རྒྱས་ལ་སྔོན་ནས་སྙན་གསན་ཞུས་ཟིན། སྤྱིར་བཏང་ད་ལྟ་ཚོགས་འདུ་གྲོལ་སྐབས་ཚོགས་མི་མང་པོ་ཞིག་ལམ་སེང་ཕེབས་རྒྱུའི་ཐུགས་བྲེལ་ཏན་ཏན་ཡོད་སྲིད། ཡིན་ནའང་ད་རེས་ཀྱི་དུས་ཚོད་དེ་མ་ཞུས་ཐབས་མེད་བྱུང་བས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
ཚང་མའི་དགོངས་པར་མངའ་གསལ་བཞིན། བཙན་བྱོལ་བོད་གཞུང་ལ་བསྒྲུབ་བྱ་རྣམ་པ་གཉིས་ཡོད་པ་ནི། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ཀྱི་ལས་དོན་དང༌། བཙན་བྱོལ་བོད་མིའི་བདེ་དོན་ལ་ལྟ་སྐྱོང་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང༌། ལེགས་བྱང༌། བོད་མིའི་ཐུན་མོང་མ་ཡིན་པའི་ངོས་འཛིན། དེ་དག་གི་གཞི་རྩ་བོད་ཀྱི་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུ་བཅས་ཡིན།
དང་པོ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་ཐད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བརྒྱ་ཁ་གཅིག་ཆོད་ཀྱིས་གཏན་འབེབས་གནང་བ་ཞིག་མིན་པར། མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ལྟར་ཕྱི་ལོ་༡༩༧༠ དཀྱིལ་ཙམ་ནས་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང༌། སྤྱི་འཐུས་ལྷན་ཚོགས། བཀའ་ཤག་སོགས་འབྲེལ་ཡོད་ཡོངས་ཀྱིས་བསམ་ཞིབ་གོ་བསྡུར་ཞིབ་ནན་རྒྱུན་རིང་གནང་མཐར་གཏན་འཁེལ་ཕྱག་བསྟར་གནང་བ་དང༌། སླར་ཡང་ཕྱི་ལོ་༡༩༨༨ ལོར་སི་ཊས་སི་སྦག་གི་གསུང་བཤད་བསྩལ་རྒྱུའི་བདུན་ཕྲག་གཅིག་གོང་དམིགས་བསལ་ཚོགས་ཆེན་ཉིན་བསྟུད་ཚོགས་ཏེ་བགྲོ་གླེང་མཐིལ་ཕྱིན་གནང་རྗེས་བོད་ཀྱི་ལྷ་མི་ཡོངས་རྫོགས་ཀྱིས་རྒྱབ་གཉེར་གཏན་འབེབས་གནང་བ་ཞིག་ཡིན་པ་དང༌། ཕྱི་ལོ་༡༩༧༩ ནས་བཟུང་༡༩༩༣ བར་འབྲེལ་མོལ་ཐེངས་ཉི་ཤུ་ཙམ་གནང་ཡང་དོན་དམ་གྱི་གྲུབ་འབྲས་མ་བྱུང་བར་བོད་རྒྱའི་འབྲེལ་ལམ་ཆད་པར་བརྟེན། བཀའ་ཤག་སྐབས་དགུ་པའི་མང་གཙོའི་དུས་ཆེན་གྱི་གསུང་བཤད་ནང་སི་ཊས་སི་སྦག་གི་གསུང་བཤད་རང་བཞིན་གྱིས་བརྡལ་བཤིག་ཏུ་གྱུར་པའི་གསལ་བསྒྲགས་གནང་ཡོད་ཅིང༌། དེའི་རྗེས་ཕྱི་ལོ་༡༩༩༦།༩༧ ནང་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་སྔོན་འགྲོའི་ལས་རིམ་ནང་དབུས་དང་ས་གནས་གང་སར་མི་མང་གི་ཚོགས་འདུ་སྔ་རྗེས་རིམ་བཞིན་བསྐྱངས་རྗེས་མཐར་གཞིས་བྱེས་བོད་མིའི་བསམ་ཚུལ་བརྒྱ་ཆ་༦༤ བརྒལ་བ་ནས་ྋགོང་ས་མཆོག་གི་དགོངས་བཞེད་དམ། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱུང་བར་བརྟེན། དངོས་གཞི་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་དང་རྒྱལ་སྤྱིའི་གནས་བབ་དང་བསྟུན་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་སྐྱོང་ཞུས་པ་བཞིན་སླར་ཡང་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་བས། རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཧ་ཅང་རྒྱ་ཆེན་པོ་དང༌། ཚད་མཐོ་པོ། བསམ་ཡུལ་ལས་འདས་པ་ཐོབ་པ་མ་ཟད། རྒྱ་རིགས་བསམ་ཤེས་ཅན་དང༌། མཁས་དབང༌། མང་གཙོ་དོན་གཉེར་བ་སོགས་གཟུ་བོར་གནས་པ་ཧ་ཅང་མང་པོའི་རྒྱབ་སྐྱོར་ཐོབ་སྟེ་བོད་ཀྱི་གནས་ཚུལ་དེ་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀའི་ནང་ཇེ་གསལ་དུ་ཕྱིན་པ་ཚང་མས་མཁྱེན་གསལ་རེད།
བཀའ་ཤག་སྐབས་བཅུ་གཉིས་པས་ལས་ཁུར་བླངས་འཕྲལ་དབུ་མའི་ལམ་གྱི་སྲིད་བྱུས་བསྐྱངས་ཕྱིན་རྒྱ་མིར་འབྲེལ་གཏུགས་མ་བྱས་ཐབས་མེད་ལ་སོང༌། བཙན་བྱོལ་གཞུང་གི་འབད་རྩོལ་དང་རྒྱལ་ཁབ་མང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་ནས་བཟུང་ད་བར་འབྲེལ་མོལ་ཐེངས་བརྒྱད་ཞུས་ཏེ་དབུ་མའི་ལམ་གྱི་སྙིང་དོན་ཇི་ཡིན་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམ་པས་མཚོན་རྒྱལ་སྤྱིའི་ནང་ཧ་ཅང་གསལ་པོ་བཟོས་ཐུབ་པ་མ་ཟད། རྒྱ་ནག་དང་བོད་དབར་མོས་མཐུན་ཡོང་ཐབས་དཀའ་བའི་གནད་དོན་གང་ལ་ཐུག་ཡོད་པའང་གསལ་པོ་ཆགས་ཡོད།
ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་༡༩༩༨ ལོར་བསྐོ་གཞག་གནང་བའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། ཕྱི་ལོ་༡༩༩༩ ལོར་བསྐོ་གཞག་གནང་བའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ཡོད་མུས་དེ་དག་གཞུང་འབྲེལ་གྱི་བརྒྱུད་ལམ་གཅིག་པུར་གཏན་འཁེལ་བྱས་ཏེ་སྐབས་བསྟུན་ལས་བྱེད་ཇི་དགོས་བཀོད་བསྒྲིགས་ཀྱིས་ཕེབས་ཐེངས་སོ་སོར་བཀའ་ཤག་གི་ལམ་སྟོན་ཡིག་ཆ་གཞིར་བཞག་བཀའ་ཤག་གི་འདོད་བློ་ཚིམས་ངེས་ཕྱག་ལས་གནང་ཡོད། གཞུང་འབྲེལ་བརྒྱུད་ལམ་གཅིག་རང་ཐོག་མང་ཚོགས་དང་མང་ཚོགས་ཀྱི་འབྲེལ་བ་གང་ཐུབ་རྒྱ་བསྐྱེད་དགོས་པའི་སྲིད་བྱུས་བཟུང་ཡང་མང་ཚོགས་ཀྱི་འབྲེལ་བ་དེ་ཙམ་ཡར་རྒྱས་ཐུབ་མེད།
འབྲེལ་མོལ་རིམ་བསྟུད་སྐབས་དོན་ཚན་ལྔ་དང་ཞི་བའི་དོན་ཚན་ལྔ་དོན་ཚན་བདུན་སི་ཊས་སི་སྦག་གསུང་བཤད་ལ་རྒྱ་ཕྱོགས་ནས་མོས་མཐུན་བྱེད་ཐབས་མེད་པའི་རྩོད་གླེང་ཤུགས་ཆེ་བྱུང་རྐྱེན་ཞི་བའི་དོན་ཚན་ལྔ་ནི་བོད་དོན་འགྲིག་ཆགས་ཡོང་མིན་ལ་མ་ལྟོས་པར་བོད་རྒྱས་མཚོན་འཛམ་གླིང་ཡོངས་ལ་མཁོ་བའི་ཕུགས་ཀྱི་འཆར་སྣང་ཞིག་ཡིན་པ་དང༌། སི་ཊས་སི་སྦག་གསུང་བཤད་ཀྱི་སྔོན་གླེང་སོགས་གྲོས་གཞི་མིན་པ། དངོས་གཞིར་གསལ་བ་རྣམས་ཀྱང་གྲོས་གཞི་ལས་མཐའ་མའི་ཐག་གཅོད་མིན་པས་གོ་བསྡུར་བྱ་རྒྱུ་ཡོད་ཚུལ་གསལ་བ་བཞིན། རིམ་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་དགོས་རྒྱུའི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་སྔ་རྗེས་སུ་གསལ་ཁ་གཏོད་གནང་ཐོག ད་རེས་གསལ་བཤད་ཆ་ཚང་བ་ཞིག་ཡིག་ཐོག་ཏུ་ཁུངས་སྤྲོད་ཀྱིས་འཛམ་གླིང་ཡོངས་སུ་གསལ་བསྒྲགས་ཟིན་པ་དང༌། ང་ཚོར་དེ་ལས་ལྷག་པའི་འགྲེལ་བརྗོད་བྱ་རྒྱུ་གང་ཡང་ལྷག་མེད་པར་བརྟེན། ཕྱི་ལོ་༢༠༠༢ ནས་འགོ་ཚུགས་པའི་འབྲེལ་མོལ་གྱི་རིམ་པ་དེ་ད་ལྟའི་གནས་སྐབས་ལ་སླེབས་ས་ཤིག་ལ་སླེབས་ཡོད་ཅེས་ཞུ་རྒྱུ་ཡིན། སི་ཊས་སི་སྦག་གསུང་བཤད་ནི་ད་ལྟའང་ང་ཚོའི་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ཡིན་ནའང༌། ཞིབ་ཕྲའི་གནས་ཚུལ་འགྱུར་བ་འགྲོ་སྲིད་པ་ནི་ཐོག་མ་ནས་དགོངས་ཚུལ་དེ་དག་ཐོག་གྲོས་མོལ་གནང་རྒྱུ་ཡིན་ལུགས་དང༌། དེ་རྗེས་མོས་མཐུན་ཇི་བྱུང་ཐོག་མཐའ་མའི་ཐག་གཅོད་ཀྱི་དབང་ཚད་བོད་མི་མང་ལ་ཡོད་པ་བཅས་གསལ་འཁོད་བྱས་ཡོད་པ་བཞིན་བར་སྐབས་འབྲེལ་མོལ་ཐེངས་བདུན་བྱས་པའི་གྲུབ་དོན་དུ་རྩ་ཁྲིམས་གཞིར་བཟུང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བོད་མི་ཡོངས་ལ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ལག་བསྟར་ཐུབ་པ་བྱུང་ན་བོད་མིའི་མངོན་འདོད་འགྲུབ་ཐུབ་པར་ངོས་འཛིན་བྱས་པའི་མཚམས་སུ་སླེབས་ཡོད་ཅིང༌། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཁག་གཞིར་བཟུང་ཡིན་སྟབས། རྒྱ་ཕྱོགས་ནས་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཤོད་རྒྱུ་མེད། གོང་དུ་ཞུས་པ་ལྟར་ལངས་ཕྱོགས་འདི་སི་ཊས་སི་སྦག་གསུང་བཤད་ཀྱི་སྙིང་དོན་གྱི་རྒྱ་ལས་མ་འདས་ཀྱང༌། ཞིབ་ཕྲའི་གནས་ཚུལ་ཙག་ཙིག་མང་པོ་སི་ཊས་སི་སྦག་གསུང་བཤད་དང་མི་མཐུན་པ་དངོས་བདེན་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་ད་ལྟའི་ལངས་ཕྱོགས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་དང་མ་མཐུན་པ་ཡིན་ཚུལ་བཤད་པ་ནི་གཞི་རྩ་མེད་པའི་གཏམ་ཞིག་དང༌། དེ་བཞིན་ྋགོང་ས་མཆོག་གི་བཞེད་དགོངས་ཀྱི་དབུ་མའི་ལམ་དང༌། བཀའ་ཤག་གིས་བཤད་པའི་དབུ་མའི་ལམ་གཉིས་མི་འདྲ་ཞེས་ཤོད་ཀྱི་ཡོད་ཚུལ་འདུག་པ་ནི་ཞིབ་འཇུག་མ་གནང་བ་ཞིག་རེད། ྋགོང་ས་མཆོག་གི་ཕྱི་ལོ་༢༠༠༤ ༢༠༠༥ ༢༠༠༦ ༢༠༠༧ བཅས་ཀྱི་གསུམ་དུས་གསུང་འཕྲིན་དང༌། ཨ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གསུང་བཤད། ལྷག་པར་དུ་འདི་ལོའི་རྒྱ་རིགས་དང་བོད་རིགས། རྒྱ་རིགས་ཆོས་ཀྱི་སྤུན་ཟླ་བཅས་ལ་བསྩལ་བའི་གསུང་འཕྲིན་ཁག ༢༠༠༥ ལོའི་འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བསྩལ་བའི་གསུང་འཕྲིན་བཅས་ལ་ཐུགས་ཞིབ་གནང་ན་དབུ་མའི་ལམ་གྱི་བྱེད་ཕྱོགས་རིམ་པས་གཏན་འབེབས་ཀྱིས་ཡར་རྒྱས་ཇི་ལྟར་ཕྱིན་པ་གསལ་པོ་མཁྱེན་ཐུབ། འོན་ཀྱང་གསུང་འཕྲིན་དེ་རྣམས་ཉིན་དེ་རང་ལ་གཟིགས་ཙམ་གནང་བ་ལས་ཞིབ་ཚགས་པོས་མཁྱེན་རྟོགས་ཐུབ་དཀའ། ྋགོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་རྣམས་ཧ་ཅང་གི་རྒྱ་ཆེན་པོ་དང་ཚད་མཐོ་བར་བརྟེན། ང་ལྟ་བུས་འགོ་ཁྲིད་པའི་བཀའ་ཤག་གིས་ཕེབས་རྗེས་མ་ཟིན་པ་ཡོང་མུས་ཀྱང༌། ྋགོང་ས་མཆོག་གི་དགོངས་བཞེད་དང་མ་མཐུན་པའི་བཀའ་ཤག་གི་ལངས་ཕྱོགས་ཤིག་ཡོང་མི་སྲིད་པ་ཚང་མས་ཡིད་ཆེས་གནང་ཆོག གལ་ཏེ་ཐུགས་དྭོགས་ཡོད་ན་ཞིབ་འཇུག་གནང་ནའང་འགྲིག་ཅེས་ཞུ་རྒྱུ་ཡིན།
ཉེ་ཆར་རྒྱ་གཞུང་ལ་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གི་འགྲེལ་བརྗོད་ཡིག་ཆ་ཚོགས་མི་ཡོངས་ལ་འགྲེམས་སྤེལ་ཞུས་ཡོད་པ་དེའི་ནང་གསལ་བ་ལྟར་ལས་བསྐྱར་ཟློས་ཞུ་དགོས་མ་མཐོང༌། མི་རིགས་ས་གནས་རང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ཞེས་བོད་སྐད་དུ་སྒྱུར་སྟངས་མི་འདྲ་བ་གཉིས་བྱུང་ཡོད་ཀྱང༌། གྲོས་མཐུན་དོན་ཚན་༡༧ ནང་ས་གནས་རང་སྐྱོང་ཞེས་གསལ་ཡོད་པས་ང་ཚོའི་གཞུང་འབྲེལ་ཡིག་ཆ་ཚང་མའི་ནང་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་བེད་སྤྱོད་བྱེད་ཀྱིན་ཡོད། དོན་དུ་དབྱིན་སྐད་ལ་National Regional Autonomy ཟེར་བ་དེ་རེད། རྒྱ་སྐད་དུའང་གཅིག་པ་རེད། ས་ཁུལ་མི་རིགས་རང་སྐྱོང་ཞེས་པའི་ཚིག་ཅིག་རྒྱ་མིའི་རྩ་ཁྲིམས་དང་བཅའ་ཁྲིམས་གང་དུའང་བེད་སྤྱོད་བྱས་མེད། དེར་བརྟེན་ས་ཁུལ་མི་རིགས་རང་སྐྱོང་དང་མི་རིགས་ས་གནས་རང་སྐྱོང་གཉིས་མཉམ་བསྲེས་དང་ནོར་འཁྲུལ་ཡོང་ཉེན་མེད་ཅིང༌། རྩ་ཁྲིམས་སུས་ཀློག་ནའང་ཡིག་ཆའི་ནང་ཡོད་མུས་རེད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་གྲུབ་འབྲས་མ་ཐོན་པའི་སྐོར་ྋགོང་ས་མཆོག་གི་བཀའ་ཕེབས་རིགས་བྱུང་མེད་ལ་བཀའ་ཤག་གིས་ཀྱང་ཞུས་མེད། འོན་ཀྱང་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཐོག་ད་བར་དོན་དམ་གྱི་གྲུབ་འབྲས་གང་ཡང་མ་བྱུང་ཞེས་ཞུ་མུས་རེད། དེས་ན་སྲིད་བྱུས་དང་ལས་རིམ་གཉིས་པོ་དབྱེ་བ་ཕྱེ་དགོས་རྒྱུའང་ཐུགས་གལ་ཆེན་པོ་རེད། སྲིད་བྱུས་ནི་ལྟ་གྲུབ་ཀྱི་གཞི་རྟེན་དང༌། ལས་རིམ་ནི་དངོས་སུ་ལག་ལེན་བསྟར་བའི་རིམ་པ་ཞིག་རེད། དོན་དམ་གྱི་གྲུབ་འབྲས་མ་བྱུང་བའང་འབྲེལ་མོལ་གནང་རིམ་བཞིན་ཚང་མར་གསལ་རྟོགས་ཡོད་པ་མ་གཏོགས་སྦུག་སྦུག་བྱས་ཏེ་བཞག་པའི་གནས་སྐབས་ཤིག་ཆགས་མེད། འབྲེལ་མོལ་གྱི་ལས་རིམ་ལ་གྲུབ་འབྲས་མ་བྱུང་བར་བརྟེན། ད་ཆ་བསྐྱར་ཞིབ་ཆེད་མང་ཚོགས་དང་གོ་བསྡུར་བྱེད་དགོས་པའི་གོ་སྐབས་སུ་སླེབས་ཡོད་སྟབས། ང་ཚོས་སྲིད་བྱུས་དང་ལས་རིམ་གཉིས་ཀར་བསྐྱར་ཞིབ་གནང་ན་འགྲིག་གི་འདུག་ཅེས་བློ་ཁོག་ཆེན་པོ་དང་སེམས་པ་ཡངས་པོའི་ཐོག་ནས་ཚོགས་ཆེན་འདིའི་ནང་བཞག་པ་རེད།
ད་བར་གྱི་འབྲེལ་མོལ་ཐེངས་བརྒྱད་ནང་བོད་ཀྱི་རྩ་དོན་ཁོ་ན་མ་གཏོགས་ྋསྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཐོག་སྐུ་ཚབ་ཚོགས་ཆུང་ངོས་ནས་རྒྱ་ཕྱོགས་ལ་ཚིག་གཅིག་ཀྱང་བརྗོད་མེད་པ་མ་ཟད། ཚུར་བརྗོད་པའི་ཚིག་གཅིག་ལའང་ནམ་ཡང་ངོས་ལེན་བྱས་མེད་པ་དེ་ངས་ཚིག་ཐག་ཆོད་པོས་ཞུ་ཐུབ། འབྲེལ་མོལ་ཐེངས་བརྒྱད་པའི་ཆེད་སྐུ་ཚབ་རྣམ་པ་ཕེབས་ཁར་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་སྒེར་དང་སྐུ་འཁོར་བཅས་ཀྱི་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མོལ་ཞུ་དགོས་སྣེ་གཅིག་མེད་པས་དེའི་ཐོག་འབྱུང་འགྱུར་འབྲེལ་མོལ་བྱེད་རྒྱུ་མིན་པའི་ཚིག་ཐག་གཙང་བཅད་ཀྱིས་འདི་ལོ་ཕྱི་ཟླ་༧ ཚེས་༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ཐོག་བཀའ་ཤག་གི་གཏམ་བཤད་དུ་གསལ་བརྗོད་བྱས་ཡོད། འདི་དག་ནི་འདས་པའི་བྱུང་རབས་ཀྱི་གནས་ཚུལ་རེད། ད་ལམ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་པ་དེའི་ནང་ྋགོང་ས་མཆོག་གི་སྐུ་སྒེར་གྱི་གནས་བབ་སྐོར་སྣེ་གཅིག་མེད། འབྱུང་འགྱུར་ཡང་བོད་མི་རིགས་ཀྱི་ལས་དབང་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་འདུན་པ་གཡོ་མེད་ཡོད་ཀྱང་ྋགོང་ས་མཆོག་སྐུ་སྒེར་གྱི་གནས་བབ་སྐོར་འབྲེལ་མོལ་བྱ་རྒྱུ་མིན་པའི་ལངས་ཕྱོགས་བརྟན་པོ་ཡིན། ད་རེས་རང་སྐྱོང་སྐོར་གྱི་ཡིག་ཆ་སྤྲད་སྐབས་ང་ཚོའི་དྭོགས་པར་རང་སྐྱོང་གི་གནས་བབས་དེ་ཚོ་ཚང་མ་ད་ལྟ་བོད་རིགས་རྣམས་ལ་ཡོད་མུས་ཡིན་ཞེས་བཤད་ཡོང་བསམས་ནས་དེའི་སྐོར་ཉམས་ཞིབ་དང་གྲ་སྒྲིག་ཞུས་ཀྱང༌། ཁོང་ཚོས་དེ་ལས་ལྡོག་སྟེ་དོན་ཚན་ཚང་མ་ཡོང་ཐབས་མེད་པ་དང༌། བཤད་པའི་ཐོབ་ཐང་མེད་ཚུལ་བཤད་པ་དེས་རྒྱལ་སྤྱིའི་ནང་དང༌། ལྷག་པར་རྒྱ་རིགས་ཚོར་ང་ཚོས་འགྲེལ་བཤད་རྒྱབ་བདེ་རུ་ཕྱིན་ཡོད། ལྷག་པར་ཁ་སང་ཡེ་རྡོར་གྱིས་སྤེལ་བའི་རྩོམ་ཡིག་དེས་ང་ཚོའི་ཡིག་ཆ་ཁ་གསལ་དུ་དང༌། རིན་ཐང་ཆེ་རུ་བཏང་འདུག ཡེ་རྡོར་ཞེས་མིང་ཙམ་མ་གཏོགས་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་སྒྲིག་པ་རེད།
འདས་པའི་འབྲེལ་མོལ་ཐེངས་བརྒྱད་ཀྱི་ནང་ཕྱོགས་གཉིས་ཀ་ནས་གུ་བཤང་བྱ་ཐབས་མེད་པའི་གནས་ཚུལ་གཉིས་གསལ་པོ་ཆགས་པ་ནི། བོད་ཀྱི་བྱུང་རབས་ལ་ལྟ་ཕྱོགས་དང༌། བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་གྱི་སྐོར་གཉིས་ཡིན། འདས་ཟིན་པའི་བྱུང་རབས་ལ་ང་ཚོས་བསྐྱར་བཅོས་བྱ་ཐབས་མེད་ཅིང༌། ཆོལ་ཁ་གསུམ་གྱིས་མཚོན་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱ་རྒྱུ་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་པས་དོར་ཐབས་མེད། རང་བཙན་བཞག་ནས་རང་སྲིད་རང་སྐྱོང་རྩོད་དགོས་པའང་ཆབ་སྲིད་ཀྱི་གནད་དོན་མིན་པར། ཆོས་དང་རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས། ཡུལ་མིའི་བདེ་དོན་སོགས་གཙོ་འདོན་གྱིས་བོད་མི་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཡོང་བའི་ཆེད་དུ་རེད། སྐབས་བཅུ་གཉིས་པ་དང༌། བཅུ་གསུམ་པའི་བཀའ་ཤག་གིས་ཆོལ་ཁ་གསུམ་གྱིས་མཚོན་པའི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་སྒྲིག་འཛུགས་གཅིག་ནང་ཆིག་བསྒྲིལ་ཡོང་ཆེད་ལས་དོན་གང་འཚམས་བྱས་ཡོད་སྙམ་པའི་སྤོབས་པ་ཡོད་ལ། འབྱུང་འགྱུར་ཡང་གོང་ཞུས་གནད་དོན་གཉིས་པོ་ནི་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་མིན་ལ་མ་ལྟོས་པར་གུ་བཤང་དང་བསམ་ཤེས་བྱ་རྒྱུ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་རྣམས་ད་ཕན་བོད་གཞུང་བཀའ་ཤག་གི་སྲིད་བྱུས་འཛིན་ཕྱོགས་དང༌། ལས་དོན་བྱེད་ཕྱོགས། བོད་རྒྱ་ཞི་མོལ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས་ཙམ་རེ་ཡིན།
དེ་ནས་ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ཡོད་པའི་གནས་ཚུལ་གཅིག་ནི། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་རེད། དེའི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལན་མང་བཀའ་བ སྩལ་ཡོད། ད་རེས་བསྐྱར་དུ་གསལ་འདེབས་ཞུ་རྒྱུའི་འདུན་པ་བྱུང༌། ང་ཚོ་རྒྱལ་ཁབ་གཞན་ལྟར་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་བྱེད་ཀྱི་མེད་ཅིང༌། བོད་མི་མང་ཚོགས་ཀྱིས་ཆབ་སྲིད་ཀྱི་རིང་ལུགས་གང་འདྲ་ཞིག་འདེམས་ཀྱང་ཁྱད་པར་གང་ཡང་མེད། དེས་ན་ང་ཚོའི་འཐབ་རྩོད་དེ་ཆབ་སྲིད་ལམ་སྲོལ་གྱི་འཐབ་རྩོད་ཅིག་ནམ་ཡང་མིན།
དེ་བཞིན་དེང་སང་འཛམ་གླིང་ནང་འཐབ་རྩོད་གཞན་ཞིག་ནི་དབང་ཆའི་འཐབ་རྩོད་དེ་རེད། བོད་ཀྱི་གནད་དོན་འགྲིགས་ཆགས་བྱུང་རྗེས་གཞིས་བཞུགས་བོད་མི་རང་གིས་འོས་འདེམས་དང་བཀོད་བསྒྲིགས་བྱས་པའི་མིས་སྲིད་དབང་གཟུང་རྒྱུ་མ་གཏོགས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་ནང་ཡོད་པའི་བོད་མིས་བོད་ནང་སྲིད་དབང་འཛིན་རྒྱུ་ཡིན་ཞེས་ནམ་ཡང་བཤད་ཀྱི་མེད་པར་བརྟེན། ང་ཚོའི་འཐབ་རྩོད་དེ་སྲིད་དབང་གི་འཐབ་རྩོད་ཅིག་ནམ་ཡང་ཆགས་ཀྱི་མེད།
སྐབས་རེ་ང་ཚོའི་འཐབ་རྩོད་དེ་བོད་མི་རིགས་དང་རྒྱ་མི་རིགས་དབར་མི་རིགས་ཀྱི་འཐབ་རྩོད་ཅིག་མིན་ནམ་སྙམ་པའི་དོགས་གཞི་བྱེད་མཁན་དང༌། དེ་འདྲ་བཟོ་ཐབས་བྱེད་མཁན་ཡང་མང་པོ་ཡོད་ཅིང༌། འཛམ་གླིང་ནང་གནས་ཚུལ་དེ་རིགས་སྔོན་མའང་བྱུང་ཡོད་ལ། ད་ལྟ་ཡང་ཡོད་མུས་རེད། འོན་ཀྱང་བོད་རྒྱ་གཉིས་ཆོས་ཀྱི་གྲོགས་པོ་དང་སྤུན་ཟླ་ལྟ་བུར་ལོ་ངོ་སྟོང་ཕྲག་མང་པོ་གནས་ཤིང༌། ད་ལྟའི་བོད་ཀྱི་དཀའ་རྙོག་ཀྱང་རྒྱ་མི་རིགས་དབང་གིས་བྱུང་བ་མིན་པར། གུང་བྲན་དབང་འཛིན་པ་ཁ་ཤས་ལ་བརྟེན་ནས་བྱུང༌། དེར་བརྟེན་མི་རིགས་ཀྱི་འཐབ་རྩོད་ཅིག་ནམ་ཡང་ཆགས་ཀྱི་མེད། ལར་ནས་ང་ཚོས་མི་རིགས་ཀྱི་ཐོབ་ཐང་རྩོད་རྒྱུ་དང༌། མི་རིགས་གཉིས་ཀྱི་འཁོན་རྩོད་གཉིས་པོའི་བར་དབྱེ་བ་ཕྱེ་དགོས་རྒྱུའང་གལ་ཆེ། བོད་མི་རིགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་དགོས་ཞེས་པ་ནི་མི་རིགས་ཀྱི་ཐོབ་ཐང་རྩོད་པ་ལས་མི་རིགས་གཉིས་དབར་འཐབ་རྩོད་གང་ཡང་བྱེད་ཀྱི་མེད། དེར་བརྟེན་ང་ཚོའི་འཐབ་རྩོད་ནི་བདེན་པ་དང་རྫུན་པའི་བར་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འཐབ་རྩོད་ཅིག་ཡིན་པའི་དབང་གིས་ང་ཚོའི་ཐབས་ལམ་ཡང་འཚེ་མེད་ཞི་བ་ལས་གཞན་དུ་མེད་པ་རང་བཞིན་གྱིས་ཆགས་ཀྱི་ཡོད།
འདི་ལོ་བོད་ཆོལ་གསུམ་ཁྱོན་ཡོངས་སུ་རྒན་བྱིས་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་ཧ་ཅང་སྙིང་སྟོབས་ཆེན་པོས་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་རླབས་ཆེན་ཞིག་གནང་བ་དེ་ལ་བཙན་བྱོལ་བོད་གཞུང་གི་ལྟ་སྟངས་དང་བྱེད་ཕྱོགས་ཤིག་གསལ་པོ་དགོས་རྒྱུ་གལ་ཆེ་རུང༌། ཞིབ་ཕྲ་འགྲེལ་བརྗོད་བྱ་རྒྱུའི་དུས་ཚོད་མེད་པར་བརྟེན། འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ད་བར་བྱུང་བ་དེ་ཚོའི་སྐོར་ལ་བཀའ་ཤག་གི་གལ་གནད་ཆེ་བའི་གཏམ་བཤད་ཁག་དང༌། གསལ་བསྒྲགས་ཡོངས་རྫོགས་དེབ་ཆུང་ལྗང་ཁུ་ཞིག་ནང་ཕྱོགས་བསྒྲིགས་ཀྱིས་ཚང་མའི་ཕྱག་ཏུ་ཕུལ་ཡོད་པས་ངེས་པར་དུ་ཐུགས་ཞིབ་གནང་ནས་མང་ཚོགས་ལའང་གསལ་བསྒྲགས་གནང་རོགས་ཞུ་རྒྱུ་ཡིན།
དོན་ཚན་གལ་ཆེ་བ་གཞན་ཞིག་ནི་རྒྱལ་སྤྱིའི་གནས་བབ་སྐོར་དེ་རེད། ད་ལྟའི་གནས་སྐབས་ལ་ཡོ་རོབ་དང༌། ཨ་རི། རྒྱ་གར་བཅས་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཐོག་སེམས་ཁུར་དང་རྒྱབ་སྐྱོར་སྔར་ལས་ལྷག་པ་ཆགས་ཡོད་རུང༌། ད་དུང་གོང་མཐོར་གཏང་རྒྱུ་གནད་འགག་ཆེན་པོ་རེད། ང་ཚོས་ཁྱོན་ཡོངས་ཀྱི་འཛམ་གླིང་གི་ཆབ་སྲིད་གནས་སྟངས་དབྱིན་སྐད་དུ་ཇིའོ་པོ་ལི་ཀྲིག་(Geopolitics)ལ་ཞིབ་ཚགས་པོས་དོ་སྣང་གནང་དགོས། འདས་པའི་ལོ་ཤས་ནང་རྒྱ་གར་དང་ཨ་རིའི་འབྲེལ་བ་དང༌། ཉི་ཧོང་དང་ཨ་རི། ཉི་ཧོང་དང་ཨ་རི་རྒྱ་གར་གསུམ་གྱི་གོམ་པ་སྤོ་ཕྱོགས། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་གཞན་དག་དང་རྒྱ་གར་ཨ་རིའི་ངོས་ནས་གོམ་པ་སྤོ་སྟངས་སོགས་ལ་བསྡོམས་ཤིག་བརྒྱབས་ཏེ་གཟིགས་ན། ད་ལྟ་རྒྱལ་སྤྱིའི་གནས་བབ་དེ་བོད་ཀྱི་རྩ་དོན་བསྒྲུབ་རྒྱུའི་གོ་སྐབས་ཡག་ཤོས་དེ་ཆགས་ཡོད་ཅིང༌། གོ་སྐབས་དེ་ང་ཚོས་ཟིན་ཐུབ་དགོས་འདུག་ཅེས་ཞུ་རྒྱུ་ཡིན།
ད་རེས་ཚོགས་ཆེན་ནང་བོད་རྒྱ་འབྲེལ་མོལ་སྐོར་དགོངས་འཆར་ཁ་ཤས་གནང་སོང༌།
དེ་དག་ཉན་པའི་སྐབས་དང༌། ལྷག་པར་དུ་བགྲོ་གླེང་ལ་བལྟས་སྐབས། ང་ཚོའི་ངོས་ནས་མ་འདང་བའམ་མ་འཇོན་པ། ཡང་ན་ཏག་ཏག་བྱས་མ་ཐུབ་པ་ཟེར་ནའང་མི་འདུག གང་ལྟར་ང་ཚོས་གང་བསམ་པ་དང་བྱེད་པ་དེ་དག་མང་ཚོགས་ལ་རྩ་བ་ཉིད་ནས་གསལ་པོ་བཟོས་མ་ཐུབ་པར་བརྟེན། ང་ཚོས་བྱེད་བཞིན་པ་མང་པོ་ཞིག་མང་ཚོགས་ཀྱིས་མ་མཁྱེན་པའི་དབང་གིས་འདི་བྱེད་དགོས་ཀྱི་འདུག དེ་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་སྐབས། ལས་དོན་སྙན་ཞུ་དེ་དག་མི་མང་གི་མདུན་དུ་གསལ་པོ་བྱས་ཐུབ་མི་འདུག་སྙམ་པའི་ཚོར་སྣང་བྱུང༌། ཕྱོགས་གཅིག་ནས་ད་ལྟའི་བཀའ་ཤག་གིས་ལས་བསྡོམས་སྐྱོར་རྒྱུ་དང༌། དྲིལ་བསྒྲགས་བྱ་རྒྱུར་ཡིད་ཆེས་བྱེད་ཀྱི་མེད། དེ་དག་ནི་སོ་སོའི་བཏང་བཏང་བྱུགས་བྱུགས་བཤད་པ་ལྟ་བུར་ཆགས་འགྲོ་བར་བརྟེན། དེ་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད། འོན་ཀྱང་དེ་མ་བྱས་པའི་གྲུབ་འབྲས་ངན་པ་ཞིག་ནི་མང་ཚོགས་སུ་གོ་བརྡ་མ་འཕྲོད་པའི་གནས་སྟངས་ཤིག་ཡོང་གི་ཡོད་འདུག
བོད་གཞུང་གིས་རྒྱ་ནག་གི་གནས་ཚུལ་ཤེས་ཀྱི་མི་འདུག་ཅེས་ཐེངས་མང་བཀའ་གནང་སོང༌། ང་ཚོས་རྒྱ་ནག་གི་གནས་ཚུལ་ཆ་ཚང་མ་ཤེས་པ་བདེན་ཡང༌། ང་ཚོས་རྒྱུན་དུ་མཉམ་བཤིབས་ཀྱིས་གྲོས་འདྲི་བྱ་ཡུལ་གྱི་སྡེ་ཚན་ཆེ་བ་ལྔ་ལས་མི་ཉུང་བ་ཞིག་ཡོད་པ་དེ་དག་ཚང་མ་འཛམ་གླིང་ནང་རྒྱ་ནག་གི་གནས་ཚུལ་ཆ་ཚང་ཤེས་མཁན་དང་ཁུངས་ལྡན་གྱི་གྲས་ལ་ངོས་འཛིན་ཡོད་པ་དེ་ཚོའི་ཐོག་ནས་རྒྱ་ནག་གི་གནས་ཚུལ་ཡོངས་རྫོགས་ང་ཚོས་ཤེས་ཀྱི་ཡོད་ཙང༌། རྒྱ་ནག་གི་གནས་ཚུལ་མ་ཤེས་པར་རྗེས་ལུས་ཐེབས་པ་དང༌། ཡང་ན་ང་ཚོས་ནོར་བ་དེ་འདྲ་དེ་སྔ་ཕན་ཆད་བྱུང་མེད། མ་འོངས་པར་ཡང་མུ་མཐུད་རྒྱ་ནག་གི་གནས་ཚུལ་བརྒྱུད་ལམ་དེ་ཚོ་ནས་བླང་རྒྱུ་མ་གཏོགས། སྒོ་བརྒྱབས་ནས་གཞག་རྩིས་མེད།
བཙན་བྱོལ་བོད་གཞུང་གིས་ཁོར་ཡུག་བསྐྲུན་རྒྱུའི་སྲིད་བྱུས་དེ་མི་འགྲིགས་ཤིང༌། ཧ་ཅང་བསྟུན་མཁས་ཆེ་དྲགས་འདུག་ཅེས་བཀའ་གནང་སོང༌། བཙན་བྱོལ་བོད་གཞུང་གི་ངོས་ནས་ཁོར་ཡུག་བསྐྲུན་རྒྱུའི་སྲིད་བྱུས་དེ་༢༠༠༦ ཕྱི་ཟླ་༥ པ་ནས་མེད་པ་ཆགས་ཟིན། དེ་ངས་གྲོས་ཚོགས་ནང་ཡང་ཡང་ཞུ་རྒྱུ་བྱུང༌། ཡིན་ནའང་མང་ཚོགས་ཀྱིས་མཁྱེན་གྱི་མེད་ཚོད་འདུག བཙན་བྱོལ་གཞུང་གིས་༢༠༠༦ ཕྱི་ཟླ་༥ པའི་རྗེས་ནས་སུ་ལའང་ཁོར་ཡུག་བསྐྲུན་དགོས་ཞེས་བརྗོད་མེད། འདི་ལོ་ཨོ་ལམ་པིཀ་གནས་ཚུལ་དེ་ཐ་དད་རེད། དེ་ནི་ཁོར་ཡུག་བསྐྲུན་རྒྱུའི་དོན་དུ་མིན་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཨོ་ལམ་པིཀ་རྩེད་འགྲན་ལ་རྒྱབ་སྐྱོར་གནང་བར་བརྟེན། ང་ཚོས་མང་ཚོགས་ལ་དེ་དང་མི་འདྲ་བ་གནང་ན་འགྲིག་གི་མི་འདུག་ཅེས་བཤད་རྒྱུ་བྱུང༌། དེ་ནི་ཁོར་ཡུག་བསྐྲུན་རྒྱུའི་དོན་དུ་རེད་ཅེས་མང་ཚོགས་ལ་རྩ་བ་ནས་ཞུས་མེད་ལ། དེ་ནས་བཟུང་ང་ཚོའི་ངོས་ནས་ཀྱང་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱི་ལས་ཀ་སྣ་གཅིག་བྱས་མེད། གལ་ཏེ་མི་མང་གིས་ད་ལྟ་ཡང་ང་ཚོའི་ཁོར་ཡུག་བསྐྲུན་རྒྱུའི་སྲིད་བྱུས་དེ་མུ་མཐུད་གནས་མེད་དམ་དགོངས་ན། དེ་ནི་ལོ་གཉིས་ལྷག་རྗེས་ལུས་ཐེབས་པའི་གཟིགས་སྟངས་ཤིག་རེད།
སྐུ་ཚབ་མི་འགྲོའི་ནང་རྒྱ་སྐད་ཤེས་མཁན་དགོས་འདུག་ཅེས་བཀའ་གནང་སོང༌། དེ་ནི་ཕྱི་ནས་གསུང་མཁན་ཚོ་ལས་སྐུ་ཚབ་ཕེབས་མཁན་རྣམས་ལ་ཚོར་ཤུགས་དྲག་པ་ཡོད་མུས་རེད། ང་ཚོས་ཉ་མོ་མ་ཟིན་པ་མ་གཏོགས་མཚོ་མཐའ་མ་བསྐོར་བ་རྩ་བ་ནས་མེད། གང་ལྟར་འབད་རྩོལ་བྱས་ཀྱང་མ་འགྲུབ་པ་རེད། དཔེར་ན་ཨཀྱཱ་རིན་པོ་ཆེ་ལྟ་བུའི་མཚན་སྨོས་མཁན་ཡང་ཁ་ཤས་བྱུང་སོང༌། ཨཀྱཱ་རིན་པོ་ཆེ་ལྟ་བུར་མཚོན་ན་འདས་པའི་ལོ་གསུམ་བཞི་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཐོག་བཀའ་སློབ་གནང་མཁན་གྱི་གྲས་ལ་ཡོད་པ་མ་ཟད། ག་དུས་མཇལ་ཡང་བཀའ་བསྡུར་ཞུ་མུས་ཡིན། རིན་པོ་ཆེའི་མཚན་དངོས་སུ་བཏོན་འོས་དང་མི་འོས་ཀྱི་གོ་སྐབས་ཁ་ཤས་བྱུང་ཡོད་ཀྱང༌། ད་ལྟའི་གནས་སྐབས་ལ་རིན་པོ་ཆེ་རང་ངོས་ནས་མངོན་གསལ་དོད་པོས་དེ་ཚོའི་ཐོག་ལ་ཕྱག་ལས་གནང་དང་གནང་བཞིན་པ་རེད། ལར་ནས་འབྲེལ་མོལ་ཐེངས་གཉིས་པ་ནས་བཟུང་ཚོགས་འདུའི་ནང་གང་བཤད་སྒྲ་འཛིན་འཁོར་ཐག་ནང་ཡོད་པ་རྣམས་ཚུར་འབྱོར་རྗེས། ང་ཚོའི་རྒྱ་སྐད་ཤེས་མཁན་ཚོ་མཉམ་དུ་དེ་གའི་སྐད་བསྒྱུར་གྱི་ནོར་འདུག་གམ་མི་འདུག་ཆ་ཚང་ཞིབ་འཇུག་བྱེད་པ་མ་ཟད། ཡིག་ཐོག་ཏུའང་ཕབ་ཀྱི་ཡོད། དེར་བརྟེན་ང་ཚོའི་ནང་དུ་རྒྱ་སྐད་ཤེས་མཁན་མེད་པའི་དབང་གིས་འཐུས་ཤོར་ཕྱིན་པ་གང་ཡང་མེད། འོན་ཀྱང་མ་འོངས་པར་ད་དུང་རྒྱ་སྐད་ཤེས་མཁན་ཡོད་དགོས་པའི་བསམ་ཚུལ་དེ་ཡོད་མུས་ཡིན།
དེ་བཞིན་འབྲེལ་མོལ་བྱ་རྒྱུར་ཆ་རྐྱེན་བཞག་དགོས་པ་དང༌། རྒྱལ་ཁབ་གསུམ་པ་ཞིག་བར་འཇུག་དགོས་པ། ཕྱོགས་གཉིས་ཀའི་ཐུན་མོང་གིས་དྲིལ་བསྒྲགས་དགོས་པ། དབུ་ཁྲིད་མཇལ་འཕྲད་གནང་དགོས་བཅས་གསུངས་པ་དེ་དག་དགོངས་ཚུལ་རྩ་ཆེན་ཡིན་རུང༌། གནས་ཚུལ་མང་པོ་ཞིག་མ་མཁྱེན་པའི་དབང་གིས་གསུངས་ཀྱི་མེད་དམ་སྙམ་གྱི་འདུག དགོངས་འཆར་གནང་མཁན་རང་ཉིད་ཀྱིས་དེ་ཚོ་རེ་རེ་བཞིན་བསྐྱར་ཞིབ་གནང་དགོས།
དེ་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ནང་བཞག་པའི་གྲོས་ཆོད་ཁག་དང༌། ཡོ་རོབ་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེ་དག་ལག་བསྟར་ཆེད་ལས་འགུལ་སྤེལ་རྒྱུ་དང༌། དེ་བཞིན་བཙན་བྱོལ་བོད་གཞུང་ངོས་ལེན་ཆེད་ལས་འགུལ་སྤེལ་རྒྱུ་བཅས་ཀྱི་དགོངས་འཆར་གསུངས་སོང༌། ངས་དེའི་ཐོག་འགྲེལ་བཤད་གཞན་གང་ཡང་ཞུ་རྒྱུ་མིན་ཞིང༌། སོ་སོས་ཞིབ་འཇུག་དང་ཉམས་ཞིབ་གནང་ནས་དེ་དག་དངོས་སུ་ལག་ལེན་འཁེལ་ཐབས་ཡོད་མེད་དང༌། དགེ་སྐྱོན་གང་ཡོད་གཟིགས་དགོས། ལར་ནས་གཞུང་ཞེས་པ་ནི་སོ་སོའི་མང་ཚོགས་ཀྱིས་ངོས་འཛིན་བྱ་རྒྱུ་ཞིག་རེད་མ་གཏོགས། ཕྱི་ནས་ངོས་འཛིན་ཡོད་མེད་ལ་དེ་ཙམ་ཁྱད་པར་མེད། ཕྱི་ལོ་༡༩༥༩ ལོར་ྋསྐྱབས་མགོན་རིན་པོ་ཆེ་མ་སུ་རིར་ཕེབས་མ་ཐག་གསར་འགོད་ལྷན་ཚོགས་དང་པོར། ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་མང་གིས་ཁོང་ཚོའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཀའ་གནང་བ་རེད། དེ་ནི་ཆབ་སྲིད་ཀྱི་བཀའ་མོལ་གནང་སྟངས་རླབས་ཆེན་ཞིག་ཏུ་དེ་དུས་ཚང་མས་ངོས་འཛིན་བྱས་ཡོད།
དེ་བཞིན་ཆབ་སྲིད་དང་འབྲེལ་བའི་དགོངས་འཆར་གཅིག་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་དགོས་སྐོར་གསུངས་སོང༌། དེ་ཚོའི་ཐོག་ལ་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་ཚོ་དང་འདས་པའི་ལོ་གཉིས་གསུམ་ནས་དགོངས་བཞེས་དང་བཀའ་བསྡུར་འགྲོ་བཞིན་པ་རེད། དཔེར་ན་ྋརྒྱལ་བ་རིན་པོ་ཆེ་གསེར་ཞལ་འཚོ་བཞུགས་རིང་བོད་དོན་བདེན་མཐའ་མ་གསལ་ན། ང་ཚོའི་བྱེད་ཕྱོགས་གང་དགའ་ཅི་ལེགས་ཚང་མའི་བསམ་བློར་ཡོད་པ་དང་
བང་སྒྲིག་བཞིན་པ་རེད། དེ་ཚོ་ཚང་མ་གསལ་བསྒྲགས་བྱ་རྒྱུའི་སྐབས་ལ་བབས་ཀྱི་མེད། གང་ལྟར་དེ་ཚོའི་ཐོག་དགོས་ངེས་རྣམས་བྱས་དང་བྱེད་བཞིན་ཡིན་པས་ཐུགས་ཁྲལ་གནང་མི་དགོས། དེ་དང་དེ་མཚུངས་གནས་ཚུལ་ཁ་ཤས་བྱེད་ཀྱི་ཡོད་ནའང་མང་ཚོགས་ནང་ཞུ་ཐུབ་ཐབས་མེད། ཡང་ཁ་ཤས་ཤིག་གིས་གང་ཡང་བྱེད་ཀྱི་མི་འདུག་དགོངས་ནའང་ཁྱད་པར་གང་ཡང་མེད།
སྤྱི་ཚོགས་སྲ་བརྟན་ཡོང་སླད་དགོངས་འཆར་མང་པོ་ཞིག་གནང་སོང། དེའི་ནང་གལ་གནད་ཆེ་བ་གཅིག་ནི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་བར་གྱི་འབྲེལ་བ་བྱེད་སྟངས་ད་ལྟ་བཀའ་ཤག་གིས་སྲིད་བྱུས་ཟིན་པ་དེ་ཕྲན་བུ་མི་འགྲིགས་པར་བརྟེན་བསྐྱར་བཅོས་གནང་དགོས་འདུག་ཅེས་གསུངས་སོང༌། འོན་ཀྱང་ང་ཚོའི་སྲིད་བྱུས་དེ་ནོར་མེད་བསམ་གྱི་ཡོད། ལར་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་རང་སྐྱོང་སྡེ་ཚན་གཉིས་བསྲེ་རྒྱུ་མེད། རང་སྐྱོང་སྡེ་ཚན་དེ་དག་ནི་གཞུང་གི་འཛིན་སྐྱོང་དབང་སྒྱུར་འོག་ཡོད་པ་དང༌། ཐད་ཀར་མེད་རུང་གཞུང་ལ་ལྟོས་དགོས་པ་ཅི་རིགས་ཡོད་རེད། དེ་དག་ང་ཚོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེད་ཅེས་བརྗོད་ཀྱི་མེད། འོན་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་རང་གི་ངོས་འཛིན་ཞིག་དགོས་པར་བརྟེན། གཞུང་ལ་རྒྱབ་བསྙེས་པའམ་གཞུང་གིས་བེད་སྤྱོད་བཏང་བ་དེ་འདྲ་བྱུང་ན་ཚད་ལྡན་ཞིག་ཡོང་གི་མེད། དེ་ཚོ་རང་གི་རྐང་པའི་ཐོག་ལངས་ཐུབ་ཆེད་གཞུང་གིས་བྱུས་གཏོགས་དང་བཀོད་འདོམས་མི་བྱེད་པ་དེ་མཁྱེན་དགོས། སྐུ་ཞབས་ཐོ་རོའོ་མཆོག་གིས་གཞུང་ཡག་ཤོས་ནི་དབང་སྒྱུར་ཉུང་ཤོས་བྱེད་མཁན་དེ་རེད་ཅེས་གསུངས་པ་ནི་ཧ་ཅང་གནད་ཆེ། དེས་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོ་ཡར་རྒྱས་དང་ངོས་འཛིན་འཐོབ་ཆེད་ཙམ་དུ་མ་ཟད། ཁོང་ཚོ་དངོས་གནས་གཞུང་གི་རྩེད་མོ་རྩེད་ཡུལ་ཞིག་མིན་པར། སོ་སོའི་རྐང་པའི་ཐོག་ལངས་པའི་ཚོགས་པ་ཞིག་རེད་ཅེས་རྒྱལ་སྤྱིའི་ནང་ཆེ་མཐོང་རག་རྒྱུ་བཅས་ཀྱི་ཆེད་དུ་ང་ཚོས་ཐག་རིང་བཞག་པ་རེད། དེ་མིན་ཁོང་ཚོས་གཞུང་ལ་རྒྱབ་བསྙེས་པ་དང༌། གཞུང་གིས་ཀྱང་བེད་སྤྱོད་གཏང་ན་ཕྱོགས་གཉིས་ཀར་གནོད་སྐྱོན་མ་གཏོགས་ཕན་ཐོགས་གང་ཡང་མེད། རང་སྐྱོང་སྡེ་ཚན་ལ་རང་སྐྱོང་སྡེ་ཚན་གྱི་བྱེད་ཕྱོགས་ཤིག་ཡོད་པ་དེའི་ཐོག་སྟངས་འཛིན་བྱེད་དགོས་རྣམས་རྒྱུན་དུ་བྱེད་མུས་རེད།
ཕྱི་རྒྱལ་ལ་གཏོང་རྒྱུ་དེ་ཡག་པོ་མི་འདུག་ཅེས་བཀའ་གནང་མཁན་མང་པོ་བྱུང་སོང༌། ད་ལྟའི་ཡིག་ཆ་འདིའི་ནང་སླེབས་མིན་མི་ཤེས་ཀྱང༌། གང་ལྟར་ངའི་ཚོགས་ཆུང་ནང་བཀའ་གནང་མཁན་བྱུང་སོང། གཞུང་འབྲེལ་ལས་རིམ་ནང་ཕྱི་རྒྱལ་དུ་གཏོང་རྒྱུ་དེ་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བར་ཞིག་ལ་མཚམས་བཅད་རུང༌། མང་ཚོགས་དམིགས་བསལ་བ་ཁ་ཤས་ཤིག་ལ་གཞུང་གིས་རོགས་སྐྱོར་དང་མཐུན་འགྱུར་གང་ཡང་བྱེད་ཐུབ་ཀྱི་མེད་ཅིང༌། དེ་དག་གཞན་དུ་གཏང་ན་མ་གཏོགས་ཐབས་མེད་པར་བརྟེན། དེང་སང་གཞུང་འབྲེལ་གྱིས་བོད་མི་ཕྱི་རྒྱལ་དུ་གཏོང་རྒྱུ་མིན་པའི་སྲིད་བྱུས་དེ་མེད་པ་ཆགས་ཟིན། དེར་ང་ཚོས་སྐྱོན་ཆེན་པོར་མི་བརྩི། ལྷག་པར་དུ་གཞུང་ཞབས་ནི་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཐེམ་པ་ལྟ་བུ་རེད་ཅེས་གསུངས་སོང༌། དེ་འདྲ་རེ་གཉིས་བྱུང་ཡོད་ཀྱང༌། གཞུང་ཞབས་ཡོངས་རྫོགས་ལ་སྦྱར་རྒྱུ་མེད། ད་ལྟ་བཙན་བྱོལ་གཞུང་གི་རྩ་བ་ཟིན་མཁན་ཚང་མ་གཞུང་ཞབས་པ་རེད། བཀའ་ཤག་ཡོང་བ་དང་འགྲོ་བ་མ་ཟད། སྤྱི་འཐུས་རྣམ་པའང་དེ་མཚུངས་རེད། བཙན་བྱོལ་བོད་གཞུང་གནས་ཐུབ་པའང་གཞུང་ཞབས་ཚོར་བརྟེན་ནས་བྱུང་བ་ཞིག་རེད། གང་ལྟར་ད་ལྟ་གཞུང་ཞབས་ཀྱི་གནས་སྟངས་དེ་ཏག་ཏག་བསྡད་ཡོད་ཅེས་ཞུ་རྒྱུ་ཡིན། གོང་དུ་ཁྱེད་ཚོས་དགོངས་འཆར་གནང་བ་རྣམས་ཀྱི་ཐོག་ཞུས་ཟིན།
གཉིས་པ་བཙན་བྱོལ་སྤྱི་ཚོགས་ཀྱི་འཛིན་སྐྱོང་བྱེད་སྟངས་དེ་རེད། དེ་ནི་ྋསྐྱབས་མགོན་རིན་པོ་ཆེས་རྟག་ཏུ་རེ་བ་བཟང་ས་ནས་བརྒྱབ་པ་དང༌། གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་གསུངས་པ་ལྟར། ང་ཚོ་བཙན་བྱོལ་དུ་རྒྱུན་རིང་ལུས་ནའང་འགྲོ་ལུགས་འདུག་སྟངས་སོགས་ཀྱི་ཐད་ཕུགས་རྒྱང་རིང་པོའི་བསམ་བློ་ཞིག་གཏོང་དགོས་པར་བརྟེན། དཔེར་ན་ཆོས་རིག་ལས་ཁུངས་ལ་མཚོན་ན། གྲྭ་བཙུན་ལ་ལྟ་སྐྱོང་བྱ་རྒྱུ་དང༌། ཆོས་བརྒྱུད་ཆེན་པོ་ཁག་གི་སློབ་གཉེར་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཀྱིས་ཡར་རྒྱས་གཏོང་ཐབས། འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་རིམ་པས་ཆིག་བསྒྲིལ་དང་སྒྲིག་འཛུགས་ཤིག་གི་ངོ་བོའི་ཐོག་ནས་ཆོས་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཡོད་པ་བཟོ་ཐབས། བོད་བརྒྱུད་ནང་བསྟན་ནང་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་མིན་ཞིབ་འཇུག་བྱ་རྒྱུ། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་ཐོག་བྱས་པའི་ཐེ་བྱུས་དེ་དག་ལམ་དུ་མི་ཡོང་ཆེད་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་ཆེན་རྣམ་པར་འབྲེལ་བ་ཞུས་པའི་ཐོག་ནས་འབྱུང་འགྱུར་གྱི་བྱེད་ཕྱོགས་གཏན་འབེབས་བྱ་རྒྱུ། དགོན་སྡེ་ཁག་ཏུ་ཆོས་དང་ཚན་རིག་བར་གྱི་ཉམས་ཞིབ་བྱ་རྒྱུ། ཆོས་སྡེ་ཁག་ནང་དོལ་རྒྱལ་བསྟེན་གསོལ་བཀག་འགོག་བྱས་པའི་དབང་གིས་བྱུང་བའི་དཀའ་ངལ་ཆེ་བ་དེ་དག་སེལ་རྒྱུ། དེ་ཙམ་མ་ཟད་ཆོས་རིག་ལས་ཁུངས་དེ་རིང་པོ་མ་ཐོགས་པར་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཡོད་པའི་ཆོས་རིག་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་རྒྱུ་བཅས་ཀྱི་ལས་གཞི་འགྲོ་བཞིན་པ་ཡིན།
ཤེས་རིག་ལས་ཁུངས་ལ་མཚོན་ན། གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུ་ནི་ང་ཚོའི་ལས་རིམ་ཆེ་ཤོས་ཤིག་རེད། ཁག་པོ་ཡོད་རུང་ད་ལྟ་མུ་མཐུད་འགྲོ་བཞིན་པ་དང༌། མ་འོངས་པར་ཡང་འགྲོ་ཐུབ་ཀྱི་རེད་སྙམ། དེ་བཞིན་རིགས་གཅིག་རྐང་འཛིན་གྱི་སློབ་མ་གང་མང་འཐོན་རྒྱུའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། དེ་ཙམ་མ་ཟད་སྔོན་མ་ནས་རྒྱ་གར་དུ་གཞིས་ཆགས་པའི་བོད་རིགས་དང༌། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོ་ལ་བོད་ཀྱི་སྐད་ཡིག་གིས་མཚོན་པའི་སློབ་སྦྱོང་སྤྲོད་རྒྱུའི་མཐུན་རྐྱེན་གང་ཐུབ་ཞུ་མུས་ཡིན། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་དེ་ནམ་ཞིག་ཆ་ཚང་ཞིག་ལག་བསྟར་ཐུབ་ན། བཙན་བྱོལ་བོད་མིའི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྣམས་བསྒྲུབ་ཐུབ་པ་ཡོང་རེ་བྱེད་ཀྱི་ཡོད།
ནང་སྲིད་ལས་ཁུངས་ལ་མཚོན་ན། གཞིས་ཆགས་བརྟན་ལྷིང་ཡོང་ཆེད་སྐྱེ་ལྡན་སོ་ནམ་ཡར་རྒྱས་གཏོང་རྒྱུ་དང༌། ས་ཆུ་བདག་གཅེས་ཀྱིས་མཚོན་པའི་སོ་ནམ་གྱི་ལས་གཞི་ཕུགས་འཕེར་བཟོ་རྒྱུ། ཁྲིམས་མཐུན་གྱི་དེབ་སྐྱེལ་ཡོད་པའི་མཉམ་འབྲེལ་དེ་དག་གིས་མཉམ་འབྲེལ་གྱི་ཁེ་ཕན་ཆ་ཚང་བླང་ཐུབ་རྒྱུ་དང༌། གཞུང་ལ་བསྙེས་བརྒྱབ་མི་དགོས་པར་སོ་སོའི་མཉམ་འབྲེལ་གྱི་ལས་དོན་རང་མགོ་ཐོན་པ་བྱེད་ཐུབ་རྒྱུ། དེའི་ཐོག་སྤྱི་མཐུན་མཉམ་འབྲེལ་གྱི་ཐོག་ནས་ལྟ་སྐྱོང་ཐུབ་རྒྱུ། དེ་བཞིན་ས་ཆ་དང་སོ་ནམ་གྱིས་མཚོན་པའི་གཞིས་ཆགས་ཀྱི་གནད་དོན་གང་ཡིན་ཁྲིམས་མཐུན་ཡོང་ཆེད་འབད་བརྩོན་བྱས་དང་བྱེད་བཞིན་པ་ཡིན།
འཕྲོད་བསྟེན་ལས་ཁུངས་ལ་མཚོན་ན། འཕྲོད་བསྟེན་གྱི་སྲིད་བྱུས་ལྟེ་བ་ནི་སྨན་བཅོས་ལས་སྔོན་འགོག་གཙོ་ཆེ་བ་དང༌། དེང་རབས་ལས་སྲོལ་རྒྱུན་གཙོ་ཆེར་བཟུང་བར་བརྟེན། ང་ཚོས་སྔོན་འགོག་གི་ལས་གཞི་གང་མང་དང་གང་ཐུབ་བྱེད་མུས་ཡིན། དེ་མཚུངས་མྱོས་རྫས་ངན་གོམས་དང༌། གཉན་ནད་རེག་དུག ཀྲི་བི་བཅས་འགོག་ཐབས་ལའང་གཞི་རྒྱ་ཆེ་བའི་འཆར་གཞིའི་ཐོག་ནས་ལས་དོན་བྱས་དང་བྱེད་བཞིན་པ་ཡིན། ལྷག་པར་དུ་སྐབས་བཅུ་གསུམ་པའི་བཀའ་ཤག་གིས་དམིགས་སུ་བཀར་ནས་འཛིན་པའི་སྲིད་བྱུས་ནི་མ་དང་བྱིས་པའི་འཕྲོད་བསྟེན་དེ་རེད། དེ་ནི་ང་ཚོའི་མི་འབོར་མང་དུ་གཏོང་རྒྱུ་རྐྱང་པའི་ཆེད་མིན་ཞིང༌། མི་འབོར་གང་ཡོད་ཚད་ལྡན་དང༌། སྤུས་ཚད་ཡག་པོ་ཡོང་ཆེད་རེད། སྤྱིར་བཏང་གྲངས་ཀ་དང་སྤུས་ཀ་གཉིས་ལས་སྤུས་ཀ་གཙོ་ཆེ་བར་བརྩི་དགོས་ཀྱང༌། ད་ལྟ་དགོངས་འཆར་མང་པོ་བྱུང་བ་བཞིན་གྲངས་ཀ་ཡང་མང་དུ་གཏོང་དགོས་ན། དེའི་ཐོག་ལ་མ་འོངས་པར་བསམ་གཞིག་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།
དཔལ་འབྱོར་ལས་ཁུངས་ལ་མཚོན་ན། འདས་པའི་ལོ་གཉིས་གསུམ་ནས་བུ་ལོན་སྐར་མ་ལྔ་ཡང་སྤྲད་མི་དགོས་པའི་གནས་སྟངས་ཆགས་ཡོད། དེ་ནི་ང་ཚོའི་གྲུབ་འབྲས་ཤིག་རེད་སྙམ་གྱི་ཡོད། དཔེར་ན་དེ་རིང་ལྟ་བུར་མཚོན་ན། བཙན་བྱོལ་གཞུང་གི་གཏན་འཛུགས་མ་དངུལ་གྱི་སྐྱེད་འབབ་རྐྱང་པའི་ཐོག་ནས་བཙན་བྱོལ་གཞུང་གི་རྒྱུན་གྲོན་གྱི་བརྒྱ་ཆ་ཉི་ཤུ་འདང་ཞིང༌། འབྱུང་འགྱུར་ལོ་གཉིས་ནང་གཏན་འཛུགས་མ་དངུལ་གྱི་སྐྱེད་འབབ་དེས་རྒྱུན་གྲོན་བརྒྱ་ཆ་ལྔ་བཅུར་སླེབས་ཐུབ་རེ་ཡོད། དེ་འཕྲོས་བརྒྱ་ཆ་སུམ་ཅུ་སོ་བཞི་ནི་དང་བླངས་དཔྱ་ཁྲལ་ཐོག་ནས་ཡོང་ཞིང༌། དང་བླངས་དཔྱ་ཁྲལ་གྱི་འབུལ་འབབ་ལོ་རེ་ནས་ལོ་རེར་མང་དུ་ཡོང་བར་བརྟེན། བརྒྱ་ཆ་སུམ་ཅུ་དེ་བཞི་བཅུ་ཙམ་ལ་སླེབས་ཐུབ་ན། རྒྱུན་གྲོན་གྱི་བརྒྱ་ཆ་དགུ་བཅུ་ཐམ་པ་ང་ཚོའི་གཏན་འཇགས་ཀྱི་ཡོང་འབབ་ཐོག་ནས་འགྲོ་ཐུབ། ད་ལྟ་ལས་ཁུངས་ཁག་གི་ཙག་ཙིག་གི་ཡོང་འབབ་ཅིག་ཡོད་པ་དེའི་ཐོག་ནས་བརྒྱ་ཆ་བཅུ་འགྲོ་བར་བརྟེན། འདི་ལོ་ལྟ་བུར་མཚོན་ན་བརྒྱ་ཆ་དྲུག་ཅུ་རེ་བཞི་དེ་སོ་སོའི་དངུལ་རེད། དེ་འཕྲོས་ནི་གཞན་གྱི་རོགས་སྐྱོར་ལ་བརྟེན་ནས་བཀའ་ཤག་གིས་ཐབས་ཤེས་བྱེད་དགོས་ཞེས་པ་དེའི་ནང་ལ་འགྲོ་བ་རེད། གང་ལྟར་འདས་པའི་ལོ་གཅིག་གཉིས་ནས་འགྲོ་གྲོན་ལས་ཡོང་འབབ་མང་བ་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༠༨།༢༠༠༩ སྔོན་རྩིས་དེ་འགྲོ་གྲོན་དང་ཡོང་འབབ་ཁ་མཉམ་པ་མ་གཏོགས། མང་ཉུང་ཤོར་མེད། དེ་ཡང་ཡོང་འབབ་གང་ཡོད་འགྲོ་གྲོན་གཏང་རྒྱུར་ཁ་མཉམ་བཟོས་པ་ཞིག་རེད། དེ་ཙམ་མ་ཟད་འདི་ལོ་༢༠༠༨ ནང་སྔོན་རྩིས་སུ་ཚོད་དཔག་མེད་པའི་རླབས་ཆེན་གྱི་འགྲོ་གྲོན་བཏང་དགོས་བྱུང་ཞིང༌། དཔེར་ན་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ཕྱག་ལས་གནང་སྐབས་འགྲོ་གྲོན་ཇི་དགོས་ངོས་ལེན་ཞུས་རྐྱང་མ་གཏོགས། བཀའ་ཤག་ངོས་ནས་ཚིག་གཅིག་ཞུས་མེད། དེ་བཞིན་ད་རེས་ཀྱི་ཚོགས་ཆེན་འདི་ལྟ་བུའང་ང་ཚོའི་སྔོན་རྩིས་ནང་མཾད་ཀྱང༌། ྋསྐྱབས་མགོན་རིན་པོ་ཆེས་ཚོགས་ཆེན་བསྐོང་དགོས་བཀའ་ཕེབས་པར་བརྟེན། འགྲོ་སོང་གང་ནས་ཡོང་མིན་སུ་ལའང་ཞུས་རིགས་མེད་ལ་གཏོང་རྐྱང་བྱས་ཡོད། ཚོགས་ཆེན་འདི་འགྲོལ་བའི་རྗེས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཞིག་ལྡི་ལིར་བསྐོང་ཚོགས་ཡོད་ཅིང༌། དེ་ལའང་འགྲོ་གྲོན་གང་འཚམས་ཤིག་འགྲོ་ངེས་རེད། དེ་རྣམས་སྔོན་ནས་ཚོད་དཔག་མེད་པའི་གློ་བུར་དུ་བྱུང་བའི་འགྲོ་གྲོན་ཤ་སྟག་རེད། ཡིན་ནའང་རྩ་བའི་གཞུང་གི་དཔལ་འབྱོར་གྱི་གནས་བབ་འདི་སྐྱོ་པོ་ཞིག་མེད་སྟབས། དེ་འདྲའི་འགྲོ་སོང་སླེབས་སྐབས་གང་བྱེད་དགོས་ཞེས་གཞི་ནས་བསམ་བློ་གཏང་དགོས་ཀྱི་མེད་པར་བརྟེན། ད་ཆ་རང་ཁ་རང་གསོ་དང༌། རང་མིས་རང་ལས་ཐུབ་པའི་གནས་བབ་ཅིག་ལ་སླེབས་ཡོད། ད་རེས་དཔྱ་ཁྲལ་སྤར་ན་ཡག་པོ་འདུག་ཅེས་དགོངས་འཆར་གནང་མཁན་མང་པོ་བྱུང་སོང༌། བཀའ་ཤག་ངོས་ནས་སྤར་མི་དགོས་པ་བྱུང་ན་བསམས་ནས་ད་བར་སྤར་མེད། ད་ལྟ་སྤར་རྒྱུའི་དགོངས་འཆར་མང་པོ་བྱུང་བ་ཡིན་སྟབས། གལ་ཏེ་གྲོས་ཚོགས་ནང་སྤར་རྒྱུའི་གྲོས་འཆར་སླེབས་ན་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་དཔྱ་ཁྲལ་གྱི་ཚད་གཞི་སྤར་བ་ལས་དཔྱ་ཁྲལ་འབུལ་མཁན་མང་བ་བཟོ་ཐུབ་ན། དེ་ཕན་ཐོགས་ཆེ་བ་མེད་དམ་སྙམ་གྱི་འདུག ད་རེས་ལྷན་རྒྱས་ཚོ་འདིར་ཧ་ཅང་འཛོམས་པོ་ཕེབས་ཡོད་པར་བརྟེན། བཙན་བྱོལ་བོད་གཞུང་གིས་གང་བྱེད་ཀྱི་ཡོད་མེད་དང༌། གནས་བབ་གང་འདྲ་ཆགས་ཡོད་མེད་སྐོར་མདོར་བསྡུས་ཤིག་སྙན་གསན་ཞུས་པ་ཡིན།
དེ་རྗེས་འབོད་སྐུལ་ཞུ་རྒྱུ་ཁ་ཤས་ཤིག་ཡོད། དང་པོ་ནི་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱིས་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་པ་དེ་རེད། དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་བསྒྲུབ་རྒྱུ་ལས་ལྷག་པ་ཞིག་མེད་པར་བརྟེན། སྤྱི་སྒེར་གྱི་ཆོས་དང༌། སྤྱི་ཚོགས། ཆབ་སྲིད་ཀྱི་ལས་འགུལ་རྣམས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དང་མི་འགལ་བ་དགོས་རྒྱུ་གལ་ཆེན་པོ་རེད།
གཉིས་པ་ནི་ད་ལྟའི་བོད་མིའི་སྤྱི་ཚོགས་ནང་དེ་སྔ་བྱུང་མྱོང་མེད་པའི་ཆིག་བསྒྲིལ་གྱི་ནུས་པ་ཆེན་པོ་ཞིག་ཡོད་ཅིང༌། ང་ཚོའི་བོད་ཀྱི་བྱུང་རབས་ནང་དེ་འདྲ་བྱུང་མྱོང་མེད་ཚོད་འདུག འོན་ཀྱང་ཆིག་བསྒྲིལ་གྱི་ནུས་པ་དེ་གསལ་པོར་བསྟན་དགོས་ཀྱི་འདུག ཡོད་པ་དེ་སྦས་བསྐུང་ལྟ་བུ་བྱས་ཏེ། ཕྱི་ལོགས་བརྒྱུད་ལམ་ནང་ང་ཚོ་རྒན་གཞོན་བར་ལ་མི་མཐུན་པ་དང༌། གྲྭ་པ་དང་ཁྱིམ་པའི་བར་ལ་མི་མཐུན་པ། ཆོལ་ཁ་དང་ཆོས་ལུགས་ཀྱི་བར་ལའང་མི་མཐུན་པ་བཅས་ཡོད་མདོག་གི་རྣམ་འགྱུར་ཐོན་པ་དེ་ཡག་པོ་མ་རེད། དེས་ན་ང་ཚོར་ཡོད་པའི་ཆིག་བསྒྲིལ་དེ་སུ་ལའང་བསྟན་ཐུབ་པ་ཞིག་གནང་དགོས་རྒྱུ་གལ་ཆེན་པོ་འདུག
གསུམ་པ་ནི་གནས་ཚུལ་ཞིབ་ཚགས་མཁྱེན་དགོས་རྒྱུ་དེ་རེད། ལྷག་པར་དུ་གཞུང་གི་ལས་དོན་བྱེད་ཕྱོགས་ཐོག་དགོངས་འཆར་སོགས་གང་ཡིན་རུང༌། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཙམ་དང༌། གཅིག་གིས་ལབ་སོང་ཞེས་པ་ཙམ་ལ་ཆ་མ་བཞག་པར་ངེས་པར་དུ་བསྐྱར་ཞིབ་ཅིག་གནང་དགོས་ཤིང༌། གསར་འགྱུར་ནང་དེ་འདྲ་ཞིག་ཐོན་འདུག དེ་རེད་དམ་མ་རེད། དེ་ཡིན་ན་གཞུང་གི་ངོས་ནས་འགྲེལ་བཤད་གང་བརྒྱབ་རྒྱུ་ཡོད་ཅེས་པ་ཞིག་མ་བྱུང་ན། རྟག་ཏུ་བརྒྱུད་ལམ་ལ་ལན་བརྒྱབ་རྒྱུ་དེ་ང་ཚོའི་གཤིས་ཀ་ལ་མེད། བརྒྱུད་ལམ་ནང་གང་ཐོན་པ་དེ་ཐོན་པ་རེད། དེ་ལ་མི་གཞན་གྱིས་ལན་བརྒྱབ་ན་མ་གཏོགས་གཞུང་ངོས་ནས་ལབ་བརྒྱབ་རྒྱུའི་ལུགས་སྲོལ་མེད། དེས་ན་ཕྱོགས་གཅིག་གི་བསམ་ཚུལ་ཙམ་མ་གསན་པར། ས་གནས་ཁག་ཏུ་ས་གནས་འགོ་འཛིན་དང༌། ཕྱི་རྒྱལ་ལ་དོན་གཅོད་ཡོད་མུས་རེད། དེ་ཚོ་ལ་ཞལ་པར་དང་གློག་འཕྲིན་བརྒྱུད་ནས་དེ་འདྲ་རེད་དམ་མ་རེད་ཅེས་སོ་སོའི་བསམ་བློའི་ནང་ངེས་པ་མ་རྙེད་བར་དུ་ཞིབ་འཇུག་གནང་དགོས། དེ་མིན་དོགས་པ་རྣམ་རྟོག་མང་པོ་ཞིག་ཆགས་ངེས། སྔོན་མ་རྒྱ་དོགས་པས་ཕུང༌། བོད་རེ་བས་ཕུང་ཞེས་པའི་གཏམ་དཔེ་ཞིག་ཡོད་ཀྱང༌། ད་ནི་བོད་དོགས་པས་ཕུང་རྒྱུའི་མཚམས་ལ་སླེབས་གྲབས་མེད་དམ་བསམ་གྱི་འདུག གང་ལྟར་དོགས་པ་རྣམ་རྟོག་རྣམས་ཐུགས་ལ་མ་ཉར་བར་ངེས་པར་དུ་ཞིབ་འཇུག་གནང་སྟེ་ནོར་ཡོད་ན་སུས་ནོར་འདུག་དེ་ཐད་ཀར་བཀའ་གནང་རྒྱུ་རེད། འོན་ཀྱང་ནོར་བ་མ་མཁྱེན་གོང་ནས་ནོར་ཡོད་པ་ལ་ཆ་བཞག་པ་ཙམ་དུ་མ་ཟད། གསུང་ས་དེ་ལའང་མ་གསུངས་པར། བར་དུ་མི་མང་ནང་སྐད་ཆ་ཟང་ཟིང་མང་པོ་བསླང་རྒྱུ་དེ་ནི་ང་ཚོའི་མི་རིགས་ཀྱི་སྐྱོན་ཆ་ཞིག་རེད་མ་གཏོགས་དགེ་མཚན་གང་ཡང་མིན། དེར་བརྟེན་གནས་ཚུལ་ཞིབ་ཚགས་མཁྱེན་པ་གནང་དགོས་ཞེས་ཞུ་རྒྱུ་ཡིན།
ྋསྐྱབས་མགོན་རིན་པོ་ཆེས་རྟག་ཏུ་བོད་མི་གཞོན་སྐྱེས་ནང་རིགས་གཅིག་རྐང་འཛིན་བྱེད་མཁན་དགོས་པ་དང༌། ཤེས་ཡོན་དང་བཟང་སྤྱོད་ཡར་རྒྱས་གཏང་དགོས་ཞེས་བཀའ་གནང་མུས་རེད། དེ་ནི་གཞུང་གཅིག་པུའི་ངོས་ནས་ཆ་ཚང་ཞུ་ཐུབ་ཐབས་མེད་པར་བརྟེན། ལྷན་རྒྱས་ཚང་མས་སོ་སོའི་ས་གནས་སུ་དེ་དག་དོན་འཁེལ་ཡོང་བའི་ཐོག་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན།
ལྔ་པ་ནི་དོལ་རྒྱལ་རྗེས་འབྲང་བར་དོགས་ཟོན་གནང་རྒྱུ་དེ་རེད། དེ་ངེས་པར་དུ་ཤུགས་ཆེ་གནང་དགོས་འདུག སྤྱིར་བཏང་གང་འཚམས་གཙང་མ་ཆགས་ཡོད་རུང༌། ད་ལྟའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོལ་རྒྱལ་རྗེས་འབྲང་བ་དེ་དག་ཆབ་སྲིད་ཀྱི་བེད་སྤྱོད་ཅིག་ལ་བྱེད་ཀྱི་ཡོད་པར་བརྟེན། དེ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཞིག་མིན་པར། ཆབ་སྲིད་ཀྱི་གནས་སྟངས་ཤིག་ཆགས་ཟིན། དེའི་ཐོག་ལྷོད་ཡངས་མ་སོང་བར་ཚང་མས་སྔོན་མའང་ཡག་པོ་གནང་ཡོད་ལ། ད་དུང་ཡིན་ནའང་དོགས་ཟོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། བཙན་བྱོལ་གཞུང་ངོས་ནས་བྱེད་སྒོ་རྣམ་གསུམ་དེ་དག་འཛེམས་ཟོན་མེད་པར་གང་དགོས་དེ་སྔ་ནས་ཆོས་དོན་ལས་ཁུངས་དང་བཀའ་ཤག་བརྒྱུད་གནང་དང་གནང་བཞིན་པ་ཡིན།
དྲུག་པ་ནི་བོད་ཀྱི་རྩ་དོན་ཆེད་དུ་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཐོག་དགོངས་པ་བཞེས་དགོས་རྒྱུ་དེ་རེད། རེ་རེ་ཞུ་དགོས་དོན་མི་འདུག་ཅིང༌། དེབ་ལྗང་ཁུ་ཕུལ་བ་དེའི་ནང་སྒྲུབ་ཕྱོགས་ཀྱི་ལས་རིམ་འཁོད་པ་དེར་གཟིགས་རོགས་གནང་ཞུ་རྒྱུ་ཡིན།
ད་རེས་འདིར་ཐེབས་རྩ་འཛུགས་དགོས་འདུག ཞལ་འདེབས་གནང་གི་ཡིན་ཞེས་དགོངས་འཆར་གནང་མཁན་མང་པོ་བྱུང་སོང༌། དེ་འདྲ་བྱུང་ན་ཧ་ཅང་ཡག་པོ་རེད། འོན་ཀྱང་བཀའ་ཤག་གིས་སྔོན་མ་ནས་ཞུས་པ་བཞིན། བོད་པ་མི་རེ་ངོ་རེས་རྒྱས་སྤྲོས་མེད་པར་སོ་སོའི་འགྲོ་སོང་དེ་བསྲི་ཚགས་གནང་དགོས། སོ་སོའི་ནང་དུ་ལོ་རེའམ་ཟླ་རེ་བཞིན་བོད་ཀྱི་རྩ་དོན་ཆེད་དངུལ་ཞིག་ཟུར་བཅད་ཐུབ་ན། རྗེས་མ་སོ་སོར་དགོས་པ་བྱུང་ཚེ་ཚུར་བཏོན་ཆོག་པ་དང༌། བོད་སྤྱི་ལ་དགོས་པ་བྱུང་ཚེ་དེ་སྔོན་མ་ནས་བཅད་པ་ཞིག་ཡིན་སྟབས། ཞལ་འདེབས་ཅིག་གནང་དགོས་བྱུང་ཡང་གནང་བདེ་པོ་ཡོང་གི་རེད། དེས་ན་ང་ཚོས་ཟླ་རེར་དང་བླངས་དཔྱ་ཁྲལ་ཕུལ་བ་བཞིན་སྤྱི་དོན་ཐོག་དངུལ་ཞིག་ཟུར་བཅད་གནང་ཐུབ་ན་དགེ་མཚན་ཆེ། སྤྱིར་བཏང་ད་ལྟ་འཛམ་གླིང་ནང་དཔལ་འབྱོར་གྱི་ཉམས་རྒུད་ཆེན་པོ་ཞིག་འགྲོ་བཞིན་པ་རེད། བོད་མི་སྤྱི་དང༌། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པ་ཚོར་སྐུ་ངལ་འཕྲད་མི་སྲིད་པ་མིན་པར་བརྟེན། ད་ལྟ་ནས་དེ་ཚོའི་ཐོག་གདོང་ལེན་གནང་ཕྱོགས་དེ་དགོངས་པ་བཞེས་དགོས།
འབོད་སྐུལ་ཞུ་རྒྱུ་མཐའ་མ་དེ་ལོ་གཉིས་ཀྱི་རྗེས་ལ་ཡོང་རྒྱུའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་དེ་རེད། སྔོན་མ་མི་མང་གིས་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་སྐབས་དང་པོ་དང་གཉིས་པ་འོས་འདེམས་སྐབས་ཆ་ཤས་བཞེས་མཁན་ཉུང་བ་དང༌། འོས་གཞིར་གཟབ་གཟབ་མ་གཟིགས་པར་གང་བྱུང་འོས་བསྡུ་གནང་བ་ནང་བཞིན་མ་ཡིན་པར། ད་ལྟ་ནས་འོས་གཞིའི་ཐོག་ཐུགས་སྣང་གནང་དགོས། འདིར་ངས་ཁྱེད་ཚོར་དྲན་གསོ་ཞུ་རྒྱུ་ཞིག་ལ། ང་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པར་འོས་འདེམས་ཀྱིས་དམ་བཅའ་ཕུལ་ནས་ཕལ་ཆེར་ཉིན་གཅིག་གཉིས་མ་གཏོགས་ཕྱིན་མེད། ྋསྐྱབས་མགོན་རིན་པོ་ཆེས་ཕྱི་རྒྱལ་གསར་འགོད་པ་ཚོ་ལ་བཀའ་མོལ་གནང་བ་ཞིག་ད་ལྟའང་གསལ་པོ་དྲན་གྱི་འདུག དེ་དུས་བཀའ་གང་གནང་སོང་ཞེ་ན། ངས་མི་མང་ལ་སོ་སོའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་འོས་བསྡུ་བྱེད་ཅེས་བརྗོད་པ་ཡིན། ངའི་རེ་བ་ལ་མི་ལོ་གཞོན་ནུས་པ་ཡོད་མཁན་གྱི་ཁྱིམ་པ་ཞིག་དང༌། ལྷ་རབ་བྱུང་ན་བུད་མེད་དེ་འདྲ་ཞིག་འདེམས་མི་ཡོང་བསམ་པའི་རེ་བ་བྱུང༌། འོན་ཀྱང་བསོད་སྡེ་དམན་པ་ཞིག་ལ་རྒས་འཁོགས་བླ་རྒན་གཅིག་ཡང་བསྐྱར་བདམས་འདུག ཡིན་ནའང་མི་མང་གིས་འདེམས་ཙང་ང་ལ་བྱེད་རྒྱུ་གང་ཡང་མེད། ངོས་ལེན་མ་བྱས་རང་བྱས་རེད་ཅེས་གསུངས་ཡོད། དེ་ནི་དངོས་གནས་རླབས་ཆེན་གྱི་དགོངས་པ་བཞེས་ཕྱོགས་དང་བཀའ་གནང་ཕྱོགས་ཤིག་རེད། དེའི་ཐོག་ད་ལྟ་ནས་གྲ་སྒྲིག་གནང་དགོས། ལྷག་པར་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་གིས་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་ཆ་ཤས་ལེན་དགོས་པ་དང༌། འོས་མི་དེ་སྔ་པོ་ནས་གདམ་དགོས་པ་གལ་ཆེན་པོ་རེད། ད་རེས་ཀྱི་ཚོགས་ཆེན་འདིའི་ནང་བཅའ་ཁྲིམས་བསྒྱུར་བཅོས་གཏང་དགོས་ཞེས་སོགས་འབྲེལ་མེད་དོན་གཞན་དང༌། ཆབ་སྲིད་ཀྱི་གནས་བབ་རྩ་བ་ནས་མེད་པའི་དགོངས་ཚུལ་དེ་འདྲ་གསུང་མཁན་བྱུང་སོང༌། དེ་དག་རྗེས་མ་ནས་སེམས་ནང་དྲན་ཡང་ཞལ་ནས་མ་ཐོན་པ་དགོས་ཞེས་ཞུ་འདོད་བྱུང༌། དེ་ནས་ངས་གཏམ་རྙོག་ཞུ་རྒྱུ་དེ་རྫོགས་སོང༌།
ད་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་དོན་དེ་ཞུས་ཆོག་པ་ཞུ་རྒྱུ་ཡིན། བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་རྗེས་དམིགས་བསལ་ཚོགས་ཆེན་དང་པོ་འདི་ཧ་ཅང་གི་དོན་དང་ལྡན་པ་དང༌། མི་མང་གི་ཆིག་བསྒྲིལ་གྱི་ནུས་པ་མཚོན་ཐུབ་པ་བྱུང་སོང༌། གང་ལྟར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་པ་ཇི་ཙམ་ཡོད་རུང༌། འགག་ལ་ཐུག་སྐབས་ཚང་མས་མཉམ་རུབ་ཀྱིས་ནུས་པ་བཏོན་ཐུབ་ཀྱི་ཡོད་པ་དེ་ད་རེས་གསལ་པོ་ཆགས་ཡོད། དེ་ལས་ཕྱོགས་གཅིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་མཉེས་ཡོང་རྒྱུ་དང༌། ཕྱོགས་གཞན་ཞིག་ནས་ང་ཚོའི་ཁ་གཏད་ཀྱིས་དོ་སྣང་བྱེད་དགོས་རྒྱུ་ཞིག་ཆགས་པ་རེད། སྔོན་མ་ཨ་རིའི་ནང་ཡུ་གུར་གྱི་མི་ཚོ་ལ་གཟུགས་པོ་ཡོད་ཀྱང་མགོ་མེད། བོད་པ་ཚོ་ལ་མགོ་ཡོད་ཀྱང་གཟུགས་པོ་མེད་ཅེས་བཤད་སྲོལ་ཞིག་ཡོད། ད་རེས་ང་ཚོ་བོད་པ་ཚོར་མགོ་ཡོད་པ་ཙམ་མ་ཟད། གཟུགས་པོ་ཡོད་པའི་རྣམ་འགྱུར་ཡང་གསལ་མཚོན་ཐུབ་པ་བྱུང་ཞིང༌། ང་ཚོའི་འབོད་ཐེངས་གཅིག་ལ་འཛམ་གླིང་གང་སར་བཞུགས་པའི་བོད་མི་ཚང་མས་གལ་ཆེན་པོས་འགན་ཁུར་བླངས་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུར་འདིར་ཕེབས་ཐུབ་པ་དེ་ནི་ང་ཚོའི་བྱུང་རབས་ལོ་རྒྱུས་ནང་གསེར་གྱི་ཡི་གེར་འབྲི་བར་འོས་པའི་གནས་ཚུལ་གལ་ཆེན་པོ་ཞིག་ཆགས་པར་བརྟེན། ཐོག་མར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཚོད་འོས་འཚམས་ཤིག་ལ་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་དགོས་པའི་བཀའ་བཟང་སྤྱི་བོར་ཕེབས་པ་ལ། ངས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཁ་སང་ཉིན་དང་པོར་ཞུས་པ་ཡིན་ལ། དེ་རིང་བསྐྱར་དུ་ཞུ་རྒྱུ་ཡིན།
དམིགས་བསལ་ཚོགས་འདུ་ནི་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ཚོགས་པའི་ཁྲིམས་མཐུན་གྱི་ཚོགས་འདུ་ཞིག་རེད། ཚོགས་འདུ་དེའི་གོ་སྒྲིག་དང༌། ཚོགས་བསྐོང༌། གཙོ་སྐྱོང་བཅས་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་བ་རེད། བཀུར་འོས་ཚོགས་གཙོ་རྣམ་པ་ལྷན་རྒྱས་ཀྱིས་ཚོགས་འདུའི་བཏང་འཛིན་དང་གཙོ་སྐྱོང་ཧ་ཅང་ཡག་པོ་གནང་བར་བརྟེན། ལས་སླ་པོས་མཇུག་བསྒྲིལ་ཐུབ་པ་བྱུང་བས། ཚོགས་གཙོ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཚོགས་དྲུང་ལས་ཁུངས་ངོས་ནས་དུས་ཚོད་ཐུང་ཐུང་ནང་ང་ཚོའི་བློ་ཡུལ་ལས་འདས་པའི་གྲ་སྒྲིག་ཡག་པོ་གནང་འདུག ཚོགས་དྲུང་དང་ལས་བྱེད་ཡོངས་སུ་རྫོགས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་དམིགས་བསལ་སེམས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་ཡུལ་ཞིག་ནི་བོད་ནང་ཡོད་པའི་ང་ཚོའི་སྤུན་ཟླ་བོད་རིགས་ཚོ་ཡིན། ཁོང་ཚོས་ཉེན་ཁ་ལ་མ་འཛེམས་པར་ཡི་གེ་དང་ཁ་པར་གཏང་རྒྱུ་དང༌། བསམ་འཆར་བསྐུར་རྒྱུ་སོགས་འབད་བརྩོན་གནང་མཁན་བོད་མི་ཁྲི་ཚོ་ཁ་ཤས་ཤིག་ཡོད། ཁོང་ཚོའི་རྒྱབ་ལྗོངས་ལ་མཚོན་ན། བོད་མི་འབུམ་ཕྲག་ཁ་ཤས་ཤིག་གི་ངོ་ཚབ་མཚོན་ཐུབ་པའི་བསམ་ཚུལ་ད་རེས་འདི་གར་སླེབས་པ་དེ་ཚོ་རྩ་ཆེན་པོ་རེད། ཁོང་ཚོ་ཚང་མར་བཙན་བྱོལ་བོད་མི་སྤྱི་དང༌། ཡང་སྒོས་བཀའ་ཤག་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚོགས་འདུར་ཕེབས་པའི་ཚོགས་མི་ཚང་མས་དུས་ཚོད་བཏང། དཀའ་ལས་བརྒྱབས། འགྲོ་སོང་བཏང་ནས་ཕེབས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེར་ན་ནུབ་ཕྱོགས་ནས་ཕེབས་མཁན་ལྟ་བུར་མཚོན་ན། བདུན་ཕྲག་གཅིག་རྒྱ་གར་དུ་བཞུགས་རྒྱུ་དང༌། ཕར་ཚུར་ལམ་དུ་ཕེབས་རྒྱུ་བཅས་ཕྱག་ལས་གནང་མཁན་ཞིག་ཡིན་ན་དངོས་གནས་ལོ་འཁོར་གྱི་གུང་གསེང་ནང་ནས་བློས་བཏང་བྱེད་དགོས་པ་བྱུང་ཡོད། དེ་བཞིན་རྒྱ་གར་ནང་ཡོད་པ་ལྟ་བུ་ཞིག་ལ་མཚོན་ན། ད་ལྟ་སུད་ཚོང་རྒྱུགས་ཤོས་ཀྱི་དུས་ཚོད་ཅིག་རེད། འདིར་གནམ་གཤིས་གྲང་མོ་ཆགས་དུས་ཕལ་ཆེར་དགོངས་པར་འཁོར་གྱི་མེད་དམ་བསམ་གྱི་འདུག
དེ་ནས་ཚོགས་འདུ་ཚོགས་ཡུལ་གོ་སྒྲིག་གནང་མཁན་སྨན་རྩིས་ཁང་དང༌། དཔེ་མཛོད་ཁང༌། ལྷག་པར་དུ་བོད་ཕྲུག་ཁྱིམ་སྡེས་ད་རེས་མཐུན་འགྱུར་དེ་དག་མ་གནང་ན། ང་ཚོ་ཚོགས་མི་དྲུག་བརྒྱ་མཉམ་དུ་འཛོམས་ནས་ཚོགས་ཐུབ་ཐབས་མེད་པ་མ་ཟད། འདིར་གསོལ་ཇ་དང༌། ཞལ་ཏོག ཚོགས་ཁང་བཅས་གང་གི་ཐོག་ནས་རླབས་ཆེན་གྱི་གོ་སྒྲིག་གནང་བ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་གསོལ་ཇ་དང་གསོལ་ཚིགས་བཟོ་མཁན་དང་འདེགས་མཁན། ཚོགས་ཆུང་ཁག་ཏུ་ཡོད་པའི་ཚོགས་གཙོ་དང་ཚོགས་དྲུང་རྣམ་པ། ལས་བྱེད་གཞན་དག་བཅས་ཚང་མར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱ་མིའི་གནོན་ཤུགས་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་རྒྱ་གར་དབུས་སའི་གཞུང་གི་ངོས་ནས་ཚིག་གཅིག་ཀྱང་མ་གསུངས་པར་བཞུགས་པ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་གསར་འགོད་པ་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་རེས་ང་ཚོའི་ཁ་གཏད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོ་སྣང་ཆེན་པོ་བྱས་ཏེ་ང་ཚོའི་ཚོགས་འདུ་འདི་གལ་ཆེ་རུ་བཏང་སོང༌། ཁོང་ཚོ་ལའང་ཐུགས་རྗེ་ཆེ་ལབ་ན་མ་འགྲིགས་པ་ཨེ་ཡོད།
འདིར་མཐུན་རྐྱེན་འཛོམས་པོ་དང་གྲ་སྒྲིག་ཡག་པོ་མེད་པའི་རྐྱེན་གྱིས་སྐུ་ངལ་བྱུང་ཡོད་ན། དེ་དག་ཚང་མ་ལ་དགོངས་སེལ་ཞུ་རྒྱུ་ཡིན།
ལྷག་པར་དུ་ང་རང་སྒེར་གྱིས་དགོངས་སེལ་ཞུ་དགོས་པ་ཞིག་ལ། ཐག་རིང་པོ་ནས་ཕེབས་པའི་ཚོགས་མི་མང་པོས་ང་ལ་ཐུག་དགོས་པའི་རེ་འདུན་གནང་སོང་ཡང༌། ཚོགས་འདུར་འགྲོ་རྒྱུ་དེ་གལ་ཆེ་བར་བརྟེན། ཁྱེད་ཚོ་ཐག་རིང་པོ་ནས་ཕེབས་ཀྱང་མཇལ་ཐུབ་མ་སོང་བས་དགོངས་སེལ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། ཚོགས་ཆེན་འདི་ལྟ་བུ་ཞིག་རིང་པོར་མ་ཐོགས་པར་བསྐྱར་དུ་ཚོགས་རྒྱུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།
ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༢༢ ཉིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་ཐོག་གནང་བའི་གསུང་བཤད།