༈ དང་པོ། སྲོལ་རྒྱུན་དང་དེང་རབས་ཀྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སོགས་ཀྱི་སྐོར།

༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན།

༄༅།། སྐྱབས་ཡུལ་དགེ་འདུན་གྱི་སྡེ།  མཁན་ལས་ཟུར་རྣམ་པས་མཚོན་པའི་གདན་སའི་མཛད་གཙོ་རྣམ་པ། ངའི་ཕྱག་སྦྲེལ་རྙིང་པ་ཆོས་རིག་བཀའ་ཟུར་མཆོག བཀུར་འོས་སྤྱི་འཐུས་རྣམ་པ། གཞན་ཡང་མང་ཚོགས་ཀྱི་གལ་གནད་ཆེ་བའི་ལས་ཀྱི་སྣེ་མོ་ལ་ཡོད་པའི་ལས་བྱེད་ཟུར་པ་དང་ལས་ཐོག་པ་རྣམ་པ། སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་གིས་གཙོས་སློབ་ཕྲུག་རྣམ་པ་བཅས་ཚང་མ་ལ་ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  བརྗོད་གཞི་འདི་དག་ནི་གདན་སའི་སློབ་གྲྭ་ཁག་ནང་ཡོད་པའི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སློབ་ཕྲུག་ཚོར་ཐད་ཀར་འབྲེལ་བ་ཡོད་པ་དང་ཕན་ཐོགས་ཡོད་པ་ཞིག་ཡིན་མིན་ཐོག་མར་དྭོགས་པ་བྱུང་སོང་། ཡིན་ནའང་ད་ལྟ་སེར་བྱེས་འབྲིང་རིམ་སློབ་གྲྭའི་ངེས་སྟོན་པས་འབྲེལ་བ་ཡོད་ཅེས་འགྲེལ་བརྗོད་གནང་སོང་། སྤྱིར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པ་ནི་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པ་བཞིན་ཐར་པ་དོན་གཉེར་གྱི་བློས་ཀུན་ནས་བསླངས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་དང་འབྲེལ་བ་མེད་པ་རྣམས་ང་ཚོ་ལ་འབྲེལ་མེད་དོན་གཞན་ཡིན་ཞིང། སློབ་དཔོན་ཆོས་གྲགས་ཀྱིས། འདི་ཡིས་སྲིན་འབུའི་གྲངས་མཁྱེན་པ།། ངེད་ལ་འགར་ཡང་ཉེར་མཁོ་མེད།། ཅེས་གསུངས་པ་བཞིན་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྒྱ་མཚོའི་ནང་སྲིན་འབུ་ཇི་ཙམ་ཡོད་པའི་གྲངས་ཀ་མཁྱེན་ཡང་། ང་ཚོ་ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་ལ་ཉེ་བར་མཁོ་བའམ་འབྲེལ་བ་གང་ཡང་མེད་ཅེས་གསུངས་པ་ལྟ་བུ་རེད། ཕྱོགས་གཞན་ནས་བཤད་ན། ང་ཚོ་ཐེག་ཆེན་པ་ཡིན་ཟེར་གྱི་ཡོད། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་བཞིན་བྱང་ཆུབ་སྒྲུབ་པའི་ཡན་ལག་ཏུ་ཤེས་བྱའི་གནས་ཡོངས་ལ་བསླབ་དགོས་པ་དང་། ལྷག་པར་དུ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར།། ཞེས་རིག་པའི་གནས་ཡོངས་རྫོགས་ལ་སྦྱང་དགོས་པ་ཡིན།

ད་རེས་ཉིན་བཞིའི་བརྗོད་གཞི་རྣམས་ནང་པའི་གཞུང་ནས་གསུངས་པའི་རིག་པའི་གནས་ཀྱི་གྲངས་སུ་ཚུད་མིན་མི་ཤེས་ཀྱང་། གང་ལྟར་རིག་པ་དང་ཤེས་བྱ་ཞིག་ཆགས་ཀྱི་ཡོད། དེའི་དབང་གིས་འབྲེལ་བ་ཡོད་པ་བཟོ་ཆོག ལྷག་པར་དུ་བརྗོད་གཞི་དེ་དག་ཉམས་ལེན་བྱེད་མཁན་ཞིག་གིས་ལམ་དང་རིམ་པ་དང་སྦྱར་ནས་བསམ་བློ་གཏང་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་རྒྱུར་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་པའི་སྐབས་སུ་འགྲོ་བ་སྤྱིའི་སྡུག་བསྔལ་བསམ་པ་དང་། རིགས་དྲུག་སོ་སོའི་སྡུག་བསྔལ་བསམ་པའི་ནང་མིའི་འགྲོ་བའི་སྡུག་བསྔལ་བསམ་རྒྱུར་འབྲེལ་བ་དང་ཕན་ཐོགས་ཡོད་པའི་བརྗོད་གཞི་ཤ་སྟག་རེད། དེར་བརྟེན་འགྲོ་བ་རིགས་དྲུག་གཞན་གྱི་སྡུག་བསྔལ་རྣམས་སྡུག་བསྔལ་གྱི་སྡུག་བསྔལ་ཤས་ཆེ་བ་ཡིན་སྟབས། ཤེས་བདེ་བ་དང་རྟོགས་བདེ་བ་ཡོད། འོན་ཀྱང་མིའི་འགྲོ་བའི་སྤྱི་ཚོགས་ནང་འགྲོ་བ་གཞན་ལ་ལྟོས་ཏེ་སྡུག་བསྔལ་གྱི་སྡུག་བསྔལ་དེ་ཉུང་བ་ཡིན་རུང་། འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཤས་ཆེ་བ་ཡོད་པ་དེ་ངོས་གཟུང་དཀའ་བ་རེད། དེ་ཡང་མཛོད་འགྲེལ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ།། དེ་ནི་མིག་ཏུ་སོང་བ་ན།། མི་བདེ་བ་དང་སྡུག་བསྔལ་སྐྱེད།། བྱིས་པ་ལག་མཐིལ་འདྲ་བ་ཡིས།། འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས།། འཕགས་པ་མིག་དང་འདྲ་བ་ཡིས།། འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས།། ཞེས་ལག་མཐིལ་ལ་སྤུ་ཞིག་ཡོད་ན་མི་ཚོར་བ་དང་། མིག་ནང་སྤུ་ཞིག་འཛུལ་ན་ལམ་སེང་ཚོར་བ་ལྟ་བུ་རེད། ད་ལྟ་མིའི་འཇིག་རྟེན་ནང་འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཏིང་ཟབ་ལོད་ཇི་ཙམ་ཡོད་པ་དང་། དུས་ཚོད་སྔ་མོ་དང་བསྡུར་ན་སྡུག་བསྔལ་གྱི་སྡུག་བསྔལ་ཡང་ད་ལྟའི་གནས་སྐབས་སུ་ཧ་ཅང་མང་བ་དང་ཛ་དྲག་ཏུ་ཕྱིན་པ་ནི་གནས་ཚུལ་དེ་ཚོར་གཟིགས་ན་ཤེས་ཐུབ།

དེ་རིང་གི་བརྗོད་གཞི་ནི་དེང་རབས་དང་སྲོལ་རྒྱུན་གྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སྐོར་རེད་འདུག སྤྱིར་འདིར་བཤད་རྒྱུའི་དེང་རབས་དང་སྲོལ་རྒྱུན་གྱི་ཁྱད་པར་ཞེས་པ་ནི་ནང་པས་སྔ་མོ་ནས་བཤད་པའི་རིག་གཞུང་གི་རྒྱུ་ཆའི་ནང་བཤད་པའི་གནས་སྟངས་ཤིག་མིན་ཞིང་། འདི་ནི་གནས་ཚུལ་གསར་པ་ཞིག་རེད། སྤྱིར་འདི་ནི་སྤྱི་ཚོགས་ཚན་རིག་ལས་གཞན་པའི་སློབ་ཚན་མང་པོ་དང་འབྲེལ་བ་ཡོད་ཀྱང་། གཙོ་ཆེ་བ་ནི་སྤྱི་ཚོགས་ཚན་རིག་འབྲེལ་བ་ཡོད་པའི་སློབ་ཚན་ཞིག་རེད། ཁྱེད་རང་ཚོས་མཁྱེན་གསལ་རེད། ང་སྤྱི་ཚོགས་ཚན་རིག་གི་སློབ་ཕྲུག་མིན་པར་བརྟེན། ད་རིང་ཁྱེད་ཚོར་ཞུ་རྒྱུ་དེ་ཁྱད་ལས་པའི་སྐད་ཆ་མི་ཆགས་ཤིང་། གཙུག་ལག་སློབ་ཁང་ནང་ལས་ཀ་བྱེད་མཁན་ལ་རང་གིས་དམིགས་ཀྱིས་བཀར་ནས་སློབ་སྦྱོང་བྱེད་རྒྱུའི་སློབ་ཚན་ལས་གཞན་པའི་སློབ་ཚན་ལའང་ཕྲན་བུ་གོ་རྟོགས་མེད་ན་སོ་སོའི་གནས་བབས་དེ་སྲུང་སྐྱོབ་མི་ཐུབ། དེས་ན་སྤྱིར་བཏང་ཤེས་བྱ་ཞིག་གི་ངོ་བོར་ཞུ་རྒྱུ་ཡིན།

དེ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ཚན་རིག་གི་ནང་གསེས་ཀྱི་སློབ་ཚན་མང་པོའི་ནང་ནས་དེང་རབས་དང་སྲོལ་རྒྱུན་ཐོག་ད་ལྟ་འཇིག་རྟེན་ནང་བགྲོ་གླེང་ཤུགས་ཆེ་འགྲོ་བཞིན་པ་རེད། དེང་རབས་ཀྱི་གནས་བབ་དར་བ་ནས་བཟུང་བརྒྱ་ཕྲག་བཅུ་དགུ་པའི་མཇུག་ཙམ་བར་སྐྱོན་བརྗོད་དང་ཀླན་ཀ་འཛུགས་མཁན་ཧ་ལམ་མེད། དེ་ཡོད་ན་སྐབས་དེར་ལྐུགས་པ་དང་རྗེས་ལུས་ཅན་ཞིག་ཏུ་བརྩི་རྐྱང་བྱས་པ་རེད། བརྒྱ་ཕྲག་ཉི་ཤུ་པའི་མགོ་ནས་དེང་རབས་ལ་སྐྱོན་བརྗོད་དང་དགག་པ་བྱེད་མཁན་ཇེ་མང་སོང་བའི་དབང་གིས་བགྲོ་གླེང་གི་གཞི་རྩ་ཆེན་པོ་ཞིག་ཏུ་གྱུར། བདག་ཉིད་ཆེན་པོ་གཱཾདྷཱིས་འདིའི་ཐོག་ཐུགས་ཚོར་ཆེན་པོས་གནས་ཚུལ་མང་པོ་བཀའ་གནང་ཡོད། ངའི་རྒྱུན་རིང་འདྲིས་པའི་གྲོགས་པོ་སྐུ་གཤེགས་ཨེ་ཀེ་སརཎ་ (A. K. Saran) ནི་རྒྱ་གར་ནང་དམིགས་བསལ་གྱིས་དེང་རབས་དང་སྲོལ་རྒྱུན་ཐོག་སྔར་མ་བྱུང་བའི་མཁས་པ་ཆེན་པོ་ཞིག་ཕེབས་པ་དེ་དང་མཉམ་དུ་རྒྱུན་རིང་འགྲོགས་པ་ལས་དེའི་སྐོར་སྤྱིར་བཏང་ཤེས་བྱའི་ངོ་བོར་གནས་ཚུལ་མང་པོ་ཞིག་ཐོས་རྒྱུ་བྱུང་། ཁོང་གི་གསུང་འབུམ་ཆ་ཚང་དེང་རབས་ཀྱི་རྣམ་གཞག་ལ་རྒོལ་བའི་གཞུང་ཤ་སྟག་རེད། རྒྱ་གར་ནང་དེང་རབས་ཀྱི་ཕྱོགས་འཛིན་པ་ཧ་ཅང་ཤུགས་ཆེན་པོ་ཡིན་སྟབས། ཁོང་གི་ཕྱག་དེབ་དཔར་འདེབས་བྱེད་མཁན་མ་བྱུང་བ་རེད། རྗེས་སུ་ང་ཚོ་མི་ཁ་ཤས་གྲོས་བསྡུར་གྱིས་དཔར་འདེབས་མ་ཐུབ་ན་ཧ་ཅང་ཕངས་བློས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཁོང་གི་གསུང་འབུམ་ཆ་ཚང་དཔར་འདེབས་ཞུ་རྒྱུའི་ཆོད་འགན་བཞག་སྟེ་དེབ་བཅིུག་ཙམ་དཔར་འདེབས་ཟིན་རུང་། ད་ལྟ་དེབ་བཅུ་གྲངས་ཤིག་དཔར་འདེབས་ཞུ་རྒྱུ་ལྷག་འདུག དེ་ཚོའི་སྐོར་ལ་ད་ལྟ་དམིགས་བསལ་སློབ་སྦྱོང་བྱེད་མཁན་དང་ཤེས་མཁན་ཉུང་ངུ་ཡིན་རུང་། ལོ་བརྒྱ་ཕྲག་ཁ་ཤས་རྗེས་སུ་ཚང་མས་ལུང་དྲང་རྒྱུའི་གཞུང་ལུགས་ཤིག་ཆགས་རྒྱུ་ཡིན་པ་སྨོས་མེད་རེད། དེས་ན་དེང་རབས་དང་སྲོལ་རྒྱུན་གྱི་རྣམ་གཞག་དེ་ཞར་དང་ཞོར་ལ་མང་པོ་ཐོས་པ་དེ་དག་འདིར་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།

ང་ཚོ་བོད་སྐད་དུ་དེང་རབས་དང་སྲོལ་རྒྱུན་ཞེས་པའི་ཚིག་དེ་སྔ་མོ་ནས་ཡོད་ཀྱང་། ད་ལྟ་ནུབ་ཕྱོགས་པས་དམིགས་བསལ་བརྗོད་བྱ་ཞིག་གི་དོན་དུ་བེད་སྤྱོད་བཏང་བ་ལྟ་བུ་དེ་རྒྱུན་རིང་ཕྱིན་མེད། ཕལ་ཆེར་དེང་རབས་ཞེས་པ་དེ་ཨིན་སྐད་ཀྱི་ Modern དོན་དུ་བེད་སྤྱོད་བཏང་བ་དེ་ཧ་ལམ་ཕྱི་ལོ་ ༡༩༥༠ ང་གྲངས་ཀྱི་རྗེས་སུ་ཡིན་སྲིད། དེང་རབས་ཞེས་པའི་ཚིག་གིས་ད་ལྟའི་གནས་སྐབས་ཀྱི་དུས་རབས་ལ་སྔ་མོ་ནས་གོ་ཡང་། དམིགས་བསལ་ Modern དོན་དུ་གོ་བ་དེ་མེད།

འདིར་དེང་རབས་ནི་ཨིན་སྐད་ཀྱི་ Modern དང་། སྲོལ་རྒྱུན་ནི་ཨིན་སྐད་ཀྱི་ Tradition ཞེས་པ་དེ་རེད། ད་རིང་དེང་རབས་དང་སྲོལ་རྒྱུན་བར་གྱི་ཁྱད་པར་སྐོར་བཤད་རྒྱུ་རེད། Modern ནི་དེང་རབས་དང་། Modernity ནི་དེང་རབས་ཀྱི་རང་བཞིན་ནམ་དེང་རབས་ཅན། Modernization ནི་དེང་རབས་ཅན་དུ་བསྒྱུར་བ་བཅས་ཚིག་གསུམ་ཡང་ཡང་ཡོང་རྒྱུ་ཞིག་རེད། དེས་ན་འདིར་དེང་རབས་ཞེས་པ་དེ་གནས་སྐབས་ཕལ་པ་ཞིག་ལ་མི་གོ་བར། Modern ཞེས་པའི་ཚིག་གི་དོད་དུ་གོ་དགོས་པ་དེ་མཁྱེན་དགོས།

Modern ཞེས་པ་ནི་ Latin ཚིག་ Modo ནས་བྱུང་ཞིང་། དེའི་གོ་དོན་ནི་ད་ལྟ་རང་ (Just now) ཞེས་པ་དེ་ཡིན། མིང་དེའི་བརྗོད་དོན་གཏན་འཁེལ་རྗེས་བྱུང་རབས་དང་སྤྱི་ཚོགས་ཚན་རིག་དང་འབྲེལ་བ་ཆེ་བ་ཆགས་ཤིང་། བྱུང་རབས་ལ་སྦྱར་བའི་སྐབས་སུ་དེང་རབས་ཀྱི་ལོ་ཡུན་ནམ་དེང་རབས་ཀྱི་དུས་ཡུན་ (The Modern Age or the Modern Period) ཞེས་པའི་དོན་དུ་བཤད། དེ་ནི་ཤེས་ཡོན་ལ་དེང་རབས་ཀྱི་ཤེས་ཡོན་ (Modern Education) དང་དཔལ་འབྱོར་ལ་དེང་རབས་ཀྱི་དཔལ་འབྱོར་ (Modern Economy) སོགས་ལའང་སྦྱར། དེ་བཞིན་ཚན་རིག་ལ་དེང་རབས་ཚན་རིག་ལས་མེད་པ་ཚན་རིག་པ་ཚོས་བརྩིས་ཀྱང་། ཚན་རིག་ལ་དེང་རབས་ཀྱི་ཚན་ (Modern Science) རིག་དང་གནའ་བོའི་ཚན་རིག་ (Ancient Science) དང་། དེང་རབས་ཀྱི་ཚན་རིག་ (Modern Science) དང་སྲོལ་རྒྱུན་གྱི་ཚན་རིག (Traditional Science) དེང་རབས་ཀྱི་ཚན་རིག་(Modern Science) དང་ས་གནས་ཀྱི་ཚན་རིག་ (Local Science) སོགས་སུ་ཕྱེ་ཚུལ་ཡོངས་གྲགས་ཡིན། གང་ལྟར་ Science ལ་ Modern ཞེས་པའི་ཁྱད་ཆོས་སྦྱར་རྒྱུ་ཞིག་ཆགས་ཟིན། སྐད་ཡིག་ནི་འགྱུར་བ་མེད་པར་བསྡད་དགོས་ཤིང་། གལ་ཏེ་སྐད་ཡིག་འགྱུར་བ་སོང་ན་སྐད་ཡིག་རྙིང་པ་རྣམས་བེད་སྤྱོད་མེད་པ་ཆགས་རྒྱུ་རེད། གང་ལྟར་དེང་རབས་ཞེས་པའི་ཐ་སྙད་དེ་གང་སར་སྦྱར་བསྡད་རྒྱུ་ཞིག་རེད།

འཇིག་རྟེན་འདིའི་ཐོག་དེང་རབས་ཀྱི་གནས་སྟངས་དེ་ཇི་ལྟར་བྱུང་བ་དང་། དེའི་རྒྱབ་ཏུ་རྒྱུ་རྐྱེན་གང་ཡོད། བྱུང་བའི་རིམ་པ་གང་ཡིན་ཞེ་ན། དེང་རབས་ཀྱི་གནས་ཚུལ་མང་ཆེ་བ་ནུབ་ཕྱོགས་ནས་དར་ཞིང་། ནུབ་ཕྱོགས་ཞེས་པ་ནི་ད་ལྟའི་ གནས་སྐབས་ཀྱི་ཡོ་རོབ་དང་དེའི་གཡས་གཡོན་གྱི་ས་ཆ་ལ་བརྗོད། དེ་ནས་ཨ་རི་དང་དེའི་གཡས་གཡོན་གྱི་ཡུལ་ལུང་ལ་དར་བ་རེད། དེ་ནི་ཐོག་མ་ཆབ་སྲིད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱུང་ཞིང་། དེ་ཡང་རྒྱལ་པོའི་རིང་ལུགས་དང་། གཅིག་སྡུད་དབང་འཛིན་རིང་ལུགས་ཀྱིས་གཉའ་གནོན་ཤུགས་ཆེ་བྱུང་། དེ་ནས་ངོ་རྒོལ་གྱེན་ལངས་ཀྱི་གནས་ཚུལ་བྱུང་། དེ་ལྟ་བུའི་རྒྱལ་པོའི་རིང་ལུགས་དང་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་གཉའ་གནོན་བཤུ་གཞོག་གི་རྒྱབ་ཏུ་ལུང་པ་སོ་སོའི་ཆོས་ལུགས་རྒྱུན་འཛིན་པས་དབང་ཆ་བཟུང་སྟེ། ཆོས་དང་ཆབ་སྲིད་མཉམ་དུ་འདྲེས་པ་དེས་མང་ཚོགས་ལ་གཉའ་གནོན་བཤུ་གཞོག་མང་པོ་བྱུང་། དཔེར་ན་རྒྱལ་པོ་ཞིག་གིས་དྲང་བདེན་མ་ཡིན་པའི་གཉའ་གནོན་བཤུ་གཞོག་གི་རྒྱབ་ཏུ་རྒྱལ་པོ་རྣམས་དཀོན་མཆོག་གིས་བསྐོས་ཚུལ་བཤད་དེ་ཆོས་དཔོན་ཚོས་རྒྱལ་པོའི་རྒྱབ་སྐྱོར་བྱེད་པ་ལས། བཤུ་གཞོག་མྱོང་མཁན་གྱི་རྒྱབ་ཏུ་མེད་པར་བརྟེན། ཆོས་དང་ཆབ་སྲིད་དབར་གྱི་འགལ་བ་དང་། གཅིག་སྡུད་དབང་འཛིན་དང་མང་གཙོའི་རིང་ལུགས་ཀྱི་བསམ་ཚུལ་དབར་གྱི་འགལ་བའི་དབང་གིས་དེང་རབས་ཞེས་པའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་བྱུང་ཞིང་། དེ་ནི་བྱམས་བརྩེ་དང་མཛའ་བརྩེའི་བསམ་ཚུལ་ཐོག་ནས་ཡོང་བ་མིན་པར། འཐབ་རྩོད་དང་ཁ་གཏད་གཅོག་རྒྱུའི་བསམ་ཚུལ་ནང་ནས་རིམ་པས་བྱུང་བ་ཞིག་རེད། དེ་ཡང་དཔལ་འབྱོར་དང་ཆབ་སྲིད་ནང་བྱུང་བ་ཤས་ཆེ།

དེའི་བྱུང་རིམ་ལ་དེང་སང་གསུམ་ཞིག་བརྩི་སྲོལ་ཡོད་ཅིང་། སྔོན་གྱི་དེང་རབས་ (Early Modern) དང་། བར་གྱི་དེང་རབས། (Classical Modern) ད་ལྟའི་དེང་རབས་ (Present Modern) བཅས་གསུམ་དང་། ཡང་དེང་རབས་ (Modern) དང་། ཆེས་དེང་རབས། (Ultra-Modern) དེང་རབས་གོང་མ་ (Post-Modern) བཅས་སུ་ཕྱེ། ད་ལྟ་ང་ཚོ་དེང་རབས་གོང་མའི་གནས་སྟངས་ནང་བསྡད་པའི་ཁུལ་རེད། དེ་ཡང་རགས་ཙམ་ཕྱེ་ན། ཕྱི་ལོ་ ༡༥༠༠ ནས་ཕྱི་ལོ་ ༡༧༨༩ བར་དེང་རབས་དང་པོ་དང་། ཕྱི་ལོ་ ༡༧༨༩ ནས་ཕྱི་ལོ་ ༡༩༠༠ བར་དེང་རབས་བར་མ། དེ་རྗེས་དེང་རབས་གོང་མར་བརྩི། ཐོག་མར་དེང་རབས་ཀྱི་ལས་འགུལ་དེ་ཆབ་སྲིད་ཀྱི་གནས་སྟངས་དེ་གཙོ་ཆེ་ཞིང་། དེ་ནས་རིམ་གྱིས་བརྒྱ་ཕྲག་བཅུ་དགུའི་ནང་ཆབ་སྲིད་ཀྱི་གསར་བརྗེ་རྣམས་ཟིན་ནས་དཔལ་འབྱོར་གྱི་དེང་རབས་ཅན་གྱི་གནས་སྟངས་དེ་ཤུགས་ཆེ་རུ་སོང་། བརྒྱ་ཕྲག་ཉི་ཤུ་མགོ་ཚུགས་ནས་ད་བར་ཡར་རྒྱས་ཆེ་ཤོས་དེ་དཔལ་འབྱོར་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཐོག་ཏུ་ཕྱིན་ཞིང་། དེའི་ནང་དམག་དང་། མཚོན་ཆ། འཕྲུལ་ཆ་བཅས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་། ལྷག་པར་དུ་འདས་པའི་ལོ་ཉི་ཤུ་རྩ་གྲངས་ནང་བརྡ་འཕྲིན་གྱི་གསར་བརྗེ་ (Information revolution) ཆེན་པོ་དངོས་སུ་མཐོང་ཆོས་སུ་གྱུར། དེ་ནི་གཅིག་སྡུད་དབང་འཛིན་རིང་ལུགས་དང་། གཅིག་སྡུད་མ་རྩ་ཅན་གྱི་རིང་ལུགས་ལ་ཁ་གཏད་གཅོག་པ་ནས་བྱུང་ཡང་། དེའི་ནང་དངོས་སུ་ལག་བསྟར་དོན་དུ་མི་བསད་ཁྲག་སྦྱོར་ཚད་མེད་བྱུང་ཡོད། གལ་ཏེ་རགས་པ་ཙམ་བཤད་ན། དེ་ནི་ཕྱི་ལོ་ ༡༥༦༦ ནས་ ༡༦༠༩ བར་གྱི་ཌཆ་གྱེན་ལངས་ (Dutch Revolt) ནས་བྱུང་ཞིང་། དེ་རྗེས་ཕྱི་ལོ་ ༡༦༤༢ ནས་ ༡༦༥༡ བར་བྱུང་བའི་ཨིན་ཇི་ནང་འཁྲུགས་ (English Civil War) གིས་ཆབ་སྲིད་ཀྱི་གསར་བརྗེ་དང་། དེ་ནས་ཕྱི་ལོ་ ༡༧༧༦ ནས་ ༡༧༨༣ བར་གྱི་ཨ་རིའི་གསར་བརྗེ་ (American Revolution) བྱུང་རྗེས་སྤྱི་མཐུན་མཉམ་འབྲེལ་གྱི་ཨ་རི་ (Confederate States of America) དེ་བྱུང་། སྐབས་དེར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་གསར་བརྗེ་ཕྲན་ཚེགས་མང་པོ་བྱུང་རུང་། གྲགས་ཆེ་བ་ནི་ཕྱི་ལོ་ ༡༩༨༩ ནས་ ༡༧༩༩ བར་བྱུང་བའི་ཕེ་རེན་ཆ་གསར་བརྗེ་ (French Revolution) དེ་ཡིན་ཞིང་། དེ་ལས་ད་ལྟ་འདྲ་མཉམ་དང་། རང་དབང་། ཆིག་བསྒྲིལ་བཅས་གསུམ་གྱི་ཐོག་ལ་གཏན་ལ་ཕབ་པའི་མང་གཙོའི་ཆབ་སྲིད་སྐྱོང་སྟངས་དེ་བྱུང་། དེ་ལྟ་བུའི་མི་བསད་ཁྲག་སྦྱོར་གྱི་བརྒྱུད་རིམ་མང་པོ་ཞིག་ནས་ཁོང་ཚོས་སྲོལ་རྒྱུན་དེ་རྩ་མེད་དུ་བཏང་ཐུབ་པ་དང་། དེེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་ཡང་དག་པ་ཞིག་བསྐྲུན་ཡོད་སྙམ་པའི་ངེས་པ་རྙེད་པ་བྱུང་ཡོད། གང་ལྟར་འཐབ་རྩོད་ཀྱི་གཞི་རྩ་དེ་སྲོལ་རྒྱུན་དང་དེང་རབས་གཉིས་དབར་ཆགས་པར་བརྟེན། དེང་རབས་ཀྱི་འཐབ་རྩོད་བྱེད་མཁན་ཚོའི་བསམ་བློར་སྲོལ་རྒྱུན་ནང་གང་ཡོད་ཚང་མ་སྤང་བྱ་དང་དེའི་ནང་བླང་བར་བྱ་བ་ཧ་ལམ་མེད་པར་བསམས་ཡོད།

དེང་རབས་ཀྱི་ངོ་བོ་ནི་ཐོག་མར་ལུང་པ་སོ་སོའི་ནང་ཆབ་སྲིད་ཀྱི་གནས་སྟངས་མི་འདྲ་བའི་འོག་ནས་དེང་རབས་ཀྱང་མི་འདྲ་བ་བྱུང་ཞིང་། དེ་བཞིན་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་མི་འདྲ་བ་ལས་གསར་བརྗེའང་མི་འདྲ་བ་བྱུང་། ཧ་ལམ་ཕྱི་ལོ་ ༡༨༠༠ མགོ་སྟོད་ཙམ་ནས་ཕན་ཚུན་འབྲེལ་ལམ་དང་བློ་བསྐྱེད་སྤྲོད་རེས་ལ་བརྟེན། དེང་རབས་ཀྱི་གནས་ཚུལ་རྣམས་གཅིག་གྱུར་ལྟ་བུ་དང་། སྲོལ་རྒྱུན་གྱི་གནས་ཚུལ་ཡང་ཕལ་ཆེར་ཡལ་བ་ལྟ་བུ་བྱུང་ཙང་། དེ་རྗེས་ཕྱི་ལོ་ ༡༩༠༠ ནང་དེང་རབས་གོང་མའི་སྐབས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གང་དུའང་དེང་རབས་ཞེས་བརྗོད་ན་གཅིག་པ་མ་གཏོགས། ནང་གསེས་ཀྱི་ཁྱད་པར་དེ་ཙམ་མེད། གང་ལྟར་དེའི་ནང་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། ཁྲིམས། ཚོང་ལས། ཚན་རིག་དང་འཕྲུལ་ལས་ཀྱི་གནས་སྟངས་ཡོད་པ་དེ་དག་ཚང་མ་བསྡོམས་ནས་ཚིག་གཅིག་ནང་བརྗོད་ན་ Civilization ཟེར་བ་དེ་རེད། དེ་ལ་རྒྱ་གར་སྐད་དུ་སབྷྱཏཱ་དང་། དེང་སང་བོད་སྐད་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་བསྒྱུར་ཡོད། དེ་ཡང་སབྷཱ་ཞེས་པའི་ཚོགས་དང་། སབྷྱཏཱ་ཞེས་པ་ཚོགས་ཀྱི་ཡོན་ཏན་ལ་བརྗོད། Civilization ཞེས་པ་བོད་སྐད་དུ་དང་པོ་སྒྱུར་མཁན་རྣམས་ཀྱིས་དཔལ་ཡོན་ཞེས་བསྒྱུར་འདུག དེ་ནི་གོ་བདེ་པོ་མེད། ཐོག་མར་རྡོའི་དུས་རབས་སོགས་སུ་མི་རྣམས་ནགས་ཀྱི་རི་དྭགས་བཞིན་བསྡད་པའི་སྐབས་སུ་སྒྲིག་འཛུགས་དང་། རུག་རུག་བྱེད་རྒྱུ། གྲོས་བྱེད་རྒྱུ་དང་མགོ་ཁྲིད་རྒྱུ་སོགས་ཀྱི་གནས་སྟངས་མེད། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་ངོ་བོར་སྒྱུར་སྐབས་རུག་རུག་གིས་ཁྱིམ་ཚང་དང་། གྲོང་དང་གྲོང་གསེབ། ཡུལ་འཁོར་སོགས་ཆགས་དུས་སྤྱི་ཚོགས་ཀྱི་གནས་སྟངས་དེ་བྱུང་། སྤྱི་ཚོགས་ཀྱི་གནས་སྟངས་སམ་དཔལ་ཡོན་དེ་ཡར་རྒྱས་འགྲོ་སྐབས་ཁྱིམ་ཚང་ནང་རུག་རུག་ཡོད་སྐབས་སྐད་ཆ་བཤད་སྟངས་དང་། གོས་གྱོན་སྟངས་སོགས་དང་། དེ་བཞིན་ཚོགས་པར་དབྱུང་དུ་རུང་དང་མི་རུང་གི་ཁྱད་པར་ཕྱེ་ཤེས་སྐབས་མི་དེ་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་ཞུགས་པར་བརྩི། དེ་ལྟ་བུའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་བརྗོད་སྲོལ་གཅིག་དང་། དེང་རབས་ཞེས་སྦྱར་མ་དགོས་པར་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་བརྗོད་ན་དེང་རབས་ཡིན་ཤག་གིས་འགྲོ་རྒྱུའི་རྣམ་གྲངས་གཉིས་རེད། འོན་ཀྱང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་དེང་རབས་ཀྱི་ཁྱད་ཆོས་མ་སྦྱར་བར་སྤྱི་ཚོགས་ཀྱི་དཔལ་ཡོན་ཡོངས་རྫོགས་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཆགས་ན། སྲོལ་རྒྱུན་གྱི་སྤྱི་ཚོགས་ཀྱི་དཔལ་ཡོན་མེད་དམ་ཞེས་འདྲི་ན། གལ་ཏེ་མེད་ཅེས་བརྗོད་ན་ཕྲན་བུ་མི་བདེ་བ་ཞིག་ཡོད། ཡིན་ནའང་བདག་ཉིད་ཆེན་པོ་གཱཾདྷཱིས་ཧིནྡ་སྭརཱཇ་ (Hind Swaraj) ནང་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་པ་མ་གཏོགས། དེང་རབས་ཀྱི་ཚིག་དེ་མཉམ་དུ་སྦྱར་མེད། གང་ལགས་ཤེ་ན། སྐབས་དེར་རྒྱ་གར་ནང་མང་ཚོགས་ཀྱི་བསམ་བློའི་འཁྱེར་ཕྱོགས་ལ་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་བརྗོད་དུས་ད་ལྟ་ཨིན་ཇིས་བཀྲམས་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་རང་མ་གཏོགས། དེ་ལས་གཞན་པའི་རྒྱ་གར་རང་གི་སྲོལ་རྒྱུན་གྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་ཡོད་པ་དེ་བསམ་བློའི་ནང་འཁོར་ཐུབ་ཀྱི་མེད། དེ་བསམ་བློའི་ནང་འཁོར་མི་ཐུབ་པའི་རྒྱུ་མཚན་དེ་གང་དུ་ཐུག་ཅེ་ན། རྒྱ་གར་ནི་ལོ་བཞི་བརྒྱ་ཙམ་ཁ་ཆེ་དང་ཨིན་ཇིའི་དབང་འོག་བསྡད་པའི་རིང་རྒྱ་གར་རང་གི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་ཧ་ཅང་ཉམས་ནས་རིགས་མཐོ་དམན་གྱི་དབྱེ་བ་ཧ་ཅང་ཤུགས་ཆེན་པོ་ཕྱིན་པ་ལས་སྤྱི་ཚོགས་ཀྱི་གནས་སྟངས་ཁ་ཐོར་དགུ་ཐོར་དུ་སོང་སྟེ། འདྲ་མཉམ་མེད་པ་དང་དྲང་བདེན་མེད་པ་སོགས་ཆགས་སྐབས་སྤྱི་ཚོགས་ཀྱི་དཔལ་ཡོན་མེད་པ་ལྟ་བུར་གྱུར། དེ་རྗེས་ནུབ་ཕྱོགས་པས་འཁྱེར་ཡོང་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་རང་རྒྱ་གར་གྱི་མང་ཚོགས་ཀྱི་བསམ་བློའི་ནང་ཡོད་ཙང་། གཱཾདྷཱིས་དགག་པ་གནང་བའི་སྐབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་པ་དེ་རང་མ་གཏོགས། དེང་རབས་དང་སྲོལ་རྒྱུན་གྱི་དབྱེ་བ་མ་ཕྱེ་བའི་རྒྱུ་མཚན་དེ་རེད་བསམ་གྱི་འདུག འོན་ཀྱང་གཱཾདྷཱིས་ཧིནྡ་སྭརཱཇ་ནང་ཇི་ལྟར་གསུངས་མིན་ལ་མ་ལྟོས་པར་དེང་སང་སྲོལ་རྒྱུན་གྱི་མཁས་པ་མང་ཆེ་བས་སྤྱི་ཚོགས་ཀྱི་དཔལ་ཡོན་ལའང་དེང་རབས་དང་སྲོལ་རྒྱུན་སོ་སོར་དབྱེ་བ་ཕྱེ་དགོས་པ་དང་། གཱཾདྷཱིས་གང་ལ་དགག་པ་གནང་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་གོ་དགོས་པའི་འགྲེལ་བརྗོད་གནང་གི་ཡོད། མཁས་པ་འགའ་ཤས་ཀྱིས་དེང་རབས་ཞེས་པའི་ཚབ་ཏུ་ནུབ་ཕྱོགས་ཞེས་དགོས་པ་དང་། གཱཾདྷཱིས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་དཔལ་ཡོན་ལ་དགག་པ་གནང་བ་ལས་ཤར་ཕྱོགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་དགག་པ་གནང་གི་མེད་ཅེས་གསུང་མཁན་ཡང་ཡོད། འོན་ཀྱང་དེ་ཡང་བརྒྱ་ཆ་བརྒྱ་བདེན་པ་ཞིག་མིན། གཱཾདྷཱིས་སྤྱི་ཚོགས་ཀྱི་དཔལ་ཡོན་ནི་དེང་རབས་ཡིན་ཤག་དང་། སྲོལ་རྒྱུན་ནི་དེའི་ཁ་གཏད་ཡིན་ཤག་གིས་སྲོལ་རྒྱུན་གྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་སྲོལ་རྒྱུན་གཉིས་ལ་ཐ་སྙད་ཐ་དད་མི་དགོས་པ་དང་། དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དང་དེང་རབས་གཉིས་ལ་ཐ་སྙད་ཐ་དད་མི་དགོས་པ་གནང་བ་རེད།

དེང་རབས་ཀྱི་ངོ་བོ་གཙོ་བོ་ནི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་མིང་གི་ཐོག་ནས་དེང་རབས་ཀྱི་གནས་ཚུལ་ཕྲན་ཚེགས་རྣམས་འཁྱེར་ཐུབ་པ་ལ་བརྗོད་ན་འགྲིགས། དེང་རབས་ཀྱི་མཚན་ཉིད་ལྟ་བུ་འཇོག་ན། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) མཆོག་གིས་ Novelty, self-grounding, violence synonym to modernity ཞེས་དེང་རབས་ཀྱི་བསྡོམས་དེ་སྟབས་བདེ་པོ་ཞིག་གནང་ཡོད། དེ་ཡང་ Novelty ཞེས་པ་གསར་པ་ཡིན་ཙམ་ཞིག་ལ་མི་ཟེར་བར་སྔར་མེད་གསར་པ་ཞིག་ལ་བརྗོད། དཔེར་ན་མི་ཞིག་གིས་དེ་སྔ་ཁོ་རང་གིས་གྱོན་པ་ལྟ་བུའི་གོས་ཐུང་དང་སྟོད་ཐུང་གསར་པ་ཞིག་བཙེམས་ན་དེ་ནི་གསར་པ་ཡིན་རུང་། གྱོན་གོས་གསར་རྙིང་གི་ཁྱད་པར་ཙམ་མ་གཏོགས་སྔོན་མ་དེ་དང་མི་འདྲ་བ་མེད་པས་ Novelty མིན་པ་དང་། གལ་ཏེ་ལྷམ་ལྟ་བུ་སྔོན་མ་སྣ་ཐུང་ངུ་ཡིན་ན་ད་ལྟ་སྣ་རིང་པོ་བཟོས་པ་དང་། གོས་ཐུང་སྔར་ཁ་ཆུང་ངུ་ཡིན་ན་ད་ལྟ་ཁ་ཆེན་པོ་བཟོས་པ་སོགས་གང་ལྟར་རྙིང་པ་དེ་དང་རྩ་བ་ནས་མི་འདྲ་བ་དང་། རྙིང་པ་དེ་ནས་གང་ཡང་མ་བླངས་པ་ཞིག་བྱུང་ན་དེ་ལ་ Novelty ཞེས་ཟེར། སྤྱིར་ Novelty ཞེས་པའི་ཨིན་ཚིག་དེ་སྤྱིར་གསར་པའི་མིང་ཡིན་རུང་། དེ་ནི་གསར་པ་ཐམས་ཅད་ལ་མི་འཇུག་པར་རྙིང་པ་དང་རྩ་བ་ནས་མི་འདྲ་བ་ཞིག་ལ་བརྗོད། དེ་ནས་ Self-grounding ཞེས་པ་ནི་བརྒྱུད་རིམ་མེད་པ་ཞིག་ལ་བརྗོད། བརྒྱུད་རིམ་ནི་དཔེར་ན་ཆོས་ལྟ་བུར་མཚོན་ན། བླ་མ་གཅིག་ནས་གཅིག་ལ་བརྒྱུད་དེ་བྱུང་བ་དང་། དེ་བཞིན་ལྷ་འབྲི་ལྟ་བུ་དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་པ་ལྟ་བུ་མེད་པར། སོ་སོའི་མཇིང་པའི་སྟེང་སོ་སོ་ལངས་པ་མ་གཏོགས། རྐང་པ་གཞག་སའི་ས་ཆ་རྙིང་པ་མེད་པ་ཞིག་ལ་ Self-grounding ཟེར། དེ་ལྟ་བུའི་དངོས་པོ་དེ་གྲུབ་པའི་རྗེས་སུ་ག་དུས་ཡིན་ནའང་འཚེ་བའི་རང་བཞིན་ཅན་ཞིག་མ་གཏོགས་འཚེ་བ་མེད་པ་ཆགས་ཀྱི་མེད། དེ་ནི་ཅིའི་ཕྱིར་འཚེ་བ་མེད་པ་ཆགས་ཀྱི་མེད་ཅེ་ན། དེ་འདྲའི་སྔོན་མེད་གསར་གཏོད་བྱེད་དགོས་པ་དེ་འགྲན་བསྡུར་གྱི་བསམ་བློའམ་འདོད་རྔམས་ཀྱི་བསམ་བློ་ཞིག་གི་དབང་གིས་ཡོང་ཞིང་། དེ་ལྟ་བུའི་འདོད་རྔམས་དང་འགྲན་བསྡུར་གྱི་བསམ་བློ་ཞིག་གཞི་རྩར་མེད་པར་ཡོང་གི་མེད་པར་བརྟེན། དེའི་འབྲས་བུ་ནི་རྟག་ཏུ་འཚེ་བ་ཅན་ཞིག་ཆགས་རྒྱུ་རེད། དེ་ལྟ་བུ་ཞིག་ལ་དེང་རབས་ཅན་ཞེས་བརྗོད་ཅེས་གསུངས། སྤྱིར་བཏང་སྲོལ་རྒྱུན་ནང་དུའང་གསར་གཏོད་ཅེས་པ་དེ་ཡོད་ཀྱང་། དེང་རབས་ནང་གསར་གཏོད་ཅེས་པའི་ཚིག་དེ་བེད་སྤྱོད་མི་གཏོང་བར་གསར་བརྗེ་ཞེས་བརྗོད། གསར་བརྗེ་དང་གསར་གཏོད་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དགོས་ཞེ་ན། གསར་བརྗེ་ཞེས་པ་ནི་སྔོན་མ་ཡོད་པ་དེ་བརྗེ་པོ་བརྒྱབ་རྒྱུ་དང་། དཔེར་ན་སྔོན་མ་སྟོད་ཐུང་ཇི་འདྲ་ཡོད་པ་དེ་ལྟ་བུའི་སྟོད་ཐུང་གསར་པ་ཞིག་གྱོན་ན་སྟོད་ཐུང་དེ་གསར་དུ་གཏོད་པ་ཡིན་ནའང་གསར་དུ་བརྗེ་པོ་གང་ཡང་ཐེབས་མེད། གསར་གཏོད་ཅེས་པ་ནི་སྲོལ་རྒྱུན་ནང་དུའང་ཡོན་ཏན་ཞིག་ལ་བརྩི་བ་མ་གཏོགས། སྐྱོན་ཞིག་ལ་མི་བརྩི། དེར་བརྟེན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་གསར་གཏོད་དེ་གལ་ཆེན་པོར་བརྩིས་ཤིང་། སྲོལ་རྒྱུན་ནང་ལག་ལེན་བསྟར་བའམ་ཉམས་སུ་ལེན་པའི་རིམ་པ་ཡག་ཏུ་གཏོང་རྒྱུར་གསར་གཏོད་ཀྱི་རྣམ་གཞག་བཤད་ཀྱི་ཡོད། དེང་རབས་ཀྱི་བཤད་སྟངས་བྱེད་ན་སྔོན་མ་གང་ཡིན་བེད་སྤྱོད་མེད་པར་མ་བཟོས་ན་གསར་པ་དེའི་ཁྲོམ་རྭ་ཐོབ་ཀྱི་མེད། དེ་ལྟ་བུའི་ཁྲོམ་རྭ་འཐོབ་རྒྱུའི་ཆེད་དུ་གསར་བརྗེ་ཞེས་པའི་གནས་སྟངས་ཡོང་དགོས་པའི་རྒྱུ་མཚན་དེ་རེད། དེས་ན་དེང་རབས་ཀྱི་དོན་བསྡུས་ན། སྔོན་མེད་གསར་བརྗེ། རང་ལ་རང་ཐིམས། འཚེ་བ་དང་འབྲེལ་བ་ཞིག་ལ་བརྗོད། འོན་ཀྱང་དེའི་ཁྱད་པར་ནི་གཞི་ལ་བརྟེན་ནས་ཕྱེ་ཞིང་། དཔེར་ན་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། ཤེས་ཡོན་སོགས་ནང་གསར་བརྗེ་གང་བྱུང་བ་ལས་གཞན་དམིགས་བསལ་ཁྱད་པར་མེད། ད་ལྟའི་གནས་སྐབས་སུ་ཤར་ནུབ་ཀྱི་འཇིག་རྟེན་ཁྱོན་ཡོངས་ལ་དེང་རབས་ཀྱི་གནས་ཚུལ་རྣམས་ཚང་མ་གཅིག་གྱུར་ཡིན་ཞིང་། འདི་ནི་ཨ་རིའི་དེང་རེབས་དང་། འདི་ནི་ཡོ་རོབ་ཀྱི་དེང་རབས། འདི་ནི་ཤར་ཕྱོགས་ཀྱི་དེང་རབས་སོགས་བརྗོད་ཐབས་མེད། གལ་ཏེ་དང་པོའི་མཐོང་སྣང་ལ་ཕྲན་བུ་མི་འདྲ་བ་ཡོད་ནའང་། ཞིབ་ཚགས་པོས་བལྟས་ན་དོན་དུ་དེང་རབས་ཚང་མ་ངོ་བོ་དང་བྱེད་ལས་གཅིག་པ་རེད་མ་གཏོགས། མི་འདྲ་བའི་ཁྱད་པར་གང་ཡང་མེད། ཇི་ལྟར་གོང་དུ་ཞུས་པ་བཞིན་ཐོག་མར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབས་ཤིག་ལ་བརྟེན་ནས་མགོ་བཙུགས་ཀྱང་། ད་ལྟ་ཕྱི་ལོ་བརྒྱ་ཕྲག་ཉེར་གཅིག་ནང་འདིའི་མཐའ་བསྡོམས་ས་དེ་དཔལ་འབྱོར་གྱི་གནས་སྟངས་རེེད། ད་ལྟ་དེང་རབས་ཀྱི་གནས་བབས་ཀྱི་བརྒྱ་ཆ་དགུ་བཅུ་ཐམ་པ་དཔལ་འབྱོར་གྱི་འགྲོ་སྟངས་ཤིག་གི་ཐོག་འགྲོ་བ་རེད། དེའི་དབང་གིས་ཆབ་སྲིད་དང་། སྤྱི་ཚོགས། ཤེས་ཡོན་སོགས་ཀྱི་ཐོག་ཤུགས་གནོན་ཐེབས་ཀྱི་ཡོད། གང་ལྟར་སྤྱི་ཚོགས་འཚོ་བར་བྱེད་པའི་ཡན་ལག་ཚང་མའི་ཐོག་གོ་ལ་གཅིག་སྒྱུར་ (Globalization) དང་། ཁྲོམ་རྭའི་རིང་ལུགས། (Market oriented economy) བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་ (Consumerism) ཀྱི་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་དབང་བསྒྱུར་དང་བཏང་འཛིན་བྱེད་ཀྱི་ཡོད།

ཕྱོགས་གཞན་ཞིག་ནས་བལྟས་ན་དེང་རབས་ཀྱི་གནས་སྟངས་ཡོང་དགོས་པའི་ཐོག་མའི་རྒྱུ་རྐྱེན་ནང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་མང་བ་ཡོད་ཅིང་། ཐོག་མར་སྤྱི་ཚོགས་ཀྱི་བཤུ་གཞོག་དང་གཉའ་གནོན་ལ་ངོ་རྒོལ་ཆེད་བྱུང་ཡང་། ད་ལྟ་ཚང་མ་དཔལ་འབྱོར་ཐོག་འགྲོ་བ་རེད། ད་ལྟ་ནས་བརྩིས་པའི་ལོ་སུམ་བརྒྱ་ཙམ་གྱི་གོང་དུ་དེང་རབས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཐུག་ས་ནི་འཕྲུལ་ལས་ (Technology) རེད། ཚན་རིག་ཡར་རྒྱས་ཕྱིན་པའི་དབང་གིས་འཕྲུལ་ལས་ཡར་རྒྱས་ཕྱིན་པ་དང་། འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དབང་གིས་འགྲོ་བ་མི་ལ་དགོས་མཁོ་ལས་ལྷག་པའི་དཔལ་འབྱོར་ཐོན་སྐྱེད་ཀྱི་ནུས་པ་དེ་སླེབས་པ་རེད། གནའ་སྔ་མོ་ལག་པས་ལྷམ་བཟོ་མཁན་གྱི་ལྷམ་བཟོ་ལྟ་བུར་མཚོན་ན། ཇི་ཙམ་མཁས་ཀྱང་ཉིན་གཅིག་ལ་ལྷམ་ཆ་གཉིས་གསུམ་ཙམ་བཟོས་ཏེ། རང་གི་གྲོང་གསེབ་ནང་མི་ཉིས་སྟོང་ཙམ་ཡོད་ན་དེ་དག་གི་དགོས་མཁོའི་ལྷམ་རྣམས་ལོ་གཅིག་ལ་བཟོ་ཐུབ་ཙམ་རེད། སྐབས་དེར་ལྷམ་གྱི་ཡོན་ཏན་ལ་འདིས་ལོ་ལྔ་འདང་གི་རེད་ཅེས་བཤད་སྲོལ་ཡོད། དེང་སང་ལོ་ལྔ་ཙམ་འདང་བའི་ལྷམ་ཞིག་བཟོ་ན་དགོས་མེད་དུ་མཐོང་ཞིང་། ཟླ་ཤས་ནང་ལྷམ་གྱི་བཟོ་བལྟ་དང་ཚོས་གཞི་འགྱུར་བ་དང་། གལ་ཏེ་ལྷམ་དེ་མ་རལ་ནའང་གཡུག་དགོས་ཀྱི་ཡོད། དེ་ལྟར་མ་བྱུང་ན་ལྷམ་གསར་པ་དེ་ལ་ཁྲོམ་རྭ་མི་ཐོབ། དེས་ན་མིའི་དགོས་མཁོ་ལས་ལྷག་པའི་དཔལ་འབྱོར་ཐོན་སྐྱེད་བྱེད་པའི་ནུས་པ་དེ་འཕྲུལ་ལས་དང་བཟོ་གྲྭའི་རིང་ལུགས་ (Industrialization) ཀྱིས་སྤྲད་ཅིང་། བཟོ་གྲྭའི་རིང་ལུགས་བྱུང་བ་ནས་བཟུང་ཧ་ཅང་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། འདས་མ་ཐག་པའི་ལོ་བཞི་བརྒྱའི་ནང་གི་འགྱུར་བ་དང་། དེའི་སྔོན་གྱི་ལོ་བཞི་སྟོང་ནང་གི་འགྱུར་བ་གཉིས་བསྡུར་ན། འདས་མ་ཐག་པའི་ལོ་བཞི་བརྒྱའི་ནང་གི་འགྱུར་བ་དེ་ཧ་ཅང་མྱུར་བ་དང་མང་བ་རེད། དེ་ནི་ཚན་རིག་གིས་འཕྲུལ་ལས་བསྐྲུན་པ་དང་། འཕྲུལ་ལས་ཀྱིས་དགོས་མཁོ་ལས་ལྷག་པའི་དངོས་པོ་སྐྲུན་པའི་ནུས་པ་དེ་སླེབས་པ་ལ་བརྟེན་ནས་བྱུང་། དེང་རབས་ཀྱི་གསར་བརྗེ་མགོ་ཚུགས་པ་དང་མཉམ་དུ་བཟོ་ལས་ཅན་དུ་བསྒྱུར་རྒྱུའི་རིམ་པ་དེ་སླེབས་པ་རེད། སྐབས་དེར་གྲུབ་འབྲས་ཆེན་པོ་ཐོན་སོང་བསམ་གྱི་ཡོད།

དེ་ལྟ་བུའི་དེང་རབས་ཀྱི་བྱེད་ལས་ཀྱིས་འགྲོ་བ་མི་ལ་ཁེ་ཕན་དང་གྱོང་གུན་གང་བྱུང་ཡོད་མེད་སྐོར་དེང་རབས་པ་ལ་བཤད་དུ་འཇུག་ན་བསམ་བརྗོད་ལས་འདས་པའི་ཁེ་ཕན་ཡོད་པ་ལྟ་བུ་བཤད་ཀྱི་ཡོད་རུང་། དེང་རབས་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱིས་ལྟ་སྟངས་རྦད་དེ་ཐ་དད་རེད།  དེ་ཡང་དེང་རབས་ཀྱི་གསར་བརྗེ་ལ་བརྟེན་ནས་མིའི་ནང་འགྱུར་བ་གང་དང་གང་སོང་བ་དང་། འགྱུར་བ་དེ་དག་གིས་ང་ཚོ་ཕན་ཐོགས་དང་གནོད་སྐྱོན་གང་བྱུང་བ་གཟིགས་དགོས་པ་གལ་ཆེན་པོ་རེད། བདག་ཉིད་ཆེན་པོ་གཱཾདྷཱིས་དེང་རབས་ཀྱི་འགྲེལ་བརྗོད་གནང་སྐབས་ཚིག་གཉིས་བེད་སྤྱོད་གནང་ཡོད། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ཇི་འདྲ་ཞིག་ཡིན་ཡང་། དེའི་དམིགས་ཡུལ་ནི་ཕྱིའི་དངོས་པོའི་གནས་ཚུལ་ཤ་སྟག་མ་གཏོགས། ནང་སེམས་ཀྱི་གནས་ཚུལ་ལ་མི་ལྟ་བ་དང་། དེ་བཞིན་ལུས་ཀྱི་གནས་སྐབས་ཀྱི་བདེ་བ་ཤ་སྟག་ལ་དམིགས་པ་མ་གཏོགས། སེམས་ཀྱི་བདེ་བ་ལ་མ་དམིགས་པ་བཅས་གཉིས་རེད། དེ་ནི་ང་ཚོས་བསྡོམས་བརྒྱབས་ནས་བཤད་ན། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་བརྟེན་ནས་འགྲོ་བ་མིའི་སྤྱི་ཚོགས་ནང་སྲོལ་རྒྱུན་དང་མི་འདྲ་བའི་འགྱུར་བ་དང་། གསར་བརྗེ། ལྗིད་ཡང་མ་མཉམ་པ། གལ་ཆེ་ཆུང་རྩི་སྟངས་མི་འདྲ་བ་བརྒྱ་ཕྲག་མང་པོ་རེད། དེ་ཚོའི་ནང་ནས་གལ་ཆེ་བ་འགའ་ཤས་ཟུར་བཏོན་བྱས་ན།  དོན་ཚན་ལྔའི་ནང་བསྡུ་ཐུབ།

དང་པོ་ནི་ལུས་དང་སེམས་ཡར་རྒྱས་གཏོང་སྟངས་ཀྱི་འབད་རྩོལ་དེ་རེད། དེང་རབས་ཀྱིས་ལུས་ཀྱི་བདེ་ཐབས་ཁོ་ན་ལ་བལྟས་པ་མ་གཏོགས། སེམས་ཀྱི་བདེ་ཐབས་དང་སེམས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བསྟེན་གྱི་མེད། ད་ལྟའི་ཡར་རྒྱས་ (Development) ཞེས་པའི་ཚིག་ནང་གང་ཚུད་ཀྱི་ཡོད་དམ་ཞེ་ན། ཕྱི་དངོས་པོའི་གནས་ཚུལ་རྐྱང་པ་རེད། དེ་ཡང་ལུས་ལ་གནས་སྐབས་ཀྱི་བདེ་བ་ཕྲན་བུ་སྤྲོད་པའི་གནས་སྟངས་བྱས་པ་ཡིན་ཙང་། ལུས་དང་སེམས་ཀྱི་གལ་གནད་ཆེ་ཆུང་རྩི་སྟངས་དང་དེ་ལ་བྱ་བ་བྱེད་སྟངས་མི་འདྲ་བ་རེད།

གཉིས་པ་རང་གཞན་འདྲ་མཉམ་མེད་པ་དེ་རེད། ལར་ནས་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་རེད། སྤྱི་ཚོགས་ནང་འདྲ་མཉམ་མེད་ན་སྤྱི་ཚོགས་དེ་ཡག་པོ་གནས་མི་ཐུབ། དེས་ན་ཚང་མས་རང་གཞན་གཉིས་འདྲ་མཉམ་གྱི་ངོ་བོར་མཐོང་ཐུབ་པ་བྱུང་ན་སྤྱི་ཚོགས་ཀྱི་འདྲ་མཉམ་དུ་ཡོང་། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་བརྟེན་ནས་རང་གཙོ་ཆེ་བ་དང་གཞན་ཡལ་བར་འདོར་བའི་གཤིས་ཀ་ཞིག་ང་ཚོ་ལ་འཇགས་ཡོད་ཅིང་། དེ་ནི་གནས་སྟངས་གང་ཡིན་ཡང་འགྲན་བསྡུར་ཐོག་ནས་འགྲོ་དགོས་པ་ལས། འགྲན་བསྡུར་མེད་ན་གང་དུའང་མི་སླེབས་པའི་ཀླད་པ་ཞིག་བླུགས་པ་དེ་རེད། འགྲན་བསྡུར་ནི་རང་རྒྱལ་བ་དང་གཞན་ཕམ་རྒྱུ་ལས། རང་ཕམ་པ་དང་གཞན་རྒྱལ་བའམ་རང་གཞན་གཉིས་མཉམ་དུ་རྒྱལ་བའི་འགྲན་བསྡུར་མེད། དེས་ན་མཚུངས་བསྡུར་དང་འགྲན་བསྡུར་སྤེལ་དགོས་པའི་རྒྱུ་མཚན་ནི་དེ་གཉིས་མེད་ན་མི་དེ་བག་མེད་ལོངས་སྤྱོད་ཅན་དུ་བཟོ་མི་ཐུབ། མི་དེ་བག་མེད་ལོངས་སྤྱོད་ཅན་དུ་བཟོ་བ་ལ་མི་དེའི་བསམ་བློའི་ནང་འདོད་རྔམས་དེ་སྤེལ་དགོས་ཀྱི་ཡོད། དེ་ལྟ་བུའི་འདོད་རྔམས་སྤེལ་བའི་ལག་ཆ་ཡག་ཤོས་དེ་མཚུངས་བསྡུར་བྱ་རྒྱུ་དེ་རེད། དཔེར་ན་ང་ཚོའི་ཁྱིམ་མཚེས་ལ་སྣུམ་འཁོར་གཉིས་འདུག ང་ཚོ་གཅིག་མ་གཏོགས་མི་འདུག་བསམས་པའི་མཚུངས་བསྡུར་བྱེད་པ་དང་། མཚུངས་བསྡུར་དེའི་དབང་གིས་འགྲན་བསྡུར་དང་། འགྲན་བསྡུར་གྱི་དབང་གིས་བག་མེད་ལོངས་སྤྱོད་ཐོག་བབས་ཀྱི་ཡོད། གང་ལྟར་དངོས་པོ་གང་ཞིག་རང་ལ་དགོས་མཁོ་ཡོད་མེད་མ་བལྟས་པར་མི་གཞན་ལ་བལྟས་ནས་ཐག་གཅོད་བྱེད་ཀྱི་ཡོད། དེ་ལྟར་རང་དང་གཞན་གཉིས་གལ་གནད་ཆེ་ཆུང་རྩི་སྟངས་དེ་མགོ་མཇུག་ལོག་པ་རེད།

གསུམ་པ་ནི་སྤྱི་དང་སྒེར་གཉིས་མི་མཉམ་པ་དེ་རེད། སྲོལ་རྒྱུན་ནང་སྤྱི་པ་དེ་གལ་ཆེ་བ་རེད། ད་ལྟའི་གནས་སྐབས་སུ་སྒེར་གྱི་ཐོབ་ཐང་དང་སྒེར་གྱི་ཁེ་ཕན་གཉིས་ཁྲིམས་དང་སྤྱི་ཚོགས་གཉིས་ཀའི་ནང་ངོས་ལེན་ཡོད་པའི་གནས་སྟངས་ཤིག་རེད།

བཞི་པ་ནི་མཐུན་འབྲེལ་དང་འགྲན་བསྡུར་གཉིས་གོ་ལྡོག་པ་དེ་རེད། སྲོལ་རྒྱུན་ནང་མཉམ་རུབ་དང་མཐུན་འབྲེལ་ལ་གལ་ཆེ་བརྩིས་ཏེ་བྱ་བ་གང་ཡིན་ཡང་བསྒྲུབ་ཐུབ་པ་དང་། ད་ལྟའི་གནས་སྐབས་སུ་མཐུན་འབྲེལ་གྱི་ཚབ་ཏུ་འགྲན་བསྡུར་སླེབས་ཡོད། མཐུན་འབྲེལ་དང་འགྲན་བསྡུར་གཉིས་མཉམ་དུ་ཡོང་ཐབས་མེད། དེང་རབས་ཀྱི་མིའི་སྤྱི་ཚོགས་ཀྱི་བསམ་བློའི་ནང་དཀའ་ངལ་མང་པོ་བགྲང་རྒྱུ་ཡོད། དེའི་ནང་གྲོགས་མེད་ཁེར་རྐྱང་ (Loneliness) གཅིག་རེད།

ལྔ་པ་ནི་ལས་འགན་དང་ཐོབ་ཐང་གཉིས་གོ་ལྡོག་པ་དེ་རེད། གནའ་བོའི་སྲོལ་རྒྱུན་ནང་ལས་འགན་མ་གཏོགས་ཐོབ་ཐང་གི་སྐད་ཆ་བཤད་ཀྱི་མེད། དེ་ནི་ཐོབ་ཐང་མེད་པ་བཟོ་བའི་དོན་མིན། གལ་ཏེ་ལས་འགན་བསྒྲུབ་ན་ཐོབ་ཐང་རང་བཞིན་གྱིས་ཡོང་བ་རེད། ལས་འགན་ནི་རྒྱུ་དང་། ཐོབ་ཐང་ནི་དེའི་འབྲས་བུ་ལྟ་བུ་རེད། ད་ལྟ་ནི་ཐོབ་ཐང་རྐྱང་པ་མ་གཏོགས། ལས་འགན་གྱི་སྐད་ཆ་མི་བཤད་པར་བརྟེན། རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ལ་སོང་བ་རེད། ང་ཚོ་བོད་མི་ས་ཡ་དྲུག་ལ་མཚོན་ན། འདས་པའི་ལོ་དྲུག་ཅུ་རེ་གྲངས་རིང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ལ་སོང་ཞེས་སྐད་བརྒྱབས་ཀྱང། ཉན་མཁན་སུའང་མེད་ལ། རོགས་པ་བྱེད་མཁན་ཡང་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་མང་དུ་སོང་ཞིང་། ཉམས་ཞིབ་པ་ཞིག་གི་ཉམས་ཞིབ་ཀྱི་གྲུབ་འབྲས་ནང་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་རྗེས་འགྲོ་བ་མིའི་ཐོབ་ཐང་གི་བརྡལ་བཤིག་དེ་བརྒྱ་ཆ་ཉིས་བརྒྱ་དྲུག་ཅུ་རེ་གྲངས་ཤིག་འཕར་ཚུལ་ཞིབ་ཕྲ་བཤད་འདུག དེས་ན་དེ་ཚོ་དེང་རབས་ཀྱི་བསམ་བློའི་གཞི་རྩ་ལ་བརྟེན་ནས་གནས་ཚུལ་གལ་གནད་ཆེ་ཆུང་རྩི་སྟངས་དང་གནས་ཚུལ་འབྲེལ་བ་ཡོད་པ་དེ་ཚོ་འགྱུར་བ་ལས་ད་ལྟ་གང་བྱུང་བ་དེ་རེད།

མཐའ་མ་ཕན་གནོད་སྐོར་དེ་རེད། དེ་ནི་སོ་སོས་ཞིབ་འཇུག་གིས་ཐག་གཅད་རྒྱུ་རེད། ད་ལྟ་ངས་བག་མེད་ལོངས་སྤྱོད་དང་ཁྲོམ་རྭའི་དཔལ་འབྱོར་གྱི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མིའི་བཟང་སྤྱོད་ཐོག་འགྱུར་བ་གང་ཕྱིན་པ་དེའི་ཐོག་གཙོ་འདོན་གྱིས་བཤད་པ་ཡིན། དེ་ཡང་ལུས་དང་སེམས་དང། རང་དང་གཞན། སྤྱི་དང་སྒེར། མཉམ་འབྲེལ་དང་འགྲན་བསྡུར། ལས་འགན་དང་ཐོབ་ཐང་བཅས་ཀྱི་གནས་བབས་སྐོར་རེད། དེ་ལས་གཞན་པ་ད་དུང་ང་ཚོས་འབྱུང་འགྱུར་གྱི་འགྲོ་བ་མིའི་བདེ་དོན་ཐོག་བསམ་བློ་གཏོང་དགོས་པ་ཞིག་ལ། བཟོ་ལས་ཅན་དུ་བསྒྱུར་བའི་ཉེར་ལེན་ལ་བརྟེན་ནས་ས་ཡི་གོ་ལ་འདིའི་ཐོག་ཡོད་པའི་འཐོན་ཁུངས་ཆ་ཚང་བག་མེད་ལོངས་སྤྱོད་བྱེད་པའམ་དགོས་མཁོ་ལས་བརྒལ་བའི་ལོངས་སྤྱོད་བྱེད་ཀྱི་ཡོད། དེའི་དབང་གིས་ཕྱོགས་གཅིག་ནས་ཁོར་ཡུག་ཉམས་ཆག་དང་། དེ་ལ་བརྟེན་ནས་ཚ་དྲོད་འཕར་བ་སོགས་ལས་ནད་ན་ཚ་དང་འབྱུང་བའི་འཇིག་པ་སོགས་ཡོང་ཞིང་། དེ་ནས་དུས་ཚོད་རིང་པོར་མ་སོང་བར་འཐུང་ཆུའི་དཀའ་ངལ་དང་དབུགས་རྔུབ་རྒྱུའི་རླུང་གཙང་མའི་དཀའ་ངལ་ཡོང་རྒྱུ་རེད། དེང་སང་དིལླཱི་ (Delhi) དང་བི་ཇིང་ (Beijing) སོགས་སུ་དབུགས་རྔུབ་པའི་རླུང་གཙང་མ་མེད་པ་ལས་སློབ་གྲྭ་སྒོ་བརྒྱབས་དགོས་པ་སོགས་ཆགས་ཀྱི་ཡོད།

ད་ལྟ་ཡོད་པའི་མཐུན་རྐྱེན་རྣམས་ཚད་ཡོད་ཤ་སྟག་རེད། ཡིན་ནའང་ང་ཚོས་བེད་སྤྱོད་ཚད་མེད་པ་གཏོང་གི་ཡོད། དེས་ན་ཁ་ཤས་ལོ་ཉི་ཤུ་དང་། ཁ་ཤས་ལོ་བཞི་བཅུའི་ནང་རྫོགས་རྒྱུ་རེད། གང་ལྟར་ད་ལྟ་ནས་བརྩིས་པའི་ལོ་བརྒྱའམ་ཉིས་བརྒྱའི་རྗེས་སུ་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་རྡོ་སྣུམ་དང་ས་སྣུམ་རྡོ་སོལ་སོགས་རྫོགས་རྒྱུ་ཡིན་པ་ཚན་རིག་པས་ཤེས་ཀྱི་ཡོད་ཀྱང་། དེ་ཚོའི་ཚབ་རྣམས་ཤེས་ཀྱི་མེད། དེས་ན་ཕན་གནོད་གང་ཡོང་མིན་ནི་སོ་སོའི་ཉམས་མྱོང་ལ་གཞིགས་ཏེ་བལྟ་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ་སྲོལ་རྒྱུན་ཞེས་པའི་གནས་སྟངས་ལ་གཟིགས་དགོས། མི་མང་པོའི་བསམ་བློར་སྲོལ་རྒྱུན་ཞེ་ན་གནའ་སྔ་མོ་ནས་གོམས་གཤིས་ལ་འཇགས་པའི་གནས་ཚུལ་མང་ཆེ་བ་ལ་དགོངས་ཀྱང་། དེ་ནི་དངོས་ཡོད་གནས་ཚུལ་མ་རེད། སྲོལ་རྒྱུན་དང་ཡུལ་གོམས་གཤིས་ལུགས་གཉིས་དབྱེ་བ་ཕྱེ་དགོས། ཡུལ་གྱི་གོམས་པའི་གཤིས་ལུགས་ཡིན་ནའང་སྲོལ་རྒྱུན་མིན་པ་མང་པོ་རེད། སྲོལ་རྒྱུན་ལ་ཨིན་སྐད་དུ་ Tradition ཞེས་པ་དེ་ཐོག་མར་ལེ་ཊིན་ (Latin) ནང་ Traditio ཞེས་པ་ནས་བྱུང་ཞིང་། དེའི་གོ་དོན་ནི་ཨིན་སྐད་དུ་ Transmit ཞེས་གཅིག་ནས་གཅིག་ལ་སྤྲད་པ་དང་། ཡང་དེའི་གོ་དོན་གཞན་ཞིག་ནི་ཨིན་སྐད་དུ་ Transfer ཞེས་ཅ་ལག་ལྟ་བུ་གཅིག་ལ་དབང་བ་དེ་ཁྲིམས་ཀྱི་ཐོག་ནས་གཞན་ཞིག་ལ་རྩིས་སྤྲད་པ་ལ་ཟེར། དེ་ལྟ་བུའི་ Tradition དང་སྲོལ་རྒྱུན་གྱི་ངོ་བོ་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་། སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་ (Prof. A. K. Saran) གྱིས་ཨཱནནྡ་ཀུམཱར་སྭཱམཱི་ (Ananda Coomaraswamy) གསུང་ཚུལ་ལྟར་སྲོལ་རྒྱུན་ལ་ཁྱད་ཆོས་གསུམ་ཚང་དགོས་པ་གསུངས་ཤིང་། དེ་ཡང་ཁྱད་ཆོས་དང་པོ་ནི་ཚད་མའི་སྐྱེས་བུ་ལས་བྱུང་བའམ་ཡང་དག་པའི་འབྱུང་ཁུངས་ལས་བྱུང་བ་ཞིག་དགོས། དེ་ནི་ནང་པའི་གསུང་ཚུལ་ལ་ཆུ་མགོ་གངས་ལ་ཐུག་པ་བཞིན་ཆོས་མགོ་སངས་རྒྱས་ལ་ཐུག་པ་དགོས་ཞེས་པ་དང་གཅིག་པ་རེད། དེ་ཡང་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པར་བསྒྲུབས་ནས་དེས་གསུངས་པའི་ཆོས་ཚད་མ་ཡིན་པར་འགྲུབ་པ་བཞིན་སྲོལ་རྒྱུན་གྱི་འབྱུང་ཁུངས་དེའང་ཚད་མའི་སྐྱེས་བུ་ཞིག་ལས་བྱུང་བ་དང་། ཁྱད་ཆོས་གཉིས་པ་ནི་བརྒྱུད་པ་བར་མ་ཆད་པ་དེ་རེད། སངས་རྒྱས་ཀྱིས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད་པ་ནས་བཟུང་སྟེ་སོ་སོའི་མཁན་པོ་དང་སློབ་དཔོན་བར་དུ་མ་ཆད་པར་བྱུང་ཞིང་། སྡོམ་རྒྱུན་ལའང་བར་མ་ཆད་པར་ཡོད་པ་མ་ཟད། ལུང་རྒྱུན་རྣམས་ཀྱང་བར་མ་ཆད་དུ་ཡོད། རྒྱུན་ཞེས་པའི་ཚིག་དེ་སྔགས་ཀྱི་རྒྱུད་ཅེས་པའི་ཚིག་གི་འགྲེལ་བཤད་དང་མཚུངས་ཤིང་། རྒྱུད་ལ་འགྲེལ་བཤད་འགའ་ཡོད་པ་ལས་གཅིག་ནི་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་གོ  ཁྱད་ཆོས་གསུམ་པ་ནི་རིགས་པས་དཔྱད་བཟོད་པ་དེ་རེད། རིགས་པས་དཔྱད་བཟོད་མིན་ན་སངས་རྒྱས་ཀྱིས་གསུངས་ཀྱང་ཕན་ཐོགས་མེད། གང་ལྟར་རིགས་པ་ཡང་དག་གིས་དཔྱོད་སྐབས་མི་འཐད་པའམ་འགལ་འདུ་མེད་པ་ཞིག་དགོས། དེང་སང་བཤད་སྟངས་འགའ་ཞིག་ལ་རིགས་པས་དཔྱད་བཟོད་པ་ཞེས་པ་དེ་གོ་ཁག་པོ་ཡོད་ན། ཨིན་སྐད་དུ་ Verifiable by rationality and common sense ཞེས་པ་བེད་སྤྱོད་གཏོང་གི་ཡོད། གང་ལྟར་ཡིན་པ་ཡིན་པ་དང་མིན་པ་མིན་པ་དབྱེ་བ་ཕྱེ་ནས་ཐག་གཅོད་ཐུབ་པ་ཞིག་དགོས། ང་ཚོ་མཚན་ཉིད་པས་བཤད་སྟངས་ལྟར་ན་རིགས་པས་གནོད་པ་མི་འབབ་ཅེས་པ་དེ་རེད། དེ་གསུམ་ཚང་ན་སྲོལ་རྒྱུན་གྱི་ཐ་སྙད་ཐོབ་པ་ཡིན། དེ་མིན་གནའ་སྔ་མོ་ནས་བྱས་དང་བྱེད་བཞིན་པའི་ནང་གོམས་པའི་གཤིས་ལུགས་ཀྱང་ཡོང་ཆོག དེ་དག་ཆ་ཚང་སྲོལ་རྒྱུན་གྱི་ཁོངས་སུ་གཏོགས་མི་དགོས། དཔེར་ན་རྒྱུད་གྲྭ་སྟོད་སྨད་ལ་མཚོན་ན། འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་རྣམས་སྲོལ་རྒྱུན་རེད། དེ་ནི་ཚད་མའི་སྐྱེས་བུ་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པ་བར་མ་ཆད་པར་བྱུང་བ་དང་། དེ་ལ་རིགས་པས་གནོད་པ་མི་འབབ་པ་རེད། དེ་ནས་བླ་མ་རྒྱུད་པ་ཚོས་ཞལ་ཆས་ཆེ་ཆུང་འདི་ཙམ་བསྣམ་དགོས་པ་དང་། ན་བཟའ་མཆོད་སྟངས་འདི་འདྲ་རེད་ཅེས་སོགས་དགེ་འདུན་གྱི་ནང་ཁྲིམས་རེད་ལ། དེ་ནི་བླ་མ་རྒྱུད་པ་ཚོའི་གོམས་པའི་གཤིས་ལུགས་ཡིན་པ་ལས་སྲོལ་རྒྱུན་མིན། སྲོལ་རྒྱུན་ཞེས་པ་ལ་ལེགས་སྦྱར་དང་ཧིན་སྐད་དུ་པརམྤརཱ་ཞེས་པ་དེ་སྟབས་བདེ་བ་ཡོད། པརམ་ཞེས་པ་དོན་དམ་པའམ་མཐར་ཐུག་པ་དང་། པརཱ་ཞེས་པ་རིམ་པར་བརྒྱུད་པའམ་ཕ་རོལ་ཏུ་འགྲོ་བ་ལ་ཟེར། གང་ལྟར་འབྱུང་ཁུངས་ཡང་དག་པའམ་མཐར་ཐུག་པ་དེ་ནས་བརྒྱུད་པ་བར་མ་ཆད་པར་ཕ་རོལ་ཏུ་འགྲོ་བ་ལ་སྲོལ་རྒྱུན་ཞེས་བརྗོད། དེས་ན་སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་ལ་དབྱེ་བ་མ་ཕྱེ་ན། ཡུལ་གོམས་གཤིས་ལུགས་ནང་སྤང་དགོས་པ་དང་དགག་བྱ་བྱེད་དགོས་པ་མང་པོ་ཡོད། དཔེར་ན་རྒྱ་གར་ནང་རིགས་ཀྱི་མཆོག་དམན་བརྩི་རྒྱུ་དང་། རིགས་ཁ་ཤས་ལ་རེག་ཏུ་མི་རུང་བར་བརྩི་བ། རིགས་དམན་པས་འཆང་བའི་ཟས་དེ་རིགས་མཐོ་བས་མི་ཟ་བ་སོགས་སྲོལ་རྒྱུན་མིན་རུང་། ཡུལ་གོམས་གཤིས་ལུགས་ནང་ཡོད་པ་རེད། དེ་དག་ནི་ཆོས་དང་མི་མཐུན་པ་དང་། འཇིག་རྟེན་དང་མི་མཐུན་པ། འདྲ་མཉམ་གྱི་བསམ་ཚུལ་དང་མི་མཐུན་པ། སེམས་ཅན་གཞན་ལ་བརྩེ་གདུང་མེད་པ་བཅས་རེད། དེ་ལྟ་བུ་ནི་མི་རབས་ནས་མི་རབས་བརྒྱུད་དེ་འཇགས་པའི་གོམས་གཤིས་ཤིག་ཡིན་ནའང་འདོར་དགོས་པ་ཞིག་རེད། གང་ལྟར་ཚད་མའི་སྐྱེས་བུ་ལས་བྱུང་བ་དང། བརྒྱུད་པ་བར་མ་ཆད་པ། རིགས་པས་གནོད་པ་མི་འབབ་པ་བཅས་གསུམ་མ་ཚང་ན་རྒྱུན་རིང་ནས་གོམས་པའི་གཤིས་ལུགས་ཤིག་ཡིན་ནའང་སྲོལ་རྒྱུན་ནང་མ་བརྩི་བ་ཡིན།

སྲོལ་རྒྱུན་གྱི་བྱེད་ལས་ནི་ཕྱིའི་ཡར་རྒྱས་དེ་ནང་གི་ཡར་རྒྱས་ལ་རག་ལས་ཤིང་། ནང་སེམས་ཀྱི་ཡར་རྒྱས་མ་ཕྱིན་ན་ཕྱིའི་ཡར་རྒྱས་ཀྱིས་སྐྱེས་བུའི་གནས་སྐབས་དང་མཐར་ཐུག་གི་བདེ་བའམ་མངོན་འདོད་སྐྲུན་མི་ནུས་པ་དང་། ལུས་དང་སེམས་གཉིས་ལས་སེམས་གཙོ་བོར་བྱེད་དགོས་པ་དང་། རང་དང་གཞན་གཉིས་ལས་གཞན་གཙོ་བོར་བྱེད་དགོས་པ། མཐུན་ལམ་དང་འགྲན་བསྡུར་གཉིས་ལས་མཐུན་ལམ་གཙོ་བོར་བྱེད་དགོས་པ། ཐོབ་ཐང་དང་ལས་འགན་གཉིས་ལས་ལས་འགན་གཙོ་བོར་བྱེད་དགོས་པ་བཅས་ནི་སྲོལ་རྒྱུན་གྱི་བྱེད་ལས་སམ་བསླབ་བྱ་བླང་རྒྱུ་དེ་རེད། ད་དུས་ཚོད་ཆ་ནས་འདིར་འཇོག་རྒྱུ་ཡིན།

དྲི་བ་དྲིས་ལན།

དྲི་བ། ད་ལྟ་རྒྱལ་སྤྱིའི་ཐོག་དམིགས་བསལ་གྱིས་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་ནི་ཨིན་ཡུལ་ཡོ་རོབ་མཉམ་འབྲེལ་ནས་ཐོན་པ་དང་། ཨ་རིའི་མི་མང་གིས་ཌོ་ནལ་ཊ་རམ་ལ་འོས་བླུག་རྒྱུ་སོགས་ཀྱིས་མ་འོངས་པའི་འཛམ་གླིང་གི་ཁ་ཕྱོགས་དེ་འཐོར་ཞིག་ལ་འགྲོ་ཉེན་མཐོང་བས། རིན་པོ་ཆེའི་གཟིགས་ཚུལ་གང་ཡོད་དམ།

བཀའ་ལན། ངས་ཨ་རིའི་མི་ཞིག་ལ་ཁོར་ཡུག་གི་སྐོར་ལ་ང་ཚོས་གཅིག་བྱེད་ན་མ་གཏོགས་ཧ་ཅང་ཛ་དྲག་ཆགས་ས་རེད་ཅེས་བརྗོད་པར། ཁོང་གིས་ང་ཚོའི་མི་ཚེའི་ནང་དཀའ་ངལ་ཡོང་གི་མ་རེད་ཅེས་ཧ་ཅང་སྟབས་བདེ་པོས་གསུངས་སོང་། གང་ལྟར་སོ་སོའི་མི་ཚེའི་ནང་མ་བྱུང་ན་གཞན་དུ་བྱུང་ནའང་འགྲིགས་པ་ལྟ་བུའི་བསམ་ཚུལ་དེ་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ནང་སྡོད་མཁན་གྱི་བསམ་བློ་གཏོང་སྟངས་རེད།

མ་འོངས་པའི་འཇིག་རྟེན་ག་འདྲ་ཞིག་ལ་འགྲོ་མིན་ནི་སུས་ཀྱང་ཚོད་མི་ཐིག  དངོས་ཡོད་གནས་ཚུལ་མང་པོ་ད་ལྟའི་གནས་སྐབས་སུ་མི་འདྲ་བ་འགྲོ་ཞིང་། སྡུག་ས་ནས་བཤད་ན། འཚེ་བ་ཤུགས་ཆེ་རུ་འགྲོ་བ་དང་། འཚེ་བ་ནི་ཁྲོམ་རྭའི་ཅ་ལག་ཅིག་ཆགས་ཡོད་ཅིང་། མཚོན་ཆ་བཟོ་མཁན་གྱི་བཟོ་གྲྭ་དེ་ཚོར་ཇི་ཙམ་དམག་འཁྲུག་དང་འཚེ་བ་འཇིགས་སྐུལ་རིང་ལུགས་སོགས་བྱུང་བ་དེ་ཙམ་གྱིས་ཁོང་ཚོའི་ཁྲོམ་རྭ་ཡག་ཏུ་འགྲོ་བ་དང་། དེར་བརྟེན་སོ་སོའི་ཁྲོམ་རྭ་སྲུང་སྐྱོབ་ཆེད་འཚེ་བ་མང་དུ་གཏོང་ཐབས་བྱེད་བཞིན་པ་ནི་ང་ཚོས་ད་ལྟ་མཐོང་བཞིན་པ་རེད། དེ་ནས་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་རེད། འབྱུང་བ་རྣམས་སེམས་ཅན་སྤྱི་ལ་དབང་བ་ཡིན་བསམ་གྱི་ཡོད། སྔ་མོ་བོད་ལ་ཆུ་ཉོས་ནས་བཏུང་ཞེས་པ་དེ་རྣ་བར་གོ་མ་མྱོང་བ་ཞིག་རེད། ད་ལྟ་ཆུ་གཙང་མ་ཞིག་འཐུང་འདོད་ན་ཉོ་རྒྱུ་མ་གཏོགས་མེད། དེ་ནས་དབུགས་རྔུབ་པའི་རླུང་གཙང་མ་ཞིག་ཀྱང་ཉོས་ནས་མཉམ་འཁྱེར་དགོས་པའི་དུས་ཚོད་ཉེ་པོར་སླེབས་ཟིན། ཉེ་སྔོན་བདུན་ཕྲག་ཁ་ཤས་སྔོན་དུ་དིལླཱི་ལ་ཇི་ལྟར་བྱུང་མིན་མཐོང་བཞིན་པ་རེད། དེ་བཞིན་དབུལ་ཕྱུག་བར་གྱི་རྒྱང་ཐག་དེའང་ཇེ་མཐོར་འགྲོ་བཞིན་པ་རེད། སྤྱིར་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དེ་ཧ་ཅང་ཚོད་མ་ཐིག་པ་ཞིག་རེད། ཕྱི་ལོ་ ༢༠༠༨།༢༠༠༩ ལ་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་ཚུལ་བཤད་པ་རེད། སླར་ཡང་ཕྱི་ལོ་ ༢༠༡༨།༢༠༡༩ ལ་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་ཉེན་ཡོད་ཚུལ་བཤད་བཞིན་པ་རེད། གང་ལྟར་ངེས་བརྟན་རྙེད་པ་ཞིག་མེད། དེ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་རྒྱུའི་ཆོས་ཀྱང་དེང་སྐབས་ཆོས་ཀྱི་མིང་དང་ཆོས་ཀྱི་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ནང་འཐབ་རྩོད་སློང་བའི་གཞི་རྩ་ཞིག་ཆགས་ཡོད། དེར་བརྟེན་ཀླན་ཀ་དེ་ཚོར་བལྟས་ན་འབྱུང་འགྱུར་གྱི་སྤྱི་ཚོགས་དེ་ཁ་ཐོར་དགུ་ཐོར་འགྲོ་རྒྱུ་དང་། དཀའ་ལས་ཁག་པོའི་གནས་སྟངས་ཤིག་ཧ་ལམ་ཡོང་ངེས་པ་རེད།

ཕྱོགས་གཞན་ནས་འདས་པའི་ལོ་ ༥༠།༦༠ ནང་འཇིག་རྟེན་ཁྱོན་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱིས་མཚོན་པའི་ཆོས་ལུགས་ཁག་ལ་དོན་གཉེར་བྱེད་མཁན་མང་དུ་སོང་བ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་འཕྲིན་ལས་ལ་བརྟེན་ནས་འཇིག་རྟེན་འདིའི་མགོ་ཁྲིད་མཁན་གྲགས་ཅན་གྱི་ཚན་རིག་པ་མང་པོས་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ལ་དོ་སྣང་བྱེད་ཀྱི་ཡོད་རེད། དེ་ལ་བརྟེན་ནས་ཚན་རིག་དང་འཕྲུལ་ལས་ཀྱི་ཁ་ཕྱོགས་དེའང་ད་ལྟ་འགྱུར་བ་འགྲོ་བའི་གོ་སྐབས་ཡོད་པ་ཞིག་ཏུ་མཐོང་ཐུབ། དེ་བཞིན་རྒྱལ་ཁབ་ཚང་མའི་ནང་དེང་རབས་ཀྱི་ཞན་ཆ་རྣམས་མཐོང་ནས་སྲོལ་རྒྱུན་སྲུང་སྐྱོབ་བྱེད་དགོས་པ་དང་། ཁོང་ཁྲོའི་ཚབ་ཏུ་གཞན་ཕན་དང་བྱམས་སྙིང་རྗེའི་བློ་སྦྱང་དགོས་པའི་བསམ་བློ་ཡོད་མཁན་དང་། སྐད་ཆ་བཤད་མཁན། ལས་འགུལ་རྩོམ་མཁན་ཡང་མི་ཉུང་བ་ཞིག་ཡོང་མུས་རེད། ཡིན་ནའང་དེ་ཚོ་མངོན་གསལ་དོད་པོ་དང་ནུས་པ་ཐོན་པོ་ཞིག་མེད། དེར་བརྟེན་བཟང་པོའི་རྒྱུ་དང་ངན་པའི་རྒྱུ་གཉིས་ཀ་ཤུགས་ཆེ་ཆུང་ཙམ་མ་གཏོགས། བཟང་ཕྱོགས་སུ་འགྱུར་བ་འགྲོ་བའི་མཐུན་རྐྱེན་ཡང་ཕྲན་བུ་ཡོད་པ་ལྟ་བུ་རེད། ངན་ཕྱོགས་སུ་འགྱུར་བ་འགྲོ་བའི་རྒྱུ་རྐྱེན་དེ་ཧ་ཅང་ཤུགས་ཆེན་པོ་ཡོད་ཀྱང་། བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་གང་སར་ཡོང་བ་དེས་གཅིག་བྱས་ན་ང་ཚོ་རེ་བ་མ་བརླགས་པར་བསྡད་ཐུབ་པའི་གནས་སྟངས་ཤིག་མེད་དམ་བསམ་གྱི་འདུག

ཕྱོགས་གཞན་ཞིག་ནས་བརྩི་ན་སྤྱིར་བཏང་ནས་སྙིགས་མའི་དུས་ཀྱི་རྒུད་པ་ད་ལྟ་ང་ཚོས་མཐོང་བཞིན་པ་དེ་ཚོ་ལོ་སྟོང་ཕྲག་མང་པོའི་སྔོན་ནས་སྙིགས་མ་ལྔ་བདོ་བའི་དུས་ལ་གནས་སྟངས་དེ་འདྲ་ཡོང་རྒྱུ་ལུང་ཚད་མའི་ནང་ཡོད་ཅིང་། དེའི་ཐོག་ནས་བལྟས་ནའང་ད་ལྟ་འགྲོ་བ་མིའི་རིགས་ཆ་ཚང་རྩ་མེད་དུ་འགྲོ་བའི་དུས་ཚོད་དེ་ཕལ་ཆེར་སླེབས་མེད་པ་ལྟ་བུ་རེད། གང་ལྟར་ད་ལྟའི་གནས་སྐབས་སུ་མ་འོངས་པའི་འཇིག་རྟེན་གྱི་ཁ་ལོ་སྒྱུར་མཁན་གྱི་ད་ལྟའི་མི་རབས་དེའི་ལག་པའི་ནང་དུ་ཚང་མ་ཡོད་བསྡད་པ་ཞིག་རེད། མི་རབས་དེས་བཟང་ངན་གྱི་ཕྱོགས་གཉིས་ཀ་མཐོང་གི་ཡོད་ལ། དེ་བཞིན་ཉེན་ཁ་རྣམས་ཀྱང་མཐོང་གི་ཡོད། དེར་བརྟེན་མི་རེ་ངོ་རེས་སོ་སོའི་འཇིག་རྟེན་སྤྱི་ལ་འཁྲི་བའི་ལས་འགན་དེ་ཡག་པོ་བསྒྲུབ་ཐུབ་ན་ད་ལྟ་ང་ཚོས་ཚོད་དཔག་བྱེད་དཀའ་བའི་བཟང་ཕྱོགས་ཀྱི་འགྱུར་བ་དེ་འདྲའང་འགྲོ་མི་སྲིད་པ་མ་རེད། སེམས་ཅན་སྤྱི་མཐུན་གྱི་ལས་དང་། གནས་སྐབས་ཀྱི་ཡང་དག་པའི་འཕྲལ་རྐྱེན། མི་རིགས་མང་པོས་རང་གི་ལས་འགན་ཚུལ་བཞིན་སྒྲུབ་པའི་འབད་རྩོལ་བཅས་ཀྱི་རྒྱུ་རྐྱེན་འཛོམས་ན་ད་ལྟ་ང་ཚོས་མཐོང་བཞིན་པའི་གདོང་ལེན་བྱེད་མི་ཐུབ་པའི་ཀླན་ཀའམ་དཀའ་རྙོག་དེ་ཚོ་ལའང་གདོང་ལེན་བྱེད་ཐུབ། སྤྱིར་འཁོར་བའི་གནས་ལ་སྡུག་བསྔལ་མེད་པ་ཞིག་མེད་ཀྱང་། ལྟོས་ས་ལྟོས་འཇོག་གི་སྒོ་ནས་མ་འོངས་པར་དུས་ཚོད་བཟང་པོ་ཤར་མི་སྲིད་པ་མ་རེད། དེའི་སྲིད་མཐའ་མ་བཀག་པའི་ཐོག་ནས་ང་ཚོས་གང་བྱེད་དགོས་སམ་ཞེ་ན། སོ་སོའི་འབྱུང་འགྱུར་གྱི་འཇིག་རྟེན་འདི་བཟང་ཕྱོགས་ཀྱི་འགྱུར་བའི་ངོས་ལ་འཁྲིད་རྒྱུའི་ཐབས་ཤེས་ད་ལྟ་ནས་གང་བྱེད་རྒྱུ་འདུག གདན་ས་འདིའི་ཐོག་ནས་གང་བྱེད་རྒྱུ་འདུག་གཟིགས་དགོས། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞེས་པ་དེ་ཧ་ཅང་ཆེན་པོ་ང་ཚོས་སྒྲུབ་མི་ནུས་པ་ཞིག་གསུང་གི་མེད། སོ་སོའི་བསམ་བློའི་འཁྱེར་ཕྱོགས་དང་། ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད་བཅས་ཚང་མ་དོན་དང་མཐུན་པའི་ཐོག་ལ་བསྒྱུར་རྒྱུའི་ཐབས་ཤེས་བྱེད་ཐུབ་ན་མི་གཅིག་གིས་ཀྱང་ཁྱད་པར་ཆེན་པོ་བཟོ་ཐུབ། ད་ཚོགས་ཐེངས་འདིའི་དུས་ཚོད་རྫོགས་སོང་། ཐུགས་རྗེ་ཆེ།། ཞེས་གསུངས།། །།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་གསུང་བཤད་ཁག་བཞི་གནང་བ་ལས་དང་པོ་སྲོལ་རྒྱུན་དང་དེང་རབས་ཀྱི་ངོ་བོ་དང་། ཁྱད་པར། བྱེད་ལས། ཕན་གནོད་སོགས་ཀྱི་སྐོར་ཡིན།)