༈ དྷ་ས་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཚོར་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་གནང་བའི་གསུང་བཤད།

༢༠༠༧ ཕྱི་ཟླ་ ༡ ཚེས་ ༣ ཉིན།

༄༅།། དེ་རིང་ཁྱེད་རང་ཚོ་འདིར་ཟབ་སྦྱོང་ལ་ཕེབས་ཐུབ་པ་དང་ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་གོ་སྒྲིག་གནང་ཐུབ་པ་འདི་ཡག་པོ་བྱུང་འདུག བཙན་བྱོལ་བོད་གཞུང་བཀའ་ཤག་དང་། ང་རང་སྒེར་གྱི་ངོས་ནས་ཁྱེད་རང་ཚོ་ཚང་མ་ལ་དགའ་བསུ་འཚམས་འདྲི་དང་། ལྷག་པར་དུ་ཕྱི་ལུགས་ཀྱི་ལོ་གསར་ཡིན་ཙང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ནས་ཤེས་ཡོན་གྱི་གནས་ཚད་དང་མཐུན་རྐྱེན་གྱི་ཆ་ནས་དྲག་ཤོས་གྲས་སུ་བརྩི་གི་ཡོད། བར་ལམ་ཞིག་ནས་ཕ་མ་ཚོས་ཕྲུ་གུ་སློབ་གྲྭ་གཞན་ལ་མ་བཅུག་པར། ངེས་པར་དུ་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནང་ཚུད་ཐུབ་པའི་ཐབས་ཤེས་བྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་ཡོད། དེ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད། དེ་འདྲ་ཡིན་དུས་མ་འོངས་པ་ལའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་ཀྱི་ཤེས་ཡོན་སྲིད་བྱུས་ཇི་མ་ཇི་བཞིན་ལག་བསྟར་བྱེད་པའི་སྐབས་སུའང་མདུན་བསྐྱོད་བྱེད་ཐུབ་པ་ཞིག་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད།

གནའ་སྔ་མོ་ནས་༸སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་སྔ་རྗེས་གནང་བ་ལ་བརྟེན་ནས་འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་དུ་སློབ་དེབ་རྣམས་བོད་སྐད་དུ་བསྒྱུར་བ་དེའང་བོད་ཕྲུག་ཁྱིམ་སྡེས་ཐུགས་འགན་གཙང་མ་བཞེས་ནས་བྱུང་བ་ཞིག་རེད། དེ་ནས་སློབ་གྲྭ་གཞན་པའི་ནང་དུའང་རིམ་པས་བྱུང་བ་ཞིག་རེད། དེ་བཞིན་ཤེས་ཡོན་སྲིད་བྱུས་ལག་ལེན་བྱེད་པའི་སྐབས་སུའང་ཁྱེད་རང་ཚོས་མདུན་བསྐྱོད་ཐུབ་པ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད། ལྷག་པར་དུའང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་ནང་དེང་སང་བོད་ནས་གསར་དུ་འབྱོར་བའི་སློབ་ཕྲུག་མང་པོ་ཡོད། དེའང་ཕྱོགས་གཅིག་ནས་བལྟས་ན་ཕ་མ་དང་ནང་མི་ཐག་རིང་པོར་བཞག་ནས་ཆེད་མངགས་སློབ་སྦྱོང་ཆེད་ཡོང་བ་ཞིག་རེད། སྤྱི་ཚོགས་དང་ཆབ་སྲིད་ངོས་ནས་བལྟས་པ་ཡིན་ནའང་། ཁོང་ཚོར་ལྟ་སྐྱོང་དང་སློབ་སྦྱོང་སྤྲོད་རྒྱུ་དེ་རྒྱ་གར་ནང་སྐྱེས་ནས་འཚར་བའི་ཕྲུ་གུ་ལས་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ཚོས་གནང་བཞིན་པའི་ཕྱག་ལས་དེ་ཧ་ཅང་གི་གལ་ཆེན་པོ་རེད། བོད་ཕྲུག་གི་བརྒྱ་ཆ་བརྩི་བ་ཡིན་ནའང་ཧ་ལམ་བརྒྱ་ཆ་བཞི་བཅུ་ཞེ་བདུན་ཞེ་བརྒྱད་ཙམ་ཞིག་བོད་ཕྲུག་ཁྱིམ་སྡེའི་འོག་ཏུ་ཡོད་པའི་སློབ་གྲྭ་ཁག་དང་མ་སུ་རིའི་བོད་ཁྱིམ་ནང་ཡོད་འདུག དེ་མིན་དབུས་བོད་སློབ་འཛིན་ཚོགས་དང་། སཾ་བྷོ་ཊ། གངས་ཅན་བདེ་རྩ་སོགས་སུ་ཕྱེད་ཀ་ལྷག་ཞིག་ཡོད། སློབ་ཕྲུག་གི་ངོས་ནས་ཡིན་ནའང་བོད་ཕྲུག་ཁྱིམ་སྡེ་ནི་སློབ་ཕྲུག་མང་ཤོས་ཡོད་སའི་སློབ་གྲྭ་ཞིག་ཆགས་ཡོད། བྱས་ཙང་ཁྱེད་རང་ཚོའི་ངོས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ཐོག་ལ་ཐུགས་འགན་བཞེས་ཐུབ་ན་དངོས་གནས་ཕན་ཐོགས་དང་འགྱུར་བ་ཆེན་པོ་ཞིག་ཡོང་ཐུབ་ཀྱི་རེད།

ད་ལྟ་ཤེས་རིག་འགན་འཛིན་གྱིས་ “་ཟབ་སྦྱོང་ག་ཚོད་སྤྲད་པ་ཡིན་ནའང་འགྱུར་བ་གང་ཡང་ཕྱིན་མི་འདུག་” ཅེས་གསུངས་པ་དེ་ང་ཚོ་འདོད་པ་ཆེ་དྲགས་པ་རེད། ལམ་སེང་མིག་གིས་མཐོང་རྒྱུ་ཡོད་པ་དང་ལག་པས་གཟུང་རྒྱུ་ཡོད་པའི་འགྱུར་བ་ཞིག་ལ་རེ་བ་བརྒྱབ་ན་འགྲིག་གི་མ་རེད་བསམ་གྱི་འདུག ས་བོན་ཞིག་ས་འོག་ལ་བཏབ་ཚར་དུས་དེ་རང་སར་འཇོག་དགོས་པ་རེད་མ་གཏོགས། ཉིན་ལྟར་ཆུ་བླུག་ས་སྔོག་བྱེད་ན་སྐྱེ་མི་ཐུབ། ཟབ་སྦྱོང་སྤྲད་ནས་ག་ལེར་བསམ་བློ་འགྱུར་བ་འགྲོ་རྒྱུ་ཞིག་རེད། མངོན་གསལ་དོད་པོ་མེད་པའི་ཐོག་ནས་འགྱུར་བ་འགྲོ་བ་རེད་མ་གཏོགས། དེ་རིང་ཟབ་སྦྱོང་སྤྲད་དེ་སང་ཉིན་གོས་བརྗེ་བ་བཞིན་ཡོང་རྒྱུའི་རེ་བ་བྱེད་ན། ང་ཚོ་འདོད་རྔམས་ཚ་དྲགས་པ་རེད་ལ། དེའི་ཐོག་ནས་ཡར་རྒྱས་ཆེན་པོ་ཞིག་ཡོང་ཁག་པོ་རེད།

ཤིང་གི་སྐྱེས་ཚད་ལྟ་བུ་ལ་མཚོན་པ་ཡིན་ནའང་། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚོད་རིམ་ཅན་ཞིག་ནས་ག་ལེར་སྐྱེ་དགོས་ཀྱི་རེད་མ་གཏོགས། དེ་རིང་ས་བོན་བཏབ་ནས་སང་ཉིན་ཤིང་སྡོང་ཆ་ཚང་ལོངས་པ་ཞིག་ཡོང་ཐབས་མེད། ལྷག་པར་དུའང་ང་ཚོ་བོད་ནས་སྐྱབས་བཅོལ་དུ་འབྱོར་སྐབས་དངོས་གནས་གོས་ལོག་བརྗེ་བ་བཞིན་བོད་ཀྱི་ཤེས་ཡོན་གྱི་ལམ་སྲོལ་རྙིང་པ་ཆ་ཚང་ཅམ་བཞག་གིས་རྒྱ་གར་ནང་ལོཌ་མེ་ཀོ་ལེ་ (Lord Macaulay) ཡིས་བཟོས་པའི་ཤེས་ཡོན་གྱི་ལམ་སྲོལ་ཆ་ཚང་ཡོད་པ་དེའི་ནང་ཧོབ་སྟེ་འཛུལ་བ་རེད། དེ་ནས་ད་བར་ལོ་བཞི་བཅུ་ཞེ་གྲངས་རིང་གི་བག་ཆགས་གཏིང་ཟབ་མོ་ཞིག་ཆགས་ཡོད་པ་དེ་ལོ་གཅིག་གཉིས་ནང་འགྲོལ་ཐུབ་ཐབས་མེད། ཟབ་སྦྱོང་ཡིན་ནའང་ཐེངས་གཅིག་མ་ཡིན་པར་ཡང་ཡང་སྤྲོད་དགོས་ཀྱི་རེད། དེ་ནས་ག་ལེར་འགྱུར་བ་འགྲོ་དགོས་པའི་གནས་སྟངས་ཤིག་རེད། ཏན་ཏན་འགྱུར་བ་འགྲོ་ཐུབ་ཀྱི་རེད། གང་ལྟར་འགྱུར་བ་འགྲོ་ཐུབ་པ་ཞིག་དང་། འགྱུར་བ་འགྲོ་དགོས་ངེས་ཤིག་ལ་ཡིད་ཆེས་བྱས་ཏེ་ཤེས་ཡོན་སྲིད་བྱུས་འདི་འདྲ་ཞིག་གཏན་ལ་ཕབ་པ་རེད། ལྷག་པར་དུའང་འགྱུར་བ་ཞེས་པ་དེ་ཤེས་ཡོན་གྱི་ཐབས་ལམ་དང་བསམ་བློ་གཏོང་སྟངས་ཐོག་ལ་རེད་མ་གཏོགས། སྒྲོམ་གཞིའི་ཐོག་འགྱུར་བ་གཏོང་དགོས་པ་མང་པོ་མེད། ང་ཚོ་རྒྱ་གར་ནང་བསྡད་པའི་རིང་ལ་སྒྲོམ་གཞི་དེ་མ་འཁྱེར་ཐབས་མེད་རེད།

ཤེས་ཡོན་སྲིད་བྱུས་ནང་གལ་ཆེ་ཤོས་དེ་གང་རེད་ཅེ་ན། དོན་ཚན་གཉིས་པ་ཤེས་ཡོན་གྱི་ངོ་བོ་དེ་རེད། ཤེས་ཡོན་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་དོན་ཚན་གསུམ་པ་ཤེས་ཡོན་གྱི་དགོས་པ་དེ་རེད། སྤྱིར་བཏང་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་ཤེས་ཡོན་གྱི་དགོས་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་དགོས་པ་ག་འདྲ་ཞིག་ཆགས་ཀྱི་ཡོད་པ་རེད། དེའི་གནས་ཚུལ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། དེ་ནས་དོན་ཚན་བཞི་པ་ཤེས་ཡོན་གྱི་ངོས་འཛིན་དེ་རེད། དེ་ནི་སྲོལ་རྒྱུན་གྱི་ཤེས་ཡོན་ཞེ་ན་གང་རེད། དེང་རབས་ཀྱི་ཤེས་ཡོན་ཞེ་ན་གང་ཡིན་པ་དེ་བསྟན་གྱི་ཡོད། དེ་ནས་དོན་ཚན་ལྔ་པ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་དེ་རེད། ང་ཚོའི་བསམ་ཚུལ་ནང་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ནི་སློབ་སྦྱོང་བྱེད་མཁན་གང་ཟག་དེའི་འཚོ་ཐབས་དང་ལས་ཀར་དམིགས་པ་དེ་ལ་འགྱུར་བ་ཆེན་པོ་ཞིག་བཏང་ནས་དམིགས་ཡུལ་གཞན་ཞིག་འཛིན་གྱི་ཡོད། དེ་ནས་དོན་ཚན་དྲུག་པ་ཤེས་ཡོན་གྱི་ལམ་སྲོལ་དེ་རེད། ཤེས་ཡོན་གྱི་ལམ་སྲོལ་ག་འདྲ་ཞིག་གི་ཐོག་ལ་ང་ཚོ་འགྲོ་གི་རེད་ཅེས་པ་དེ་རེད། དེ་ཡང་དོན་ཚན་གཉིས་པ་ནས་དོན་ཚན་དྲུག་པའི་བར་གྱི་དོན་ཚན་ལྔ་པོ་ཤེས་ཡོན་སྲིད་བྱུས་ཀྱིི་སྙིང་པོ་ལྟ་བུ་དེ་རེད།  དེ་ཡག་པོ་ཞིག་ཐུགས་ལ་འཇགས་ན། དེ་མན་ཆད་རྒྱུགས་སྤྲོད་ཀྱི་ལམ་སྲོལ་དང་ནམ་རྒྱུན་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་སྟངས་ཀྱི་ལམ་སྲོལ་ལ་མི་འདྲ་བ་ཕྲན་བུ་མ་གཏོགས། སྒྲོམ་གཞི་གཞན་རྣམས་གཅིག་མཚུངས་ལྟ་བུ་རེད། དོན་ཚན་ལྔ་པོ་དེ་དགེ་རྒན་དང་། དགེ་ཕྲུག ལས་བྱེད་ཚང་མའི་བསམ་བློའི་ནང་གཞི་རིམ་ལྟ་གྲུབ་ཀྱི་ངོ་བོ་ལ་འཇོག་མ་ཐུབ་ན་ཤེས་ཡོན་སྲིད་བྱུས་ཀློག་པས་ཕན་ཐོགས་མེད་ལ། ཤེས་ཡོན་སྲིད་བྱུས་ལག་ལེན་ཡང་བསྟར་མི་ཐུབ། གང་ལྟར་ཤེས་ཡོན་སློབ་གསོ་དང་འབྲེལ་བ་ཡོད་པའི་དགེ་རྒན་དང་། དགེ་ཆེ། སློབ་སྤྱི། འགན་འཛིན། ལས་བྱེད། ཐ་ན་མ་བྱན་ཡན་ཆད་ཚང་མའི་བསམ་བློའི་ནང་བོད་མིའི་ཤེས་ཡོན་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་དགོས་ཀྱི་ཡོད་པ་དང་། དེའི་དགོས་པ་དང་དམིགས་ཡུལ་ག་རེ་ཡིན་པ། དེ་སྒྲུབ་ཐབས་ག་རེ་ཡིན་པ། དེའི་ལམ་སྲོལ་ག་རེ་ཡིན་པ་བཅས་ཀྱི་གོ་བ་རགས་པ་ཙམ་མེད་ན། ཕྱོགས་ཐམས་ཅད་ནས་དམིགས་ཡུལ་གཅིག་ལ་སྤུང་ཐུབ་པ་ཡོང་ཁག་པོ་རེད། དེར་བརྟེན་ཁྱོན་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་འདུན་ལྟེ་བ་ཟེར་ནའང་རེད། དགོས་འདུན་གཏིང་ཟབ་པ་དེ་ང་ཚོའི་བློ་ཡུལ་ལ་ཆུད་ན། ཕྱིའི་རྣམ་འགྱུར་ལ་འགྱུར་བ་དམིགས་བསལ་མ་ཕྱིན་པ་ཡིན་ནའང་རེད། འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ཡིན་ནའང་རེད། དེས་དེ་ཙམ་གྱིས་གནད་འགག་ཅིག་ཆགས་ཀྱི་ཡོད་པ་མ་རེད།

ང་ཚོས་ཐག་རིང་པོར་བལྟ་མི་དགོས་པར་བོད་མིའི་སྤྱི་ཚོགས་རྐྱང་རྐྱང་གི་ནང་ལ་བལྟས་པ་ཡིན་ན། སྔོན་མ་ང་ཚོ་བོད་དུ་ཡོད་སྐབས་ ༡༩༥༩ སྔོན་གྱི་བོད་པའི་སྤྱི་ཚོགས་ནང་བོད་ཕྲུག་ཅིག་ཡིན་ཕྱིན་སློབ་གྲྭར་ངེས་པར་དུ་འགྲོ་དགོས་པ་དང་ཤེས་ཡོན་སློབ་སྦྱོང་མི་བྱེད་ཐབས་མེད་ཀྱི་ཁྲིམས་དང་སྒྲིག་གཞིའི་ལམ་སྲོལ་གང་ཡང་མེད། དེ་བཞིན་བོད་གཞུང་གི་ངོས་ནས་བོད་མི་མང་ཚོགས་ལ་ཤེས་ཡོན་སྤྲོད་པའི་ལས་འགུལ་གང་ཡང་བྱེད་ཀྱི་མེད། གཞུང་གིས་སློབ་གྲྭ་བཙུག་གི་མེད་ལ། གཞུང་གིས་སློབ་གཉེར་བ་ལ་མཐུན་རྐྱེན་ཡང་སྦྱར་གྱི་མེད། ཡིན་ནའང་ཤེས་ཡོན་གྱི་ལམ་སྲོལ་དེ་སྤྱི་ཚོགས་ནང་ཆུ་དང་བརླན་གཤེར་དང་། མེ་དང་ཚ་བ་བཞིན་རང་བཞིན་གྱིས་གནས་ཡོད་པ་ཞིག་རེད། ཕྱོགས་གཅིག་ནས་བལྟས་པ་ཡིན་ན། བོད་ཁ་བ་ཅན་གྱི་སྤྱི་ཚོགས་ནང་དངོས་གནས་ཡིག་རྨོངས་ཀྱི་མི་འབོར་ཧ་ཅང་མང་པོ་རེད། ཡིན་ནའང་ང་ཚོའི་མི་འབོར་ཉུང་ཉུང་དེའི་ནང་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་པས་མཁས་པ་བསྐྲུན་པ་ནང་བཞིན་གྱི་མཁས་པ་མང་པོ་ཞིག་འཛམ་བུ་གླིང་གི་མི་རིགས་གང་གི་ནང་དུའང་བྱུང་ཡོད་པ་མ་རེད། བོད་པས་ཕྱི་ནང་གི་རིག་པའི་གནས་ལ་ལག་རྗེས་བཞག་པ་ནང་བཞིན་ཞིག་མི་རིགས་གཞན་པ་སུ་གང་གིས་ཀྱང་བཞག་ཡོད་པ་མ་རེད།

ད་ནངས་ང་འདིར་མ་ཡོང་སྔོན་ལ་སྐུ་ཞབས་ཇིན་སིམིཐ་ (Gene Smith) གློ་བུར་དུ་ཐུག་འཕྲད་ཆེད་ཕེབས་སོང་། ཁོང་ནི་རྒྱུན་རིང་པོ་ནས་བོད་ཀྱི་རྩོམ་རིག་དང་རིག་པའི་གཞུང་ལུགས་ཀྱི་ཐོག་ལ་ཕྱག་ལས་མང་པོ་གནང་མཁན་ཞིག་རེད། ཁོང་གིས་བར་ལམ་བོད་ནས་གསར་དུ་རྙེད་པའི་བོད་ཀྱི་མཁས་པ་ཁག་གི་གསུང་འབུམ་དང་གསུང་རྩོམ་གྱི་རིགས་དང་། ལྷག་པར་དུ་ཉེ་ལམ་འབྲས་སྤུངས་སུ་ད་བར་ང་ཚོས་མཇལ་མ་མྱོང་བའི་གསུང་རབ་གང་དང་གང་ཐོན་པ་དེ་དག་གསུང་དུས་དངོས་གནས་ཧ་ལས་པ་ལྟ་བུ་ཞིག་འདུག། ག་དུས་ཡིན་ཡང་ས་ཡ་དྲུག་ལས་མི་མང་བའི་མི་རིགས་ཤིག་གིས་དུས་ཡུན་ལོ་སྟོང་ཕྲག་གཅིག་ཡན་མན་ནང་དེ་འདྲ་བའི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་བཏོན་ཐུབ་པ་དང་། དེ་ཚོའི་ནང་དུའང་བཤད་ཡམས་དང་ཟེར་སྒྲོས་ཙམ་མ་ཡིན་པར་རྒྱ་གར་པཎྜིཏ་ཚོས་ཀྱང་དགོངས་པར་མ་འཁོར་བའི་རིག་པའི་གནས་གསར་ཕྲ་ཞིབ་མང་པོ་ཞིག་གསལ་ཐུབ་པ་བྱུང་ཡོད། དེས་ན་མི་ཉུང་ཉུང་ཞིག་གིས་དུས་ཚོད་ཐུང་ཐུང་ནང་རིག་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གི་ལག་རྗེས་ཇི་ཙམ་བཞག་པ་དེ་ལ་བལྟས་ན་འཛམ་གླིང་ནང་མི་རིགས་སུ་གང་གིས་ཀྱང་དེ་ལ་བསྙབ་ཐབས་མེད།

རྒྱ་གར་ལ་ཆ་མཚོན་ན། མི་དུང་ཕྱུར་ཁ་ཤས་རེད། ལོ་ངོ་སྟོང་ཕྲག་ལྔ་ཡི་ལོ་རྒྱུས་ཡོད་པ་ཧ་ཅང་གསལ་པོ་རེད། དེའི་ནང་བྱུང་པའི་རིག་པའི་གཞུང་ལུགས་ཀྱི་འབོར་དང་། ང་ཚོས་ལོ་སྟོང་ཕྲག་གཅིག་གི་ནང་མི་ཉུང་ཉུང་ཞིག་གིས་བསྐྲུན་པའི་རིག་པའི་གཞུང་ལུགས་ཀྱི་འབོར། དེ་ཡང་སྐད་ཡིག་གཞན་ནས་བསྒྱུར་བ་དང་རང་དབང་ཐོག་རང་གི་སྐད་ཡིག་ནང་གསར་རྩོམ་གཉིས་ཀའི་ཐོག་ནས་ཧ་ལས་པའི་མཁས་པའི་བྱ་བཞག་རླབས་ཆེན་ཞིག་བོད་མི་རིགས་ཀྱིས་བྱས་ཡོད་པ་རེད། དེ་དག་ལ་བལྟས་དུས་ལོ་ལྟར་བོད་པའི་སྤྱི་ཚོགས་ནང་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་ཉུང་མཐར་ཡང་བརྒྱ་ཕྲག་ཁ་ཤས་བོད་ཆོལ་ཁ་གསུམ་ནང་ཐོན་ཡོད་པ་རེད།

ད་ལྟ་ང་ཚོ་བཙན་བྱོལ་ལ་མཚོན་ན། ཤེས་ཡོན་དེ་ང་ཚོའི་སྤྱི་ཚོགས་ཀྱི་ནང་ཡོངས་ཁྱབ་ཆགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་རྒན་རེ་ཟུང་མ་གཏོགས། གསར་དུ་འཚར་ལོངས་བྱུང་བའི་བོད་མིའི་ནང་ཡིག་རྨོངས་ཧ་ལམ་མེད། ཡིག་རྨོངས་མེད་པ་ཙམ་དུ་མ་ཟད། སྐད་ཡིག་གསུམ་བཞི་ཤེས་མཁན་མང་ཆེ་བ་རེད། གཞི་རིམ་སློབ་གྲྭ་འགྲིམས་མཁན་ཞིག་ཡིན་ཕྱིན་བོད་སྐད་ནི་བཤད་མ་དགོས་པ་དང་། ཨིན་ཇི་ཡང་གང་ལ་གང་མཚམས་ཤེས་ཀྱི་ཡོད་པ་རེད། དེ་ནས་སྐད་ཡིག་གསུམ་པ་ཧིནྡཱི་ཡིན་ནའང་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་སྐད་ཡིག་ཡིན་ནའང་རེད། དེ་གཉིས་ལས་གང་ཡང་རུང་བ་ཞིག་ཤེས་ཀྱི་ཡོད་པ་རེད། དེ་དག་ལ་ཕྱོགས་གཅིག་ནས་བལྟས་ན་ང་ཚོའི་ཤེས་ཡོན་དེ་རྒྱ་ཆེ་རུ་ཕྱིན་པ་ལྟ་བུ་ཞིག་དང་། མཐོང་རྒྱ་ཆེ་རུ་ཕྱིན་པ་ལྟ་བུ་ཞིག་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་འདས་པའི་ལོ་བཞི་བཅུ་ཞེ་གྲངས་ཀྱི་རིང་བོད་མི་ན་གཞོན་འབུམ་ཟིན་མ་ཟིན་ཞིག་སློབ་གྲྭ་ནས་ཐོན་ཡོད་པ་རེད་བསམ་གྱི་འདུག དེ་བཞིན་ད་ལྟ་སློབ་གྲྭ་འགྲིམ་བཞིན་པ་ལྟ་བུ་ལ་མཚོན་ན་ཉིས་ཁྲི་བཞི་སྟོང་ཙམ་རེད། ལོ་བཞི་བཅུ་ཞེ་གྲངས་ནང་སློབ་གྲྭ་འགྲིམས་པ་ཡོངས་རྫོགས་བསྡོམས་ན་འབུམ་བརྒལ་གྱི་རེད་བསམ་གྱི་འདུག དེའི་ནང་ནས་དངོས་གནས་སྔོན་མའི་བོད་ཀྱི་མཁས་པ་ནང་བཞིན་རིག་པའི་གཞུང་ལུགས་ཐོག་ལག་རྗེས་འཇོག་ཐུབ་མཁན་ག་ཚོད་བྱུང་ཡོད་པ་རེད། འཛམ་གླིང་ནང་གྲགས་ཅན་གྱི་མཁས་པའི་གྲས་སུ་བརྩི་ཆོག་པ་ག་ཚོད་བྱུང་ཡོད་པ་རེད། གསར་གཏོད་བྱེད་ཐུབ་མཁན་ག་ཚོད་བྱུང་ཡོད་པ་རེད། དགོངས་པ་ཞིག་བཞེས་དང་། དེར་བརྟེན་ད་ལྟའི་གནས་སྐབས་སུ་ཚང་མ་ཤེས་ཙམ་ཤེས་ཙམ་ལྟ་བུ་མ་གཏོགས། མཐར་ཕྱིན་པ་དང་། ཕུ་ཐག་ཆོད་པ། མཁས་པའི་བྱ་བ་རླབས་ཆེན་བྱེད་ཐུབ་མཁན་འཐོན་རྒྱུ་དེ་ཁག་པོ་ཆགས་འདུག དེའི་གནད་འགག་དེ་སློབ་སྦྱོང་གི་ལམ་སྲོལ་དང་དགེ་རྒན་གྱི་བསམ་བློ་ཁྱེར་སྟངས་ཀྱི་ཐོག་ལ་ཏན་ཏན་ཐུག་ཡོད་པ་རེད་བསམ་གྱི་འདུག

བོད་པའི་སྤྱི་ཚོགས་ནང་ཡོད་པའི་ཤེས་རབ་ཀྱི་རྩལ་ཆ་ཚང་ཞིག་འཇལ་བའི་གོ་སྐབས་དེ་སྔ་ཕན་ལ་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་གྱི་ལམ་སྲོལ་དེས་སྤྲད་མ་ཐུབ་པ་དེ་ང་ཚོས་ངོས་འཛིན་གསལ་པོ་བྱེད་ཐུབ་པ་ཞིག་རེད། དེ་མིན་བོད་ནང་ཡོད་པའི་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་གཉིས་པོ་ཆེ་ཆུང་འགྲོ་ཐབས་མེད། དེང་སང་ནུབ་ཕྱོགས་པའི་བཤད་སྟངས་བཞིན་བྱེད་ན་རིགས་རྒྱུན་ས་བོན་ (Gene) དེ་གཅིག་པ་རེད། བོད་མིའི་རིགས་རྒྱུན་ས་བོན་དེ་བོད་ལ་ཡོད་སྐབས་ཀྱི་རིགས་རྒྱུན་ས་བོན་དང་ད་ལྟ་ཡོད་པའི་རིགས་རྒྱུན་ས་བོན་གཉིས་ལ་འགྱུར་བ་གང་ཡང་སོང་མེད།

སིཡཱ་ཅཱིན་ (Siachen) ལ་ས་སྲུང་སྡོད་མཁན་མང་ཆེ་བ་ང་ཚོ་བོད་པའི་དམག་མི་རེད། གྲང་བ་ལ་ཁ་གཏད་གཅོག་རྒྱུ་དེ་བོད་པའི་གཟུགས་གཞིའི་ནང་ཡག་པོ་ཡོད་པས་རེད། ངས་རྒྱ་གར་བ་ཚོར་སྔོན་མ་བོད་ལ་སྐྱེས་པའི་བོད་དམག་དེ་སིཡཱ་ཅཱིན་ལ་སྡོད་དུས་དཀའ་ལས་ཆུང་བ་དང་། ད་ལྟ་རྒྱ་གར་ནང་སྐྱེས་པའི་བོད་དམག་དེ་ཚོ་སིཡཱ་ཅཱིན་ལ་སྡོད་དུས་དཀའ་ལས་ཆེ་བ་ཡོང་གི་འདུག་གམ་ཞེས་དྲིས་པ་ཡིན། ཁོས་ཚོས་ཁྱད་པར་མི་འདུག གཅིག་པ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་གར་གྱི་མི་དང་རྒྱ་གར་ལྷོ་ཕྱོགས་སུ་སྐྱེས་པའི་བོད་མི་གཉིས་པོ་དེ་སིཡཱ་ཅཱིན་ལ་སྡོད་དུས་གྲང་ངར་ཐུབ་སྟངས་ལ་ཁྱད་པར་ཆེན་པོ་འདུག  འོན་ཀྱང་བོད་དུ་སྐྱེས་པའི་བོད་མི་དེ་ཚོ་དང་རྒྱ་གར་དུ་སྐྱེས་པའི་བོད་མི་ཚོའི་བར་ཁྱད་པར་གང་ཡང་མི་འདུག་ཅེས་གསུང་གི་འདུག གལ་ཏེ་སྐྱེ་ས་དེས་ཁྱད་པར་འགྲོ་ན་གྲང་ངར་ཐུབ་སྟངས་ལའང་ཁྱད་པར་ཞིག་འགྲོ་རྒྱུ་རེད། དེ་ལྟར་རྒྱ་གར་བ་དང་གཅིག་པ་མི་ཆགས་པ་དེ་ང་ཚོའི་རིགས་རྒྱུན་ས་བོན་ནམ་རུས་དེ་གཅིག་པ་ཆགས་ཡོད་པ་རེད། ང་ཚོའི་རྣམ་དཔྱོད་ཀྱི་རྩལ་དེའང་བོད་པའི་རུས་ལ་ཡོད་པའི་རྣམ་དཔྱོད་ཀྱི་རྩལ་དེ་རང་འཇགས་བསྡད་དགོས་ཀྱི་རེད་མ་གཏོགས། རྒྱ་གར་ནང་སྐྱེས་པའི་རྒྱུ་མཚན་ལ་བརྟེན་ནས་རྣམ་དཔྱོད་ཀྱི་རྩལ་ཆུང་དུ་འགྲོ་བའི་གནས་སྟངས་ཤིག་རྩ་བ་ཉིད་ནས་མེད།

དེར་བརྟེན་ང་ཚོས་ངེས་པར་དུ་ཤེས་ཡོན་གྱི་ལམ་སྲོལ་ཐོག་བསྐྱར་དུ་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། དེ་ལྟར་ཤེས་ཡོན་སྲིད་བྱུས་གསར་པ་གཏན་ལ་ཕབ་དགོས་པའི་བསམ་ཚུལ་དེ་བྱུང་བ་རེད།  ད་ལྟ་ང་ཚོས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་འདིའི་ནང་གཞི་རྐང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་ཤེས་ཡོན་ཐོག་གནང་བའི་བཀའ་སློབ་དེ་ཚོ་གཞི་རྩར་བཟུང་། དེའི་ཐོག་ལ་ནང་དོན་རིག་པའི་ནང་དུ་ཤེས་ཡོན་སྐོར་གཞི་རིམ་གྱི་ལྟ་གྲུབ་ཡོད་པ་དེ་ཚོའང་ཁ་བསྐངས། ལྷག་པར་དུའང་རྒྱ་གར་ནང་བར་ལམ་ཞིག་ལ་ཤེས་ཡོན་ལམ་སྲོལ་ཐོག་ཚོད་བལྟ་མང་པོ་གནང་བ་དེ་དག་ལས་ཀྱང་ལེགས་ཆ་བླངས་ཡོད།

དཔེར་ན་ཤྲཱི་ཨརབིནྡ་གྷོཥ་ (Sri Aurobindo Ghosh) ཞུ་བ་དེ་བངྒཱལ་གྱི་མི་ཚང་ཆེན་པོ་ཞིག་གི་སྲས་སུ་འཁྲུངས་པ་རེད། དེ་དུས་རྒྱ་གར་གྱི་མི་ཆེན་ཚོས་རྒྱ་གར་གྱི་གཤིས་ཀ་མ་འཇགས་པར་ཨིན་ཇིའི་གཤིས་ཀ་འཇགས་པའི་ཐབས་ལམ་བྱེད་པའི་སྐབས་ཤིག་རེད། གང་ལགས་ཤེ་ན། ཨིན་ཇིའི་གཤིས་ཀ་འཇགས་ན་མི་ཆེན་པོའི་གྲལ་དུ་ཚུད་ཐུབ་པ་དང་། རྒྱ་གར་གྱི་གཤིས་ཀ་འཇགས་ན་མི་ཕལ་པའམ་ཐབས་ཆག་གི་གྲལ་དུ་ཚུད་ཀྱི་ཡོད་ཙང་། ཁོང་གི་ནང་མི་ཚོས་ཤྲཱི་ཨརབིནྡ་གྷོཥ་གསོ་སྐྱོང་མ་བྱས་པར། ཨིན་ཇིའི་མ་མ་ཚོ་བཀོལ་ནས་རྦད་དེ་ཨིན་ཇི་གཙང་མ་ཞིག་ཆགས་རྒྱུའི་འབད་བརྩོན་བྱས་པ་མ་ཟད། ལོ་དྲུག་བདུན་ཆགས་སྐབས་ལོན་ཌོན་དུ་བཏང་ནས་ཀེམ་བིརིཇ་ (Cambridge) དང་དེའི་གཡས་གཡོན་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་དུ་བཅུག་པ་རེད། འོན་ཀྱང་ཁོང་རྒྱ་གར་དུ་ལོག་སྟེ་སཾསྐྲྀཏའི་སྐད་དང་རྒྱ་གར་རང་གི་རིག་གཞུང་རྣམས་གཞི་ནས་སྦྱངས་པ་མ་ཟད། རྒྱ་གར་རང་བཙན་གྱི་ལས་འགུལ་བ་ཞིག་ཏུ་གྱུར། དེ་བཞིན་རྒྱ་གར་གྱི་གསང་སྔགས་ཉམས་ལེན་བྱེད་མཁན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཀྱང་ཆགས་པ་རེད། དེ་དུས་རྒྱ་གར་ཝ་དོ་ད་རཱའི་ (Vadodara) ནང་བཞུགས་མ་ནུས་ནས་པཱཎྜེཅེརཱི་ (Pondicherry) ལ་སྤོར་བ་རེད། པཱཎྜེཅེརཱིའི་ནང་སྐྱབས་བཅོལ་བ་ལྟ་བུར་བཞུགས་པ་རེད། དེ་ནས་སྐུ་ཚེ་ཆ་ཚང་དེར་བསྐྱལ་བ་རེད། ཁོང་གི་གསུང་འབུམ་ཆ་ཚང་བརྩི་ན་ཕལ་ཆེར་དེབ་བཅུ་བདུན་ཙམ་ཡོད། གཙོ་བོ་དེ་མིའི་གཟུགས་ཕུང་གི་རྡུལ་ཕྲན་ཇི་ལྟར་གྲུབ་པ་དང་། རྡུལ་ཕྲན་དེ་ཚོ་ཇི་ལྟར་འགྱུར་བ་འགྲོ་ཐུབ་ཀྱི་ཡོད་མེད་སྐོར་ལ་རེད། དེ་བཞིན་ཤེས་ཡོན་སྐོར་ལ་ད་ལྟའང་ཨརབིནྡ་ཨཱཤྲམ་ (Aurobindo Ashram) གྱི་སློབ་གྲྭ་ཆེ་ཐག་ཆོད་ཅིག་ཡོད་པ་རེད། དེའི་ནང་སློབ་གཉེར་བ་སྟོང་ཕྲག་ཁ་ཤས་ཤིག་ད་ལྟའང་ཡོད་མུས་རེད། ཁོང་ཚོས་ཉམས་མྱོང་མང་པོ་བསགས་ཡོད་པར་བརྟེན་དེའི་བརྒྱུད་ནས་ཡོང་བ་མང་པོ་ཞིག་ཡོད་པ་རེད།

དེ་ནས་རབཱིནྡྲ་ནཱཐ་ཋཱཀུར་ (Rabindranath Tagore) རེད། ཁོང་ཤྲཱི་ཨརབིནྡ་གྷོཥ་བཞིན་དེང་རབས་ལ་དེ་ཙམ་གྱིས་སྡང་པོ་བྱེད་མཁན་དང་ཐབས་ཆག་རེད་གསུང་མཁན་གྲས་མ་རེད། དེང་རབས་དང་སྲོལ་རྒྱུན་གཉིས་ཀ་མཉམ་བསྐྱོད་བྱེད་དགོས་པའི་དགོངས་པ་བཞེས་མཁན་ཞིག་རེད། ཡིན་ནའང་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཤེས་ཡོན་གྱི་དགོངས་ཚུལ་ཞིག་ཡོད་པ་རེད། ད་ལྟ་ཤཱནྟི་ནིཀེཏན་ (Shantiniketan) ཞེས་པ་དེ་ཁོང་གིས་སྐུ་ཚེ་ཐ་མར་འཛིན་སྐྱོང་གནང་ནས་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་མང་པོ་ཞིག་གསར་གཏོད་གནང་ཡོད།

དེ་ནས་ཇིདྡུ་ཀྲྀཥྞམཱུརྟི་ (Jiddu Krishanamurti) རེད། ཁོང་གིས་ཨིན་ཇིའི་སྐད་ཡིག་མ་གཏོགས་རྒྱ་གར་གྱི་སྐད་ཡིག་གང་ཡང་ཤེས་ཀྱི་མེད། ཆུང་དུས་ནས་སློབ་སྦྱོང་ཚང་མ་ཕྱི་ལ་གནང་བ་ཡིན་ཙང་། རང་སྐད་ཀྱང་ཡག་པོ་དྲན་གནང་གི་མ་རེད། ཡིན་ནའང་བསམ་ཚུལ་ཡོངས་རྫོགས་རྒྱ་གར་གྱི་སྲོལ་རྒྱུན་ནང་གནས་པ་ཞིག་དང་། དེང་རབས་ཀྱི་གནས་ཚུལ་ཐོག་དགག་བྱ་ཆེན་པོ་ཡོད་མཁན་གྱི་གང་ཟག་ཅིག་རེད། ཁོང་གིས་དམིགས་སུ་བཀར་ནས་ལམ་སྲོལ་གསར་པའི་བཀའ་མོལ་མང་པོ་གནང་མེད་རུང་། ཁོང་གིས་འཛིན་སྐྱོང་གནང་བའི་སློབ་གྲྭ་ཁག་གི་ནང་དམིགས་བསལ་གྱི་ལམ་སྲོལ་ཞིག་གཏོད་ཡོད་པ་རེད། སློབ་གྲྭ་ཁག་བརྒྱད་དགུ་ཞིག་ད་ལྟའང་རྒྱ་གར་ནང་ཡོད་བཞིན་པ་རེད། ཇིདྡུ་ཀྲྀཥྞམཱུརྟི་ཁོང་ ༡༩༨༥ བར་བཞུགས་ཡོད། སྤྱིར་བཏང་ཤེས་ཡོན་གྱི་ཐོག་གསུང་བཤད་མང་པོ་གནང་ཡོད།

ཨཱཅཱརྱ་ཝིནཱོབཱ་བྷཱཝེ་ (Acharya Vinoba Bhave) མཆོག་གིས་གཱནྡཱིའི་ཤེས་ཡོན་གྱི་ལམ་སྲོལ་དེ་གསལ་པོ་བཟོ་བའི་དོན་དུ་འགྲེལ་པ་འགྲེལ་བཤད་མང་པོ་གནང་ཡོད། དེའི་ཐོག་ནས་གཞི་རིམ་གྱི་ཤེས་ཡོན་ཐོག་ལ་སོ་སོའི་ལྟ་སྟངས་འགྱུར་བ་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། ལྟ་སྟངས་འགྱུར་བ་འགྲོ་ཟེར་བ་དེའང་གང་བཤད་པ་དེ་ལ་ཆ་བཞག་པའམ། ཡང་ན་ཁྱེད་རང་ཚོར་སྤྲད་པའི་ཀློག་དེབ་དེའི་ནང་གང་ཡོད་པ་དེ་ལ་ཆ་བཞག་ནས་འགྱུར་བ་ཕྱིན་པ་ཡིན་ན་དེ་ནི་དབང་རྟུལ་དད་པའི་རྗེས་འབྲང་གི་འགྱུར་བ་འགྲོ་སྟངས་ཤིག་རེད་མ་གཏོགས། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྱུར་བ་འགྲོ་སྟངས་ཤིག་ཆགས་ཀྱི་མེད།

དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྱུར་བ་འགྲོ་སྟངས་དེ་ག་འདྲ་ཞིག་ལ་བཤད་དགོས་ཞེ་ན། ད་ལྟ་ཤེས་ཡོན་སྲིད་བྱུས་ནང་ཡོད་པ་དང་། དེའི་རྒྱབ་ལྗོངས་ཀྱི་དེབ་དེ་ཚོའི་ནང་ཡོད་པ་ཚང་མ་ཡང་དག་པ་དང་ཚད་དང་ལྡན་པ་རེད་འདུག་དང་མི་འདུག་དེ་ལམ་སེང་ངོས་ལེན་མ་བྱས་པར་སོ་སོའི་རིགས་པ་དང་རྣམ་དཔྱོད་ཀྱི་ཐོག་ནས་བརྟག་དཔྱད་བྱེད་ན་ངེས་པར་དུ་དཔྱད་དོན་རྙེད་ཀྱི་རེད་བསམ་གྱི་འདུག དཔྱད་དོན་རྙེད་པའི་སྐབས་སུ་གང་ཁས་ལེན་པ་དེ་ཚད་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེ་མིན་གང་བཤད་པ་དེའི་རྗེས་སུ་འབྲང་ན་དེ་ང་ཚོ་ནང་པའི་བྱེད་སྟངས་ཤིག་ཆགས་ཀྱི་མེད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླངས་པར་བྱ་ཡི་གུས་ཕྱིར་མིན།། ཞེས་སངས་རྒྱས་ཀྱིས་གསུངས་པ་ཡིན་ནའང་། དཔྱད་གསུམ་དག་པའི་རིགས་པས་བརྟགས་ནས་ངོས་ལེན་བྱེད་དགོས་ཀྱི་རེད་མ་གཏོགས། སངས་རྒྱས་ལ་གུས་པའི་ཐོག་ནས་ངོས་ལེན་བྱས་པས་འགྲིག་གི་མ་རེད་ཅེས་གསུངས་ཡོད། ང་ཚོའི་བོད་སྐད་ནང་ “གུས་པ་” ཞེས་པར་བསྒྱུར་ཡོད་རུང་། ལེགས་སྦྱར་གྱི་སྐད་དོད་ “གཽརབ་” རེད། དེ་ནི་སྤོབས་པའམ་ཞུམ་པ་ལྟ་བུ་ཞིག་ལ་གོ  གང་ལྟར་སངས་རྒྱས་ལ་ཞུམ་པའམ་སྤོབས་པའི་ངོས་ནས་ཁས་ལེན་ན་འགྲིག་གི་མེད་པ་གསལ་པོ་གསུངས་ཡོད།

ང་ཚོར་ག་རེ་དགོས་ཀྱི་རེད་ཅེ་ན། ཆོས་རབ་ཏུ་རྣམ་འབྱེད་དེ་ཉམས་མ་བཅུག་པ་དང་། རྨོངས་དད་དབང་དུ་མ་སོང་བར་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྨོངས་དད་ནི་ཆོས་ནས་བྱུང་བ་ཡིན་ནའང་ཕན་མ་ཐོགས་པ་ཞིག་རེད་ལ། ཚན་རིག་ཐོག་ནས་བྱུང་བ་ཡིན་ནའང་ཕན་མ་ཐོགས་པ་ཞིག་རེད། གང་ནས་བྱུང་བ་ཡིན་ནའང་ཕན་མ་ཐོགས་པ་ཞིག་རེད། དེས་ན་རྨོངས་དད་དེ་སངས་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དགེ་རྒན་དང་སློབ་གྲྭའི་ལས་བྱེད་ཚང་མས་བསམ་བློ་རང་དབང་ཅན་དུ་འཇོག་དགོས་པ་དང་། བསམ་བློ་གུ་ཡངས་པོར་འཇོག་པ། བསམ་བློ་དེ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དབང་དུ་འཇོག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ངེས་པར་དུ་འཇོག་དགོས་ཀྱི་ཡོད་པ་རེད། དེ་ལྟར་འཇོག་ཐུབ་པ་ཡིན་ན་དགེ་ཕྲུག་ལའང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དེ་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་སྤྲད་རྒྱུ་དེ་ལས་སླ་པོ་ཡོད་པ་རེད། ངས་བསྡོམས་བརྒྱབས་ནས་ཞུ་ན། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་སྐབས་སུ་ཕྲུ་གུའི་ཀླད་པ་བཀྲུས་པའི་ཐབས་ཤེས་དང་ཕྲུ་གུར་རྨོངས་དད་སྤེལ་བའི་ཐབས་ཤེས་དེ་ནམ་ཡང་བྱེད་རྒྱུ་ཡོད་པ་མ་རེད། ཤེས་ཡོན་སྲིད་བྱུས་གསར་པའི་ནང་དོན་མདོར་བསྡུས་ན་དེ་རེད། ང་ཚོའི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཉིས་ལ་ཁྱད་པར་གང་ཡོད་ཅེ་ན། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དེ་ལྟ་བ་སྒྱུར་ཐབས་ (Indoctrination) བྱེད་ཀྱི་རེད། དཔེར་ན་དེ་འདྲ་རེད། འདི་འདྲ་མ་རེད་ཅེས་ཕྲུ་གུ་ལ་གང་ཡང་བྱེད་དུ་མ་བཅུག་པར་ག་དུས་ཡིན་ནའང་ཐག་བཅད་དེ་ཚང་མ་བསླབ་ཀྱི་ཡོད་པ་རེད། ཀླད་པ་འཁྲུད་ཀྱི་ཡོད་པ་རེད།

ང་ཚོའི་ཤེས་ཡོན་སྤྲོད་སྟངས་ཀྱི་ཐབས་ལམ་དེ་ག་འདྲ་རེད་ཅེ་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་འཕེལ་བའི་ཐབས་ཤེས་ཤིག་རེད། ཇིདྡུ་ཀྲྀཥྞམཱུརྟིས་གསུངས་པའི་ཚིག་དེ་སྙིང་རྗེ་པོ་མཐོང་གི་ཡོད། མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སད་པར་བྱེད་ཐུབ་ན། དེ་ལ་བརྟེན་ནས་མི་དེ་རང་བཞིན་གྱིས་སྤྱོད་བཟང་དང་མི་བཟང་ཞིག་ཆགས་ཀྱི་རེད་ཅེས་པ་དེ་རེད། དེ་འདྲ་ཞིག་བྱེད་འཇུག་པའི་ཐབས་ཤེས་བྱེད་པ་དེ་ལ་ཤེས་ཡོན་སློབ་སྟོན་ཞེས་བརྗོད་ཀྱི་ཡོད། རང་བཞིན་གྱིས་ཁོ་རང་གང་གི་ནང་ཡོད་པ་དེ་འཕེལ་བར་བྱེད་རྒྱུ་དེ་རེད། དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཡོངས་འཛིན་ནམ་དགེ་རྒན་ཞེས་པ་དེ་མངོན་རྟོགས་རྒྱན་ལས། སེམས་མི་འགོངས་པ་ཉིད་དང་ནི།། ངོ་བོ་ཉིད་མེད་སོགས་སྟོན་བྱེད།། དེ་ཡི་མི་མཐུན་ཕྱོགས་བོར་བ།། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན།། ཞེས་པའི་ཚིག་བཞིའི་ནང་ང་ཚོའི་ཤེས་ཡོན་སྲིད་བྱུས་ཚང་མ་བསྡུས་ཡོད་ཅེ་ན་མ་འགྲིགས་པ་མེད།

སེམས་མི་འགོངས་པ་ཉིད་ཅེས་བརྗོད་སྐབས། དགེ་ཕྲུག་གི་བསམ་བློའི་ནུས་པ་དེ་མར་མ་བཅག་པའམ་དགེ་ཕྲུག་གི་བསམ་བློའི་ནུས་པ་དེ་ལ་བཟོ་བཅོས་མ་བཏང་བར། ག་དུས་ཡིན་ནའང་དགེ་ཕྲུག་གི་བསམ་བློའི་ནུས་པ་དེ་རང་བཞིན་གྱིས་མེ་ཏོག་ནང་བཞིན་ཤར་འཇུག་པའི་ཐབས་ཤེས་བྱེད་པ་དེ་ལ་སེམས་མི་འགོངས་པ་ཟེར་བ་རེད། སེམས་མི་འགོངས་པ་བྱེད་པ་དང་ཆབས་ཅིག་ཏུ་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་དེའང་གལ་ཆེན་པོ་རེད། ངོ་བོ་ཉིད་མེད་ཚུལ་ལ་སོགས་པའི་དོན་དག་གསར་པ་ག་རེ་ཡིན་པ་ཡིན་ནའང་། རྣམ་དཔྱོད་གསར་པ་ཤར་ཡོང་མཁན་དེ་ལ་ཕྱོགས་ཡོངས་ནས་དངོས་དོན་གྱི་ངོ་སྤྲོད་དེ་ཚོ་སྤྲོད་དགོས་ཀྱི་ཡོད་པ་རེད། གཉིས་དང་གཉིས་བསྡོམས་ན་བཞི་དང་། བཞི་ནས་གཉིས་འཐེན་ན་གཉིས་ལྷག་གི་རེད་ཟེར་བ་ལྟ་བུའི་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད། བྱས་ཙང་དེ་ངོ་སྤྲོད་རྒྱུ་དེ་ལ་ངོ་བོ་ཉིད་མེད་སོགས་སྟོན་བྱེད་ཞེས་བརྗོད་ཀྱི་ཡོད་པ་རེད། དེ་ཡི་མི་མཐུན་ཕྱོགས་བོར་བ།། ཞེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་རྣམ་པར་གསལ་བར་བྱེད་པ་ལ་ཕྱི་ནང་གི་མི་མཐུན་ཕྱོགས་ག་ཚོད་ཡོད་པ་དེ་ང་ཚོས་སེལ་དགོས་ཀྱི་ཡོད་པ་རེད། མི་མཐུན་པའི་ཕྱོགས་དེ་ཚོ་ཡོང་དུ་མ་འཇུག་པར། དཔེར་ན་ཁོར་ཡུག་གི་ཆ་ནས་མི་མཐུན་པའི་ཕྱོགས་བསལ་རྒྱུ་དང་། གྲོགས་ཀྱི་ཆ་ནས་ཀྱང་མི་མཐུན་པའི་ཕྱོགས་བསལ་རྒྱུ། སྤྱོད་ལམ་གྱི་ཆ་ནས་ཀྱང་མི་མཐུན་པའི་ཕྱོགས་བསལ་རྒྱུ་བཅས་བྱེད་མཁན་དེ་ལ་རྣམ་པ་ཀུན་ཏུ་ཡོངས་འཛིན་ཞེས་པའི་མཚན་དེ་ཐོབ་ཀྱི་རེད་ཅེས་འཕགས་པ་བྱམས་པས་དེ་ལྟར་གསུངས་འདུག བྱས་ཙང་དེ་ནི་བསྡོམས་ཆེན་པོ་ཞིག་རེད།

སེམས་མི་འགོངས་པར་བྱེད་པ་དེ་དང་པོ་རེད། ང་ཚོས་སེམས་མི་འགོངས་པར་བྱེད་པའི་ཚབ་ཏུ་ཞེད་སྣང་བསྐུལ་བ་དང་འདོད་སྲེད་སྤེལ་བ་བྱེད་ཀྱི་ཡོད། གང་ལྟར་ང་ཚོས་རེ་དྭོགས་གང་རུང་ཞིག་བེད་སྤྱོད་བཏང་ནས་ཕྲུ་གུའི་བསམ་བློའི་ནང་ལ་མཚམས་རེ་རེ་བ་དང་མཚམས་རེ་ཞེད་སྣང་སྐྱེ་རུ་བཅུག་པ་རེད། རེ་བ་དང་ཞེ་སྣང་གཉིས་ཀ་ཤེས་ཡོན་གྱི་ཐབས་ལམ་ཞིག་རྩ་བ་ཉིད་ནས་མ་རེད། འདི་འདྲ་ཞིག་བསླབ་པ་ཡིན་ན་རྗེས་མ་ཁྱེད་རང་ལ་ཕོགས་འདི་འདྲ་ཞིག་རག་གི་རེད་ཟེར་བ་ལྟ་བུ་དང་། ཡང་ན་ད་ཐེངས་ཁྱེད་རང་རྒྱུགས་སྤྲོད་ནང་ཨང་དང་པོ་ཐོན་ན་ང་ཚོས་རྔན་པ་ཆེན་པོ་ཞིག་སྤྲོད་ཀྱི་ཡིན་ཟེར་བ་ལྟ་བུ། དེ་ཚོ་ཚང་མས་སློབ་ཕྲུག་གི་རྒྱུད་ཀྱི་རེ་བ་དེ་ལ་བེད་སྤྱོད་ལོག་པ་གཏོང་གི་ཡོད་པ་རེད། དེ་རིང་ཁྱེད་རང་རྒྱུགས་མ་འཕྲོད་པ་ཡིན་ན་སློབ་གྲྭ་ནས་ཕུད་འགྲོ་གི་རེད། རྒན་ལགས་ཀྱིས་ཉེས་རྡུང་གཏོང་གི་རེད་ཟེར་བ་ལྟ་བུ་བྱེད་ན། ཕྲུ་གུའི་སེམས་དེ་འགོངས་འགྲོ་གི་ཡོད་པ་རེད། དེ་ཡང་རེ་བ་བརྒྱབས་ནས་སེམས་དེ་སྡུག་ཅག་ཆགས་འགྲོ་གི་ཡོད་པ་རེད། ཡང་ན་འཇིགས་སྣང་ཐོག་ནས་སེམས་དེ་སྡུག་ཅག་ཆགས་འགྲོ་གི་ཡོད་པ་རེད།  དེར་བརྟེན་འཇིགས་སྣང་དང་རེ་བ་གཉིས་པོ་དེ་སློབ་སྦྱོང་སྤྲོད་པའི་ཐབས་ལམ་ལ་བེད་སྤྱོད་མི་གཏོང་བ་དང་། འགྲན་བསྡུར་དང་མཚུངས་བསྡུར་དེ་སློབ་སྦྱོང་སྤྲོད་པའི་ཐབས་ལམ་ལ་བེད་སྤྱོད་མི་གཏོང་བ་དེ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་སྙིང་པོ་ལྟ་བུ་དེ་རེད།

ངས་སྤྱི་ཡོངས་ཀྱི་ངོ་སྤྲོད་ལྟ་བུ་ཞུས་པ་ཡིན། དེ་ནས་ཁྱེད་རང་ཚོས་དེའི་ཐོག་བཀའ་འདྲི་གནང་རྒྱུ་ག་རེ་ཡོད་ནའང་འཛེམས་ཟོན་མེད་པའི་ཐོག་ནས་གནང་རོགས། གཅིག་བྱས་ན་ངས་ལན་ཞུ་རྒྱུ་ཡོད་ཀྱི་རེད། གཅིག་བྱས་ན་ང་ལ་ལན་ཞུ་རྒྱུ་ཡོད་ཀྱི་མ་རེད། ལན་ཞུ་རྒྱུ་མེད་ན་རྗེས་སུ་ཞིབ་འཇུག་བྱས་ཏེ་ལན་ཞུ་ཆོག་གི་རེད། ངས་འདི་ནས་མཚམས་འཇོག་གི་ཡིན།

 དྲི་བ་དྲིས་ལན།

 དྲི་བ། ང་ཚོ་བཙན་བྱོལ་ལ་གནས་པའི་རིང་འདིར་བཙན་བྱོལ་གཞུང་གི་གནས་སྟངས་ཀྱི་ཆ་ནས་ཕྲུ་གུ་ཡོངས་རྫོགས་ལ་སློབ་སྦྱོང་གླ་མེད་ཐོག་སློབ་སྦྱོང་གནང་ཐུབ་པའི་གནས་སྟངས་ཤིག་ལ་སྡོད་ཐུབ་ཀྱི་རེད་དམ།

 ལན། སློབ་སྟོན་གླ་མེད་ཟེར་བ་དེ་བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི་གཞི་རིམ་ཐོབ་ཐང་ནང་ཚུད་འགྲོ་གི་ཡོད། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་བའི་རྗེས་སུ་སློབ་སྟོན་གླ་མེད་མིན་ན་འགྲིག་གི་མེད། སློབ་སྟོན་གླ་ཡོད་ཟེར་བ་དེ་ཨིན་སྐད་དུ་ Tuition fees ཞེས་བརྗོད་ཀྱི་ཡོད། ཁ་ཤས་ཀྱིས་སློབ་སྟོན་གླ་མེད་ཟེར་དུས་འགྲོ་སོང་གང་ཡང་གཏོང་མི་དགོས་པའི་དགོངས་པ་འཁོར་མཁན་དེ་འདྲའང་ཡོད་བཟོ་འདུག འགྲོ་སོང་གང་ཡང་གཏོང་མི་དགོས་པ་ཞིག་ཡོང་ཐུབ་ཐབས་མེད། དཔེར་ན་སློབ་དེབ་ཉོ་དགོས་ཀྱི་ཡོད་པ་རེད། སྒྲིག་ཆས་བཟོ་དགོས་ཀྱི་ཡོད་པ་རེད། ཉིན་མོའི་སློབ་གྲྭ་ཡིན་ནའང་སྒྲིག་ཆས་ཉོ་དགོས་པའི་འགྲོ་སོང་ཞིག་ཡོད་པ་རེད། དེའི་ནང་ནས་འཛིན་གྲྭའི་ནང་ལ་སློབ་སྟོན་བྱེད་པའི་ཡོན་ཞིག་དེང་སང་སློབ་གྲྭ་མང་པོའི་ནང་ལེན་གྱི་ཡོད་པ་རེད། སློབ་སྟོན་གླ་དེ་གཙོ་ཆེ་ཤོས་དགེ་རྒན་གྱི་ཕོགས་ཀྱི་ཐོག་ལ་འགྲོ་གི་ཡོད་པ་རེད།

གཞུང་གིས་འགན་ལེན་བྱེད་དགོས་པའི་མཐུན་རྐྱེན་གཙོ་བོ་དེ་དགེ་རྒན་གྱི་ཕོགས་དེ་རེད། དགེ་རྒན་གྱི་ཕོགས་ཀྱི་ཆེད་དུ་དགེ་ཕྲུག་གི་ས་ནས་དངུལ་བསྡུ་མི་དགོས་པར་དགེ་རྒན་གྱི་མཐུན་རྐྱེན་དེ་སྒྲིག་འཛུགས་ཀྱིས་བསྐྲུན་ཐུབ་པའི་གནས་སྟངས་ཤིག་ལ་བསམ་བློ་ཞིག་གཏོང་གི་ཡོད་པ་རེད། དེ་མིན་གཞན་དེ་ཚོ་ཁ་ཐུག་འགྲོ་ས་དམིགས་སུ་བཀར་ནས་ཡོད་པ་རེད། ཉལ་ཆས་ཡིན་ན་ཉལ་ཆས་ཀྱི་ཐོག་འགྲོ་སོང་ཞིག་འགྲོ་གི་ཡོད་པ་རེད། དེ་དངོས་ཡོད་ཀྱི་འགྲོ་སོང་ཞིག་རེད། ནང་དུ་བསྡད་ནའང་འགྲོ་སོང་དེ་གཏོང་དགོས་ཀྱི་ཡོད་པ་རེད། ཕྲུ་གུ་ནང་དུ་ཉར་བ་ཡིན་ནའང་གྱོན་གོས་སོགས་འགྲོ་སོང་འགྲོ་རྒྱུ་ཞིག་རེད། དེ་བཞིན་རྩེད་མོ་རྩེད་རྒྱུ་ཡིན་ནའང་རེད། ཟ་མ་བཟའ་རྒྱུ་ཡིན་ནའང་རེད། ཕྲུ་གུ་སློབ་གྲྭར་ཡོད་པ་ཡིན་ཙང་འགྲོ་ས་དེ་སློབ་གྲྭར་འགྲོ་གི་ཡོད་རེད། དགེ་རྒན་གྱིས་སློབ་སྦྱོང་སྤྲད་པ་དེའི་དོན་དུ་དངུལ་ལེན་གྱི་ཡོད་པ་མ་རེད། དེར་བརྟེན་སློབ་སྟོན་གླ་ཡོད་ཟེར་བ་དེ་མེད་པ་ཞིག་རེད། གཞུང་གིས་ངོས་ལེན་བྱས་པའི་སྒེར་གྱི་སློབ་གྲྭ་ཞིག་ཡིན་ནའང་དེ་མེད་པར་བྱེད་དགོས་ཀྱི་ཡོད་པ་རེད། དེ་མེད་པར་མ་བྱེད་ན་གཞུང་གིས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། བྱས་ཙང་དེ་གཅིག་གྱུར་ཆགས་འགྲོ་གི་རེད། གཞུང་གིས་ངོས་ལེན་བྱེད་མི་དགོས་པ་དེ་ཚོ་ཡིན་ན། ཕ་མ་དང་སློབ་གྲྭ་གཉིས་མོས་མཐུན་ཐོག་ནས་འགྲོ་སྐབས་གཞུང་ལ་གང་ཡང་བཤད་ཀྱི་ཡོད་པ་མ་རེད། གཞུང་གིས་ངོས་ལེན་བྱེད་དགོས་ཀྱི་ཡོད་ན་སྲིད་བྱུས་དེའི་འོག་ཏུ་སོང་ནས་གཞན་དག་ག་རེ་ལེན་གྱི་ཡོད་ནའང་འཛིན་གྲྭའི་ནང་སློབ་སྟོན་གྱི་གླ་དེ་ལེན་མི་དགོས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད།

འཛིན་གྲྭ་བརྒྱད་པའི་བར་དུ་བོད་ཀྱི་སྐད་ཡིག་དེ་སློབ་སྟོན་གྱི་ལམ་སྲོལ་ལ་ཆགས་པའི་རྗེས་སུ་དེ་གར་འཇོག་རྒྱུ་མ་རེད། འཛིན་གྲྭ་དགུ་པ་ནས་འཛིན་གྲྭ་བཅུ་གཉིས་ཀྱི་བར་རིམ་པས་བྱེད་དགོས་ཀྱི་ཡོད་པ་རེད། སློབ་སྟོན་གྱི་སྐད་ཡིག་དེ་བོད་སྐད་ནང་བསྒྱུར་དགོས་པ་དེ་ང་ཚོའི་དམིགས་ཡུལ་རེད།

གཉིས་པ། རྒྱུགས་སྤྲོད་ཀྱང་བོད་ཀྱི་སྐད་ཡིག་ནང་གཏོང་ཐུབ་ཀྱི་རེད་དམ་ཟེར་བ་དེ་སློབ་སྟོན་གྱི་སྐད་ཡིག་བོད་ཀྱི་སྐད་ཡིག་ནང་ཡིན་དུས་རྒྱུགས་ཀྱང་བོད་སྐད་ཡིག་ནང་གཏོང་གི་རེད། ཡིན་ནའང་སྐད་ཡིག་གཞན་རྣམས་སྐད་ཡིག་གཞན་རང་གི་ནང་ལ་གཏོང་གི་རེད། སྐད་ཡིག་གཉིས་པ་གསུམ་པ་ཟེར་བ་དེ་སློབ་གྲྭ་ཚང་མའི་ནང་ལ་ཡོད་པ་རེད། སྐད་ཡིག་སོ་སོའི་སློབ་སྦྱོང་མ་གཏོགས། སློབ་ཚན་གཞན་ཡོངས་སུ་རྫོགས་པའི་རྒྱུགས་སྤྲོད་དེ་བོད་ཡིག་ཐོག་གཏོང་གི་རེད། རྒྱུགས་སྤྲོད་གཏོང་དགོས་པའི་གནས་ཚུལ་དེ་སངས་པ་ཡིན་ན་རྒྱུགས་སྤྲོད་ཁོ་རང་ཡང་མེད་པ་ཆགས་སྲིད་པ་ཞིག་རེད།  དེ་མིན་ད་ལྟ་རྒྱ་གར་ནང་བསྡད་པ་ཡིན་ན་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་སོགས་ལ་འགྲོ་དགོས་པར་བརྟེན། གཞི་རིམ་སློབ་གྲྭའི་རྒྱུགས་སྤྲོད་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ལམ་སྲོལ་ཡོད་པ་ནང་བཞིན་གྱི་རྒྱུགས་སྤྲོད་དང་དེའི་ལག་ཁྱེར་དགོས་ཀྱི་ཡོད་པ་རེད། ཡིན་ནའང་དེ་བོད་ཡིག་ཐོག་ལ་བཏང་བ་དེ་མི་ཐུབ་པ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག

གསུམ་པ། ཚད་མ་རིག་པ་ཟེར་བ་དེ་ག་དུས་ནས་བསླབ་དགོས་ཀྱི་ཡོད་ཅེ་ན། ཚད་མ་རིག་པ་དེ་ཕྲུ་གུ་སྐྱེས་པ་ནས་བསླབ་དགོས་པ་ཞིག་རེད།  དེ་ཡང་ཁ་གྲག་ཤེས་ལ་མ་ཤེས་པའི་སྐབས་ནས་ཚད་མ་རིག་པ་སློབ་རྒྱུ་འགོ་འཛུགས་དགོས་ཀྱི་ཡོད་པ་རེད་མ་གཏོགས། ཚད་མ་རིག་པ་བསླབ་རྒྱུར་ལོ་ཚད་དང་སློབ་ཚན་ལ་བསྒུག་དགོས་པ་གང་ཡང་མེད། ཚད་མ་རིག་པ་ཟེར་དུས་ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་ལྟ་བུའི་གཞུང་ཆེན་པོ་ཞིག་བསླབ་དགོས་པའི་དགོངས་པ་བཞེས་པ་ཡིན་ན་འགྲིགས་ཀྱི་མེད། གཞུང་ཆེན་པོ་ནས་བསྟན་པའི་ཚད་མ་རིག་པ་དེ་ཚོ་རྗེས་མ་བསླབ་དགོས་ཀྱི་རེད། གང་ལྟར་ཚད་མ་རིག་པ་ཞེས་པ་དེ་གང་ལ་གོ་དགོས་ཤེ་ན། དེ་ནི་དཔྱད་པ་བྱེད་པའི་གོམས་གཤིས་དེ་ལ་ཟེར་བ་རེད། དཔེར་ན་དེ་རེད་ཅེས་བརྗོད་ན་ཡིན་པར་ཆ་འཇོག་བྱེད་པ་དང་། དེ་མ་རེད་ཅེས་བརྗོད་ན་མ་ཡིན་པར་ཆ་འཇོག་བྱེད་པ་མ་ཡིན་པར། དེ་རེད་ཅེས་བརྗོད་ཀྱི་འདུག་ན། དེ་ཡིན་མིན་བརྟག་དཔྱད་བྱེད་རྒྱུ་དེ་རེད། ཤེས་འདོད་ཆོས་ཅན་སྐྱོན་མེད་ཟེར་བ་དེ་ང་ཚོ་གྲྭ་སར་སྡོད་དུས་གོ་བ་དེ་ཙམ་ལོན་གྱི་མེད། ཤེས་འདོད་ཀྱི་བློ་ཞེས་བརྗོད་ན་འགྲིག་གི་ཡོད་ཀྱང་། ཤེས་འདོད་ཆོས་ཅན་སྐྱོན་མེད་ཅེས་པའིི་ཚིག་རིང་པོ་ཞིག་བརྗོད་རྒྱུ་དེ་དངོས་གནས་གལ་ཆེན་པོ་ཞིག་རེད་འདུག། ཤེས་འདོད་ལ་སྐྱོན་ཤོར་བ་དེ་ལས་སླ་པོ་ཞིག་རེད། ཤེས་འདོད་ཡང་དག་པ་ཞིག་མེད་ན་དཔྱད་པ་དེ་ཡོང་གི་མ་རེད། ཤེས་འདོད་ཡང་དག་པ་ཞིག་ཡོད་ན་དཔྱད་པ་དེ་ཡོང་གི་ཡོད།

དཔྱད་པ་བྱས་ནས་ངེས་པ་རྙེད་ན་མ་གཏོགས་ཁས་མི་ལེན་པའི་གཤིས་ཀ་དེ་ཕྲུ་གུ་ཁ་གྲག་ཡོང་དུས་ནས་བསླབ་དགོས། དེ་ནི་མ་ཤི་བར་དུ་བསླབ་དགོས་པ་ཞིག་རེད། དེ་ཡང་མི་ཚེ་དང་མཉམ་དུ་འགྲོ་དགོས་པའི་གནས་སྟངས་ཤིག་རེད་མ་གཏོགས། སློབ་ཚན་གཞན་བཞིན་ཟུར་དུ་བཏོན་རྒྱུ་ཡོད་པ་ཞིག་ཆགས་ཀྱི་མེད།

དྲི་བ། ལེའུ་བཅུ་གཅིག་པ་དགེ་རྒན་ནང་གསེས་ ༡༡།༡༣ སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་བཤེས་གཉེན་ཚད་གཞིའི་ཐོག་དགེ་རྒན་འོས་སྦྱོང་ཡོད་པ་དགོས་ཤིང་། གཞན་པའི་ཐད་ད་ལྟའི་དཔེ་སྟོན་སློབ་གྲྭའི་དགེ་རྒན་གྱི་ཤེས་ཚད་ཡོད་པའི་སྐོར་ལ་ཁྱབ་བསྒྲགས་གང་འདྲ་གནང་དགོས་སམ།

 ལན། ཁྲིམས་ལུགས་ད་དུང་གཏན་འབེབས་བྱས་ཡོད་པ་མ་རེད། ཁྲིམས་ལུགས་གཏན་འབེབས་བྱེད་པར་ད་དུང་ཡང་དུས་ཚོད་ཕྲན་བུ་འགོར་སྲིད། སྤྱིར་བཏང་ལྟ་གྲུབ་ཀྱི་ཆ་ནས་ཁྲིམས་ལུགས་དེ་འདྲ་ཞིག་ཡོད་དགོས་པ་གལ་ཆེན་པོ་རེད། ཡིན་ནའང་ཁྲིམས་ལུགས་དེ་འདྲ་ཞིག་གཏན་ལ་མ་ཕབ་པའི་སྔོན་དུ་དགེ་རྒན་ཚོར་སྲིད་བྱུས་ནང་བཤད་པ་བཞིན་འོས་ཆོས་ཆ་ཚང་འགྲིག་པའི་གནས་སྟངས་ཤིག་དགོས་པ་རེད། ཡིན་ནའང་སྔ་ཕྱི་མ་གཏོགས་དེ་འདྲ་བའི་ཁྲིམས་ལུགས་ཤིག་ཡོང་གི་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད། གང་ལགས་ཤེ་ན། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ནང་ཁྲིམས་ལུགས་དེ་འདྲ་ཞིག་དགོས་ཀྱི་ཡོད་པའི་གསལ་ཁ་བསྟན་ཡོད་དུས་རང་བཞིན་གྱིས་བང་རིམ་ལྟར་རྒྱུན་འཁྱོངས་བྱེད་དགོས་པའི་གནས་སྟངས་ཤིག་རེད།

སྔོན་འགྲོ་འཛིན་གྲྭའི་དགེ་རྒན་དངོས་གཞིར་བསྐོ་བཞག་བྱས་པ་དེ་ཚོ་ལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་དགོས་པའི་ཚད་འཛིན་བྱེད་ཀྱི་ཡོད་པ་རེད། དེ་མེད་ན་དགེ་རྒན་གྱི་ལས་རོགས་སུ་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། དགེ་རྒན་ལས་རོགས་དེ་ཚོའང་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཐོན་པ་ཡིན་ན། རིམ་པས་དགེ་རྒན་ནང་འགྲོ་རྒྱུ་ཡོད་པ་ཞིག་རེད། ད་ལྟ་ང་ཚོའི་དཔེ་སྟོན་སློབ་གྲྭ་དང་དེ་ཚོའི་ནང་ལ་དེ་ལྟར་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོའི་སྔོན་འགྲོའི་སློབ་གྲྭ་ཡོད་ཚད་ལ་ཉི་མ་གཅིག་ལ་བརྗེ་པོ་བརྒྱབ་ཐུབ་རྒྱུ་ཁག་པོ་རེད། ལྷག་པར་དུ་ད་ལྟ་ཕྱག་ལས་གནང་བཞིན་པའི་དགེ་རྒན་དེ་ཚོ་སྡེབ་གཅིག་ལ་བརྗེ་པོ་བརྒྱབ་རྒྱུ་དེ་ཡོང་ཐབས་མེད་པ་ཞིག་རེད། གསར་པ་བསྐོས་པ་ཡིན་ན་དེ་ཚོ་ལ་ཆ་རྐྱེན་དེ་དག་ཚང་དགོས་ཀྱི་ཡོད་པ་རེད། དེ་འདྲའི་འགྱུར་བ་ཕྱིན་པའི་སྐབས་སུ་རྙིང་པ་དེ་ཚོ་ག་དུས་ཡིན་ཡང་བརྗེ་པོ་བརྒྱབ་ཐུབ་ཐབས་ཡོད་པ་མ་རེད་ལ། ཁོ་མ་རྫོགས་པའི་བར་དུ་རྙིང་པའི་ལམ་སྲོལ་བཞག་དགོས་པ་ཞིག་དང་། གསར་པ་རྣམས་བརྒྱུད་རིམ་བཞིན་དུ་ལམ་སྲོལ་གསར་པ་ལ་འགྲོ་དགོས་པའི་གནས་སྟངས་ཤིག་རེད།

དྲི་བ། ཤོག་གྲངས་ཉི་ཤུ་རྩ་གསུམ་གྱི་དོན་ཚན་གསུམ་པའི་ནང་གསེས་བརྒྱད་པའི་ནང་གོང་དུ་འཁོད་པའི་རྩ་དོན་གྱི་སྙིང་པོ་ཁག་དང་མི་འགལ་བར་ཁྱབ་ཆེ་བའི་མ་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སྤོངས་ཤིང་ཟེར་བ་དེ་གང་ལ་བཀོད་ཀྱི་ཡོད་དམ།

ལན། ཤེས་ཡོན་གྱི་ངོ་བོའི་སྐད་ཆ་བཤད་པའི་སྐབས་སུ་ཤེས་ཡོན་ཞེས་པ་ནི་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ་ཞེས་པ་དེ་རེད། དེང་རབས་ཀྱི་ཤེས་ཡོན་ངོས་འཛིན་བྱེད་པའི་སྐབས་སུ་ཤེས་ཡོན་ཞེས་པ་དེ་ཕྱི་ཡི་ཡུལ་ལ་གོ་རྒྱ་གཅོད་པ་ཙམ་མ་གཏོགས། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་དགོས་ཀྱི་ཡོད་པ་ལ་བརྗོད་ཀྱི་མེད། སྤྱིར་བཏང་མི་ཚེའི་ནང་འབྲི་ཀློག་རྩིས་གསུམ་རྐྱང་རྐྱང་གིས་གོ་ཆོད་ཀྱི་མ་རེད་ཅེས་བཤད་རྒྱུན་ཞིག་ཡོད། དེ་ལས་གཞན་པ་ཞིག་དགོས་ཀྱི་རེད་ཅེས་བཤད་ཀྱི་རེད་དེ། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པ་ལ་འབྲེལ་བ་ཡོད་པ་ཞིག་དགོས་ཀྱི་ཡོད་པ་དེ་བཤད་ཐུབ་ཀྱི་ཡོད་པ་མ་རེད།

ཕྱིའི་ཡུལ་ཟེར་བ་དེ་ལའང་ཕྱི་ནང་གི་ཁྱད་པར་འབྱེད་སྟངས་ཤིག་ཡོད་པ་རེད། ང་ཚོས་འདིར་ཕྱིའི་ཡུལ་ཟེར་དུས་སྒོ་ཕྱི་ལོགས་ལྟ་བུ་ཞིག་ལ་ཟེར་གྱི་ཡོད་པ་མ་རེད། དབང་ཤེས་ཀྱི་ཡུལ་དེ་ཚོ་ལ་ཕྱིའི་ཡུལ་ཞེས་བརྗོད་ཀྱི་ཡོད་པ་རེད། དབང་ཤེས་ནི་དབང་པོའི་ཤེས་པ་ལྔ་ལ་ཟེར་གྱི་ཡོད། དབང་པོ་ལྔ་པོ་ནི་རྣ་བའི་དབང་པོ་དང་། མིག་གི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་བཅས་རེད། དབང་རྟེན་ཁོག་པ་ཞེས་མཐོང་རྒྱུ་ཡོད་པ་དེ་ལ་ཕྱིའི་དབང་པོ་ཞེས་བརྗོད་ཀྱི་ཡོད་པ་རེད། དབང་རྟེན་ཁོག་པ་ཟེར་དུས་ང་ཚོའི་དབང་པོ་གང་ལ་གནས་སའི་རྟེན་དེ་རེད། དཔེར་ན་མིག་གི་དབང་པོ་ཡིན་ན་ཕྱི་རོལ་ཏུ་མཐོང་རྒྱུ་ཡོད་པ་རེད། དབང་པོའི་ཤེས་པ་དེ་ཚོ་ལ་ང་ཚོ་མཚན་ཉིད་པས་ཁ་ཕྱིར་བལྟས་ཀྱི་ཤེས་པ་ཞེས་བརྗོད་ཀྱི་རེད། རྣ་བའི་དབང་པོ་ཟེར་དུས་རྣ་བའི་དབང་པོ་མཐོང་རྒྱུ་མེད་ཀྱང་དབང་རྟེན་ཁོག་པ་གང་ལ་གནས་སའི་ཨ་ཅོག་ཅིག་མཐོང་རྒྱུ་ཡོད། དེ་བཞིན་དུ་ལྕེའི་དབང་པོའི་ལྕེ་དང་སྣ་ཡི་དབང་པོའི་སྣ་བཅས་མཐོང་རྒྱུ་ཡོད་པ་རེད། བྱས་ཙང་དབང་པོ་ལྔ་ལ་བརྟེན་པའི་ཤེས་པ་དེ་དག་ལ་དབང་ཤེས་ཞེས་བརྗོད་ཀྱི་ཡོད་པ་རེད། དབང་ཤེས་དེ་དག་གིས་ལས་ཀ་རེ་རེ་བྱེད་ཀྱི་ཡོད་པ་རེད། མིག་གི་དབང་པོའི་ཤེས་པ་ལ་བརྟེན་ནས་མིག་ཤེས་ཀྱིས་གཟུགས་མཐོང་གི་ཡོད་པ་རེད། རྣ་བའི་དབང་པོའི་ཤེས་པ་ལ་བརྟེན་ནས་རྣ་ཤེས་ཀྱིས་སྒྲ་ཐོས་ཀྱི་ཡོད་པ་རེད། སྣའི་དབང་པོའི་ཤེས་པ་ལ་བརྟེན་ནས་སྣ་ཤེས་ཀྱིས་དྲི་སྣུམ་གྱི་ཡོད་པ་རེད། ལྕེ་ཡི་དབང་པོ་ལ་བརྟེན་པའི་ལྕེ་ཤེས་ཀྱིས་རོ་མྱོང་གི་ཡོད་པ་རེད། ལུས་ཀྱི་དབང་པོ་ལ་བརྟེན་པའི་ལུས་ཤེས་ཀྱིས་རེག་བྱ་མྱོང་གི་ཡོད་པ་རེད། བྱས་ཙང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་རྣམས་དབང་ཤེས་ཀྱི་ཡུལ་རེད། དབང་པོ་ལྔའི་ཤེས་པའི་ཡུལ་གྱི་ནང་ལ་མ་འདུས་པའི་ཕྱིའི་དངོས་པོ་གང་ཡང་ཡོད་པ་མ་རེད། ཕྱིའི་དངོས་པོ་གང་འདྲ་ཞིག་ཡིན་ནའང་རེད། རགས་པ་ཡིན་ནའང་རེད། ཕྲ་མོ་ཡིན་ནའང་རེད། ཕྱིའི་དངོས་པོ་ཡོངས་སུ་རྫོགས་པ་དབང་པོ་ལྔའི་ཤེས་པའི་ཡུལ་གྱི་ནང་དུ་ཚུད་འགྲོ་གི་རེད། བྱས་ཙང་དེ་ལྟ་བུ་ལ་ཕྱིའི་ཡུལ་ཟེར་གྱི་ཡོད་པ་རེད།

དབང་པོ་དྲུག་པ་དེ་ག་རེ་རེད་ཅེ་ན། དེ་ནི་ཡིད་ཀྱི་དབང་པོ་དེ་རེད། དབང་པོ་དྲུག་པ་ཡིད་ཀྱི་དབང་པོ་དེ་ལ་ཁ་ནང་བལྟས་ཀྱི་ཤེས་པ་ཟེར་གྱི་ཡོད་པ་རེད། ཡིད་ཀྱི་དབང་པོའི་ཡུལ་དེ་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་ཀྱི་ཡོད་པ་རེད། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད་བཅས་ལྔ་དང་།  གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་གང་གི་ནང་དུའང་མ་འདུས་པའི་དངོས་པོ་དེ་ལ་ནང་གི་དངོས་པོ་ཞེས་བརྗོད་ནའང་འགྲིག་གི་རེད། དེ་འདྲ་བའི་དངོས་པོ་དེ་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་ཀྱི་ཡོད་པ་རེད། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལྟ་བུ་དང་གནས་ལུགས་ཀྱི་དོན་ལྟ་བུ་ནི་ཡིད་ཤེས་ཀྱི་ཡུལ་རེད་མ་གཏོགས། མིག་གིས་མཐོང་བ་དང་རྣ་ཡིས་ཐོས་པ་བཅས་གང་ཡང་མེད། ཕྱིའི་དབང་པོའི་ཤེས་པའི་ཡུལ་དུ་མ་གྱུར་པ་རེད། ཡོངས་གྲགས་ལ་དབང་པོ་ལྔ་པོ་གང་ཡང་རུང་བའི་ཡུལ་དུ་བྱེད་པའི་གཟུགས་སོགས་ལྔའམ་དབང་པོ་ལྔའི་ཡུལ་ལ་ཕྱིའི་ཡུལ་ཞེས་བརྗོད་ཀྱི་ཡོད་པ་རེད། ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་ཞེས་བཤད་དུས་དབང་པོ་ལྔ་པོའི་ཤེས་པས་གང་མཐོང་བ་དེའི་རྗེས་ལ་ཡིད་དཔྱོད་ཀྱི་རྟོག་པ་ཞིག་སྐྱེས་ནས་ཡོང་གི་རེད། མིག་གིས་གཟུགས་མཐོང་བ་ཡིན་ན་མིག་ཁོ་རང་གིས་གཟུགས་ལ་འདུ་ཤེས་གང་ཡང་འཛིན་གྱི་མ་རེད། དཀར་པོ་སྔོན་པོ་ལྗང་ཁུ་ག་རེ་མཐོང་བ་ཡིན་ནའང་མཐོང་བ་རང་རེད། མིག་གི་དབང་པོ་ལ་གཟུགས་ཀྱི་སྐྱེ་མཆེད་དེ་ཁ་ཐུག་འཕྲད་ནས་འགྲོ་དུས་པར་འདྲ་པོའི་གཟུགས་བརྙན་ཞིག་མིག་གི་དབང་པོ་ལ་ཤར། དེ་ནས་མིག་གི་དབང་པོ་ལ་ཤར་བ་དེ་མིག་གི་ཤེས་པས་མཐོང་བ་རེད། མིག་གི་ཤེས་པས་མཐོང་བའི་རྗེས་སུ་དེའི་མཉམ་དུ་འགྲོ་མཁན་གྱི་རྟོག་པས་གཟུགས་བརྙན་ཞིག་གཟིགས་ཀྱི་རེད། མ་གཞི་ནས་བློ་རིག་གཟིགས་མ་མྱོང་མཁན་ཡིན་ན་ངས་འདི་ནས་བཤད་པ་ཡིན་ནའང་མཐའ་འཁྱོལ་བ་ཞིག་ཨེ་ཡོང་བསམ་གྱི་འདུག མིག་གིས་སེར་པོ་ཞིག་མཐོང་བའི་སྐབས་སུ་མིག་གི་དབང་པོ་ལ་བརྟེན་པའི་ཤེས་པ་དེས་སེར་པོ་མཐོང་གི་ཡོད་པ་རེད་མ་གཏོགས། སེར་པོ་ཟེར་བའི་མིང་དེ་དྲན་གྱི་མ་རེད། སེར་པོ་དེ་སྔོན་པོ་ལས་ཐ་དད་པ་དེ་མཐོང་གི་རེད་མ་གཏོགས། སེར་པོ་དེ་སྔོན་པོ་མ་རེད་ཅེས་པའི་འདུ་ཤེས་དེ་འཛིན་གྱི་ཡོད་པ་མ་རེད། འདུ་ཤེས་འཛིན་མཁན་དེ་རྟོག་པ་རེད། དབང་པོ་ཚང་མའི་རྗེས་སུ་འགྲོ་མཁན་གྱི་རྟོག་པ་ཞིག་ཡོད་པ་རེད། དབང་པོ་ཚང་མའི་རྗེས་སུ་འགྲོ་མཁན་གྱི་རྟོག་པ་དེས་མིག་གི་དབང་པོ་ལ་ཤར་བའི་ཁ་དོག་ཡིན་ནའང་རེད། གཟུགས་ཡིན་ནའང་རེད། དེའི་དོན་སྤྱིའམ་གཟུགས་བརྙན་ཞིག་འཁྱེར་ནས་གཟུགས་བརྙན་དེ་དང་དངོས་པོ་གཉིས་ལ་དབྱེ་བ་མ་ཕྱེ་བར་གཅིག་ཡིན་པ་ལྟ་བུ་འཛིན་གྱི་རེད། རྟོག་པ་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཅེས་བརྗོད་དགོས་པ་ནི་སྒྲ་སྤྱི་དང་དོན་སྤྱི་གཉིས་པོ་དབྱེ་བ་མ་ཕྱེ་བར་འཛིན་པ་ལ་བརྟེན་ནས་རེད། ང་ཚོའི་རྟོག་པའི་ནང་ལ་སེར་པོའི་དོན་སྤྱི་བཞག་ཚར་བ་དེ་མིག་བཙུམས་པ་ཡིན་ནའང་སེར་པོའི་དོན་སྤྱི་ཞིག་རྟོག་པའི་ནང་དུ་ཤར་སྡོད་ཀྱི་རེད། མིག་བཙུམས་པའི་རྗེས་སུ་སེར་པོ་དང་སྔོན་པོའི་གཟུགས་བརྙན་ཞིག་རྟོག་པའི་ནང་ཤར་ནས་བསྡད་ཀྱི་ཡོད་པ་དེ་སེར་པོ་དང་སྔོན་པོ་མ་རེད། མིག་གིས་མཐོང་བའི་སེར་པོ་དང་སྔོན་པོ་དེ་ལ་ཐ་སྙད་སྦྱར་བ་དང་འདུ་ཤེས་བཟུང་ནས་འདི་ལ་སྔོན་པོ་ཟེར་གྱི་ཡོད་པ་རེད། དེ་ལ་སེར་པོ་ཟེར་གྱི་ཡོད་པ་རེད། འདི་ཆེན་པོ་རེད། དེ་ཆུང་ཆུང་རེད་ཟེར་བ་ལྟ་བུ་ཚང་མའི་ལས་ཀ་བྱེད་མཁན་དེ་རྟོག་པ་རེད། མིག་གིས་མཐོང་བ་ཙམ་གྱིས་སེར་པོ་དེ་ཤེས་པ་མ་རེད། ཕྲུ་གུ་ཆུང་ཆུང་ཞིག་གིས་ཁ་དོག་སེར་པོ་ཞིག་ལ་བལྟས་པ་ན་སེར་ལྷང་ལྷང་དེ་མིག་ལ་ཤར་ནས་བསྡད་ཡོད་ཀྱང་དེ་ལ་སེར་པོ་ཞེས་བརྗོད་ཀྱི་ཡོད་པ་དེ་བརྡ་ཡི་ཐ་སྙད་སྦྱར་ནས་ཁོའི་རྟོག་པའི་ནང་ལ་གཅོད་དགོས་ཀྱི་ཡོད་པ་དེ་ལ་གོ་རྒྱ་ཟེར་གྱི་ཡོད་པ་རེད།

ཕྱིའི་ཡུལ་ལ་གོ་རྒྱ་གཅོད་སྟངས་དེ་ག་འདྲ་རེད་ཅེ་ན། ཕྱིའི་ཡུལ་ལ་ཐ་སྙད་ག་རེ་སྦྱོར་གྱི་ཡོད་པ་དེ་གང་ཟག་གཞན་གྱིས་བརྡ་སྤྲད་པ་ལ་བརྟེན་ནས་ཤེས་དགོས་ཀྱི་ཡོད་པ་རེད། དཔེར་ན་ཕྲུ་གུ་ཆུང་ཆུང་ཞིག་ལ་སེར་པོ་ལ་འདིའི་མིང་ལ་སེར་པོ་རེད་ཅེས་མ་བསླབ་པ་ཡིན་ན། ཁོས་སེར་པོ་ཡིན་པའི་ཐ་སྙད་དེ་སྦྱོར་ཐུབ་ཀྱི་མ་རེད། སྔོན་པོ་ལ་སྔོན་པོ་ཞེས་པའི་ཐ་སྙད་དེ་སྦྱོར་ཐུབ་ཀྱི་མ་རེད། བྱས་ཙང་ང་ཚོས་ཁ་དོག་དཀར་དམར་བསླབ་དུས་ཁ་དོག་ནས་འགོ་བཙུགས་ཏེ་སློབ་ཀྱི་ཡོད། ཕྲུ་གུ་ཆུང་ཆུང་ལ་ཚོས་གཞི་བསླབ་དུས་ཤོག་བུའི་ཚོས་གཞི་འདྲ་མིན་འཁྱེར་ཡོང་ནས་འདི་ལ་སྔོན་པོ་ཟེར་གྱི་ཡོད་པ་རེད། འདི་ལ་སེར་པོ་ཟེར་གྱི་ཡོད་པ་རེད་ལྟ་བུ་ཚང་མས་ཕྲུ་གུར་གོ་རྒྱ་གཅོད་ཀྱི་ཡོད་པ་རེད།  བྱས་ཙང་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་སྟངས་དེ་ཤེས་ཡོན་གྱི་ལས་ཀ་ལྟ་བུ་རེད། ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་མཉམ་དུ་ཅི་ཞིག་དགོས་ཀྱི་ཡོད་པ་རེད་ཅེ་ན། ནང་གི་ཤེས་པའི་ནུས་པས་ཕྱིའི་ཡུལ་ལ་ཇི་བཞིན་བལྟ་ཐུབ་པའི་ཆེད་དུ་ནང་གི་ཤེས་པའི་ནུས་པ་དང་པོ་དེ་ལ་སད་དགོས་ཀྱི་ཡོད་པ་རེད། གཉིས་པ་དེ་ལ་སྨིན་དགོས་ཀྱི་ཡོད་པ་རེད། གསུམ་པ་དེ་ལ་རྫོགས་དགོས་ཀྱི་ཡོད་པ་རེད། མ་གཞི་འདིར་ཚིག་འབྲི་སྟངས་དེ་ཁག་པོ་ལྟ་བུ་ཞིག་ཆགས་འདུག་ཀྱང་། དོན་དག་དེ་རང་རེད།

སད་ཟེར་དུས་བློ་ཡི་ནུས་པ་དེ་ཡོད་ཀྱང་བག་ལ་ཞ་བའི་ཚུལ་དུ་ཡོད་པ་རེད། དེ་འདྲ་བའི་བག་ལ་ཞ་བའི་ཡིད་ཀྱི་ནུས་པ་དེ་ཕྱིའི་ཡུལ་གྱི་གོ་རྒྱ་གཅོད་པའི་ཐབས་ལམ་ལ་བརྟེན་ནས་སེར་པོའི་འདུ་ཤེས་འཛིན་པའི་ཤེས་པའི་ནུས་པ་དེ་སད་དགོས་ཀྱི་ཡོད་པ་རེད། སེར་པོའི་འདུ་ཤེས་འཛིན་པའི་ཤེས་པའི་ནུས་པ་དེ་སད་པའི་རྗེས་སུ་སེར་པོ་ལ་སེར་པོའི་ཐ་སྙད་སྦྱར་ནས་ཡུལ་དང་ཐ་སྙད་གཉིས་པོ་ལ་འབྲེལ་བ་ཡོད་པ་དེ་གཞི་ནས་སེར་པོ་མ་ཡིན་པ་ལས་ལོག་པའི་དངོས་པོ་ཞིག་ལ་སེར་པོ་ཞེས་བརྗོད་ཀྱི་ཡོད་པ་དང་། དེ་ལ་སེར་འཛིན་མིག་ཤེས་ཀྱིས་མཐོང་། སེར་འཛིན་རྟོག་པས་འཛིན་པ་རེད། སེར་འཛིན་རྟོག་པ་སྐྱེས་པ་ཙམ་གྱིས་སེར་པོ་འཛིན་པའི་རྟོག་པ་དེ་སེར་པོའི་བརྡ་ཡི་ཐ་སྙད་ལ་མ་བརྟེན་པར་སེར་པོ་འཛིན་པའི་རྟོག་པ་དེ་སྐྱེས་ཀྱི་ཡོད་པ་མ་རེད། སེར་པོ་འཛིན་པའི་རྟོག་པ་དེ་སྐྱེས་པའི་རྗེས་སུ་ཕྱིའི་ཡུལ་གྱི་གོ་རྒྱ་དེ་གཅོད་འགྲོ་རྒྱུ་རེད། ཕྱིའི་ཡུལ་གྱི་གོ་རྒྱ་གཅོད་པ་དང་མཉམ་དུ་སེར་པོ་འཛིན་པའི་རྟོག་པ་དེས་དེའི་ནང་གི་ཤེས་པའི་ནུས་པ་དེ་སད་འགྲོ་གི་རེད། དེ་སད་པ་ཡིན་ཡང་སྨིན་ཡོད་པ་མ་རེད་ལ་རྫོགས་ཀྱང་ཡོད་པ་མ་རེད། སེར་པོ་དེ་དོན་རང་མཚན་པ་རེད། སེར་འཛིན་རྟོག་པ་དེས་སེར་པོ་དེ་དོན་རང་མཚན་པ་ཡིན་པ་ཤེས་ཀྱི་ཡོད་པ་མ་རེད། སེར་པོ་འཛིན་པའི་བློ་ཡི་ནུས་པ་དེ་སད་པ་ཙམ་རེད་མ་གཏོགས་བློ་ཡི་ནུས་པ་དེ་སྨིན་ཡོད་པ་མ་རེད།

བློ་ཡི་ནུས་པ་དེ་ཇི་ལྟར་སྨིན་དགོས་ཀྱི་ཡོད་པ་རེད་ཅེ་ན། ཡང་ནས་ཡང་དུ་སེར་པོ་དང་སེར་པོའི་དོན་སྤྱིའི་བར་ལ་ཞིབ་འཇུག་བྱས་པའི་རྗེས་སུ་དོན་རང་མཚན་པའི་སེར་པོ་དེ་ཇི་འདྲ་ཞིག་ཡིན་མིན་དང་། བློ་ལ་འཆར་བའི་གཟུགས་བརྙན་གྱི་སེར་པོ་དེ་ཇི་འདྲ་ཞིག་ཡིན་མིན་སོགས་ཞིབ་ཚགས་པོས་ཤེས་པའི་བློ་ཡི་ནུས་པ་སད་པ་དེ་སྨིན་ནས་ཡོང་གི་ཡོད་པ་རེད། བློ་ཡི་ནུས་པ་རྫོགས་པར་བྱེད་རྒྱུ་དེ་ཁག་པོ་རེད།  སངས་རྒྱས་ཀྱི་རྒྱུད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྟ་བུ་ལ་ཆ་བཞག་ན་སངས་རྒྱས་ཀྱི་སར་སླེབས་དུས་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པ་གཉིས་ཀྱི་བར་ལ་ཁྱད་པར་མེད་པ་ཆགས་ཀྱི་ཡོད་པ་རེད། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སེར་འཛིན་མིག་ཤེས་དེའང་རྣམ་མཁྱེན་ཡིན་ཞེས་བརྗོད་དགོས་ཀྱི་ཡོད་པ་རེད། སེར་འཛིན་མིག་ཤེས་དེས་ཆོས་ཐམས་ཅད་རྟོགས་ཀྱི་རེད། བྱས་ཙང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་རྫོགས་པ་ཞེས་བརྗོད་དགོས་ཀྱི་ཡོད་པ་རེད། བློ་ཡི་ནུས་པ་དེ་སད་པ་དང་། སྨིན་པ། རྫོགས་པར་བྱེད་པའི་ཐབས་ལམ་གྱི་ཡོན་ཏན་ཞིག་ལ་ཤེས་ཡོན་ཟེར་དགོས་ཀྱི་ཡོད་པ་རེད།

དྲི་བ། ནང་གསེས་གཉིས་པ། ལྔ་པའི་ཐིག་ཕྲེང་གསུམ་པར་ “ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་ཆེད་ཀྱི་ཐབས་ལམ་” ཞེས་པ་དང་ “བོད་མི་བཙན་བྱོལ་གྱི་ལམ་སྲོལ་གོང་དུ་བཀོད་པའི་རྩ་དོན་སྙིང་པོ་ཁག་དང་མི་འགལ་བར་ཁྱབ་ཆེ་བའི་མ་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སྤོང་ཞིང་” ཞེས་དེ་གཉིས་ཀྱི་གོ་བ་ཇི་ལྟར་ཡིན་ནམ།

 ལན། དོན་ཚན་གསུམ་པའི་བརྒྱད་པ་དེ་གོང་དུ་བཀོད་པའི་རྩ་དོན་སྙིང་པོ་ཁག་དང་མི་འགལ་ཞེས་པའི་གོང་བཀོད་རྩ་དོན་ཚང་མར་བཀོད་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁ་ཐུག་ལ་སྦྱར་ས་དེ་གསུམ་པའི་བཞི་པ་དང་། ལྔ་པ། དྲུག་པ་བཅས་ལ་སྦྱར་དགོས་ཀྱི་ཡོད་པ་རེད། སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་ཆེད་ཞེས་པ་དེ་ལའང་སྦྱར་མ་ཆོག་པ་མེད་ཀྱང་། གསུམ་པའི་བཞི་པ་དང་། ལྔ་པ། དྲུག་པ་བཅས་ལ་སྦྱར་ན་སྟབས་བདེ་བ་ཡོད་པ་རེད། ད་ལྟ་ཁྱེད་ཀྱིས་སྦྱར་སའི་གཉིས་པའི་ལྔ་པ་དེ་ལ་སྦྱར་ནའང་མི་འགྲིག་པ་གང་ཡང་ཡོད་པ་མ་རེད། སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་ཐུབ་པ་དེ་ག་འདྲ་ཡོང་གི་རེད་ཅེ་ན། དེ་དང་དཔལ་འབྱོར་གྱི་ལམ་སྲོལ་གཉིས་པོ་དེ་འབྲེལ་བ་སྦྱར་ནས་ཡོང་གི་ཡོད་ན།  མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་ཀ་མ་སྤོང་བ་ཡིན་ན་སྤྱི་ཚོགས་ཀྱི་སྲི་ཞུ་སྒྲུབ་ཐུབ་ཀྱི་མ་རེད་ལ། ཕན་བདེ་ཡང་སྒྲུབ་ཐུབ་ཀྱི་མ་རེད།

ང་ཚོས་སྐད་ཆ་བཤད་དུས་སྤྱི་ཚོགས་ཟེར་བ་དེ་ཡོངས་རྫོགས་ལ་བཀོད་ཀྱི་ཡོད་པ་རེད། རྒྱལ་ཁབ་ཅིག་ལ་ཆ་མཚོན་ན། རྒྱལ་ཁབ་དེའི་ཡུལ་མི་ཡོངས་རྫོགས་ལ་བཀོད་དགོས་ཀྱི་ཡོད་པ་རེད་མ་གཏོགས་ཡུལ་མི་ཆ་ཤས་ཤིག་ལ་བཀོད་ཀྱི་ཡོད་པ་མ་རེད། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་ཞིག་ཡོད་པ་ཡིན་ན། སྤྱི་ཚོགས་དེའི་ནང་གི་མིའི་བརྒྱ་ཆ་ཁ་ཤས་ཀྱི་སྲི་ཞུ་དང་ཕན་བདེ་སྒྲུབ་ཐུབ་ཀྱི་རེད་མ་གཏོགས། བརྒྱ་ཆ་བརྒྱ་ཡི་སྲི་ཞུ་དང་ཕན་བདེ་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། གང་ལགས་ཤེ་ན། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་གྱི་དོན་དག་སྙིང་པོ་དེ་གང་འདྲ་ཡོད་པ་རེད་ཅེ་ན། གཅིག་གིས་གཅིག་ལ་བཤུ་གཞོག་བྱེད་པ་དེ་རེད། གཅིག་གིས་གཅིག་ལ་བཤུ་གཞོག་མ་བྱས་པར་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་སྲོལ་རྒྱུན་དེ་གནས་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་མ་རྩའི་རིང་ལུགས་དང་། ལྷག་པར་དུ་དེང་སང་ཡོད་པའི་ཁྲོམ་རྭའི་ལམ་ལུགས་ཀྱི་བག་མེད་ལོངས་སྤྱོད་ཀྱི་མ་རྩའི་རིང་ལུགས་ནང་འགྲན་བསྡུར་མེད་པར་འགྲོ་ས་ཡོད་པ་མ་རེད། འགྲན་བསྡུར་ཡོད་ན་སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་ཐུབ་ཀྱི་མ་རེད།

འགྲན་བསྡུར་ཞེས་པ་དེ་རྒྱལ་ཕམ་ཡོད་པ་ཞིག་དང་། རང་རྒྱལ་གཞན་ཕམ་གྱི་གནས་སྟངས་ཤིག་རེད་མ་གཏོགས། རང་ཕམ་གཞན་རྒྱལ་བྱེད་པའི་ཆེད་དུ་སུ་གང་གིས་ཀྱང་འགྲན་བསྡུར་བྱེད་ཀྱི་མ་རེད། རང་དབང་ལྡན་པ་དང་དྲང་བདེན་གྱི་འགྲན་བསྡུར་ཞེས་པ་དེ་ཡོང་རྒྱུ་མེད་པའི་གནས་སྟངས་ཤིག་རེད། Free and Fair Competition ཞེས་པ་ཁོ་རང་རྫུན་མ་རེད། འགྲན་བསྡུར་བྱེད་དུས་རང་དབང་ལྡན་པ་ཡོང་རྒྱུ་ཡོད་པ་མ་རེད་ལ། དྲང་བདེན་ཡང་ཡོང་རྒྱུ་ཡོད་པ་མ་རེད། འགྲན་བསྡུར་གང་འདྲ་ཞིག་ཡིན་ནའང་སོ་སོ་ཐོབ་པའི་ཐབས་ཤེས་བྱེད་ཀྱི་རེད་མ་གཏོགས་ཤོར་འཇུག་གི་མ་རེད། བྱས་ཙང་འགྲན་བསྡུར་དེ་མ་རྩའི་རིང་ལུགས་ཀྱི་གཞི་རྩ་གཅིག་རེད། འདོད་རྔམས་ཀྱིས་བཤུ་གཞོག་གཏོང་བ་དེ་མ་རྩའི་རིང་ལུགས་ཀྱི་གཞི་རྩ་གཉིས་པ་དེ་རེད། ད་ལྟའི་མ་རྩའི་རིང་ལུགས་ཀྱི་ལམ་སྲོལ་འོག་འཛམ་བུ་གླིང་གི་སྤྱི་ཚོགས་འདི་དེང་སང་གང་འདྲ་ཞིག་ཆགས་ཡོད་ཅེ་ན། སོ་སོའི་དགོས་མཁོ་གང་ཡིན་པ་དེ་སོ་སོས་ཤེས་ཀྱི་ཡོད་པ་མ་རེད་ལ། སོ་སོར་ཐག་གཅོད་པའི་དབང་ཆ་ཡོད་པ་དེའང་འཕྲོགས་ཟིན་པ་རེད། དགོས་མཁོ་གང་ཡིན་པ་དེ་མི་ལ་བལྟ་རྒྱུ་དང་། གཟུགས་མཐོང་རླུང་འཕྲིན། གསར་ཤོག་སོགས་ཀྱིས་ཤུགས་གནོན་གང་སྤྲད་པ་དེའི་འོག་ཏུ་འགྲོ་རྒྱུ་ཞིག་རེད།

མིའི་དངོས་གནས་ཀྱི་དགོས་མཁོ་ལྷམ་ལྟ་བུ་ཞིག་ལ་ཆ་མཚོན་ན། ལྷམ་ཆ་གཅིག་ཡོད་ན་མི་དེའི་ལྷམ་གྱི་དགོས་མཁོ་དེ་ཚང་ཡོད། ཡིན་ནའང་ཉིན་ལྟར་གསར་ཤོག་དང་དྲིལ་བསྒྲགས། གཟུགས་མཐོང་རླུང་འཕྲིན་སོགས་བལྟས་ན་ལྷམ་དེས་འདང་གི་མ་རེད། ཞོགས་པར་རྒྱུགས་དུས་ལྷམ་ཞིག་དགོས་ཀྱི་ཡོད་པ་རེད། ལས་ཁུངས་སུ་འགྲོ་དུས་ལྷམ་ཞིག་དགོས་ཀྱི་ཡོད་པ་རེད། ཁྲུས་ཁང་ལ་འགྲོ་དུས་ལྷམ་ཞིག་དགོས་ཀྱི་ཡོད་པ་རེད། རྩེད་མོ་རྩེད་དུས་ལྷམ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་ཡང་ཡང་བསྒྲགས་ཏེ་དེ་ལྟ་བུ་མི་འདང་བའི་གནས་སྟངས་ཤིག་ནན་གྱིས་བཟོ་གི་ཡོད། བྱས་ཙང་ཚང་མས་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད་པ་རེད། བག་མེད་ལོངས་སྤྱོད་ག་ཚོད་བྱེད་ཐུབ་པ་དེ་འཇོན་པ་ཞིག་ལ་བརྩི་གི་ཡོད་པ་རེད།

འཛམ་གླིང་ནང་འདས་པའི་ལོ་ངོ་སྟོང་ཕྲག་རིང་འགྱུར་བ་མ་སོང་བ་ཞིག་འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་ནང་འགྱུར་བ་སོང་བ་རེད། ལྷག་པར་དུ་བརྒྱ་ཕྲག་ཉི་ཤུའི་ནང་འཛམ་གླིང་དམག་ཆེན་གཉིས་བྱུང་བ་རེད། བོད་དེའང་གནའ་སྔ་མོ་ནས་རྒྱ་ནག་གི་འཁྲིས་སུ་ཡོད་མུས་རེད། རྒྱ་ནག་མི་གྲངས་མང་བ་དང་སྟོབས་ཤུགས་ཆེ་བ་ཡིན་ནའང་། གཞི་ནས་ལྔ་བཅུ་ང་གཅིག་གི་ལོར་བོད་ཡོངས་རྫོགས་རྒྱ་ནག་གི་བཙན་འོག་ཏུ་འགྲོ་དགོས་པ་དེའང་བོད་དང་རྒྱ་ནག་གི་གནས་བབ་གཅིག་པུ་མ་རེད། འཛམ་གླིང་སྤྱིའི་འགྱུར་འགྲོས་ཆེན་པོ་ཞིག་གི་ནང་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་ཀྱི་ཞོར་ལ་ང་ཚོ་ཚུད་པ་རེད། གལ་ཏེ་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་འཐབ་རྩོད་དེ་མ་བྱུང་བ་ཡིན་ན་བོད་ཀྱི་གནས་སྟངས་འདི་ད་ལྟ་བཞིན་ཡོང་དགོས་དོན་རྩ་བ་ནས་མེད། འཐབ་རྩོད་དེ་བྱུང་བའི་སྐབས་སུ་ང་ཚོ་གཉིད་ཁུག་ནས་བསྡད་པ་དེ་ང་རང་ཚོའི་ནོར་འཁྲུལ་རེད། འཛམ་གླིང་ལ་དེ་འདྲ་བའི་གནས་སྟངས་ཤིག་བྱུང་བའི་སྐབས་སུ་ང་ཚོའང་དེ་དང་མཉམ་དུ་གོམ་པ་ཞིག་སྤོ་དགོས་ཀྱི་ཡོད་ཀྱང་དེ་ང་ཚོས་མ་ཐུབ་པ་རེད། ཡིན་ནའང་ནོར་བ་དེ་ང་ཚོ་གཅིག་པུའི་ནོར་འཁྲུལ་མ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་ལྡོག་གི་གནས་སྟངས་ཤིག་རེད། དེ་ལྟ་བུའི་འགྱུར་ལྡོག་གི་གནས་སྟངས་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་རེད་ཅེ་ན། འཕྲུལ་ལས་ཡར་རྒྱས་སུ་སོང་བ་དེ་ལ་ཐུག་ཡོད་པ་རེད། ཚན་རིག་ལ་བརྟེན་པའི་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་སྐབས་སུ་མིའི་དགོས་མཁོའི་ཅ་ལག་རྣམས་ཐོན་བསྐྱེད་བྱས་པ་རེད། དེ་ཐོན་བསྐྱེད་བྱས་པའི་ཅ་ལག་རྣམས་བཙོང་དགོས་ཀྱི་ཡོད་པ་རེད། དེ་བཙོང་ས་མེད་ན་ཅ་ལག་དེ་དག་ཐོན་བསྐྱེད་བྱས་པས་ཕན་མ་ཐོགས་པ་རེད། མ་རྩའི་བདག་པོ་ལ་ཁེ་ཕན་ཆེན་པོ་ཡོང་བའི་ཆེད་དུ་མི་ཚང་མ་བག་མེད་ལོངས་སྤྱོད་བྱེད་མཁན་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། དེའི་ཆེད་དུ་བསམ་བློ་བཤུ་གཞོག་གཏོང་དགོས་ཀྱི་ཡོད་པ་རེད།

བདག་ཉིད་ཆེན་པོ་གཱཾདྷཱིའི་གསུང་འདི་ནུས་པ་ཆེན་པོ་ཞིག་དང་བདེན་པ་ཞིག་རེད་བསམ་གྱི་འདུག  སའི་གོ་ལ་འདིས་མི་ཚང་མའི་དགོས་མཁོ་འདང་ངེས་བསྐང་ཐུབ་ཀྱང་། མི་ཚང་མའི་འདོད་རྔམས་དེ་བསྐང་མི་ཐུབ་ཅེས་གསུངས་ཡོད། འདོད་རྔམས་དེ་ཤུགས་ཆེན་པོ་བཟོས་པའི་ཐོག་ནས་བཤུ་གཞོག་བྱེད་པ་དེ་མ་རྩའི་རིང་ལུགས་ཀྱི་གཞི་རྩ་ལྟ་བུ་དེ་རེད། མ་རྩའི་རིང་ལུགས་ཀྱི་ནང་ལ་དཔལ་འབྱོར་འདྲ་མཉམ་ཟེར་བ་དེ་ནམ་ཡང་ཡོང་ཐབས་མེད། བཤུ་གཞོག་བྱེད་མཁན་ཞིག་དང་བཤུ་གཞོག་བྱེད་ས་ཞིག་ག་དུས་ཡིན་ཡང་ཡོད་རྒྱུ་ཞིག་རེད། དེང་སང་འཛམ་གླིང་གསུམ་པ་དང་འཛམ་གླིང་དང་པོའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། ཕྱུག་པོ་ཚོ་ཧ་ཅང་གིས་ཕྱུག་པོ་ཆགས་ན་སྐྱོ་པོ་ལ་ཕན་ཐོགས་ཀྱི་རེད་ཟེར་བ་དེ་སྐྱོ་པོ་ཚོ་ལ་ཧ་ཅང་གི་བརྙས་བཅོས་རེད། བུམ་པ་ལྟ་བུ་ཡིན་ན་ཆུས་ཁེངས་ནས་ཐིགས་པ་ཟག་པ་དེ་འཐུང་དགོས་ཟེར་གྱི་ཡོད་པ་རེད། དེ་ཧ་ཅང་ཁག་པོ་རེད། ཕྱུག་པོའི་གྲལ་རིམ་དང་བར་མའི་གྲལ་རིམ་དེ་ཡར་རྒྱས་སུ་སོང་བ་ཡིན་ན་དབུལ་པོའི་གྲལ་རིམ་ལ་ཕན་ཐོགས་ཀྱི་རེད་ཟེར་བ་དེ་ཧ་ཅང་གི་སླུ་བྲིད་ཀྱི་ཚིག་ཅིག་རེད། དེ་ནམ་ཡང་ཡོང་ཐབས་མེད།

མ་རྩའི་རིང་ལུགས་ཀྱི་ནང་ཕྱུག་པོའི་གྲལ་རིམ་དང་དབུལ་པོའི་གྲལ་རིམ་གཉིས་པོ་དེ་རང་སར་སྡོད་ཀྱི་རེད། དེ་འདྲ་ཡིན་དུས་སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་བསྒྲུབ་རྒྱུའི་སྐད་ཆ་དེ་ཡོད་པ་མ་རེད། སྤྱི་ཚོགས་ཀྱི་སྲི་ཞུ་དང་ཕན་བདེ་བསྒྲུབ་རྒྱུ་ཡིན་ན། ཕྱུག་པོའི་གྲལ་རིམ་གྱི་ཞབས་ཞུ་བསྒྲུབ་དགོས་ཀྱི་ཡོད་པ་རེད། ཡང་ན་དབུལ་པོའི་གྲལ་རིམ་གྱི་ཞབས་ཞུ་བསྒྲུབ་དགོས་ཀྱི་རེད་མ་གཏོགས། གྲལ་རིམ་ཡོངས་སུ་རྫོགས་པའི་ཞབས་ཞུ་སྒྲུབ་ཐུབ་པའི་གནས་སྟངས་དེ་ཡོང་ཐབས་མེད་པ་ཞིག་རེད།

སྤྱི་ཚོགས་རིང་ལུགས་ལའང་དེ་ལས་གཞན་པ་ཞིག་ཡོད་དམ་ཞེ་ན། རྩ་བ་ཉིད་ནས་ཡོད་པ་མ་རེད། གྲལ་རིམ་འཐབ་རྩོད་དེ་སྤྱི་ཚོགས་རིང་ལུགས་སུ་འགྲོ་བའི་ཐབས་ལམ་གཙོ་བོ་དེ་རེད། སྤྱི་ཚོགས་རིང་ལུགས་ཀྱིས་ག་དུས་ཡིན་ནའང་གྲལ་རིམ་དབྱེ་བ་ཕྱེ་སྟེ་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། མཱ་ཁེ་སེས་ (Karl Marx) ཀྱང་གྲལ་རིམ་འཐབ་རྩོད་དེ་ཙོང་གི་པགས་པ་བཤུས་པ་ནང་བཞིན་ཡིན་ཞེས་དཔེ་ཡག་པོ་ཞིག་བཞག་འདུག ཙོང་གི་པགས་པ་ནང་བཞིན་པགས་པ་གཅིག་བཤུས། དེ་ནས་གཉིས་བཤུས། དེ་ནས་གཙང་སེལ་བཏང་སྟེ་རིམ་པས་སྤྱི་ཚོགས་རིང་ལུགས་ནང་འགྲོ་དགོས་ཀྱི་ཡོད་རེད།

སྤྱི་ཚོགས་རིང་ལུགས་ཀྱི་དམིགས་ཡུལ་དེ་ཡག་པོ་རེད། ༸སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་ང་ཕྱེད་ཀ་སྤྱི་ཚོགས་རིང་ལུགས་པ་ཡིན་ཞེས་བཀའ་གནང་གི་ཡོད་པ་རེད། མི་ཚང་མ་འདྲ་མཉམ་དང་ཕྱོགས་རིས་མེད་པ་ཞིག་ཡོང་རྒྱུའི་དམིགས་ཡུལ་དེ་སྤྱི་ཚོགས་རིང་ལུགས་ཀྱིས་ཀྱང་བཤད་ཀྱི་ཡོད་པ་རེད། མཐའ་མའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་ཚུལ་གང་འདྲ་ཞིག་ཡོད་ཅེ་ན། གཞུང་དང་རྒྱལ་ཁབ་མེད་པའི་སྤྱི་ཚོགས་ཤིག་དང། སྤྱི་ཚོགས་གང་གི་ནང་དུའང་མི་སོ་སོའི་ནུས་པ་དང་བསྟུན་པའི་ལས་ཀ་བྱེད་པའི་གོ་སྐབས་ཡོད་པ། མི་སོ་སོའི་དགོས་མཁོ་དང་མཐུན་པའི་མཐུན་རྐྱེན་རག་པའི་གོ་སྐབས་ཡོད་པ་དེ་འདྲ་ཞིག་ལ་སྤྱི་ཚོགས་རིང་ལུགས་ཞེས་བརྗོད་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱུང་བ་ཡིན་ན་ཧ་ཅང་ཡག་པོ་རེད། དེ་སྡུག་ཅག་མིན་ནའང་། དེ་འདྲ་བ་ཞིག་ལ་སླེབས་ཆེད་ང་ཚོས་གྲལ་རིམ་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་རེད། གྲལ་རིམ་གོང་མ་དེ་ཚོ་རྩ་མེད་གཏོང་དགོས་ཀྱི་ཡོད་རེད། འཚེ་བའི་སྲིད་བྱུས་ལ་བརྟེན་པའི་རིང་ལུགས་ཤིག་ཆགས་པ་ཡིན་ཙང་། དེའི་དབང་དུ་སོང་བའི་སྤྱི་ཚོགས་རིང་ལུགས་དེ་ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཡོང་རྒྱུ་མེད་པ་ཞིག་རེད་ལ། ཕྱོགས་གཞན་པ་ཞིག་ནས་བལྟས་པ་ཡིན་ན་ཐབས་ལམ་བཟང་པོ་མ་ཡིན་པ་དེའི་ཐོག་ནས་མི་ཡོངས་རྫོགས་ལ་འདྲ་མཉམ་གྱི་ཐོག་ནས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་མེད། གྲལ་རིམ་རིམ་པ་བཞིན་འགྲོ་དགོས་པ་ཡིན་ཙང་། མཐའ་མ་ལྷག་མཁན་དེ་ཡོད་པ་མ་རེད། བྱས་ཙང་ད་ལྟའི་གནས་སྐབས་སུ་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་པའི་གོ་སྐབས་དེ་མེད་པ་རེད།

སྤྱི་ཚོགས་ཀྱི་ཕན་བདེ་སྒྲུབ་དགོས་ཀྱི་ཡོད་པ་ཡིན་ན་མཐའ་གཉིས་སྤངས་པའི་དཔལ་འབྱོར་གྱི་ལམ་སྲོལ་ཞིག་ཏུ་འགྲོ་དགོས་ཀྱི་ཡོད་པ་རེད། མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སྤངས་པ། འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པ། ལོག་པའི་འཚོ་བར་མི་བརྟེན་པ། རང་ཁ་རང་གསོ་བྱེད་ཐུབ་པ་བཅས་ཀྱི་ལམ་སྲོལ་ཡང་དག་པ་ཞིག་གི་ཐོག་འགྲོ་ཐུབ་པ་བྱེད་རྒྱུ་དེ་རེད། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས་ཀྱི་མཐའ་གཉིས་སྤངས་པ་ཞེས་པ་དེ་གོང་དུ་བཤད་པ་བཞིན་དེང་སང་འཛམ་བུ་གླིང་ལ་ཡོད་བཞིན་པའི་དཔལ་འབྱོར་གྱི་ལམ་སྲོལ་གཉིས་ཀའི་མཐའ་དེ་སྤོང་དགོས་ཀྱི་ཡོད་པ་རེད། དཔལ་འབྱོར་གྱི་ལམ་སྲོལ་གང་ཞིག་ཐོག་སྡོད་དགོས་ཀྱི་ཡོད་པ་རེད་ཅེ་ན། དགོས་མཁོ་ལ་བརྟེན་པའི་དཔལ་འབྱོར་གྱི་ལམ་སྲོལ་དེར་འགྲོ་དགོས་ཀྱི་ཡོད་པ་རེད། འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་ཞེས་པ་དེ་མང་ཆེ་ཤོས་ཀྱིས་མཁྱེན་གྱི་ཡོད་པ་རེད། དེ་མ་མཁྱེན་ན། བག་མེད་ལོངས་སྤྱོད་བྱས་པ་ལ་འདོད་པ་བསོད་ཉམས་ཀྱི་མཐའ་ཞེས་བརྗོད་ཀྱི་ཡོད་པ་རེད། དངོས་ཡོད་ཀྱི་དགོས་མཁོ་ཁ་ལག་ཀྱང་མ་བཟས་པ་དང་ཆུའང་མ་འཐུང་བར་བསྡད་པ་ལ་ངལ་ཞིང་དུབ་པའི་མཐའ་ཞེས་བརྗོད་ཀྱི་ཡོད་པ་རེད།

གཞོན་ནུ་དོན་གྲུབ་ཀྱིས་ནཻརཉྫནའི་འགྲམ་དུ་ལོ་དྲུག་ལ་དཀའ་བ་སྤྱད་པ་ནི་ངལ་ཞིང་དུབ་པའི་མཐའ་ལ་བརྟེན་པ་ཞིག་རེད། ཉི་མ་རེ་ལ་འབྲུ་བདུན་གྱི་ཟས་མ་གཏོགས་མ་ཟོས་པར་ཁྲུས་དང་གཉིད་ལའང་མ་བརྟེན་པར་དཀའ་བ་སྤྱད་ནས་ཤ་སྐམ་པགས་སྐམ་དུ་གྱུར་ཏེ་སྐུ་གཟུགས་ཀྱི་རྩིབས་མ་ཚང་མ་མཐོང་བ་དེ་འདྲ་གནང་བ་དེ་ལ་ངལ་ཞིང་དུབ་པའི་མཐའ་ཞེས་བརྗོད་ཀྱི་ཡོད་པ་རེད། སྔོན་མ་སེར་སྐྱའི་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་ནང་ཡོད་པའི་སྐབས་ཀྱི་ལོངས་སྤྱོད་གནང་སྟངས་དེ་ལ་འདོད་པ་བསོད་ཉམས་ཀྱི་མཐའ་ཞེས་བརྗོད་ཀྱི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་མ་བསྐོར་བའི་སྔོན་ནས་དབུ་མའི་ལམ་གྱི་ལམ་སྟོན་དེ་གནང་དགོས་པའི་དོན་དག་ཀྱང་དེ་རེད། གཞོན་ནུ་དོན་གྲུབ་ཀྱི་མཉམ་དུ་ཞབས་ཞུ་སྒྲུབ་མཁན་མི་ལྔ་ཞིག་བཞག་ཡོད་པ་རེད། གཞོན་ནུ་དོན་གྲུབ་ཀྱིས་དཀའ་ཐུབ་བཞག་ནས་བྲམ་ཟེའི་བུ་མོའི་ས་ནས་འོ་ཐུག་བཞེས། དེ་ལ་བརྟེན་ནས་སྐུའི་ཁམས་གསོས་པར་བྱས། ནཻརཉྫནར་སྐུ་ཁྲུས་གསོལ་བ་སོགས་གནང་དུས་ཁོང་ཚོ་ལྔ་པོའི་བསམ་པར་གཞོན་ནུ་དོན་གྲུབ་དཀའ་ཐུབ་ལས་ཉམས་པས་བྱང་ཆུབ་མི་ཐོབ་སྙམ་ནས་གཞོན་ནུ་དོན་གྲུབ་གཡུགས་ཏེ་ཝཱ་རཱ་ཎ་སཱིར་ཕྱིན་པ་རེད། སྐུ་གཟུགས་གསོས་པའི་རྗེས་སུ་བྱང་ཆུབ་ཤིང་དྲུང་དུ་མཉམ་པར་བཞག་ནས་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག ཐོ་རངས་སུ་ཟད་མི་ཤེས་པའི་ཡེ་ཤེས་རྙེད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ཡུལ་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བར་ཕེབས་སྐབས། འཁོར་ལྔ་སྡེ་བཟང་པོས་སྟོན་པ་ལ་ཁྱེད་རང་གིས་དཀའ་ཐུབ་ཉམས་པས་བདུད་རྩི་ཇི་ལྟར་རྙེད་སོང་ཞེས་དྲིས་པའི་ལན་དུ། ངལ་ཞིང་དུབ་པའི་མཐའ་ཡིས་བདུད་རྩི་རྙེད་ཀྱི་མ་རེད། འདོད་པ་བསོད་ཉམས་ཀྱི་མཐའ་ཡིས་བདུད་རྩི་རྙེད་ཀྱི་མ་རེད། བདུད་རྩི་རྙེད་པར་དབུ་མའི་ལམ་ཞིག་ལ་བསྟེན་དགོས་ཀྱི་ཡོད་པ་རེད་ཅེས་དབུ་མའི་ལམ་ཞེས་པའི་ཚིག་དེ་དང་པོར་བེད་སྤྱོད་གནང་བ་རེད།

དེ་ནས་ཡང་དག་པའི་འཚོ་བ་ལས་ལོག་འཚོ་མ་ཡིན་པ་དེ་རེད། ལོག་འཚོ་ལ་རིགས་མི་འདྲ་བ་མང་པོ་ཡོད། གང་ལྟར་ལོག་འཚོ་ཟེར་དུས་འཚེ་བའི་ལམ་ནས་བསྒྲུབས་པའི་འཚོ་བ་ཞིག་ལ་བཤད་ཀྱི་ཡོད། རང་ཁ་རང་གསོ་ཐུབ་པ་ཟེར་བའི་ཚིག་འདི་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ང་ཚོ་བོད་པའི་གཏམ་དཔེ་ཁ་གཅིག་ལག་པ་གཉིས་ཀྱིས་གསོ་མི་ཐུབ་པ་མེད་ཅེས་པ་དེ་ཚང་མས་སྤོབས་པའི་ཐོག་ནས་བཤད་ཀྱི་རེད། རྒྱ་གར་དུ་སླེབས་ནས་བཟུང་ང་ཚོ་གཞན་བརྟེན་བྱེད་མཁན་ཞིག་ཆགས་པ་རེད། རང་ཁ་རང་གསོ་ཟེར་བ་དེ་རང་དབང་གི་ཐོག་མ་དེ་རེད། སོ་སོས་དཀའ་ལས་བརྒྱབས་པའི་མཐུན་རྐྱེན་གྱི་ཐོག་ནས་སོ་སོའི་འཚོ་བ་སྐྱེལ་མ་ཐུབ་པར་གཞན་ལ་བརྟེན་དགོས་བྱུང་ན། དེ་ནས་དཔལ་འབྱོར་གྱི་རང་དབང་མེད་པར་ཆགས་འགྲོ་གི་ཡོད་པ་རེད། རང་ཁ་རང་གསོ་བྱེད་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

བདག་ཉིད་ཆེན་པོ་གཱཾདྷཱིས་རང་གིས་ཐོན་སྐྱེད་གང་ཡང་མ་བྱས་པར་དགོས་མཁོ་ལ་ལོངས་སྤྱད་པ་ཡིན་ན་དེ་ནི་མི་གཞན་གྱི་སྐལ་བ་བརྐུས་པ་རེད་ཅེས་གསུངས་པ་དེ་བདེན་པ་རང་རེད། སོ་སོའི་འཚོ་བ་དེ་སོ་སོས་དཀའ་ལས་བརྒྱབས་པའི་ཐོག་ནས་སྒྲུབ་ཐུབ་དགོས། དེའི་གོ་དོན་ནི་སོ་སོའི་བཟའ་བྱའི་འབྲས་དེ་སོ་སོས་འདེབས་དགོས་ཀྱི་ཡོད་པ་རེད། སོ་སོའི་བཟའ་བྱའི་ཚལ་དེ་སོ་སོས་འདེབས་དགོས་ཀྱི་ཡོད་པ་རེད་ཅེས་བཤད་ཀྱི་ཡོད་མ་རེད། སོ་སོའི་འཚོ་བ་དེ་སོ་སོས་ལས་ཀ་བྱས་པའི་གྲུབ་འབྲས་བྱུང་བ་དེ་ལས་སྐྱེལ་དགོས་ཞེས་པ་དེ་རེད། ང་ཚོའི་ཕོགས་ལྟ་བུ་ཡིན་ནའང་སོ་སོས་ཟླ་བ་གཅིག་ལ་ལས་ཀ་བྱས་པའི་རྗེས་སུ་གཞི་ནས་ཕོགས་ཐོབ་ཀྱི་ཡོད་རེད། དེ་ནི་འོས་ཤིང་འཚམས་པའི་འཚོ་བ་ཞིག་རེད། སྒོར་མོ་ཁྲི་གཅིག་གི་ལས་ཀ་བྱས་ཏེ། ཕོགས་དེ་སྒོར་མོ་ཁྲི་ལྔ་བླངས་པ་ཡིན་ན། དེ་ཡང་དག་པའི་འཚོ་བ་ཆགས་ཀྱི་ཡོད་པ་མ་རེད། སོ་སོས་ལས་ཀ་བྱས་པ་དང་ཕོགས་བླངས་པ་གཉིས་ཏག་ཏག་བསྡད་ཀྱི་མེད། དེ་བཞིན་ཕོགས་ཐོབ་དེ་ཁྲི་གཅིག་ཡིན་ན་ལག་ཏུ་སྟོང་གཅིག་མ་གཏོགས་མ་ཐོབ་ན་དེའང་ཏག་ཏག་བསྡད་མེད། རང་གིས་ཇི་ཙམ་གྱིས་ལས་དང་བསམ་བློའི་ནུས་པ་བཏང་ནས་དཀའ་ལས་བརྒྱབས་པ་དེ་ཙམ་གྱིས་ཡུལ་སྤྱིའི་ཡུལ་ཁྲིམས་ལ་བརྩི་དགོས་ཀྱི་ཡོད་པ་རེད། ལུང་པའི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་རྒྱ་གར་ལ་བསྡད་ཡོད་ཙང་། རྒྱ་གར་གྱི་གནས་སྟངས་ཐོག་བརྩི་དགོས་ཀྱི་ཡོད། ཨ་རིར་ཡོད་ན་ཨ་རིའི་གནས་སྟངས་ཐོག་བརྩི་དགོས་ཀྱི་ཡོད་པ་རེད། ལུང་པ་དེའི་གནས་སྟངས་ཀྱི་ཐོག་ནས་འོས་ཤིང་འཚམས་པ་ཞིག་ཆགས་ཀྱི་ཡོད་ན་དེ་ལ་རང་ཁ་རང་གསོ་ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད། དཀའ་ལས་མ་བརྒྱབ་པར་མིས་སྤྲད་པ་ལ་བརྟེན་ནས་བསྡད་པ་ཡིན་ན་དེ་ནི་རྐུ་མ་བརྐུས་པའི་གནས་སྟངས་དང་གཅིག་པ་ཆགས་ཀྱི་ཡོད་པ་རེད། བྱས་ཙང་རང་ཁ་རང་གསོ་ཞེས་པའི་ཚིག་དེ་དམིགས་སུ་བཀར་ནས་འདིར་བཀོད་པའི་རྒྱུ་མཚན་ཡང་དེ་རེད།

དྲི་བ། ཚད་མ་རིག་པའི་སློབ་ཁྲིད་གནད་དུ་སྨིན་པར་བྱེད་ཐུབ་པའི་ཐབས་ལམ་ཅི་ཞིག་ཡོད་པ་རེད།

 ལན། དྲི་བ་དེ་གལ་ཆེན་པོ་རེད། ཡིན་ནའང་ཐབས་ལམ་འདི་ཡོད་རེད་ཅེས་བཟོས་བཞག་པའི་ལན་ཞིག་རྒྱག་ཐུབ་རྒྱུ་ཁག་པོ་རེད། དགེ་རྒན་ཚོས་ཚད་མ་རིག་པའི་རྣམ་གཞག་གང་ལ་གང་འཚམས་ཤིག་མ་མཁྱེན་ན་དགེ་ཕྲུག་ཚོར་ཚད་མ་རིག་པ་བསླབ་ཐུབ་ཐབས་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། ཚད་མ་རིག་པ་བསླབ་ཀྱི་ཡིན་ཞེས་ཟུར་དུ་བཙུགས་པ་དེའང་ཏག་ཏག་ལག་ལེན་ལ་འཁེལ་བ་ཞིག་ཡོང་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་དགེ་རྒན་ཡོངས་རྫོགས་ལ་ཚད་མ་རིག་པའི་སློབ་ཁྲིད་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག  ངས་དྲན་ཚོད་བྱས་པ་ཡིན་ན་ཟབ་སྦྱོང་ཁ་ཤས་ཀྱི་ནང་ཚད་མ་རིག་པ་ཚུད་པའང་བྱུང་འདུག མ་འོངས་པར་དགེ་རྒན་ཚོ་དང་། ལྷག་པར་དུ་དམའ་རིམ་འཛིན་གྲྭའི་དགེ་རྒན་ཚོས་ཚད་མ་རིག་པའི་སློབ་ཁྲིད་བྱེད་སྟངས་ཀྱི་ལག་དེབ་ལྟ་བུ་བཟོ་དགོས་བྱུང་ནའང་བཟོ་ཆོག་གི་རེད་ལ། ཟབ་སྦྱོང་ཡང་ཡང་སྤྲོད་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་རེད། དེ་ནི་ཐབས་ལམ་གཅིག་རེད།

ཐབས་ལམ་གཉིས་པ་ནི་མི་སུ་དང་སུ་ཡིན་ནའང་སོ་སོའི་བསམ་བློའི་ནང་ལ་དྭོགས་པ་སྐྱེ་བ་དང་བརྟག་དཔྱད་བྱེད་པའི་ནུས་པ་དེ་ཡོད་མུས་རེད། ནུས་པ་དེ་སྤྱི་ཚོགས་ཀྱི་ནང་ལའང་སྤེལ་བ་དང་སད་འཇུག་རྒྱུ་དེ་ཁོར་ཡུག་གི་ནང་ནས་ཧེབ་ཅིག་ལངས་པ་ཡིན་ན་དེ་ཁྱད་པར་ཡོད་པ་རེད་བསམ་གྱི་འདུག དགེ་རྒན་ཚོས་དམིགས་བསལ་ཟབ་སྦྱོང་བྱེད་མི་དགོས་པའི་ཐོག་ནས་སོ་སོའི་ངོས་ནས་རྒྱུན་དུ་འགྲོ་གླེང་བྱེད་རྒྱུ་དེ་ཐབས་ལམ་གཅིག་རེད་བསམ་གྱི་འདུག དགེ་རྒན་དགེ་ཕྲུག་སུ་ཡིན་ཡང་དོན་གནད་ཀྱི་ཐོག་ལ་སྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕྱོགས་གཉིས་བཟུང་ནས་འགྲོ་གླེང་བྱེད་རྒྱུ་དེ་ཚད་མ་རིག་པའི་ཤེས་ཚད་མཐོ་རུ་གཏོང་བའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་རེད། འཛམ་བུ་གླིང་གི་ནང་ཚད་མ་རིག་པ་དར་སྟངས་དེ་འདྲ་མིན་སྣ་ཚོགས་རེད་མ་གཏོགས། ཚང་མ་གཅིག་པ་ཞིག་རྩ་བ་ནས་མེད།

དཔེར་ན། ནུབ་ཕྱོགས་ཀྱི་ཚད་མ་རིག་པ་ཐོག་མར་ཇི་ལྟར་བྱུང་བ་རེད་ཅེ་ན། ཁ་ཤས་ཤིག་ཨང་རྩིས་ཀྱི་ཐོག་ནས་ཚུར་སླེབས་པ་རེད། མང་ཆེ་བ་ཞིག་མི་གཉིས་སྐད་ཆ་བཤད་ནས་དྲི་བ་དྲིས་ལན་བྱས་ཏེ་རིམ་པས་ཚད་མ་རིག་པའི་གཞུང་ལུགས་ཡར་རྒྱས་ཕྱིན་པ་ཞིག་རེད། སཱོ་ཀེརེཊས་ (Socrates) དང་། པེལེ་ཊོ། (Plato) ཨེ་རིསི་ཊོ་ཊལ་ (Aristotle) བཅས་ཀྱི་རིག་པའི་གཞུང་ལུགས་ལ་བལྟས་པ་ཡིན་ན། སྤྱིར་བཏང་སཱོ་ཀེརེཊས་མི་ཚེ་གཅིག་གི་སློབ་སྟོན་བྱེད་སྟངས་དེ་བགྲོ་གླེང་ཤ་སྟག་རེད། དེ་ཁོང་ཚོས་གསར་པ་བཤད་པ་གང་ཡང་མ་རེད། བགྲོ་གླེང་བྱེད་པ་དེ་ང་ཚོ་ཤར་ཕྱོགས་པའི་རིག་གནས་རེད། སངས་རྒྱས་ཀྱི་གསུང་དེ་ཚོ་ཀློག་པ་ཡིན་ན། འབུམ་རྒྱས་འབྲིང་བསྡུས་གསུམ་དང་བཀའ་འགྱུར་གང་ནས་བཀླག་པ་ཡིན་ནའང་སངས་རྒྱས་རང་གིས་གསུངས་པ་དེ་ཐུང་ཐུང་ཞིག་མ་གཏོགས་ཡོད་རེད། མང་ཆེ་བ་དེ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཚོ་ཕན་ཚུན་བགྲོ་གླེང་གནང་བ་ཤ་སྟག་རེད།

ང་ཚོའི་ནང་དུ་ཤེས་རབ་སྙིང་པོ་སྐྱོར་མི་ཤེས་མཁན་ཡོད་ཀྱི་མ་རེད། ཤེས་རབ་སྙིང་པོའི་ནང་དུའང་སངས་རྒྱས་ཀྱི་གསུང་ལ། ལེགས་སོ་ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ནོ།། ཞེས་པ་མ་གཏོགས་གཞན་ཚང་མ་སྤྱན་རས་གཟིགས་དང་ཤ་རིའི་བུ་གཉིས་ཕན་ཚུན་འགྲོ་གླེང་གནང་བ་ཞིག་རེད།  དེ་ནི་གསུང་བཤད་གནང་བ་ལྟ་བུ་མིན་པར། དོན་ཚན་གཅིག་གི་ཐོག་ཏུ་ཕྱོགས་མི་འདྲ་བ་མང་པོ་བཟུང་ནས་སོ་སོའི་འདོད་པ་དེ་འཐད་པ་དང་། འདོད་པ་གཞན་དེ་མི་འཐད་པ་བསྒྲུབ་རྒྱུར་རྒྱུ་མཚན་དྲངས་པ་ཞིག་རེད།

ཕྲུ་གུ་ཆུང་ཆུང་ཚོར་ཚན་རིག་བསླབ་པའི་སྐབས་སུའང་དེ་ལྟར་ཁྲིད་ཀྱི་འདུག དཔེར་ན་སྲིད་བློན་ནེཧ་རུ་ཡིས་ཨིནྡིརཱ་གཱཾདྷཱི་ལ་བྲིས་པའི་ཡི་གེ་རིང་པོ་དེ་ཚོ་ཀློག་པ་ཡིན་ན་མང་ཆེ་བ་ཚན་རིག་གི་སློབ་སྟོན་ཤ་སྟག་རེད། དཔེར་ན། ཆུའི་འགྲམ་གྱི་རྡོ་རིལ་རིལ་ཆུང་ཆུང་དེ་ཚོ་ལ་ཟུར་མེད་པ་དང་རྩུབ་པོ་མེད་པ། འཇམ་པོར་ཆགས་པ་དེ་དང་པོ་ནས་དེ་ལྟར་རེད་དམ། ཡང་ན་རྩུབ་པོ་རེད་ཅེས་དྲིས་འདུག དང་པོ་ནས་དེ་འདྲ་མ་རེད། རྡོ་གཅིག་ཆག་དུས་རྩུབ་པོ་ཟ་ཟུར་མང་པོ་ཡོད་རེད། ཡིན་ནའང་རིམ་པས་ཆུའི་གཡོ་རླབས་སོགས་ཀྱིས་འཇམ་པོ་ཆགས་འགྲོ་རྒྱུ་ཡོད་པ་རེད་ཅེས་སོགས་འཁོད་འདུག དོན་དག་ག་རེ་བཤད་ཀྱི་ཡོད་པ་རེད་ཅེ་ན། གང་མཐོང་བ་དེ་ལ་ཆ་མ་བཞག་པར་དེ་ག་འདྲ་བྱུང་བ་རེད། ག་འདྲ་ཆགས་པ་རེད། ད་ལྟའི་གནས་སྐབས་ལ་མ་སླེབས་བར་ག་འདྲ་བྱུང་བ་རེད་ཅེས་རྒྱུ་ཡི་རྒྱུན་ལ་བརྟག་དཔྱད་གཏོང་རྒྱུ་དེ་རེད། གང་ལྟར་གང་མཐོང་བ་དེ་ལ་ཆ་མ་བཞག་པར་དེ་ལ་བརྟག་དཔྱད་གཏོང་བ་དང་བསམ་བློ་གཏོང་བའི་གཤིས་ཀ་བསླབ་རྒྱུ་དེ་ཚད་མ་རིག་པའི་འགྲོ་སྟངས་ཤིག་རེད།

དེང་སང་ནུབ་ཕྱོགས་པའི་ཚད་མ་རིག་པ་སློབ་སྟངས་ཀྱི་ནང་ནས་ལེགས་ཆ་བླང་རྒྱུ་མང་པོ་ཡོད་པ་རེད་བསམ་གྱི་འདུག དཔེར་ན་ང་ཚོའི་བོད་ཀྱི་ན་གཞོན་མང་ཆེ་བ་ཞིག་གིས་ནང་པའི་ཚད་མ་རིག་པ་དང་བོད་ཀྱི་ཚད་མ་རིག་པ་ལ་སློབ་སྦྱོང་བྱས་མ་མྱོང་ནའང་། ནུབ་ཕྱོགས་པའི་ཚད་མ་རིག་པའི་སྐོར་ལ་གོ་མྱོང་མཁན་མང་པོ་ཡོད་ཀྱི་རེད། དེ་ཚོའང་ཚད་མ་རིག་པའི་ཆ་ཤས་ཤིག་རེད། དེ་ལྟ་བུའི་ཐབས་ལམ་སྤེལ་དགོས་པ་དང་། ད་ལྟའི་སློབ་ཚན་ནང་ལ་ཡོད་པ་རྣམས་གཏན་འཇགས་དང་ལག་ལེན་ལ་བསྟར་ནས་བསླབ་ཐུབ་པའི་ཐབས་ཤེས་ག་རེ་བྱེད་དགོས་ཀྱི་འདུག དེ་ནི་སྒྲིག་འཛུགས་དང་དགེ་རྒན་གཉིས་ཀས་བལྟ་དགོས་པ་ཞིག་རེད་བསམ་གྱི་འདུག

དྲི་བ། རྒྱུགས་སྤྲོད་བརྒྱ་ཆ་ལྔ་བཅུ་གཏོང་དགོས་པ་དང་སློབ་དེབ་ལ་གལ་ཆེན་པོ་མི་རྩི་བ་གཉིས་མཐུན་གྱི་མི་འདུག་པ་གསལ་བཤད་གནང་རོགས།

 ལན། རྒྱུགས་སྤྲོད་བརྒྱ་ཆ་ལྔ་བཅུ་གཏོང་དགོས་པ་དང་སློབ་དེབ་ལ་གལ་ཆེན་པོ་མི་བརྩི་བ་གཉིས་མཐུན་གྱི་མི་འདུག་ཅེས་པ་དེ་དངོས་གནས་རེད། སྲིད་བྱུས་ཀྱི་ཡིག་ཆ་ག་རེ་ཡིན་ནའང་གཏན་ལ་ཕབ་དུས་དོན་ཚན་རེ་གཉིས་ལ་འགྱུར་བ་སོང་བ་དང་། སྒྲོམ་གཞི་ལ་འགྱུར་བ་མ་སོང་བའི་སྐབས་སུ་དོན་དག་འདི་ཚོ་ལྷག་ཡོད་པ་རེད། དཔེར་ན། ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པའི་སྐབས་སུ་ཆོས་ལུགས་རིས་མེད་ཟེར་བ་དེ་ཆོས་སྲིད་ཟུང་འབྲེལ་ལ་འགྱུར་བ་ཕྱིན་པ་རེད། འོན་ཀྱང་ཚིག་དེ་གཅིག་པོ་མ་གཏོགས་ཆོས་ལུགས་རིས་མེད་ཀྱི་སྒྲོམ་གཞིའི་ནང་ད་ལྟའང་ཡོད་པ་རེད། དེས་ན་ང་ཚོས་ཆོས་སྲིད་ཟུང་འབྲེལ་བཤད་དུས་དཀའ་ངལ་གང་ཡང་འཕྲད་ཀྱི་ཡོད་པ་མ་རེད། ཟིན་བྲིས་ནང་དུ་ང་རང་ཚོ་ནང་ལོགས་ཡིག་རྒྱུགས་རྩ་བ་ནས་གཏོང་མི་དགོས་པ་དེ་བཟོས་ཡོད་པ་རེད། འོན་ཀྱང་གྲོས་ཚོགས་སུ་གཏན་འབེབས་བྱེད་སྐབས་དེ་འགྲིག་གི་མི་འདུག་ཅེས་བཤད་དེ་བརྒྱ་ཆ་ལྔ་བཅུ་ཐམ་པ་དེ་ཡིག་རྒྱུགས་གཏོང་རྒྱུ་དང་བརྒྱ་ཆ་ལྔ་བཅུ་དགེ་རྒན་གྱིས་ཚོད་དཔག་བྱེད་རྒྱུ་ལ་འགྱུར་བ་བཏང་བ་རེད། དེ་དུས་བགྲོ་གླེང་དེ་ཡ་མཚན་པོ་བྱུང་སོང་། ཁྱེད་རང་ཚོ་ཚང་མས་བགྲོ་གླེང་དེ་གཟིགས་ཡོད་ཀྱི་རེད།

བགྲོ་གླེང་དེའི་གལ་ཆེའི་ཆ་ཤས་ཤིག་གང་ལ་ཐུག་པ་རེད་ཅེ་ན། དགེ་རྒན་གྱི་རྣམ་དཔྱོད་དང་དགེ་རྒན་གྱི་བཟང་སྤྱོད་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་མ་ཐུབ་པ་དེ་རེད། ཚང་མ་དགེ་རྒན་གྱི་ཐག་གཅོད་ལ་བཞག་པ་ཡིན་ན་ཧ་ཅང་ཁག་པོ་ཡོང་གི་རེད་ཅེས་བཤད་ཡོད། སྤྱི་ཚོགས་ཀྱི་ནང་ལ་དགེ་རྒན་སོ་སོའི་ངོས་ནས་ཀུན་སྤྱོད་དེའང་མི་ཚང་མས་དགེ་རྒན་གྱིས་ཐག་བཅད་པ་དེ་ལ་ཡིད་ཆེས་ཐུབ་པར་བཟོ་དགོས་པ་དེ་གལ་ཆེན་པོ་རེད། དེ་དུས་ཀྱི་བགྲོ་གླེང་ནང་དེ་ལྟར་བྱུང་སྟེ་བརྒྱ་ཆ་ལྔ་བཅུར་ཐག་གཅོད་དགོས་པར་ཆགས་པ་རེད། སློབ་དེབ་གལ་ཆེན་པོར་མ་བརྩིས་ཀྱང་སློབ་དེབ་མེད་པར་བཟོ་རྒྱུ་དེ་ད་ལྟ་ཕལ་ཆེར་གོ་སྐབས་སླེབས་ཀྱི་མ་རེད་བསམ་གྱི་འདུག སློབ་དེབ་ཅིག་ཡོད་དུས་དེའི་ནང་ནས་སློབ་ཚན་ཞིག་ཡོང་གི་རེད་ལ། རྒྱུགས་སྤྲོད་གཏོང་སྟངས་ཤིག་ཀྱང་ཡོང་གི་རེད། དེ་ཡང་བང་རིམ་ལྟར་ཡོང་གི་རེད། དེ་ལ་དཀའ་ལས་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག

དྲི་བ། འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་པ་མ་བསླབ་པ་ཡིན་ན་ཕྲུ་གུས་ཨིན་ཡིག་ཇི་ལྟར་ཤེས་ཀྱི་རེད་དམ།

 ལན།དྲི་བ་འདི་ཧ་ཅང་རྙིང་པ་རེད། གནད་འགག་ཆེ་བའི་དྲི་བ་ཞིག་ཡིན་པའང་བསམ་གྱི་མི་འདུག འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་མ་བསླབ་ན་ཕྲུ་གུས་ཨིན་ཡིག་ཇི་ལྟར་ཤེས་ཀྱི་རེད་ཅེས་པའི་དྲི་བ་དེ་རེད། ཡང་བསྐྱར་ཕར་དྲི་བ་ཞིག་དྲིས་ན། དང་པོ་དེ་ལ་ཕྲུ་གུས་ཨིན་ཡིག་མ་ཤེས་ན་ག་རེ་ཡོད་དམ། ང་ཚོ་ཨིན་ཇི་བ་ནི་མ་རེད། ང་ཚོ་ཨིན་ཇི་བ་ཡིན་ན་ཨིན་ཡིག་མ་ཤེས་ན་ཧ་ལས་དགོས། ང་ཚོ་བོད་པ་ཞིག་གིས་ཨིན་ཡིག་མ་ཤེས་ན་ག་རེ་བྱས་ནས་གནམ་རྡིབ་པའི་སྡུག་བསྔལ་ལྟ་བུ་བྱེད་དགོས་ཀྱི་ཡོད་པ་རེད། ཕྲུ་གུས་ཨིན་ཡིག་མ་ཤེས་ན་ཞེས་པའི་དྲི་བ་དེ་ཅིའི་ཕྱིར་སླེབས་ཀྱི་ཡོད་དམ། ཁྱེད་རང་གིས་མ་འོངས་པར་ཕྲུ་གུ་དེ་བོད་པ་ཞིག་བཟོ་རྒྱུ་རེད་དམ། ཡང་ན་ཨིན་ཇི་བ་ཞིག་བཟོ་རྒྱུ་རེད། བོད་པ་ཞིག་བཟོ་རྒྱུ་ཡིན་ན་ཨིན་ཡིག་མ་ཤེས་པའི་སྡུག་བསྔལ་གང་ཡང་བྱེད་དགོས་ཀྱི་ཡོད་པ་མ་རེད། ཨིན་ཇི་བ་ཞིག་བཟོ་རྒྱུ་ཡིན་ན་བོད་པའི་སློབ་གྲྭའི་ནང་འཇོག་རྒྱུ་ཡོད་པ་མ་རེད། དེ་ཧ་ཅང་གསལ་པོ་རེད། ཁྱེད་རང་ཕྲུ་གུ་ཨིན་ཇི་བ་བཟོ་རྒྱུ་ཡིན་ན་ཨིན་ཇིའི་སློབ་གྲྭར་བསྐྱལ་དགོས་ཀྱི་ཡོད་པ་རེད། ཤྲཱི་ཨརབིནྡ་གྷོཥ་ནང་བཞིན་ཨིན་ཡུལ་དུ་བསྐྱལ་ན་ཡག་ཤོས་རེད། དེ་ནས་ཨིན་ཇི་བ་གཙང་མ་ཞིག་ཆགས་ཀྱི་རེད། འོན་ཀྱང་ངའི་ཕྲུ་གུ་བོད་པའི་སློབ་གྲྭར་འཇོག་དགོས་ཀྱི་ཡོད།  ཕྲུ་གུ་ཨིན་ཇི་བ་ལྟ་བུ་ཞིག་བཟོ་དགོས་ཀྱི་ཡོད་ཅེས་བཤད་ན་དགེ་རྒན་དང་འཛིན་སྐྱོང་གཉིས་ཀས་དེ་ལྟར་འཇོན་གྱི་མ་རེད། ཁྱེད་རང་གི་ཕྲུ་གུ་ཨིན་ཇི་བ་བཟོ་རྒྱུ་དེ་ང་ཚོའི་དམིགས་ཡུལ་མ་རེད་ལ་འཇོན་གྱིའང་མ་རེད། དེར་བརྟེན་འདིར་མ་འཇོག་རོགས་ཞེས་བཤད་ཀྱི་རེད།

མ་གཞི་ནས་འཛིན་གྲྭ་བཞི་པ་ཡན་ཆད་ནས་བསླབ་ན་མི་ཤེས་པ་ག་རེ་ཡིན་ནམ། སློབ་གྲྭ་མང་པོའི་ནང་འཛིན་གྲྭ་ལྔ་པ་ནས་སློབ་མཁན་ཡོད་པ་རེད་ལ། དྲུག་པ་ནས་སློབ་མཁན་ཡང་ཡོད་པ་རེད། འཛིན་གྲྭ་དང་པོ་ནས་སློབ་ན་མ་གཏོགས་ཤེས་ཀྱི་མ་རེད་ཟེར་བ་འདི་ཤེས་ཡོན་གནས་སྟངས་ཁྱོན་ནས་མ་ཤེས་པའི་སྐད་ཆ་བཤད་སྟངས་ཤིག་རེད། ཁུ་ནུ་བ་མཐར་ཕྱིན་ཟེར་བ་ཞིག་ཡོད། ཁོང་ལོ་ཉི་ཤུ་རྩ་དགུར་སླེབས་ནས་གཞི་ནས་ཨིན་ཡིག་བསླབ་པ་རེད་ཟེར་གྱིན་འདུག རྗེས་སུ་ཁོང་གིས་ཨིན་ཡིག་ཐོག་དེབ་དེ་འདྲའང་བྲིས་ཡོད་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་ནང་ལའང་ལོ་ཉི་ཤུ་རྩ་གྲངས་ཕྱིན་ནས་ཨིན་ཡིག་སྦྱོང་མཁན་མང་པོ་ཡོད་པ་རེད། ད་ལྟ་ཁུངས་ཁྱོལ་ནས་བསྡད་ཡོད་པ་རེད་མ་གཏོགས་ཁུངས་མ་འཁྱོལ་བ་མེད། དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་སྦྱོང་དུས་ཕལ་ཆེར་ལོ་སུམ་ཅུ་སོ་གཅིག་སོ་གཉིས་ཤིག་རེད། ཁོང་གིས་ཨིན་ཡིག་ཉི་མ་བཅུ་བདུན་ལ་སྦྱངས་པ་ཡིན་ཞེས་བྲིས་འདུག དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་གི་ཐོག་ལ་ཕྱག་ལས་མང་པོ་གང་ཡང་གནང་ཡོད་པ་མ་རེད། ཡིན་ནའང་ཁོང་གིས་སྤྱོད་འཇུག་དང་པོར་ཨིན་ཇིའི་ནང་བསྒྱུར་རྒྱུའི་ཟིན་བྲིས་བརྒྱབས་པ་རེད། རྗེས་སུ་པར་དུ་བཏབ་ཡོད་པ་མ་རེད། རཱཧུལ་སཱཾཀྲྀཏྱཱཡན་ (Rahul Sankrityayan) གྱིས་སྐད་ཡིག་ཉི་ཤུ་རྩ་བཞིའི་ཐོག་ལ་འབྲི་ཀློག་ཐུབ་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་རང་ལོ་ཉི་ཤུ་རྩ་གྲངས་ཀྱི་རྗེས་སུ་གཞི་ནས་བསླབས་པ་རེད་མ་གཏོགས། ཁོང་གྲོང་གསེབ་ལ་ཡོད་དུས་ཨིན་ཡིག་ཀྱང་བསླབས་ཡོད་པ་མ་རེད། དེ་དུས་འཛིན་གྲྭ་བཅུ་པའི་རྗེས་སུ་དེང་སང་ནང་བཞིན་འཛིན་གྲྭ་བཅུ་གཉིས་ཡོད་པ་མ་རེད། འཛིན་གྲྭ་བཅུ་པ་དང་། དེ་རྗེས་མཐོ་སློབ་ལ་མ་སོང་སྔོན་དུ་མཚམས་སྦྱོར་ (Intermediate) ཟེར་བའི་ཡིག་ཚད་ཅིག་གཏོང་དགོས་ཀྱི་ཡོད་པ་རེད། རཱཧུལ་སཱཾཀྲྀཏྱཱཡན་གྱིས་མཚམས་སྦྱོར་གྱི་ཡིག་རྒྱུགས་མ་འཕྲོད་པར་བརྟེན། འཁྱམ་པོ་ལྟ་བུར་ག་ས་གང་དུ་སོང་སྟེ་རྗེས་སུ་མཧཱ་པཎྜིཏ་རཱཧུལ་སཱཾཀྲྀཏྱཱཡན་ཞེས་སྐད་གྲགས་ཅན་ཞིག་ཆགས་པ་རེད། དེའི་རྗེས་སུ་སྐད་ཡིག་ཡོངས་རྫོགས་བསླབས་ནས་ཤེས་པ་རེད།

འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཞན་བསླབ་ན་ཤེས་ཀྱི་མ་རེད་ཟེར་བ་དེ་རྫུན་རེད། འཛིན་གྲྭ་བཞི་པ་ཡན་ཆད་ནས་བསླབ་ན་ཤེས་ཀྱི་རེད་ལ། ཤེས་དགོས་པའི་གནས་སྟངས་ཤིག་ཀྱང་རེད། མ་འོངས་པར་མཐོ་སློབ་ཁག་ཏུ་འགྲོ་དུས་ག་འདྲ་ཁུངས་འཁྱོལ་གྱི་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། འཛིན་གྲྭ་བཞི་པ་ནས་འཛིན་གྲྭ་བཅུ་གཉིས་བར་དུ་ལོ་བརྒྱད་ལ་བསླབ་རྒྱུའི་གོ་སྐབས་ཡོད། ལོ་དེའི་ནང་སྐད་ཡིག་མཐར་ཕྱིན་པ་ཞིག་མ་ཤེས་ན་སློབ་གྲྭར་སོང་བའི་གོ་མ་ཆོད་པ་རེད། དུས་ཚོད་དེའི་ནང་ལ་མཐར་ཕྱིན་པར་སློབ་རྒྱུའི་གོ་སྐབས་ཀྱང་ཡོད་པ་རེད་ལ། སློབ་ཚན་ཡང་ཡོད་པ་རེད། སྐད་ཡིག་གཉིས་པ་དེ་མཐར་ཕྱིན་པ་དང་། སྐད་ཡིག་གསུམ་པ་དེའི་ནང་ལས་ཀ་བྱེད་ཐུབ་པ་ཞིག་ཡོང་རྒྱུ་ནི་སློབ་གྲྭ་གང་ཞིག་ཡིན་རུང་དམིགས་ཡུལ་བཟུང་ནས་འགྲོ་གི་ཡོད་པ་རེད།

རྒྱ་གར་ལ་མཚོན་ན། འཛིན་གྲྭ་བཅུ་གཉིས་བར་དུ་ཨིན་སྐད་བརྒྱུད་ལམ་ཐོག་ནས་སློབ་མཁན་ཉུང་ཉུང་རེད། རྒྱ་གར་གྱི་མངའ་སྡེ་ཡོངས་རྫོགས་ནང་སོ་སོའི་ཡུལ་སྐད་ཐོག་ནས་བསླབ་ཀྱི་ཡོད་རེད་མ་གཏོགས། སྐད་ཡིག་གཞན་གྱི་ཐོག་ནས་བསླབ་ཀྱི་ཡོད་པ་མ་རེད། ཨིན་ཡིག་ཐོག་ནས་སློབ་མཁན་གཞུང་གི་སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད། Bengal ཡིན་ན་ Bengali ཐོག་ནས་བསླབ་ཀྱི་ཡོད་པ་རེད། Assam ཡིན་ན་ Assamese ཐོག་ནས་བསླབ་ཀྱི་ཡོད་པ་རེད། Karnataka ཡིན་ན་ Kannada ཐོག་ནས་བསླབ་ཀྱི་ཡོད་པ་རེད། Gujarat ཡིན་ན་ Gujarati ཐོག་ནས་བསླབ་ཀྱི་ཡོད་པ་རེད། དེང་སང་སློབ་གྲྭ་ཁ་ཤས་ནང་ Bhojpuri ཐོག་ནས་སློབ་ཁྲིད་བརྒྱུད་ལམ་བྱས་ཏེ་སློབ་མཁན་ཡང་ཡོད་པ་རེད།  ཡིན་ནའང་སྐད་ཡིག་གཉིས་པ་གསུམ་པ་བསླབ་ཀྱི་ཡོད་པ་རེད། དེ་ཚོ་ཚང་མ་མཐོ་རིམ་སློབ་གྲྭར་འགྲོ་ཐུབ་ཀྱི་ཡོད་པ་རེད་མ་གཏོགས། འགྲོ་མ་ཐུབ་པར་བསྡད་པ་མེད། སྐད་ཡིག་གཉིས་པ་དང་གསུམ་པ་ལོ་བརྒྱད་དགུ་ཞིག་ལ་སྦྱང་རྒྱུའི་གོ་སྐབས་བྱུང་ཡང་། ད་དུང་ཁུངས་འཁྱོལ་གྱི་མ་རེད་བསམས་པ་ཡིན་ན་སློབ་སྦྱོང་གི་སྐད་ཡིག་བྱས་ནས་བསླབ་པ་ཡིན་ནའང་ཁུངས་འཁྱོལ་རྒྱུ་ཧ་ཅང་ཁག་པོ་རེད། ད་ལྟ་ང་ཚོས་སློབ་སྦྱོང་གི་བརྒྱུད་ལམ་སྐད་ཡིག་བྱས་ནས་བསླབ་ཀྱི་ཡོད་པ་རེད། ང་ཚོའི་ནང་ལ་ཨིན་སྐད་མཐར་ཕྱིན་པ་ག་ཚོད་ཐོན་གྱི་ཡོད་པ་རེད། དངོས་གནས་བྱས་ན་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་སྐད་ཡིག་གི་སློབ་སྟངས་དེ་ཡར་རྒྱས་ཕྱིན་ན། ད་ལྟའི་བརྒྱུད་ལམ་བྱས་ནས་བསླབ་པ་ལས་ཡག་པ་ཞིག་སྐད་ཡིག་གཉིས་པ་གསུམ་པ་དེ་ཡོང་གི་རེད་དྲན་གྱི་ཡོད། དེ་ཡོང་ཐུབ་ཀྱི་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད། བྱས་ཙང་འཛིན་གྲྭ་བཞི་པ་ཡན་ཆད་ནས་བསླབ་ན་ཤེས་ཀྱི་མ་རེད་བསམས་པ་དེ་ལ་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། དེ་མི་ཕལ་པ་ཞིག་གི་བསམ་བློ་རེད་མ་གཏོགས། ཤེས་ཡོན་གྱི་ལམ་སྲོལ་ཐོག་ལ་གོ་རྟོགས་ཡོད་མཁན་ཞིག་གི་བསམ་ཚུལ་རྩ་བ་ནས་མ་རེད།

དྲི་བ། མ་འོངས་པར་འཛིན་གྲྭ་བཅུ་གཉིས་བར་དུ་སློབ་སྟོན་གྱི་བརྒྱུད་ལམ་དེ་བོད་སྐད་ཀྱི་ཐོག་བྱས་པ་ཡིན་ན་རྒྱུགས་སྤྲོད་གཏོང་དུས་སྐབས་ལ་བོད་སྐད་ཀྱི་ཐོག་ལ་གཏོང་བའི་ཐབས་ལམ་ཡོང་གི་རེད་དམ།

 ལན། མ་འོངས་པར་ང་ཚོས་འཛིན་གྲྭ་བཅུ་གཉིས་བར་དུ་སློབ་སྟོན་གྱི་བརྒྱུད་ལམ་དེ་བོད་སྐད་ཀྱི་ཐོག་བྱས་པ་ཡིན་ན་རྒྱུགས་སྤྲོད་གཏོང་དུས་བོད་སྐད་ཀྱི་ཐོག་ལ་གཏོང་བའི་ཐབས་ལམ་ངེས་པར་དུ་ཡོང་གི་རེད། CBSE སོགས་ཀྱིས་སྐད་ཡིག་ག་ཚོད་ཡོད་པ་ཡིན་ནའང་ཚང་མ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། དཔེར་ན། བོད་སྐད་ལ་ཆ་མཚོན་པ་ཡིན་ན། བོད་སྐད་དེ་ CBSE ཡིས་ངོས་ལེན་ཡོད་པའི་སྐད་ཡིག་ཅིག་རེད་མ་གཏོགས། ངོས་ལེན་མེད་པའི་སྐད་ཡིག་ཅིག་མ་རེད། Open School ནང་ལའང་སྐད་ཡིག་ཡོངས་སུ་རྫོགས་པ་ངོས་ལེན་བྱེད་ཀྱི་ཡོད་པ་རེད་ལ། བེད་སྤྱོད་ཀྱང་བྱེད་ཀྱི་ཡོད་པ་རེད། ང་ཚོས་ཀྱང་དྲི་ཤོག་ཚང་མ་བོད་སྐད་ཐོག་དགོས་ཀྱི་ཡོད་ཅེས་བཤད་པ་ཡིན་ན། ང་རང་ཚོར་དྲི་ཤོག་བཟོ་མཁན་གྱི་མིས་འདང་དགོས་ཀྱི་ཡོད་པ་རེད། དེ་ཡོད་ན་ CBSE ཡིས་ངོས་ལེན་བྱེད་ཀྱིེ་རེད་མ་གཏོགས། ངོས་ལེན་མི་བྱེད་པའི་གནས་སྟངས་ཤིག་རྩ་བ་ཉིད་ནས་མེད།

དེ་ལ་བརྟེན་ནས་ང་ཚོས་སྐད་ཡིག་གཞན་པ་ཚོར་དོ་སྣང་མི་བྱེད་པ་དང་། ཚད་དང་ལྡན་པ་མ་བསླབ་པར་འཇོག་པའི་གནས་སྟངས་ཤིག་རྩ་བ་ཉིད་ནས་ལྷག་གི་ཡོད་པ་མ་རེད། སྐད་ཡིག་དང་པོ་དང་སྐད་ཡིག་གཉིས་པ་དེ་མཐར་ཕྱིན་པ་ཤེས་དགོས་ཀྱི་ཡོད་པ་རེད། སྐད་ཡིག་དང་པོའི་ཐོག་ནས་ང་ཚོ་གནས་སྐབས་སྐྱབས་བཅོལ་ལ་གནས་པའི་རིང་ལ་གནས་ཡུལ་རྒྱལ་ཁབ་སོ་སོའི་གཙུག་ལག་སློབ་གཉེར་ཁང་ལ་འགྲོ་དགོས་ཀྱི་ཡོད་པ་རེད། ང་རང་ཚོས་གཙུག་ལག་སློབ་གཉེར་ཁང་ཟུར་འཛུགས་ཐུབ་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ཨིན་ཡིག་ཐོག་ནས་ཡིན་ནའང་རེད། དེ་མ་ཡིན་པའི་རྒྱལ་ཁབ་གཞན་པ་ཞིག་གི་སྐད་ཡིག་ཐོག་ནས་ཡིན་ནའང་རེད། མཐོ་རིམ་སློབ་གྲྭར་འགྲོ་ཐུབ་པའི་གནས་བབ་ཅིག་ངེས་པར་དུ་བཟོ་དགོས་ཀྱི་ཡོད་པ་རེད། དེ་བཟོ་མ་ཐུབ་པ་ཡིན་ན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་པ་དེ་མ་གྲུབ་པ་རེད། སྐད་གསུམ་ལ་ཚད་དང་ལྡན་པ་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་རེད།

ཤེས་ཡོན་སྲིད་བྱུས་ལག་ལེན་བྱེད་པའི་སྐབས་སུ་བློས་གཏོང་བྱེད་དགོས་ཀྱི་ཡོད་པ་རེད་ཟེར་བ་དེ་གང་འདྲ་ཡིན་ནམ། ངས་བལྟས་ན་བློས་གཏོང་བྱེད་དགོས་བའི་གནས་ཚུལ་གཅིག་ཀྱང་ཡོད་པ་མ་རེད་བསམ་གྱི་འདུག ཤེས་ཡོན་སྲིད་བྱུས་གསར་པ་ལག་ལེན་དུ་བསྟར་ནས་ཕུན་སུམ་ཚོགས་སུ་འགྲོ་དགོས་ཀྱི་ཡོད་པ་རེད་མ་གཏོགས། དེའི་ནང་ང་ཚོས་བློས་གཏོང་བྱེད་དགོས་པའི་གནས་ཚུལ་ཞིག་བྱུང་བ་ཡིན་ན། ཤེས་ཡོན་སྲིད་བྱུས་དེ་ཏག་ཏག་ཅིག་བསྡད་ཀྱི་ཡོད་པ་མ་རེད། འདི་ལ་ཡང་བསྐྱར་དྲི་བ་འདྲི་དགོས་པ་ཞིག་རེད།

དེ་ནས་ཕྲུ་གུ་དེ་ཚོ་སློབ་གྲྭ་ནས་ཐོན་ནས་ག་རེ་བྱེད་ཀྱི་རེད་ཅེས་པའི་སྐད་ཆ་དེ་རེད། གོང་དུ་ཤེས་ཡོན་གྱི་དམིགས་ཡུལ་དང་ཤེས་ཡོན་གྱི་དགོས་པ་བཅས་ཀྱི་ནང་གསལ་པོ་གསུངས་ཡོད། ཤེས་ཡོན་གྱི་དམིགས་ཡུལ་ནི་མི་དེ་སློབ་སྦྱོང་ཐོན་པའི་རྗེས་སུ་འཚོ་ཐབས་འཚོལ་རྒྱུའི་ཆེད་དུ་མིན་པ་དེ་ཧ་ཅང་གསལ་པོ་རེད། དེ་ང་ཚོའི་གཞི་རིམ་གྱི་ལྟ་གྲུབ་ཅིག་རེད། སློབ་སྦྱོང་ཐོན་ནས་ག་རེ་བྱེད་ཀྱི་ཡིན་ནམ་ཞེས་འདྲི་གི་འདུག་ན། སློབ་སྦྱོང་ཐོན་ནས་ག་རེ་བྱེད་མིན་དེ་ང་ཚོས་ལན་བརྒྱབ་དགོས་པ་གང་ཡང་མེད། སློབ་སྦྱོང་ཐོན་པའི་རྗེས་སུ་ཕྲུ་གུ་དེ་རང་ཁ་རང་གསོ་ཐུབ་པ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད། ཕྲུ་གུ་དེ་རང་དབང་ཅན་ཞིག་བཟོ་རྒྱུ་དེ་ང་ཚོའི་ལས་འགན་རེད། ཕྲུ་གུ་དེས་མི་གཞན་གྱི་གླ་ཆ་བླངས་ནས་གཡོག་པོ་བྱེད་དུ་མི་འཇུག་པ་དེ་ཤེས་ཡོན་སྲིད་བྱུས་གསར་པའི་དམིགས་ཡུལ་དང་པོ་དེ་རེད། དེས་ན་ག་རེ་བྱེད་མིན་དེ་ཕྲུ་གུ་རང་གིས་ཐག་གཅོད་ཀྱི་རེད་མ་གཏོགས། ཕ་མ་དང་སྤྱི་ཚོགས་ཀྱིས་ཐག་གཅོད་ཀྱི་མ་རེད་ལ། སློབ་གྲྭའི་འཛིན་སྐྱོང་གིས་ཀྱང་ཐག་གཅོད་ཀྱི་མ་རེད།

སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་ག་རེ་བཟོ་དགོས་ཀྱི་ཡོད་པ་རེད་ཅེ་ན། ཕྲུ་གུ་སློབ་གྲྭ་ཐོན་པ་དང་ཁོའི་འཚོ་བ་བསྐྱལ་བའི་ཆེད་དུ་མིའི་སར་ལག་པ་སྲིང་མི་དགོས་པ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། གཡོག་པོར་རྒྱུག་རྒྱུའི་བསམ་ཚུལ་དེ་མེ་ཀོ་ལེའི་དམིགས་ཡུལ་རེད། བདག་པོ་བྱེད་པའི་བསམ་ཚུལ་དེ་རྒྱ་གར་གྱི་སྲོལ་རྒྱུན་ཤེས་ཡོན་དང་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་དམིགས་ཡུལ་རེད། སློབ་སྦྱོང་ཐོན་ཡོང་དུས་རང་མགོ་ཐོན་པ་ཞིག་ཆགས་དགོས་ཀྱི་ཡོད་པ་རེད། གཡོག་པོ་རྒྱུག་རྒྱུའི་བསམ་ཚུལ་དེ་དོར་ནས་བདག་པོ་བྱེད་འཇུག་པའི་བསམ་ཚུལ་ཞིག་ད་ལྟའི་ཤེས་ཡོན་གྱི་ལམ་སྲོལ་འདིའི་ཐོག་ནས་བཟོ་དགོས་ཀྱི་ཡོད་པ་རེད། བཟོ་ཐུབ་མིན་དེ་ས་གནས་སོ་སོའི་སློབ་སྟོན་བྱེད་མཁན་ལ་རག་ལུས་ཡོད། ང་ཚོས་དམིགས་ཡུལ་གཟུང་རྒྱུ་དེ་མཐོ་རིམ་སློབ་གྲྭ་ཐོན་ཡོང་དུས་ལས་མེད་སློབ་ཐོན་ཞེས་པའི་ཁྱུ་ཞིག་ལ་ཆགས་མི་འགྲོ་བར་རང་གི་ལས་ཀ་དེ་རང་གིས་ཐག་གཅོད་ཐུབ་མཁན་ཞིག་དང་། རང་གི་འཚོ་བ་དེ་རང་གིས་འཚོལ་ཐུབ་མཁན་ཞིག་བཟོ་རྒྱུ་དེ་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ག་རེ་བྱེད་མིན་དེ་སློབ་ཐོན་པ་སློབ་ཕྲུག་རང་གིས་ཐག་གཅོད་ཐུབ་པ་ཞིག་དང། ཁོ་རང་གིས་ཁུངས་བསྐྱལ་ཐུབ་པ་ཞིག་དགོས་ཀྱི་ཡོད།

དྲི་བ། བོད་མིའི་དགོས་མཁོ་དང་བཙན་བྱོལ་བོད་མིའི་དགོས་མཁོ་གཉིས་ལ་ཁྱད་པར་གང་ཡོད་དམ།

 ལན། བོད་མིའི་དགོས་མཁོ་དང་བཙན་བྱོལ་བོད་མིའི་དགོས་མཁོ་གཉིས་ལ་ཁྱད་པར་ཆེན་པོ་གང་ཡང་ཡོད་ཀྱི་མ་རེད་བསམ་གྱི་འདུག དགོས་མཁོ་གཉིས་ཀའི་ནང་དུ་བོད་ཀྱི་མཐར་ཐུག་གི་དམིགས་ཡུལ་བསྒྲུབ་རྒྱུ་དེ་གཅིག་པ་རེད། བོད་མིའི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་ནམ་ཞེས་དྲིས་ན། བོད་ས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང་། བོད་མི་རིགས་ཡོངས་རྫོགས་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་རེད། དེ་འདྲ་བའི་དམིགས་ཡུལ་དེ་གཞིས་སྡོད་བོད་མི་དང་བཙན་བྱོལ་བོད་མི་གཉིས་ཀས་བསྒྲུབ་དགོས་རྒྱུ་ཞིག་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ལ་གོ་སྐབས་མང་པོ་ཡོད་ཙང་། རྩལ་དུ་བཏོན་ནས་བསྒྲུབ་དགོས་ཀྱི་ཡོད་པ་རེད།

བོད་མིའི་དགོས་མཁོ་སྤྱི་ཡོངས་མ་ཡིན་པར་བཙན་བྱོལ་བོད་མིའི་དགོས་མཁོ་ཡིན་པ་རེ་ཟུང་ཡོད་ཀྱང་། དེ་གནས་སྐབས་ཀྱི་གནས་སྟངས་ཤིག་རེད། བཙན་བྱོལ་དུ་བསྡད་པའི་རིང་ལ་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་སོ་སོའི་ཁྲིམས་དང་མཐུན་པའི་ལས་དོན་བྱེད་ཐུབ་པ་དང་། ཁྲིམས་དང་མཐུན་པའི་འཚོ་བ་སྐྱེལ་ཐུབ་པ་སོགས་ནི་བཙན་བྱོལ་བོད་མིའི་དགོས་མཁོ་རེད། ང་ཚོའི་ཤེས་ཡོན་དེ་བཙན་བྱོལ་དུ་བསྡད་པའི་རིང་གནས་ཡུལ་རྒྱལ་ཁབ་དེའི་ནང་གི་རྡོག་ཁྲེས་ལྟ་བུ་ཞིག་མ་ཆགས་པར། བོད་མི་དང་རང་གི་གནས་ཡུལ་རྒྱལ་ཁབ་གཉིས་ཀའི་ཕན་བདེ་སྒྲུབ་ཐུབ་མཁན་གྱི་མི་ཞིག་བསྐྲུན་དགོས་པ་ནི་བཙན་བྱོལ་བོད་མིའི་དགོས་མཁོ་ངོ་མ་དེ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཙན་བྱོལ་བོད་མི་དང་བོད་མི་གཉིས་ཀའི་དགོས་མཁོ་གཅིག་པ་ཡིན་ཡང་། དབྱེ་བ་ཕྲན་བུ་ཡོད་ཀྱི་རེད་བསམ་གྱི་འདུག ངས་ཞུས་པ་འདི་ཚོ་དཔེ་མཚོན་ཙམ་ཞིག་རེད། དེ་ལ་བྱེ་བྲག་དབྱེ་བ་ཡིན་ན་མང་པོ་དབྱེ་རྒྱུ་ཡོད་པ་རེད།

སྔོན་འགྲོ་ནས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྔོན་འགྲོའི་སློབ་གྲྭ་ནས་ལག་ལེན་མ་བསྟར་ན། འཛིན་གྲྭ་དང་པོ་གཉིས་པ་ནས་རིམ་པས་འཐུས་ཤོར་འགྲོ་རྒྱུ་རེད། སྔོན་འགྲོའི་སློབ་གྲྭ་ནས་ལག་ལེན་བསྟར་དགོས་ཟེར་དུས་ད་ལྟ་ཡོད་པའི་སྔོན་འགྲོ་སློབ་གྲྭའི་དགེ་རྒན་ཆ་ཚང་ཉི་མ་གཅིག་ལ་གོས་ལོག་བརྗེས་པ་བཞིན་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཡོང་ཐུབ་ཀྱི་མ་རེད། ཡིན་ནའང་ད་ལྟ་ཡོད་པའི་སྔོན་འགྲོའི་དགེ་རྒན་དེ་ཚོས་ཤེས་ཡོན་སྲིད་བྱུས་དང་མཐུན་པར་སོ་སོའི་གནས་ཚད་གོང་མཐོར་གཏོང་དགོས་ཀྱི་རེད་ལ། གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག ཟབ་སྦྱོང་མེད་པ་ཡིན་ན་ཟབ་སྦྱོང་སྤྲོད་པའི་ཆེད་དུ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མཐུན་རྐྱེན་བསྐྲུན་དགོས་ཀྱི་རེད་ལ། སོ་སོའི་ངོས་ནས་ཀྱང་འགྲོ་བའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་རེད། གལ་ཏེ་གཞི་རིམ་གྱི་ཤེས་ཡོན་གནས་ཚུལ་ཐོག་ནས་ཟབ་སྦྱོང་ནང་མ་ཚུད་པ་དེ་འདྲ་ཡིན་ན། ང་ཚོའི་ངོས་ནས་དོན་སྙིང་ལྡན་པའི་ཟབ་སྦྱོང་དེ་འདྲ་སྤྲོད་པའི་ཐབས་ཤེས་དེ་འདྲ་ཡོད་ཀྱི་རེད། གང་ལྟར་ང་ཚོས་ཕྱོགས་གཉིས་ཀའི་ཐོག་ནས་འབད་བརྩོན་བྱས་ནས་རྩ་བའི་དགོས་མཁོ་སྒྲུབ་ཐུབ་པ་ཞིག་བྱེད་དགོས་ཀྱི་རེད།

དཔེར་ན། ལྔ་བཅུ་ང་དགུ་དང་དྲུག་བཅུའི་ལོ་ལ་བཙན་བྱོལ་དུ་སློབ་གྲྭ་མང་པོ་གསར་འཛུགས་བྱེད་པའི་སྐབས་སུ་དགེ་རྒན་འོས་སྦྱོང་གནང་མྱོང་མཁན་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་སྐབས་དེ་དུས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོས་སྐད་ཆ་དྲིས་པ་དང་དེབ་ཀློག་པ་སོགས་བྱས་ཏེ་ཁུངས་འཁྱོལ་བ་རེད། དེ་རྗེས་གཞི་ནས་ང་ཚོ་བོད་པའི་དགེ་རྒན་འོས་སྦྱོང་བྱེད་པའི་ལས་རིམ་གསར་པ་དེ་འགོ་ཚུགས་པ་རེད། དེ་ནས་བར་ལམ་ཞིག་ལ་དེ་ཚོའང་ཡལ་ནས་རྒྱ་གར་སྤྱི་ཡོངས་ཀྱི་དགེ་རྒན་འོས་སྦྱོང་ཐོག་ཏུ་འགྲོ་བའི་འགྱུར་བ་དེ་བྱུང་བ་རེད། འགོ་འཛུགས་ཀྱི་སྐབས་སུ་ཏན་ཏན་དཀའ་ངལ་ཡོད་ཀྱི་རེད། འོན་ཀྱང་དཀའ་ངལ་དེ་ཚོ་སེལ་བའི་ཐབས་ཤེས་བྱེད་ན་སེལ་ཐུབ་པའི་ལམ་ཁ་ཡོད་རེད་བསམ་གྱི་འདུག

སློབ་ཕྲུག་ཚོས་ཀུན་སྤྱོད་ཁྱེར་སྟངས་དེ་སྤྱི་ཡོངས་ཁོར་ཡུག་གི་གནོན་ཤུགས་འོག་འགྲོ་རྒྱུ་རེད་མ་གཏོགས། སློབ་གྲྭ་སོ་སོའི་ནང་དུ་ཡོད་པའི་དགེ་རྒན་ཚོའི་སྤྱོད་ལམ་དང་བསམ་བློ་འཁྱེར་སྟངས་ཐོག་འགྲོ་རྒྱུ་མེད་པ་དེ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད། སྤྱིར་དགེ་རྒན་ཡག་པོ་ཡོད་ན་དགེ་ཕྲུག་ཡག་པོ་ཡོང་དགོས་པ་དང་། དགེ་རྒན་ཡག་པོ་མེད་ན་དགེ་ཕྲུག་ཡག་པོ་མི་ཡོང་བ་དེ་སྤྱིར་བཏང་གི་གནས་སྟངས་ཤིག་རེད། ད་ལྟའི་དགེ་ཕྲུག་ཚོས་གང་བྱེད་ཀྱི་ཡོད་པའི་སྐྱོན་དེ་དགེ་རྒན་གྱི་སྒང་ལ་གཡོགས་ཐུབ་ཀྱི་མ་རེད་བསམ་གྱི་འདུག འོན་ཀྱང་ཕྱིའི་གནོན་ཤུགས་ལས་སླ་པོ་ཕྲུ་གུའི་བསམ་བློའི་ཐོག་སླེབས་པ་དང་། ནང་དུ་ཡོད་པའི་དགེ་རྒན་ཚོའི་ཤུགས་གནོན་དེ་ཕྲུ་གུའི་བསམ་བློར་ལས་སླ་པོ་སླེབས་མ་ཐུབ་པའི་རྒྱུ་རྐྱེན་དེ་གང་ལ་ཐུག་གི་ཡོད་པ་རེད། དེ་ལ་ཞིབ་འཇུག་བྱེད་དགོས་ཀྱི་རེད།

སློབ་གྲྭ་ཡོངས་རྫོགས་དང་དགེ་རྒན་ཡོངས་རྫོགས་གཅིག་ལ་ཁྱབ་པ་ཞིག་གི་གནས་སྟངས་བཤད་ཁག་པོ་རེད། རྒྱུ་རྐྱེན་མི་འདྲ་བ་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་དེའི་རྒྱུ་རྐྱེན་ལྟེ་བ་གཅིག་ནི་སློབ་ཕྲུག་ཚོའི་བསམ་བློའི་ནང་རང་ངོ་རང་གིས་མ་ཤེས་པ་ཡོང་གི་ཡོད་པ་དེ་རེད། རང་ངོ་རང་གིས་མ་ཤེས་པར་འདྲ་མི་འདྲ་བྱེད་ཀྱི་ཡོད་པ་དེ་ད་ལྟའི་སྤྱི་ཚོགས་ཀྱིས་བཟོ་གི་ཡོད་པ་རེད། རང་ངོ་རང་གིས་མ་ཤེས་པའི་དབང་གིས་སོ་སོ་ལ་བསམ་བློ་གཏོང་བའི་རང་དབང་དེ་མེད་པ་རེད། གང་ལྟར་ཡག་ཉེས་ཕྱེ་བའི་བསམ་བློའི་རང་དབང་དེ་མེད་པ་ཆགས་འགྲོ་གི་ཡོད།

དེ་འདྲ་ཆགས་དགོས་བའི་གཞི་རྩ་གཙོ་བོ་དེ་གང་གིས་བྱེད་ཀྱི་ཡོད་ཅེ་ན། དེ་ནི་མཚུངས་བསྡུར་དང་འགྲན་བསྡུར་དབང་གིས་ཡོང་གི་ཡོད། མཚུངས་བསྡུར་དང་འགྲན་བསྡུར་ག་དུས་ཡིན་ཡང་ཡོད་མུས་རེད། དཔེར་ན། གོས་ལོག་འདྲ་མིན་གྱོན་རྒྱུ་དང་སྤྱོད་པ་འདྲ་མིན་བྱེད་མཁན་དེ་ཚོར་གཏིང་ཟབ་པོའམ་ཞིབ་ཚགས་པོས་ཞིབ་འཇུག་བྱེད་པ་ཡིན་ན། ཁོ་རང་སྤྱི་ཚོགས་ཀྱི་ནང་ལ་ངོས་འཛིན་མ་རག་པའི་ཞེད་སྣང་ཞིག་ཡོད་པ་རེད། མི་ཚོས་ང་རང་ལ་མཐོང་བྱེད་ཀྱི་མི་འདུག བརྩི་བཀུར་བྱེད་ཀྱི་མི་འདུག གཞན་ཕར་ཞོག་ང་ལ་མིག་གིས་ལྟ་གི་མི་འདུག སྐད་ཆ་བཤད་ཀྱི་མི་འདུག དེར་བརྟེན་རང་གི་ངོས་འཛིན་དེ་གཞན་ལ་གསལ་པོ་བསྟན་ཐུབ་པའི་ཆེད་དུ་དམར་ཧྲེང་འགྲོ་རྒྱུ་དང་། གོས་ལོག་འདྲ་མིན་གྱོན་རྒྱུ། སྐྲ་འདྲ་མིན་བཟོ་རྒྱུ་སོགས་བྱེད་ཀྱི་ཡོད། འདྲ་མིན་བྱེད་དུས་མི་ཚོས་ཁྱད་མཚར་པོ་ཞིག་འདུག་བསམས་ནས་རང་བཞིན་གྱིས་དོ་སྣང་ཞིག་སྤྲོད་ཀྱི་ཡོད་པ་རེད། བསམ་ཚུལ་དེ་ཕྲུ་གུ་ཆུང་ཆུང་ལྟ་ཞོག མི་ལོ་ཉི་ཤུ་རྩ་གྲངས་དང་སུམ་ཅུ་སོ་གྲངས་སོན་པའི་མི་ཚོའི་བསམ་བློའི་ནང་ལའང་བསམ་ཚུལ་དེ་ཡོང་གི་འདུག

བསམ་ཚུལ་དེ་ཡོང་དགོས་པའི་རྒྱུ་རྐྱེན་དེ་གང་རེད་ཅེ་ན། རང་གིས་རང་ལ་ཡིད་ཆེས་མེད་པ་དང་། རང་གིས་རང་ངོ་མ་ཤེས་པ་ལ་བརྟེན་ནས་ཡོང་གི་ཡོད། སོ་སོ་གང་ཡིན་པ་དེ་སྤྱི་ཚོགས་ནང་དེ་རང་བསྡད་ན་འགྲིག་གི་ཡོད་པ་རེད། འོན་ཀྱང་འདྲ་མིན་སྣ་ཚོགས་ཤིག་བཟོས་ཏེ་མིས་ངོས་ལེན་རག་རྒྱུ་དང་ངོས་འཛིན་འཐོབ་རྒྱུའི་བསམ་ཚུལ་དེ་ནི་རང་གིས་རང་ལ་གདེང་ཚོད་མེད་པ་དེས་བྱེད་ཀྱི་ཡོད་པ་རེད། བྱས་ཙང་རང་གིས་རང་ལ་ཡིད་ཆེས་དང་རང་གིས་རང་ལ་གདེང་ཚོད་ཡོང་རྒྱུ་དེ་ཕྲུ་གུ་ཆུང་ཆུང་གི་སྐབས་ནས་ཕ་མ་ཚོས་བསླབ་དགོས་པ་དང་། སྔོན་འགྲོའི་འཛིན་གྲྭ་ནས་དགེ་རྒན་ཚོས་བསླབ་དགོས། དགེ་རྒན་ཚོས་དམའ་རིམ་འཛིན་གྲྭ་ནས་ཕྲུ་གུ་དེ་ལ་སོ་སོ་གང་ཡིན་པ་དེ་ཡང་དག་པ་ཞིག་ཡིན་པ་དང་། ཤ་དཀར་པོ་ཡིན་ན་དཀར་པོ་དེས་འགྲིག་གི་ཡོད་པ། ཤ་ནག་པོ་ཡིན་ན་ནག་པོ་དེས་འགྲིག་གི་ཡོད་པ། དཀར་པོ་ཡིན་ན་ཉི་མར་བཞུས་ནས་ནག་པོ་བཟོ་མི་དགོས་པ། ནག་པོ་ཡིན་ན་པའོ་ཌར་ (Powder) བྱུགས་ནས་དཀར་པོ་བཟོ་མི་དགོས་པ། སོ་སོ་གང་ཡིན་པ་དེ་རང་ལ་བཞག་ན་ཡིད་དུ་འོང་བ་ཡིན་པ། དེ་རང་ལ་མི་ཚང་མས་ངོས་འཛིན་བྱེད་ཐུབ་པ་དང་། འགྲིག་གི་ཡོད་པའི་བསམ་ཚུལ་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

དེ་ཡོད་ན་དེ་དང་མཉམ་དུ་ཚད་མ་རིག་པའི་ཐོག་ཤུགས་རྒྱག་དགོས་ཀྱི་ཡོད་པ་རེད། གལ་ཏེ་ཚད་མ་རིག་པའི་བསམ་ཚུལ་གཏིང་ཟབ་ཅིག་ཡོད་ན། ཁོས་གཞི་ནས་ངས་ག་རེ་བྱས་ནས་འདི་འདྲ་ཞིག་གྱོན་དགོས་ཀྱི་ཡོད་པ་རེད། འདི་འདྲ་མ་གྱོན་ན་ག་རེ་བྱེད་ཀྱི་རེད། འདི་འདྲ་གྱོོན་པ་ཡིན་ན་ང་ལ་ཡར་རྒྱས་དང་ཕུན་སུམ་ཚོགས་པ་གང་ཡོད་རེད། མ་གྱོན་པ་ཡིན་ན་ང་ལ་མར་ཟག་རྒྱུ་ག་རེ་ཡོད་པ་སོགས་སོ་སོས་བརྟག་དཔྱད་བྱེད་ཀྱི་རེད། སོ་སོས་བརྟག་དཔྱད་བྱེད་མ་ཤེས་པའི་དབང་གིས་གཟུགས་མཐོང་རླུང་འཕྲིན་སོགས་ནང་གང་མཐོང་བ་དེ་དག་གི་རྗེས་སུ་རྒྱུག་གི་ཡོད། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་ཤེས་པ་དེ་ཧ་ཅང་ཉུང་ཉུང་རེད། ཆ་བཞག་ནས་འགྲོ་བ་དེ་ཧ་ཅང་མང་བ་རེད། ཧིནྡཱིའི་སྐད་ནང་ Jaanna aur Maanna ཞེས་སྟབས་བདེ་པོ་འདུག ཤེས་པ་ཡིན་ན་འགྲིག་གི་ཡོད་པ་རེད། ཆ་འཇོག་པ་དེ་འགྲིག་གི་ཡོད་པ་མ་རེད།

ད་ལྟའི་ང་ཚོའི་གཞོན་སྐྱེས་ནང་ཆ་འཇོག་བྱེད་པ་དེ་མང་བ་དང་ཤེས་པ་དེ་དཀོན་པོ་ཡོང་གི་འདུག ངེས་པར་དུ་ངོ་སྤྲོད་ཀྱིས་ཤེས་པར་བྱས་ན་གནས་ཚུལ་དེ་ཚོ་བཟང་དུ་འགྲོ་རྒྱུ་རེད། སིདྡྷ་ཞེས་པའི་གྲོང་གསེབ་ཀྱི་སློབ་གྲྭའི་ནང་ཕྲུ་གུ་ཚོ་ལ་པར་མང་པོ་བསྟན་ནས་དྲི་བ་འདྲི་གི་རེད། དེ་ཕན་ཐོགས་པོ་ཞིག་མཐོང་སོང་། དེང་སང་གི་བུ་དང་བུ་མོ་གོས་ལོག་འདྲ་མིན་གྱོན་པའི་པར་དང་། གྲོང་གསེབ་པ་མགོ་ལ་རས་དཀྲིས་པའི་པར་གཉིས་ཀ་སྦྱར་པང་ཐོག་ཏུ་སྦྱར་ཏེ། སུ་སྤྱི་ཚོགས་ཀྱི་དཔལ་ཡོན་དང་ལྡན་པ་ (Civilised) རེད། སུ་སྤྱི་ཚོགས་ཀྱི་དཔལ་ཡོན་དང་ལྡན་པ་ (Civilised)  མ་རེད་ཅེས་ཕྲུ་གུ་ལ་དྲིས་དུས། ཕྲུ་གུས་ལམ་སེང་གོས་ལོག་འདྲ་མིན་གྱོན་མཁན་དེ་ civilised རེད་ཅེས་བརྗོད་ཀྱི་འདུག ཡང་བསྐྱར་ཁོ་ཚོར་དེ་འདྲའི་གོས་ལོག་འདྲ་མིན་གྱོན་མཁན་གྱི་མི་ཞིག་མཚན་མོ་ལམ་ཁ་བརླགས་ཏེ་གྲོང་གསེབ་ནང་སླེབས་པ་ཡིན་ན་ཁྱེད་རང་གིས་ག་རེ་བྱེད་ཀྱི་ཡིན་ཞེས་དྲིས་དུས། ལམ་ཁ་བརླགས་ནས་ཡོང་ན་ཕེབས་བསུ་བྱེད་ཀྱི་ཡིན། བཟའ་རྒྱུ་འཐུང་རྒྱུ་གང་ཡོད་པ་དེ་ཕུལ་གྱི་ཡིན། མཚན་མོར་ཉལ་ས་སྤྲོད་ཀྱི་ཡིན་ཞེས་བཤད་ཀྱི་འདུག། མི་དེ་མུམྦཨཱི་ (Mumbai) གྲོང་ཁྱེར་གྱི་གློག་བརྙན་འཁྲབ་མཁན་ཞིག་རེད། གལ་ཏེ་ཁྱེད་རང་མུམྦཨཱི་ལ་ཕྱིན་ནས་ལམ་ཁ་བརླགས་ཏེ་ཁོའི་སྒོ་འགྲམ་ལ་སླེབས་སོང་ན་ཁོས་དེ་ག་ནང་བཞིན་ཡར་ཤོག ཟོ། འཐུང་། དོ་དགོང་འདིར་སྡོད་ཅེས་བརྗོད་ཀྱི་རེད་དམ་ཞེས་དྲིས་དུས། ཕལ་ཆེར་དེ་འདྲ་བཤད་ཨེ་ཡོང། ནང་དུ་འཛུལ་འཇུག་ཨེ་ཡོང་། སྒོ་འགྲམ་ན་སྒོ་སྲུང་ཡང་ཡོད་ཀྱི་རེད་ཅེས་བཤད་ཀྱི་འདུག དེས་ན་མི་ལམ་ཁ་བརླག་མཁན་ཞིག་ལ་ཡར་ཤོག་ཅེས་དགའ་བསུ་བྱེད་མཁན་གཅིག་དང་། མི་ལམ་ཁ་བརླགས་པ་ཞིག་སྒོ་སྲུང་བས་ཡར་མ་བཏང་བ་གཉིས་ལས་སུ་ Civilised རེད་ཅེས་བརྗོད་དུས། གཞི་ནས་དྭོགས་པ་ཆོད་དེ་བསམ་བློ་གཏོང་དགོས་བ་ཞིག་ཆགས་ཀྱི་འདུག

ང་ཚོས་ཐག་རིང་པོ་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་མ་རེད། ཁ་ཐུག་མདུན་ལ་གང་ཡོད་པ་དེ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། བྱས་ཙང་ང་ཚོའི་ཕྲུ་གུ་ཚོ་ལ་ཞིབ་ཚགས་པོས་བསམ་བློ་གཏོང་བའི་སྲོལ་ཞིག་ག་ལེར་བསླབ་པ་ཡིན་ན་དེ་ནས་རང་གིས་རང་ངོ་མ་ཤེས་པ་དེ་ཉུང་དུ་འགྲོ་རྒྱུ་རེད་ལ། སོ་སོ་གང་ཡིན་པ་དེའི་གནས་བབ་ཐོག་བསྡད་རྒྱུའང་ཡོང་གི་རེད། སོ་སོའི་ཐོག་ལ་སྲུང་སྐྱོབ་མེད་པའི་ཞེ་སྣང་དེའང་བརླག་འགྲོ་གི་རེད། ད་ལྟའི་ཕྲུ་གུ་ཚོས་འདྲ་མིན་བྱེད་པ་དེ་བསམ་བློའི་ནང་བདེ་འཇགས་མེད་པའི་ཚོར་བ་ཞིག་ཡོད་པ་རེད། ལྷག་པར་དུ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཧ་ཅང་མང་པོ་རེད། དེ་ལ་ཁག་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་ཁོང་ཚོའི་བསམ་བློའི་གནས་བབ་ཚད་དང་ལྡན་པ་ཞིག་བཟོ་རྒྱུའི་འབད་བརྩོན་བྱེད་དགོས་པ་དེ་བྱས་ཐུབ་ཡོད་པ་མ་རེད། བྱས་ཙང་རང་གི་རང་ངོ་འཕྲོད་རྒྱུ་དང་སོ་སོས་སོ་སོར་ཡིད་ཆེས་རྙེད་པའི་ཐབས་ལམ་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་བྱེད་ན་ཕྱིའི་ཤན་ཤུགས་ཆུང་དུ་འགྲོ་རྒྱུ་དང་། རང་གི་ངོ་བོ་གནས་ཐུབ་པ། སོ་སོའི་དགེ་རྒན་དང་སྲོལ་རྒྱུན་གྱི་ནང་ནས་ཤན་ཤུགས་ལེན་ཐུབ་པ་ཆགས་ཀྱི་རེད་བསམ་གྱི་འདུག དེ་མ་གཏོགས་ང་ཚོས་བཟོས་བཟོས་པ་ཡོད་པའི་ཐབས་ལམ་ཞིག་གང་ཡང་ལབ་ཤེས་ཀྱི་མི་འདུག