༈ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་སྔགས་མ་ཎི་ཡིག་དྲུག་གི་ཕན་ཡོན་དང་འགྲེལ་བཤད།
༄༅།། དེ་རིང་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་མདོར་བསྡུས་ཤིག་ཤོད་ཅེས་གསུངས་པ་རེད། མ་ཎི་ཡིག་དྲུག་གི་ཕན་ཡོན་དང་ཚིག་དོན་ཧ་ཅང་རྒྱ་ཆེན་པོ་ཡིན་ཙང་དུས་ཚོད་ཐུང་ངུའི་ནང་མདོར་བསྡུས་ཞུ་རྒྱུ་ཁག་པོ་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ཙམ་མིན་པར། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཚོའི་ནང་དུ་མ་ཎི་རྒྱུན་དུ་ཞལ་འདོན་གནང་མཁན་མང་པོ་ཡོད་པ་དང། གཞུང་ཆེན་སློབ་གཉེར་གནང་མ་མྱོང་བའམ་ཐོས་པ་རྒྱ་ཆེར་མེད་པ་ཚོས་མ་ཎིའི་ཕན་ཡོན་ཅུང་ཟད་མཁྱེན་པ་ཡིན་ན་ཕན་ཐོགས་ཡོད་པར་དགོངས་མཁན་མང་པོ་འདུག་པས། མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།
མ་ཎི་དེ་ཕན་ཡོན་ཆེན་པོ་དང་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་རེད་ཅེ་ན། དེ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་སྔགས་ཡིན་པའི་དབང་གིས་རེད། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་བསྐལ་པ་ཧ་ཅང་མང་པོའི་སྔོན་ནས་སངས་རྒྱས་ཀྱི་གོ་འཕང་བརྙེས་ཟིན་པ་ཞིག་རེད། ཁོང་གིས་ཐོག་མར་ཐུགས་བསྐྱེད་དུས་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་འགྱུར་བའི་ཐུགས་སྨོན་མཛད་པ་མ་ཟད། ཁོང་གི་མཚན་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བརྟེན་མཚན་སྨོས་པ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པ་དང་། སྡིག་པ་མི་དགེ་བའི་ཚོགས་དཔག་མེད་འདག་པའི་རྒྱུ་རྐྱེན་དུ་འགྱུར་བ་རེད། ཁོང་ནི་མངོན་པར་རྫོགས་པར་སངས་རྒྱས་ཟིན་པའི་རྗེས་སུའང་བྱང་ཆུབ་སེམས་དཔའི་ཚུལ་བཟུང་སྟེ་མཁའ་ཁྱབ་ཀྱི་འཇིག་རྟེན་འདིར་སངས་རྒྱས་ཕལ་ཆེ་བའི་སྐུ་མདུན་དུ་དྲི་བ་དང་བགྲོ་གླེང་ཞུ་མཁན་གྱི་སྲས་ཀྱི་ཐུ་བོའི་ཚུལ་དུ་བཞུགས་པ་དང་། བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའི་དབང་དུ་བཏང་ནའང་ཐེག་པ་ཆེན་པོའི་མདོ་སྡེ་མང་ཆེ་བ་གསུང་སྐབས་སྤྱན་རས་གཟིགས་འཁོར་དུ་ཡོད་མུས་རེད། ལྷག་པར་དུ་འཁོར་ལོ་བར་བ་དང་འཁོར་ལོ་མཐའ་མའི་མདོ་ཧ་ཅང་མང་པོ་གསུང་སྐབས་སློབ་མའི་གཙོ་བོའི་ཚུལ་དུ་ཡོད་པ་མ་ཟད། བགྲོ་གླེང་ནང་ཆ་ཤས་ཧ་ཅང་མང་པོ་བཞེས་ཡོད། དེས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་ཐོག་མར་ཐུགས་བསྐྱེད་པ་དང། བར་དུ་ཚོགས་བསགས་པའི་སྐབས་ནས་ཐུགས་བསྐྱེད་ཧ་ཅང་རླབས་པོ་ཆེ་བྱུང་བར་བརྟེན། བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནའང་སངས་རྒྱས་ཀྱི་འཕྲིན་ལས་ལས་ཀྱང་ཁྱབ་ཆེ་བ་བྱུང་། དམ་ཆོས་པདྨ་དཀར་པོའི་ནང་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པར་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སྤྱན་རས་གཟིགས་ལ་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་གསོལ་དགོས་པའི་རྒྱུ་མཚན་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་བྱང་ཆུབ་སེམས་དཔའ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་པ་སོགས་བཀའ་འདྲི་ཞུ་སྐབས། རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་སྤྱན་རས་གཟིགས་དབང་ཕྱུག་ཅེས་པ་དེ་དང་པོར་ཐུགས་བསྐྱེད་དུས་ནས་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་ལ་སྙིང་རྗེའི་སྤྱན་གྱིས་མ་གཟིགས་པའི་སྐབས་མེད་པ་དང་། མཚན་ཙམ་གྱིས་ཀྱང་འགྲོ་དོན་རླབས་ཆེ་སྒྲུབ་ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་གནང་བའི་དབང་གིས་ཡིན་ཞེས་བཀའ་སྩལ། དེར་བརྟེན་སྤྱན་རས་གཟིགས་ཀྱི་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རེད།
དེ་ནས་རི་བོ་གངས་ཅན་པའི་འགྲོ་བ་རྣམས་དང་སྤྱན་རས་གཟིགས་བར་དམིགས་བསལ་ལས་སྨོན་གྱིས་འབྲེལ་བར་བརྟེན། བོད་ལ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་འབོད། དེ་ཡང་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་ཐུགས་བསྐྱེད་པའི་སྐབས་སུ་གངས་ཅན་གྱི་ཞིང་འདི་བདག་གིར་བཟུང་བ་རེད་ལ། ལྷག་པར་རྣམ་འདྲེན་བཞི་པ་འཇིག་རྟེན་དུ་བྱོན་པའི་སྐབས་སུའང་གངས་ཅན་གྱི་ལྗོངས་སུ་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་ཆོས་ཚུལ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་དར་གནས་ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་གནང་བར་བརྟེན། ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་སྟེ་དམ་པའི་ཆོས་ཀྱི་གཞི་ཆ་ཚང་ཚུགས་ཐུབ་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་ལེགས་སྦྱར་གྱི་སྐད་དང་ཚད་མཉམ་པ་བྱུང་བ་སོགས་ཡོངས་རྫོགས་སྤྱན་རས་གཟིགས་ཀྱི་འཕྲིན་ལས་ཀྱི་སྟོབས་ལས་བྱུང་བ་རེད། དེའི་དབང་གིས་ད་ལྟའི་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་དར་ཡུལ་མང་པོ་ཡོད་མོད། མདོ་དང་སྔགས་དང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་བསྡུས་པའི་སངས་རྒྱས་ཀྱི་ཆོས་ཚུལ་ཡོངས་སུ་རྫོགས་པ་ཡིག་ཐོག་ཏུ་ལུང་གི་སྡེ་སྣོད་བཞུགས་པ། དེ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་མ་ཉམས་པར་ཡོད་པ། སངས་རྒྱས་ནས་བཟུང་སྟེ་རང་གི་བླ་མའི་བར་དུ་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་ངག་དེ་ཚོ་མ་ཉམས་པར་བཞུགས་པའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་ཁོ་ན་ཆགས་ཡོད་པ་རེད། དེའི་ཕྱིར་བོད་དུའམ་བོད་ཀྱི་རིགས་རྒྱུད་དུ་སྐྱེས་བ་ཚོས་མ་ཎི་བགྲང་བ་ཡིན་ན། སྤྱན་རས་གཟིགས་དང་སྨོན་ལམ་དང་དམ་ཚིག་དབང་གིས་ཕན་ཡོན་ཆེ་བ་འཐོབ་རྒྱུ་རེད།
སྤྱན་རས་གཟིགས་ཀྱི་མཚན་ཙམ་ལ་བརྟེན་ནས་འཇིགས་པ་བརྒྱད་སོགས་ལས་སྐྱོབ་ཐུབ་པར་གསུངས་ཤིང། ཨོཾམཎིཔདྨེཧཱུཾ་ཞེས་པ་ནི་མ་ཎི་ཡིག་དྲུག་གི་གཟུངས་སྔགས་དེ་རེད། མཚན་སྔགས་འདིའི་དོན་ནི་ཧ་ཅང་གི་རྒྱ་ཆེན་པོ་རེད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཁག་ཏུ་གཟུངས་སྔགས་ཡི་གེ་དྲུག་མ་འདིའི་ནང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་ཡོངས་སུ་རྫོགས་པ་འདུས་པར་གསུངས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་འདིའི་ནང་འདུ་ཚུལ་ཇི་ལྟར་རེད་ཅེ་ན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་གནད་ཐམས་ཅད་བསྡུས་ན་གཞི་ལམ་འབྲས་གསུམ་དང་། ཡང་ན་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་གྱི་རྣམ་བཞག་ཏུ་འདུ་བ་ཡིན། དེ་དག་ཆ་ཚང་མ་ཎི་ཡིག་དྲུག་གིས་བསྟན་པ་ཡིན།
ཨོཾ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དུ་སྔགས་ཐམས་ཅད་ཀྱི་མགོ་འདྲེན་དང་། མགོར་ཨོཾ་མེད་ན་སྔགས་དེ་ཡན་ལག་མ་ཚང་བར་བརྩི། ཨོཾ་ཞེས་པ་ནི་ཡིག་འབྲུ་གསུམ་སྟེ་ཨ་ཨོ་མ་གསུམ་བསྡུས་པའི་སྒྲ་རེད། སྒྲ་དེའི་ཚིག་དོན་ནམ་ངག་དོན་ནི། བོད་སྐད་དུ་རབ་ཏུ་བསྔགས་པ་ཟེར། པྲཎཱམ་གྱི་པྲ་ཞེས་པ་རབ་དང་། ནཱམ་ཞེས་པ་ཕྱག་འཚལ་བའམ་གུས་པའི་དོན་རེད། ཡིག་འབྲུ་གསུམ་གྱིས་གཞིའི་གནས་སྐབས་སུ་སྒྲུབ་པ་པོའི་ལུས་ངག་ཡིག་གསུམ་དང་། ལམ་གྱི་གནས་སྐབས་སུ་ལམ་དུས་ཀྱི་ལུས་ངག་ཡིད་གསུམ། འབྲས་བུའི་གནས་སྐབས་སུ་སངས་རྒྱས་ཀྱི་སའི་སྐུ་གསུང་ཐུགས་གསུམ་མམ་སངས་རྒྱས་ཀྱི་སྐུ་གསུམ་བཅས་མཚོན་པ་རེད། ཡིག་འབྲུ་གསུམ་པོ་ངག་ནས་འདོན་པའི་སྐབས་སུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་གི་ལུས་ངག་ཡིད་གསུམ་ལ་འཇུག་པའི་འཇུག་ངོགས་ལྟ་བུ་རེད།
མཎིཔདྨ་ཞེས་པ་ནི་སྤྱན་རས་གཟིགས་ཀྱི་མཚན་ཡིན། མཎི་ཞེས་པ་ནི་ནོར་བུ། པདྨ་ཞེས་པ་མེ་ཏོག་པད་མ། པདྨ་ཞེས་པའི་ལེགས་སྦྱར་གྱི་མཚན་དེ་བོད་སྐད་ནང་སྒྲ་གཏིང་ཚུགས་པའམ་བླངས་པ་ལྟ་བུ་རེད། སྔོན་གྱི་ལོ་ཙཱ་བ་ཚོས་ཡུལ་གྱི་མིང་དང་། གང་ཟག་གི་མིང་། མེ་ཏོག་གི་མིང་སོགས་དངོས་པོ་བྱེ་བྲག་པའི་མིང་མང་པོ་མ་བསྒྱུར་བར་ལེགས་སྦྱར་གྱི་ཐ་སྙད་བོད་སྐད་དུ་རང་འཇགས་བཞག་ཡོད། དཔེར་ན་ཡུལ་གྱི་མིང་ཝཱརཱཎསཱི་ལ་ཝཱ་རཱ་ཎ་སཱི་དང་། གང་ཟག་གི་མིང་གཽཏམ་ལ་གོའུ་ཏ་མ། མེ་ཏོག་གི་མིང་པདྨ་ལ་པད་མ་ཞེས་འཇོག སྤྱན་རས་གཟིགས་ཀྱི་མཚན་ལ་ནོར་བུ་པདྨ་ཞེས་ཞུ་དགོས་དོན་ནི། ནོར་བུ་ཞེས་པས་ཐབས་སྙིང་རྗེ་ཆེན་པོ་དང་། པདྨ་ཞེས་པས་ཤེས་རབ་མཚོན། ཐབས་ཤེས་ཟུང་འཇུག་ལ་བརྟེན་ནས་སྒྲིབ་གཉིས་སྦྱངས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པར་བསྟན། དེ་ཡང་ཕར་ཕྱིན་ཐེག་པའི་སྐབས་སུ་ཐབས་སྙིང་རྗེ་ཆེན་པོ་མཚོན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་ལྔ་ལ་སོགས་པ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་མཁྱེན་པ་གཉིས་ལ་ཐབས་ཤེས་གཉིས་ཟེར། དེ་ནི་སྔགས་དང་སྦྱར་ན། ནོར་བུ་ཞེས་པ་ཐབས་བདེ་བ་ཆེན་པོ་དང་། པདྨ་ཞེས་པ་ཤེས་རབ་སྟོང་པ་ཉིད་མཚོན། དེ་ཡང་རྒྱུད་སྡེ་བཞི་ཡོད་སྟབས། རྒྱུད་སྡེ་འོག་མའི་སྐབས་སུ་མ་ཎི་པདྨ་ཞེས་པས་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་དང་། སྔགས་བླ་མེད་ཀྱི་སྐབས་སུ་བསྐྱེད་རིམ་དང་རྫོགས་རིམ་མམ། སྒྱུ་ལུས་དང་འོད་གསལ། ཡང་ན་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་མཚོན་པ་ཡིན།
སྤྱན་རས་གཟིགས་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྙིང་རྗེ་ཆེན་པོའི་ངོ་བོ་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བ་དེ་རེད། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་དང་ཐོབ་པའི་སྐབས་གཉིས་ཀར་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་དཔལ་ལྡན་ཟླ་བས་གསུངས་པ་ལྟར་རེད། སངས་རྒྱས་པའི་ལམ་དང་། སངས་རྒྱས་ཀྱི་གོ་འཕང་དེ་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། བརྩེ་བ་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་བྱུང་། བརྩེ་བ་སྙིང་རྗེ་ཆེན་པོས་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་དབང་གིས་གཞན་དོན་སྒྲུབ་འདོད་ཀྱི་འདུན་པའམ་ལྷག་བསམ་སྐྱེས་ཤིང། དེ་ཡང་གཞན་དོན་མཐར་ཕྱིན་པ་ལ་སངས་རྒྱས་ཀྱི་གོ་འཕང་མེད་དུ་མི་རུང་བ་ཡིན་པར་ཤེས་ཏེ། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཞུགས་པ་རེད། སྤྱན་རས་གཟིགས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། བར་དུ་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པར་བསླབས་པ། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་འགྲོ་བའི་དོན་ལྷུན་འགྲུབ་རྒྱུན་མི་ཆད་དུ་མཛད་པ་བཅས་ཆ་ཚང་སྙིང་རྗེ་ཆེན་པོའི་དབང་གིས་བྱུང་བ་རེད། དེར་བརྟེན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ནི་སྙིང་རྗེ་ཆེན་པོ་ལས་ལྷག་པ་མེད། དེ་བཞིན་སྤྱན་རས་གཟིགས་དབང་ཕྱུག་དེ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན་པས། སངས་རྒྱས་ཀྱི་འཕྲིན་ལས་གདུལ་བྱ་ལ་འཇུག་པར་བྱེད་པ་ལ་རླབས་ཆེན་གྱི་མཛད་པ་བསྐྱངས་པར་བརྟེན། ཁོང་གི་མཚན་ལ་ནོར་བུ་པདྨ་ཞེས་གསོལ་བ་རེད། མདོར་ན་ནོར་བུ་པདྨ་ཞེས་པས་ཐབས་ཤེས་གཉིས་ཀྱི་ལམ་ཆ་ཚང་བ་བསྟན་ཅིང་། དེའི་ནང་མ་འདུས་པའི་སངས་རྒྱས་ཀྱི་ཆོས་ཚུལ་མེད་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་ཡོངས་རྫོགས་འདུ་སྟངས་དེ་ལྟར་རེད།
ཧཱུཾ་ཞེས་པ་ནི་སྐུལ་ཚིག་ལྟ་བུ་རེད། པདྨ་ལ་པདྨེ་ཞེས་ཨེ་སྒྲ་སྦྱར་བ་ནི་འབོད་སྒྲ་ལྟ་བུ་ཞིག་རེད། ཨོཾམཎིཔདྨེཧཱུཾ་ཞེས་པ་བོད་སྐད་དུ་ཐད་ཀར་བསྒྱུར་ན། ཀྱེེ་ནོར་བུ་པདྨ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅེས་པའི་དོན་རེད། དེ་ཡང་ཨོཾ་ཞེས་པ་སྔགས་ཀྱི་མགོ་བརྗོད་དང། མ་ཎི་པདྨ་ཞེས་པ་སྤྱན་རས་གཟིགས་ཀྱི་མཚན། པདྨའི་སྟེང་གི་ཨེ་དེ་འབོད་སྒྲ། ཧཱུཾ་ཞེས་པ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅེས་པའི་དོན་དང་། དེ་བཞིན་གསོལ་བ་འདེབས་པ་དང་སྔགས་ཀྱི་མཇུག་བསྡུ་བའང་མཚོན། དེ་ནི་ཡིག་དྲུག་གི་དོན་ཤིན་ཏུ་མདོར་བསྡུས་ཙམ་ཞུས་པ་ཡིན།
གཞན་ཡང་མ་ཎི་ཡིག་དྲུག་དེས་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་གནས། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ། རྣམ་པར་སྣང་མཛད་བཅས་རྒྱལ་བ་རིགས་ལྔ་དང་། རིགས་དྲུག་པ་རྡོ་རྗེ་འཆང་བཅས་མཚོན་པ་དང་། སངས་རྒྱས་ཀྱི་སའི་ཡེ་ཤེས་ལྔ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་བཅས་ཡེ་ཤེས་དྲུག་མཚོན་པ་སོགས་་མཚོན་དོན་ཧ་ཅང་མང་པོ་ཡོད། དེའི་དོན་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་བློར་མ་ངེས་ནའང་། མཚན་སྔགས་འདོན་སྐབས་ནོར་བུ་པད་མ་འཛིན་པའི་སྤྱན་རས་གཟིགས་ཀྱིས་དངོས་གྲུབ་སྩོལ་ཅེས་བསམ་ན་དེས་གོ་ཆོད་པ་རེད།
སྤྱན་རས་གཟིགས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པར་བརྟེན། མཚན་ལའང་ནོར་བུ་པད་མ་ཞེས་གསོལ་བ་བཞིན་སྐུའི་ཕྱག་མཚན་ལའང་ནོར་བུ་དང་པད་མས་བརྒྱན་ཡོད། སྤྱིར་སྤྱན་རས་གཟིགས་ལ་ཞལ་གཅིག་ཕྱག་གཉིས་ནས་བཟུང་སྟེ་ཕྱག་སྟོང་སྤྱན་སྟོང་གི་བར་དུ་ཞི་ཁྲོ་སོགས་ཀྱི་སྐུའི་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། སྔགས་ཀྱི་དབང་དུ་བྱས་ན་རྒྱུད་སྡེ་བཞི་སོ་སོའི་ཁོངས་སུ་གཏོགས་པའི་སྤྱན་རས་གཟིགས་ཀྱི་ཆོས་ཚུལ་མང་པོ་དང་། བོད་གངས་ཅན་གྱི་ལྗོངས་སུ་དག་སྣང་དང་གཏེར་མ་སོགས་སུའང་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཧ་ཅང་མང་པོ་བཞུགས། ཆོས་སྐོར་དེ་དག་ནང་སྤྱན་རས་གཟིགས་ཀྱི་མཚན་ལ་པད་དཀར་འཆང་བ་ཞེས་གསོལ་ཞིང་། སྤྱན་རས་གཟིགས་ཕྱག་བཞི་པ་ལྟ་བུར་མཚོན་ན། མདུན་གྱི་ཕྱག་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་བའི་དཀྱིལ་དུ་ནོར་བུ་དང་། རྒྱབ་ཀྱི་ཕྱག་གཡས་ལ་ཕྲེང་བ། གཡོན་དུ་མེ་ཏོག་པདྨ་བསྣམས་པ། སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་ལྟ་བུར་མཚོན་ན། པད་མ་དང་ནོར་བུས་ཕྱག་མཚན་ལྡན་པ་རེད།
དེ་ལྟ་བུའི་གཟུགས་སྔགས་ཀྱི་དོན་དང་སྐུའི་རྣམ་འགྱུར་ཡིད་ལ་བཅངས་ཏེ་དད་པ་དང་ལྡན་པའི་ཐོག་ནས་གཟུང་སྔགས་བགྲང་ཚེེ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་། དེའི་ཕན་ཡོན་གསུངས་པའི་སངས་རྒྱས་ཀྱི་མདོ་རྒྱུད་ཧ་ཅང་མང་པོ་བཞུགས། དཔེར་ན། བོད་དུ་ཐོག་མར་བསྒྱུར་བའི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ལྟ་བུ་རེད། མདོ་སྡེ་ཟ་མ་ཏོག་དང་། པད་མའི་ཅོད་པཎ་ཅན་གྱི་རྒྱུད། ཡི་གེ་དྲུག་པའི་མདོ། དམ་ཆོས་པད་དཀར་སོགས་དང་། བོད་རང་གི་བསྟན་བཅོས་མ་ཎི་བཀའ་འབུམ་སོགས་གཟིགས་ན་མ་ཎིའི་ཕན་ཡོན་རྒྱ་ཆེར་མཁྱེན་ཐུབ།
འདིར་ཕན་ཡོན་མདོ་ཙམ་དམ་ཆོས་པད་དཀར་གྱི་ལེའུ་ཉེར་བཞི་པའི་ནང་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སངས་རྒྱས་ལ་སྤྱན་རས་གཟིགས་ཀྱི་མཚན་དོན་དང་ཕན་ཡོན་བཀའ་འདྲི་ཞུ་སྐབས། སངས་རྒྱས་ཀྱིས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ཀྱི་མཚན་ནས་སྨོས་པ་དང་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ནས་སྨོས་པའི་ཕན་ཡོན་དང་བསོད་ནམས་མཉམ་པ་ཡིན་ཞེས་གསུངས། དེ་ནི་ཚད་གཞག་ས་དེ་ཧ་ལས་པའི་ཆེན་པོ་རེད། གང་གི་དྲུང་དུ་ཐུགས་བསྐྱེད་པའི་སངས་རྒྱས་དེས་མཚན་བྱིན་གྱིས་རླབས་པའི་དབང་གིས་སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་སྨོས་པའི་བསོད་ནམས་དང་ཕན་ཡོན་ཆེ་ཚུལ་དེ་ལྟར་རེད། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་འཕགས་བསྟོད་དུའང། ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང་།། སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས།། གསུངས་པ་ལས་ཕན་རླབས་ཆེ་ཆུང་མཁྱེན་ཐུབ།
གཞན་ཡང་མ་ཎི་བཀའ་འབུམ་སོགས་ནས་གསུངས་པའི་མཚན་སྔགས་བཏོན་པའི་ཕན་ཡོན་མདོར་བསྡུས་ཙམ་ཞུས་ན། མཚན་སྔགས་འདོན་པའི་ཕན་ཡོན་ལ་ཕྱོགས་གཉིས་ནས་བལྟ་དགོས་ཤིང་། དེ་ནི་སྡིག་སྒྲིབ་སྦྱོང་བ་དང་བསོད་ནམས་གསོག་པའི་ནུས་པ་ཇི་ཙམ་ཡོད་མེད་རེད། སྡིག་པ་སྦྱོང་ཚུལ་ནི། མཚམས་མེད་ལྔ་དང་། སོ་ཐར་གྱི་ཕམ་པ་འཆབ་བཅས་བྱུང་བ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཙོངས་པ་སོགས་ཀྱི་སྡིག་པ་ཚབས་ཆེ་རྣམས་ཀྱི་འདག་ཐུབ་པ་རེད། བསོད་ནམས་གསོག་ཚུལ་ནི། གངྒཱི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་མཚན་སྨོས་པ་དང་སྤྱན་རས་གཟིགས་གཅིག་པུའི་མཚན་སྨོས་པ་གཉིས་ཀྱི་བསོད་ནམས་ཆེ་ཆུང་མཚུངས་པ་དང་། དེ་བཞིན་མ་ཎི་ཡིག་དྲུག་བགྲང་བ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་རྫོགས་པར་གསུངས་ཤིང་། དེ་ཡང་ཨོཾམཎིཔདྨེཧཱུཾ་ཞེས་པའི་ཡི་གེ་དྲུག་པོ་རེ་རེས་སྦྱིན་པའི་ཕར་ཕྱིན་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན་བཅས་ཀྱི་ཉམས་ལེན་རྫོགས་པ་དང་། དེ་བཞིན་ཡིག་དྲུག་བཟླས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ། ནད་གདོན་ཞི་བའི་དངོས་གྲུབ། ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ། ཟས་ནོར་འཕེལ་ཞིང་སྐྱེས་འགྲོ་དབང་དུ་བསྡུ་བའི་དངོས་གྲུབ། དགྲ་བགེགས་གནོད་བྱེད་ཚར་གཅོད་པའི་དངོས་གྲུབ་སོགས་ཐོབ། དེ་ནས་ཉོན་མོངས་སྤང་བའི་དབང་དུ་བྱས་ན། ཡིག་དྲུག་བགྲང་བས་རྩ་བའི་ཉོན་མོངས་དྲུག་དང་། དེ་ལས་བྱུང་བའི་འཇིགས་པ་དྲུག་སེལ་ཐུབ། དེ་ལྟར་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕན་ཡོན་རྣམས་བསམས་ཏེ། ཞར་དང་ཞོར་ལ་མ་ཎི་ཚར་རེ་འདོན་ཐུབ་ན་ཧ་ཅང་སྐལ་བ་བཟང་པོ་རེད།
མ་ཎི་འདོན་ཚུལ་ལའང་རྣམ་པ་སྣ་ཚོགས་ཤིག་ཡོད་མོད། ལྕོགས་ན་སྤྱན་རས་གཟིགས་ཀྱི་བདག་སྐྱེད་དང་། བསྙུང་གནས་ཀྱི་ཆོ་ག་སོགས། སྤྱན་རས་གཟིགས་སྒྲུབ་ཐབས་ཀྱི་ལྷ་ཡི་རྣལ་འབྱོར་གྱི་ཆོ་ག་ལ་བརྟེན་ནས་མཚན་སྔགས་གསོག་པ་དང་། མཚན་སྔགས་གསོག་སྐབས་ཀྱང་རིམ་གཉིས་ཀྱི་ཉམས་ལེན་ལ་སྦྱར་ནས་འགྲོ་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བ་སྨོས་མ་དགོས། ཡི་གེ་འབྲི་ཀློག་མི་ཤེས་མཁན་ཚོས་ཆོ་ག་སོགས་ཀྱི་སྒོ་ནས་མི་ཡོང་ནའང་། མ་ཎི་འདོན་མི་ཤེས་མཁན་མེད་པ་ལྟ་བུ་རེད། གལ་ཏེ་བྱུང་ན་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར་རྒྱས་བསྡུས་སྣ་ཚོགས་ཡོད་པ་ལས་གཅིག་ཉམས་སུ་ལེན་ཐུབ་ན་གང་ལེགས་ཀྱང་། དེ་ལྟར་མ་བྱུང་ནའང་སྤྱན་རས་གཟིགས་མདུན་གྱི་ནམ་མཁའ་དང་སྤྱི་གཙུག་གང་རུང་དུ་བླ་མ་དང་དབྱེར་མེད་དུ་བསྒོམས་ཏེ་མ་ཎི་བཏོན་དགོས། དེ་ཡང་མ་ནུས་པ་ཡིན་ན། སྐྱོན་གྱིས་མ་གོས་སྐུ་མདོག་དཀར།། རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན།། ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས།། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཡང་ན། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞེས་བཏོན་ནས་མ་ཎི་གསོག་དགོས། དེ་ཡང་ཕྲེང་བར་གྲངས་ཀ་བརྒྱབ་ན་འགྲིག་ལ་མ་བརྒྱབ་ཀྱང་འགྲིག གང་ལྟར་ཁོམ་ཚད་ལ་བཏོན་ན་བཟང། གྲངས་ཀ་བརྩི་རྒྱུ་དེ་བསྙེན་པ་གཏོང་མཁན་དང་རྗེས་སུ་ཡི་རངས་སྒོམ་ཆེད་ཡིན་པ་ལས། ངེས་པར་དུ་མ་ཎི་གསོག་སྐབས་ཕྲེང་བ་དགོས་པ་དང་གྲངས་ཀ་བརྒྱབ་དགོས་པའི་ངེས་པ་མེད། གལ་ཏེ་མ་ཎི་འདོན་བཞིན་གཉིད་ཁུག་སོང་ན་གཉིད་དེའང་དགེ་བར་འགྱུར་ཁྱད་ཡོད། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་གི་སྐབས་སུའང་འདོན་བདེ་ཤོས་ནི་མ་ཎི་ཡིག་དྲུག་དེ་རེད། ཁ་ཤས་ཀྱིས་ཨོཾམཎིཔདྨེཧཱུཾཧྲཱི་ཞེས་ཡི་གེ་བདུན་འདོན་སྲོལ་ཞིག་ཀྱང་འདུག འོད་དཔག་མེད་དང་སྤྱན་རས་གཟིགས་ཟུང་འབྲེལ་གྱིས་སྒྲུབ་པའི་ཆོ་གའི་སྐབས་སུ་འོད་དཔག་མེད་ཀྱི་སྙིང་པོའི་ཧྲཱི་ཡིག་དེ་ཡིག་དྲུག་གི་མཐར་སྦྱར་ནས་ལྷན་ཐབས་སུ་འདོན་པ་ཡོད། དེ་མིན་སྤྱན་རས་གཟིགས་ཀྱི་མཚན་སྔགས་ནི་ཡོངས་གྲགས་མདོ་རྒྱུད་ཚང་མའི་ནང་གསལ་བ་ནི་ཡིག་དྲུག་རང་ཡིན། དེ་ལྟར་བཏོན་རྗེས་མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག།། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག །ཅེས་སེམས་ནང་མ་ཎི་བཏོན་པའི་དགེ་བ་འདི་ལ་བརྟེན་ནས། སྤྱན་རས་གཟིགས་འགྲུབ་སྟེ་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་དུ་འགོད་པར་ཤོག་ཅེས་སྨོན་ལམ་བཏབ་ནས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།། སྐྱེས་པ་ཉམས་པ་མེད་པ་ཡང།། གོང་ནས་གོང་དུ་འཕེལ་བར་ཤོག།།ཅེས་བཏོན་ན། སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་པས། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པར་ཧ་ཅང་ཕན་ལ་སྦྱོར་དངོས་རྗེས་གསུམ་ཚང་བའང་ཆགས་ཡོད། དེ་ཡང་ལས་དང་སྨོན་ལམ་གྱི་དབང་གིས་མ་ཎི་དེ་ཚེ་འདི་སྣང་གི་ཀུན་སློང་གིས་འདོན་མཁན་ཧ་ཅང་ཉུང་ཉུང་རེད། གཞན་རྣམས་ཚེ་འདི་སྣང་དང་འདྲེས་པ་ཧ་ཅང་མང་པོ་རེད། དཔེར་ན་སྒྲོལ་མ་ལྟ་བུ་ཡིན་ན་ཚེའི་བར་ཆད་ཞི་བ་དང་ཚོང་ལམ་འགྲོ་ཡོང་བ་སོགས་ཀྱི་ཆེད་དུ་འདོན་མཁན་ཡང་མང་པོ་རེད། དེས་ན་མ་ཎི་འདོན་པའི་སྐབས་སུ་ཀུན་སློང་སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། མཐའ་མར་བསྔོ་བས་རྒྱས་འདེབས་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་དུ་བྱིས་པའི་སྐབས་ནས་མ་ཎི་རང་བཞིན་གྱིས་འདོན་ཤེས་པ་ནི་སྤྱན་རས་གཟིགས་དང་ལས་སྨོན་གྱི་འབྲེལ་བ་ཡོད་པའི་རྟགས་མཚན་རེད། དེས་ན་ཚང་མས་མ་ཎི་གསོག་ཐུབ་ན་ཧ་ཅང་དགེ་མཚན་ཆེ།
(འདི་ནི་ ༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡོངས་སུ་མཆེད་དེ་མི་རྣམས་ཁྱིམ་སྡོད་བཀའ་རྒྱའི་འོག་ཡོད་པའི་སྐབས་དེར་དོན་གཉེར་ཅན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༢༠ ཟླ་ ༨ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལས་དང་པོ་བ་རྣམས་ཀྱི་ཆེད་དུ་བརྙན་ལམ་བརྒྱུད་སྤྱན་རས་གཟིགས་མ་ཎི་ཡིག་དྲུག་གི་ཕན་ཡོན་དང་འགྲེལ་བཤད་སྐོར་མདོར་བསྡུས་ཆུ་ཚོད་ཕྱེད་ཙམ་རིང་གསུངས་པ་ཞིག་ཡིན། ཡིག་འབེབས་པ་ནི་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)