༈ གཱཾདྡྷིའི་ལྟ་གྲུབ་སྐོར་གསུང་བཤད་གནང་བ།
༄༅།། སཱར་ནཱཐ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། སློབ་དཔོན་བགྲེས་གཞོན་རྣམ་པ། ལས་བྱེད་རྣམ་པ། སློབ་ཕྲུག་རྣམ་པ་ཚང་མར། དེ་རིང་ང་འདིར་གློ་བུར་དུ་འཁྱུག་ཙམ་བཅར་བའི་གོ་སྐབས་དང་བསྟུན་ནས་གཱཾདྡྷཱིའི་ལྟ་གྲུབ་སྐོར་བོད་སྐད་ཐོག་གཏམ་བཤད་ཅིག་བྱོས་ཞེས་གསུངས་པ་རེད། ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་ང་འདིར་བཅར་ཚར་ཙམ་ཡིན། དེ་རིང་འདིར་བཅར་རྒྱུ་གཙོ་བོ་ནི་སང་ཉིན་ཕྱི་དྲོ་ངའི་གྲོགས་པོ་རྙིང་པ་སློབ་དཔོན་སམ་ཏཱ་ནཱིའི་ (Professor N.H. Samtani) མངོན་བསྟོད་ཀྱི་ཕྱག་དེབ་ཅིག་སྒོ་འབྱེད་བྱ་རྒྱུའི་དོན་དུ་རེད། འོན་ཀྱང་རིགས་བདག་མཆོག་གིས་ང་འདིར་ཡོང་རྒྱུའི་སྐད་ཆ་དེ་གསན་པ་ཡིན་སྟབས། གཙུག་ལག་སློབ་ཁང་དུ་བསྡད་རྒྱུ་དང་གཏམ་བཤད་ཞུ་དགོས་ཚུལ་གསུངས་སོང་། དེར་བརྟེན་གོ་སྐབས་འདི་བཟུང་ནས་དེ་རིང་ཁྱེད་ཚོར་གཱཾདྡྷཱིའི་ལྟ་གྲུབ་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།
ང་འདིར་ཡོང་རྒྱུ་ཉིན་ཤས་སྔོན་ཙམ་དུ་གཏན་འཁེལ་བྱུང་བ་རེད། དེའི་ཕྱི་ཉིན་ནས་ཕྱོགས་བསྐྱོད་ཀྱིས་ད་ལྟ་ཕྱི་ལོགས་ནས་ཡོང་བ་ཡིན་སྟབས། དམིགས་བསལ་གཙུག་ལག་སློབ་ཁང་གི་སློབ་དཔོན་རྣམ་པ་དང་། ཉམས་ཞིབ་གནང་མཁན་གྱི་སློབ་ཕྲུག་ཚོར་ཐུགས་ཕན་གསོས་པའི་གཏམ་བཤད་ཅིག་གོ་སྒྲིག་ཞུ་རྒྱུ་བྱུང་མ་སོང་། ད་ལྟ་འདིར་གློ་བུར་དུ་གང་དྲན་པ་དེ་བང་འགྲིག་པོ་མ་བྱུང་ཡང་ཤ་ཟིན་སྤུ་ཟིན་གྱི་ཚུལ་དུ་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།
དེ་རིང་མ་སྒྲིག་ལྷུན་གྲུབ་ཅིག་ལ། ཕྱི་ཟླ་ ༩ ཚེས་ ༡༡ འདི་གཱཾདྡྷཱི་དང་གཱཾདྡྷཱིའི་རྗེས་འབྲང་བ་ཚོར་གལ་གནད་ཆེ་བའི་དུས་ཚིགས་ཅིག་འཁེལ་གྱི་ཡོད། ཕྱོགས་གཅིག་ནས་གཱཾདྡྷཱིའི་ནང་གི་ཐུགས་སྲས་གཅིག་པུ་ལྟ་བུ་ཨཱཅཱརྱ་བིནོབཱ་བྷཱབེའི་ (Acharya Vinoba Bhave) འཁྲུངས་ཚེས་རེད་ལ། དེ་དང་ཆབས་ཅིག་ཏུ་གཱཾདྡྷཱིའི་བདེན་པའི་ཨུ་ཚུགས་ (Satyagraha) ཀྱི་ལས་འགུལ་ཐོག་མ་ལྷོ་ཨ་ཧྥི་རི་ཀའི་ནང་འགོ་འཛུགས་གནང་བའི་ཉིན་མོའང་རེད། དེར་བརྟེན་ཕྱི་ཟླ་ ༩ ཚེས་ ༡༡ ནི་བདེན་པའི་ཨུ་ཚུགས་ཀྱི་འཁྲུངས་ཚེས་བརྩི་ནའང་མ་འགྲིགས་པ་མེད།
དེ་བཞིན་དུ་ཉེ་ཆར་ལོ་བརྒྱད་དགུ་ཞིག་སྔོན་དུ་ཨ་རིའི་ནང་འཇིགས་དངངས་ཆེ་བའི་དགུ་པའི་བཅུ་གཅིག་ཅེས་པའི་དོན་རྐྱེན་བྱུང་སྟེ། ཁང་པ་མཐོ་པོ་གཉིས་གཏོར་བཤིག་དང་མི་སུམ་སྟོང་ཡས་མས་ཤིག་རྐྱེན་ལམ་དུ་ཕྱིན་པའི་དུས་ཚེས་འཁེལ་གྱི་ཡོད། དེར་བརྟེན་དེ་འདྲའི་གོ་སྐབས་ཤིག་ལ་སཱར་ནཱཐ་ལྟ་བུའི་གནས་རྩ་ཆེན་པོའི་ནང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་། ཉམས་ཞིབ་པ། སློབ་ཕྲུག་ཚོ་ལ་བདག་ཉིད་ཆེན་པོ་གཱཾདྡྷཱི་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཞུ་རྒྱུ་བྱུང་བ་དེ་སྐལ་བ་བཟང་པོ་མ་སྒྲིག་ལྷུན་གྲུབ་ལྟ་བུ་བྱུང་སོང། དེ་ལ་ཧ་ཅང་དགའ་པོ་བྱུང་།
སྤྱིར་བཏང་གཱཾདྡྷཱིའི་ལྟ་གྲུབ་སྐོར་གཏམ་བཤད་ཞུ་རྒྱུ་དེ་སྐད་ཆ་བཤད་མཁན་ལ་བལྟོས་ནས་གོ་སྒྲིག་གནང་བ་ཡིན་ནམ། ཡང་ན་ཉན་པ་པོའི་མངོན་འདོད་ལ་བལྟོས་ནས་གོ་སྒྲིག་གནང་བ་ཡིན་དེ་ངས་གསལ་པོ་ཤེས་མ་སོང་། གལ་ཏེ་ཉན་པ་པོའི་མངོན་འདོད་ལ་བལྟོས་ན་དེང་སང་གཱཾདྡྷཱིའི་སྐོར་དེ་ཙམ་ཉན་འདོད་ཡོད་མཁན་ཨེ་ཡོད་བསམ་གྱི་ཡོད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་གཱཾདྡྷཱི་དང་གཱཾདྡྷཱིའི་ལྟ་གྲུབ་སྐོར་དོ་སྣང་ཡོད་མཁན་ཉུང་ཉུང་རེད་ལ། ཕྱོགས་གཞན་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་གནོན་ཤུགས་འོག་སྡོད་མཁན་ཡིན་སྟབས། གཱཾདྡྷཱི་ནི་ཧ་ཅང་གི་རྗེས་ལུས་ཐེབས་པའི་བསམ་ཚུལ་ཅན་གྱི་མི་ཞིག་ལ་བརྩིས་པ་མ་གཏོགས། ཁོང་གི་ལྟ་གྲུབ་ནས་ལེགས་ཆ་དང་ཉམས་སུ་བླང་རྒྱུ་ཡོད་པར་བརྩི་མཁན་ཧ་ཅང་ཉུང་ཉུང་རེད།
གང་ལྟར་ང་ཚོ་འདིར་ཨ་ཏཱི་ཤའི་ཚོགས་ཁང་ནང་འཛོམས་ནས་གཱཾདྡྷཱིའི་སྐོར་དུས་ཚོད་རིང་ཐུང་ལ་མ་བལྟོས་པའི་གཏམ་བཤད་དང་བགྲོ་གླེང་བྱེད་རྒྱུ་བྱུང་བ་དེ་གཅིག་བྱས་ན་སྐལ་བ་བཟང་པོ་རེད་བསམ་གྱི་ཡོད། ངས་རྒྱུན་ལྡན་རྒྱ་གར་བ་ཚོ་ལ་གཱཾདྡྷཱི་དང་ལྟ་བ་མི་མཐུན་པའམ་གཱཾདྡྷཱིའི་ལྟ་གྲུབ་ལ་དགག་པ་བརྒྱབ་དགོས་ནའང་སྔོན་ལ་ཕྱོགས་སྔའི་འདོད་པ་དེ་རྟོགས་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། ལར་ནས་གཱཾདྡྷཱིའི་ལྟ་གྲུབ་དང་དགོངས་བཞེད་གང་ཡིན་རྩ་བ་ནས་མ་ཤེས་པར་གཱཾདྡྷཱི་ལ་དགག་པ་རྒྱག་པའམ་མོས་མཐུན་མེད་ཅེས་བཤད་ན། དེ་ནི་དྲང་པོ་མ་རེད། ཕྱོགས་སྔའི་འདོད་པ་གང་ཡང་མ་ཤེས་པར་དགག་པ་བརྒྱབས་པ་དེ་གང་ཟག་ལ་བལྟོས་པའི་དགག་པ་མ་གཏོགས། ལྟ་གྲུབ་ལ་བལྟོས་པའམ་ཆོས་ལ་བལྟོས་པའི་དགག་པ་ཞིག་ནམ་ཡང་མིན། དེར་བརྟེན་གཱཾདྡྷཱི་འགྲིག་གི་མི་འདུག་ཅེས་གསུང་དགོས་ནའང་སྔོན་ལ་མ་འགྲིགས་པ་དེ་ངོས་གཟུང་དགོས་པ་དང་། དེ་ངོས་ཟིན་པའི་ཐོག་ནས་རིགས་པ་ཡང་དག་གིས་དགག་པ་གནང་ན་དེ་དོན་དང་ལྡན་པ་ཞིག་རེད་ལ། དགག་པ་གནང་མཁན་ལའང་གཟི་བརྗིད་ཅིག་ཡོང་རྒྱུ་རེད། དེ་མིན་ཆགས་སྡང་ཕྱོགས་ལྷུང་གི་སྐད་ཆ་མ་གཏོགས། དཔྱོད་ལྡན་གྱི་དགག་པ་རྒྱག་སྟངས་ཤིག་ཆགས་ཀྱི་མེད། དེར་བརྟེན་ཁྱེད་ཚོ་ལའང་ད་ལྟ་རེ་འདུན་བྱ་རྒྱུ་ཞིག་ལ། གཱཾདྡྷཱིའི་དགོངས་ཚུལ་ལ་མོས་མཐུན་ཡོད་ན་དེའི་ངོས་ནས་གཱཾདྡྷཱིའི་ལྟ་གྲུབ་ལ་ཉན་བསམ་བྱེད་པའི་ལམ་ཞིག་ཡོད་པ་རེད། ཡང་གཱཾདྡྷཱི་ལ་དགག་པ་བྱེད་དགོས་ནའང་ཕྱོགས་སྔའི་འདོད་པ་ངོས་ཟིན་པའི་ཆེད་དུ་ཉན་བསམ་བྱེད་པའི་ལམ་ལུགས་ཤིག་ཡོད་པ་རེད། དེ་གཉིས་གང་རུང་གི་ཐོག་ནས་ཕྲན་བུ་ཐུགས་སྣང་གནང་ན། ང་ཚོས་འདིར་ཆུ་ཚོད་གཅིག་ཙམ་གྱི་དུས་ཚོད་གཏང་རྒྱུ་དེ་ཆུད་ཟོས་མི་འགྲོ་བར་བེད་སྤྱོད་ཡག་པོ་ཞིག་ཡོང་ངེས།
ང་ཚོ་བོད་པའི་ནམ་རྒྱུན་སྐད་ཆ་བཤད་སྟངས་ནང་ལྟ་གྲུབ་ཅེས་ཚིག་གཅིག་ཡིན་པ་ལྟ་བུ་བེད་སྤྱོད་གཏོང་གི་ཡོད། ཡིན་ནའང་ལྟ་གྲུབ་ཅེས་པ་དེའི་ནང་ལྟ་བ་དང་གྲུབ་མཐའ་གཉིས་ཀའི་ཚིག་སླེབས་ཡོད། མདོའི་ནང་ལྟ་བ་དང་གྲུབ་མཐའ་གཉིས་ཀྱི་མཚན་ཉིད་ལོགས་སུ་ཕྱེ་ཡོད་ཅིང་། གང་ཟག་དབང་པོ་རབ་ལ་ལྟ་བ་བསྟན་པ་དང་། དབང་པོ་འབྲིང་དང་མཐའ་མར་གྲུབ་མཐའ་བསྟན་པའི་གནས་ཚུལ་གསུངས་པ་དེ་འདྲའང་ཡོད། ངེས་ཚིག་གི་བཤད་པའི་དབང་དུ་བྱས་ན་དངོས་པོའི་གནས་ལུགས་ལ་བལྟ་བྱར་བཟུང་ནས་དེ་ལ་ལྟ་བའི་ཤེས་རབ་ཅིག་གི་སྐོར་བཤད་པ་དེ་ལྟ་བ་དང་། དངོས་པོའི་གནས་ལུགས་དང་འབྲེལ་བ་ཡོད་མེད་ལ་མ་བལྟོས་པར་དཔྱད་དོན་རྙེད་པའི་མཐའ་གཅིག་བཤད་པ་ཡིན་ན་དེར་གྲུབ་མཐའི་ཐ་སྙད་སྦྱར་བ་རེད། དེར་བརྟེན་གཱཾདྡྷཱིའི་ལྟ་བ་བཤད་རྒྱུ་ཡོད་དམ་ཞེ་ན། དེ་ཕལ་ཆེར་ཡོད་པ་མ་རེད། གཱཾདྡྷཱིའི་གྲུབ་མཐའ་ཏན་ཏན་ཡོད་པ་རེད་མ་གཏོགས། གཱཾདྡྷཱིས་དངོས་པའི་གནས་ལུགས་ལ་དཔྱད་པ་བྱས་ནས་དེ་ལ་ལྟ་ལུགས་ལྟ་སྟངས་ཀྱི་སྐད་ཆ་གང་ཡང་གསུང་གི་མེད། ཡིན་ནའང་བོད་སྐད་བཞིན་སྒྲ་དམ་པའི་དབང་དུ་མ་བྱས་པར་ཧིནྡཱི་དང་ཨིན་སྐད་བཞིན་བཤད་ན། ལྟ་བ་ཟེར་བ་དེ་གཅིག་བྱས་ན་མཐོང་ཚུལ་དང་བསམ་ཚུལ་ལའང་འཇུག་ཆོག ཨིན་སྐད་དུ་ View Point དང་ Idea ཞེས་བརྗོད། དེ་བཞིན་ཧིན་སྐད་དུ་དརྴན་ཞེས་པའི་ཚབ་ཏུ་དྲྀཥྚིཀོཎ་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་སྟེ། གཱཾདྡྷཱིའི་མཐོང་ཚུལ་དང་གཟིགས་ཚུལ་འདི་འདྲ་ཡོད་པ་རེད་ཅེས་པ་ལྟ་བུའི་དབང་དུ་བྱས་ན་ལྟ་གྲུབ་ཟེར་བའི་ཚིག་གཉིས་ཀ་བེད་སྤྱོད་གཏོང་བ་ཡིན་ནའང་ཁྱད་པར་དེ་ཙམ་མེད།
སྤྱིར་བཏང་གཱཾདྡྷཱིའི་སྐུ་སྒེར་གྱི་གནས་སྟངས་ལ་བལྟས་ན། ང་ཚོ་ནང་པ་ཚོས་གཱཾདྡྷཱིའི་གྲུབ་མཐའ་ལ་སློབ་སྦྱོང་དང་། དད་མོས་བྱ་རྒྱུར་ཕྲན་བུ་ཁག་པོ་ཡོད་དགོས་པ་ལྟ་བུ་ཞིག་རེད། གང་ལགས་ཤེ་ན། གཱཾདྡྷཱི་རང་ཉིད་སྐུ་སྒེར་གྱི་དགོངས་ཚུལ་གྱི་དབང་དུ་བྱས་ན། མཐའ་གཅིག་ཏུ་འཇིག་རྟེན་གྱི་བྱེད་པ་པོའམ་དབང་ཕྱུག་གི་གནས་བབ་ཡོད་པ་ཁས་ལེན་གནང་མཁན་གྱི་གང་ཟག་ཅིག་རེད། དེང་སང་རྒྱ་གར་གྱི་བཤད་སྟངས་ལྟར་ན་ཁོང་ཨཱིཤྦརབཱདིན་རེད་ལ། དེའི་ཐོག་ཧ་ཅང་གི་འཛིན་པ་དམ་པོ་ཡོད་མཁན་ཞིག་རེད། དེ་བཞིན་རིག་བྱེད་མཐའ་པ་དང་བྱེ་བྲག་པ་སོགས་ཀྱིས་འདོད་པའི་བདག་གི་རྣམ་གཞག་ཇི་ལྟ་བ་བཞིན་དུ་གཱཾདྡྷཱིས་མཁྱེན་གྱི་ཡོད་མེད་མི་ཤེས་ཀྱང་། གང་ལྟར་གཱཾདྡྷཱི་བདག་འདོད་མཁན་ཞིག་རེད། དེ་ལ་རྒྱ་གར་སྐད་དུ་ཨཱཏྨཱབཱདིན་ཞེས་བརྗོད། ང་ཚོ་བོད་སྐད་ནང་ཨཱིཤྦར་ཞེས་པ་མང་ཆེ་བ་དབང་ཕྱུག་ལ་བསྒྱུར་ཡོད། རྟག་གཅིག་རང་དབང་ཅན་གྱི་བདག་ནི་གྲུབ་མཐའ་ལ་བློ་ཁ་ཕྱོགས་པའི་གང་ཟག་གཅིག་གི་བདག་འཛིན་ཚུལ་ཞིག་རེད། དེ་འདྲའི་བདག་འཛིན་ཅིག་གཱཾདྡྷཱིའི་རྒྱུད་ལ་ཡོད་མེད་མ་ཤེས་ཀྱང་། གང་ལྟར་མུ་སྟེགས་པ་ཚོས་ཨཱཏྨཱ་དང་པརམཱཏྨཱ་ཞེས་པའི་རྣམ་གཞག་ནང་བཤད་པའི་ཨཱཏྨཱ་ལ་གཱཾདྡྷཱིས་ཡིད་ཆེས་བརྟན་པོ་གནང་གི་ཡོད། ཁོང་གིས་ནང་དོན་རིག་པའི་རྣམ་གཞག་དེ་ཨཱཏྨཱ་ཁས་ལེན་པའི་ཐོག་ནས་བཞག་གི་ཡོད། དེ་བཞིན་ཁོང་གིས་རྒྱུན་ལྡན་ཆོས་ཕྱོགས་དང་གྲུབ་མཐའི་རྣམ་གཞག་སློབ་སྦྱོང་གནང་སའི་གཞུང་ལུགས་རྩ་ཆེ་ཤོས་ལེགས་ལྡན་གྱི་གླུ་ (Bhagavad Gita) དེ་ཆགས་ཡོད། ང་ཚོས་ལྟ་སྟངས་བྱས་ན་དེ་ནི་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ལུགས་ལྟ་བུ་ཞིག་རེད། ཁོང་ཚོས་དེ་ནི་འཚེ་བ་ཆོས་སུ་སྨྲ་བ་མིན་ཞེས་འགྲེལ་བརྗོད་ཐ་དད་ཅིག་བྱེད་ཀྱི་ཡོད། ཁ་སང་ང་དིལླཱི་ནས་ཝཱ་རཱ་ཎ་སཱིར་ཡོང་སྐབས་གནམ་གྲུའི་ནང་ཝཱ་ཎར་བཞུགས་མཁན་ལྟ་གྲུབ་ཀྱི་མཁས་པ་ཆེན་པོ་ཞིག་མཇལ་སོང་། ལེགས་ལྡན་གླུའི་སྐོར་ཁོང་དང་བཀའ་མོལ་བྱུང་དུས་དྲང་ངེས་དང་མཐའ་དྲུག་ཚུལ་བཞིའི་བཤད་པ་ལྟ་བུ་ཞིག་བྱེད་ཀྱི་འདུག དེ་ཡང་མཚོན་རྟགས་བདུན་གྱི་ཐོག་ནས་སྒྲ་ཇི་བཞིན་པ་མ་ཡིན་པའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་པ་རེད་ཅེས་གསུང་བཤད་མང་པོ་གནང་སོང་། དེ་འདྲ་བྱས་ན་ནང་པའི་གཞུང་ལུགས་ནང་དུའང་། ཕ་མ་དག་ནི་བསད་བྱས་ཤིང༌།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌།། ཡུལ་འཁོར་འཁོར་དང་བཅས་བཅོམ་ན།། མི་ནི་དག་པར་འགྱུར་ཞེས་བྱ།། ཞེས་སྒྲ་ཇི་བཞིན་པ་མ་ཡིན་པའི་གསུང་མང་པོ་ཡོང་གི་ཡོད། གལ་ཏེ་ལེགས་ལྡན་གྱི་གླུ་དེ་དྲང་དོན་དགོངས་པ་ཅན་དུ་འགྲེལ་བའི་རྣམ་གཞག་ཅིག་མ་བཤད་ན་ནང་པའི་ལྟ་ཕྱོགས་ངོས་ནས་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ལུགས་ལྟ་བུ་ཞིག་ཡོད། གང་ལགས་ཤེ་ན། སྲིད་སྒྲུབ་སེམས་ཤུགས་ཆག་སྟེ་མདའ་གཞུ་ས་ལ་བཞག་ནས་བསྡད་སྐབས། ཁོང་སླར་ཡང་དམག་འཁྲུགས་ནང་ཞུགས་རྒྱུར་སེམས་ཤུགས་བསྐྱེད་པའི་ཚིག་དེར་ལེགས་ལྡན་གྱི་གླུ་ཞེས་ཟེར་གྱི་ཡོད། ཡིན་ནའང་ཞིབ་ཚགས་པོས་བལྟས་ན། གསད་བྱ། གསོད་བྱེད། བསད་པའི་བྱ་བ་གསུམ་འཁོར་གསུམ་རང་བཞིན་མ་གྲུབ་པ་ལྟ་བུ་ཞིག་བཤད་ཀྱི་ཡོད། ང་ཚོའི་སྔགས་ཀྱི་ནང་དུའང་དྲག་པོ་མངོན་སྤྱོད་ཀྱི་ལས་དེ་འདྲ་མང་པོ་ཡོད། དེ་ལྟ་བུའི་འགྲེལ་བཤད་བརྒྱབ་པ་ཡིན་ནའང་བརྒྱབ་རྒྱུ་ཡོད་རྒྱུ་རེད། འོན་ཀྱང་ཁོང་ཚོའི་ཕྱོགས་ནས་ད་བར་དེ་འདྲའི་འགྲེལ་བཤད་རྒྱག་མཁན་བྱུང་མེད། དེར་བརྟེན་དབང་ཕྱུག་ནག་པོའི་གླུ་དེ་འཚེ་བ་ཆོས་སུ་སྨྲ་བའི་གཞུང་ཞིག་ཡིན་པར་ནང་པའི་མཁས་པ་མང་ཆེ་བས་ཆ་འཇོག་གནང་ཡོད་སྙམ། མདོར་ན་འཇིག་རྟེན་བཀོད་པ་པོ་ཡོད་པ་ཁས་ལེན་མཁན་དང་། བདག་ཡོད་པ་ཁས་ལེན་མཁན། དབང་ཕྱུག་ནག་པོའི་གླུ་དེ་ཧ་ཅང་གི་རྩ་ཆེན་པོ་ཡིན་པ་ཁས་ལེན་མཁན་བཅས་དོན་གསུམ་རེད། དེ་ལྟ་བུའི་གང་ཟག་ཅིག་གི་གཟིགས་ཚུལ་དང་ལྟ་སྤྱོད་ནས་ང་ཚོ་ནང་པས་རྗེས་སུ་ཡི་རངས་དང་། བསླབ་བྱ་བླང་འོས་པ་གང་ཡོད་ཅེས་པའི་དྲི་བ་དེ་སླེབས་སྲིད།
གཱཾདྡྷཱིས་གཙོ་བོ་རང་གིས་དཔྱད་མཐའ་རྙེད་པའི་གྲུབ་དོན་དང་། དེ་ལ་བརྟེན་ནས་ཁོ་རང་གི་སྐུ་ཚེ་སྐྱེལ་སྟངས་ལ་གཟིགས་ན། ནང་པས་རྗེས་སུ་ཡི་རངས་བྱེད་ཆོག་པ་ཙམ་དུ་མ་ཟད། རྗེས་སུ་ཡི་རངས་བྱེད་དགོས་པ་དང་། དེ་ནས་བསླབ་བྱ་བླང་དགོས་པའི་གནས་ཚུལ་ཧ་ཅང་མང་པོ་རེད། ད་ལྟ་འདིར་རིགས་བདག་གིས་གསུངས་པ་བཞིན་འཚེ་བ་མེད་པ་དེ་ནང་པའི་ཆོས་ཀྱི་སྙིང་པོ་ཡིན་པ་ཚང་མས་ཁས་ལེན་གྱི་ཡོད། ནང་པ་ལས་གཞན་པ་དེ་ལྟར་ཁས་ལེན་མཁན་ཡོད། སློབ་དཔོན་འཕགས་པ་ལྷས་ནང་པའི་ཆོས་ཚུལ་ཐམས་ཅད་མདོར་བསྡུ་ན་འཚེ་བ་མེད་པ་ཟེར་བའི་ཚིག་གཉིས་ནང་བསྡུ་ཐུབ་ཅེས་བཞི་བརྒྱ་པའི་ནང་གསལ་པོ་གསུངས་ཡོད། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གོང་དུ་རྒྱ་གར་ནང་འཚེ་བ་མེད་པའི་ལྟ་གྲུབ་སྟོན་པ་པོ་དང་གཞུང་ལུགས་དེ་འདྲ་ཏན་ཏན་བྱུང་ཡོད་རེད་བསམ་གྱི་འདུག
སངས་རྒྱས་དང་ཕལ་ཆེར་སྐུ་དུས་མཉམ་པའམ། ཡང་ན་སངས་རྒྱས་མྱ་ངན་ལས་མ་འདས་པའི་གོང་དུ་རྒྱ་གར་ནང་སྐུ་བལྟམས་ཟིན་པའི་རྒྱལ་བ་ཅན་ལྟ་བུར་མཚོན་ནའང་ཆོས་ཀྱི་སྙིང་པོའམ་ལྟ་གྲུབ་ཀྱི་སྙིང་པོ་དེ་འཚེ་བ་མེད་པ་རེད། ཁོང་གིས་གསུངས་པའི་འཚེ་བ་མེད་པ་དེ་ནང་པ་ལས་ད་དུང་གོམ་པ་ཁ་ཤས་མདུན་ལ་སྤོས་ཏེ་དགེ་སྦྱོང་དང་རབ་ཏུ་བྱུང་བ་ཚོས་འཚེ་བ་མེད་པའི་ཉམས་ལེན་བྱེད་ཕྱོགས་སྐོར་ང་ཚོ་ལས་ཧ་ཅང་དཀའ་བ་ཡོད་ཅིང་། དཔེར་ན། ཁ་ལ་རས་ཀྱིས་བཀབ་དགོས་པ་དང་། རྐང་པར་ལྷམ་གྱོན་མི་ཆོག་པ་སོགས་ཤིན་ཏུ་མང་། དེས་ན་འཚེ་བ་མེད་པའི་ཆོས་དེ་གཱཾདྡྷཱིས་རྒྱ་གར་ནང་གཏམ་གསར་པ་འཁྱེར་ཡོང་བ་དང་གསར་གཏོད་ཅིག་རྩ་བ་ཉིད་ནས་མ་རེད། ཡོངས་གྲགས་ཀྱི་སྲོལ་རྒྱུན་ནང་ཡོད་པའི་ལྟ་གྲུབ་ཅིག་རེད། ཡིན་ནའང་དེ་ལྟ་བུའི་ལྟ་གྲུབ་དེ་རྒྱལ་ཁབ་ཀྱིས་ཆབ་སྲིད་སྐྱོང་བའི་སྐབས་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་གི་འཐབ་རྩོད་བྱེད་པའི་སྐབས། དྲང་བདེན་མ་ཡིན་པའི་བཙན་གནོན་ལ་ངོ་རྒོལ་བྱེད་པའི་སྐབས། རྒྱལ་ཁབ་གསར་པ་འཛུགས་བསྐྲུན་བྱེད་པའི་སྐབས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སོགས་བྱེད་པའི་སྐབས་སུ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ནས་འགྲོ་ཐུབ་ཀྱི་ཡོད་པ་དང་འགྲོ་དགོས་ཀྱི་ཡོད་པ་དེ་གཱཾདྡྷཱིའི་གསར་གཏོད་ཆེན་པོ་ཞིག་རེད།
ནང་པའི་རྒྱལ་ཁབ་ལྟ་བུར་མཚོན་ན། ད་ལྟ་ཐ་ཡི་ལེན་ (Thailand) དང་། མ་ཡན་མར། (Myanmar) ཤྲཱི་ལངྐཱ་ (Sri Lanka) གསུམ་གའི་རྩ་ཁྲིམས་སུ་ནང་པའི་རྒྱལ་ཁབ་ཡིན་པ་གསལ་ཡོད། ཁོང་ཚོས་ད་ལྟ་ཡོད་པའི་རྩ་ཁྲིམས་དེ་ཚོ་མ་བཟོས་པའི་སྔོན་ནས་མི་རབས་ནས་མི་རབས་བརྒྱུད་དེ་ནང་པའི་རྒྱལ་ཁབ་རེད། དཔེར་ན། མ་ཡན་མར་དང་ཐ་ཡི་ལེན་ནང་སངས་རྒྱས་ཞལ་བཞུགས་པའི་སྐབས་སམ། ཡང་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བཅུ་ལྔ་བཅུའི་ནང་གནས་བརྟན་སྡེ་པའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཟིན་པ་བྱུང་རབས་ནས་རྭ་འཕྲོད་ཀྱི་ཡོད། གནས་བརྟན་ཀཱཏྱཱཡན་མཆོག་མ་ཡན་མར་དང་ཐ་ཡི་ལེན་གང་རུང་ཞིག་ཏུ་དགོངས་པ་གཞན་དོན་དུ་གཤེགས་པའི་བྱུང་བ་བཤད་ཀྱི་འདུག ཤྲཱི་ལངྐཱ་ནི་སངས་རྒྱས་འཇིག་རྟེན་དུ་བཞུགས་པའི་སྐབས་སུ་མུ་ཏིག་འཁྲི་ཤིང་ལ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་དང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ།། ཞེས་པའི་ཚིགས་བཅད་བསྐུར་བ། མུ་ཏིག་འཁྲི་ཤིང་བདེན་པ་མཐོང་བའི་ལོ་རྒྱུས་སྐྱེས་རབས་དང་མདོ་སྡེའི་ནང་གསལ། དེའི་རྗེས་སུ་རྒྱལ་པོ་ཨ་ཤོཀ་གི་སྲས་མོ་ཕེབས་པ་ནས་བཟུང་ནང་པའི་བསྟན་པ་ཇེ་འཕེལ་དུ་གྱུར། སྐབས་དེར་བོད་དུ་ནང་པའི་ཆོས་ཀྱི་སྒྲ་ཙམ་ཡང་མེད། ད་ལྟ་ཁོང་ཚོའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་དང་རྩ་ཁྲིམས་ཀྱང་ཡོད། རྩ་ཁྲིམས་སུའང་ནང་པའི་རྒྱལ་ཁབ་ཡིན་པ་གསལ་པོ་འཁོད་ཡོད། འོན་ཀྱང་དམག་མི་མེད་པ་བཟོ་ཐུབ་མེད་ལ། སྐོར་རྒྱག་པའང་མེད་པ་བཟོ་ཐུབ་མེད། ཁོང་ཚོས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ཁྲིམས་ཀྱི་མཇུག་གནོན་གྱི་ཆེད་དུ་ངེས་ཅན་གྱི་འཚེ་བའི་བྱ་བ་ཁ་ཤས་ལག་ལེན་དུ་བསྟར་དགོས་པ་དེ་རྒྱལ་ཐབས་དང་ཆབ་སྲིད་ཀྱི་ཆ་ནས་མེད་དུ་མི་རུང་བ་ཞིག་ཏུ་བརྩི་གི་ཡོད།
ང་ཚོ་བོད་ལ་ཆ་བཞག་ནའང་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་བཟུང་བསྟན་པ་ས་དར་རྡོ་དར་ཕྱིན་ཡོད་ཀྱང་། དེའི་དབང་གིས་སྔོན་གྱི་ཆོས་རྒྱལ་ཚོ་དང་། བར་སྐབས་བོད་སིལ་བུར་གནས་པ། ས་སྐྱ། ཕག་གྲུ། གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་སྐབས་སུའང་དམག་མེད་པ་རྩ་བ་ནས་བཟོ་ཐུབ་མེད། ང་ཚོར་སྦྱོང་བརྡར་ཡོད་པའི་དམག་མི་མེད་ཀྱང་། མགོ་ལ་དར་ལྕོག་འདྲ་བཙུགས་ཏེ། མདའ་གཞུ་དང་མདུང་སོགས་ཐོགས་པ་ཡིན་རུང་། མེད་པ་བཟོ་ཐུབ་མེད། ད་དུང་བསྟན་པ་ལ་དགྲ་བྱུང་ན་འཁར་བསིལ་གྱིས་མདུང་བྱ་རྒྱུ་ཡིན་ཞེས་པའི་ངག་རྒྱུན་ཡང་བོད་དུ་དར་ཡོད། གང་ལྟར་བསྟན་པར་དགྲ་བྱུང་ན་དགེ་སློང་ཚོས་འཁར་བསིལ་འཁྱེར་ནས་འཛིང་རྒྱུ་ཡིན་ཞེས་ཟེར་གྱི་ཡོད། ༧སྐྱབས་རྗེ་རྡོ་རྗེ་འཆང་གིས་སྐབས་རེ་ཆུ་བྱི་རྒྱ་དམག་སྐབས་ཀྱི་གནས་ཚུལ་ཞིག་གསུང་གི་ཡོད། ཆུ་བྱི་རྒྱ་དམག་ཟེར་ན་ཕྱི་ལོ་ ༡༩༡༢ ནས་ ༡༩༡༣ བར་བོད་ལ་ལོ་གཉིས་གསུམ་རིང་རྒྱ་ནག་མཉམ་བྱུང་བའི་དམག་འཁྲུག་ཅིག་རེད། སྐབས་དེར་སེ་རར་བླ་རྒན་རྒས་འཁོགས་གོམ་པ་རྒྱག་ཐུབ་ལ་མི་ཐུབ་མཁན་ཞིག་གིས་ཐབ་ནང་མེ་དཀྲུག་གཏོང་བྱེད་གོ་གཡོག་ཟེར་བའི་ཤིང་རིང་པོ་ཞིག་ཡོད་པ་རེད། དེའི་སྒང་ལ་ཚལ་གཏུབ་གྲི་དེ་ལྷམ་སྒྲོག་གིས་བསྡམས་ནས་རྒྱ་མི་ག་པར་འདུག་ངས་གསོད་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག་གསུངས། དེར་བརྟེན་ང་ཚོའི་བསམ་ཚུལ་དང་ཀུན་སྤྱོད་དེ་རབ་ཏུ་བྱུང་བ་ཡིན་ནའང་འཚེ་བའི་ཀུན་སློང་ཡོད་པ་དང་། སྐབས་འགའ་ཤས་ལ་བོད་ནང་སེར་དམག་བསྡུས་པའི་བྱུང་རབས་ཀྱང་ཡོད་པ་རེད། གང་ལྟར་འཚེ་བ་མེད་པ་དེ་བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་དོན་ཡིན་པ་འདོད་བཞིན་དུ་དུས་དང་རྣམ་པ་ཀུན་ཏུ་གོ་སྐབས་དང་གནས་ཚུལ་གང་འདྲ་བྱུང་ནའང་འཚེ་བ་མེད་པའི་ལམ་དུ་འགྲོ་རྒྱུའི་བསམ་བློ་དེ་ང་ཚོར་འཁོར་ཐུབ་མེད།
གཱཾདྡྷཱིས་ཐོག་མར་དྲང་བདེན་མིན་པའི་གཉའ་གནོན་ལ་ངོ་རྒོལ་བྱེད་སྟངས་དང་། དེ་བཞིན་གང་ཟག་དང་བྱ་བའི་དབར་ཁྱད་པར་ཕྱེ་སྟངས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཚུད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་། སྲིད་དོན་སོགས་འཚེ་བ་མེད་པའི་ལམ་འབའ་ཞིག་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་པ་དང་། བསྒྲུབ་དགོས་པའི་གདམས་ངག་དེ་ཧ་ཅང་གསར་པ་ཞིག་རེད་བསམ་གྱི་ཡོད། གདམས་ངག་དེ་ཉན་ནས་ཉམས་ལེན་བྱེད་མཁན་བྱུང་དང་མ་བྱུང་ནི་གནས་ཚུལ་ཐ་དད་རེད། གཱཾདྡྷཱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་། རང་དབང་གི་འཐབ་རྩོད། རྒྱལ་ཁབ་ཀྱི་འཛུགས་སྐྲུན། ཁྲིམས་དང་སྒྲིག་ལམ་གྱི་ལྟ་སྐྱོང་སོགས་གང་འདྲ་ཡིན་ནའང་མི་ལ་མངོན་འདོད་ཡོད་ན། འཚེ་བ་མེད་པའི་ལམ་འབའ་ཞིག་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་པ་དང་། དེ་སྒྲུབ་ལུགས་སྒྲུབ་སྟངས་གང་འདྲ་ཡིན་པ་རྣམས་ཞིབ་ཚགས་པོས་གསུངས་ཡོད། དེར་བརྟེན་སློབ་དཔོན་ཆེན་པོ་ཇིན་ཤརྤ་ (Prof. Gene Sharp) ཀྱིས་གཱཾདྡྷཱིའི་དགོངས་ཚུལ་གྱི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ (National Defense) གང་འདྲ་ཡིན་པ་དང་། སྤྱིར་བཏང་ནས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་མཐའ་མཚམས་ཀྱི་སྲུང་སྐྱོབ། ཕྱིའི་དམག་གི་ཉེན་ཁ་འགོག་ཐབས་སོགས་ལ་དམག་མི་དགོས་ཚུལ་རྒྱས་པར་གསུངས་ཡོད། ལར་ནས་མིའི་བསམ་བློའི་ནང་རྒྱལ་ཁབ་ཀྱི་སྲིད་གཞུང་ཞིག་ཡིན་ཕྱིན་དམག་མེད་ན་མི་འགྲིག་པའི་ལྷན་སྐྱེས་ཀྱི་བསམ་ཚུལ་ཞིག་འཇགས་བསྡད་ཡོད། དེ་ཚོར་ཁ་གཏད་གཅོག་པའི་ཆེད་དུ་གཱཾདྡྷཱི་བརྒྱ་ཕྲག་བཅུ་དགུ་དང་ཉི་ཤུའི་ནང་ཕེབས་ནས་ནང་པ་དང་། གཅེར་བུ་བ། དེ་བཞིན་འཚེ་བ་མེད་པར་རྩ་ཆེ་བརྩི་མཁན་ཆོས་ལུགས་ཚང་མར་མིག་དཔེ་གསར་པ་དང་། ལམ་སྟོན་གསར་པ་ཞིག་གནང་བ་རེད།
དེ་འདྲའི་རྒྱབ་ལྗོངས་ཤིག་གི་འོག་ནས་གཱཾདྡྷཱིའི་གྲུབ་མཐའ་སྐོར་གཟིགས་ན། འཇིག་རྟེན་གྱི་བཀོད་པ་པོར་རྩེ་གཅིག་ཏུ་ཡིད་ཆེས་བྱེད་མཁན་དང་། བདག་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱེད་མཁན། དབང་ཕྱུག་ནག་པོའི་གླུ་རྩ་ཆེན་པོའི་གསུང་རབ་ལ་བརྩི་མཁན་ཞིག་ལ་ང་ཚོས་ཇི་ལྟར་རྗེས་སུ་ཡི་རངས་བྱེད་ཐུབ་ཀྱི་རེད་ཅེ་ན། དང་པོ་དེར་ཁོང་གིས་རྩ་བའི་ཡིད་ཆེས་གསུམ་པོ་དེ་མ་དོར་བའི་ཐོག་ནས་མུ་སྟེགས་པའི་ལྟ་གྲུབ་དང་། སྤྱི་ཚོགས་ཀྱི་རྒྱུན་སྤྱོད་ནང་ཡོད་པའི་གནས་ཚུལ་མང་པོར་བློ་ཁོག་ཆེན་པོ་དང་འཛེམས་ཟོན་མེད་པའི་ཐོག་ནས་དགག་བྱ་གནང་ཐུབ་ཡོད། དཔེར་ན། རིགས་བཞིའི་དབྱེ་བ་ཕྱེ་བ་དང་། རིགས་བཞིའི་དབྱེ་བའི་ནང་རེག་རུང་བ་དང་མི་རུང་བའི་དབྱེ་བ་ཕྱེ་བ། རིགས་བཞི་པོར་མཆོག་དམན་གྱི་དབྱེ་བ་ཕྱེ་བ། དེ་བཞིན་ཕྲུ་གུ་ཆུང་ཆུང་སྐབས་ནས་ཕ་མས་དབང་ཡོད་ཀྱི་ཐོག་ནས་གཉེན་སྒྲིག་བྱེད་པ་སོགས་འཇིག་རྟེན་གྱི་བཀོད་པ་པོ་འདོད་མཁན་དང་བདག་འདོད་མཁན་གྱི་གཞུང་ལུགས་ནང་གལ་ཆེན་པོར་བརྩི་བ་དང་རྩ་ཆེན་པོར་བརྩི་བའི་གནས་ཚུལ་དེ་དག་འཚེ་བ་མེད་པའི་ལམ་དང་མི་མཐུན་པ་དང་སྤྱི་ཚོགས་ཀྱི་ཁེ་ཕན་ལ་ཕན་ཐོགས་མེད་པར་བརྟེན། ཚང་མར་དགག་པ་བརྒྱབས་པ་ཙམ་དུ་མ་ཟད། དངོས་ཡོད་གནས་ཚུལ་ཐོག་ནས་རྩ་མེད་གཏོང་བའི་ལས་འགུལ་སྤེལ་རྒྱུར་འཇིགས་ཞུམ་མེད་པའི་སྤོབས་པ་ཡོང་བ་དེས་ག་རེ་བསྟན་གྱི་ཡོད་ཅེ་ན། ཁོང་ལ་རྣམ་འབྱེད་ཀྱི་ཤེས་རབ་བཟང་པོ་ཡོད་པས་ཡིད་ཆེས་དེ་ཚོ་རྨོངས་དད་མིན་པར་ཆོས་ཀྱི་རྗེས་འབྲངས་ཀྱི་ལྟ་སྟངས་ཤིག་ཡོད་པ་དེ་ཧ་ཅང་གསལ་པོ་རེད་དྲན་གྱི་འདུག ནང་པའི་གཞུང་ལ་སློབ་སྦྱོང་གང་ཡང་མེད་ཀྱང་། ཁོང་གི་གཟིགས་ཚུལ་དང་སྣང་ཚུལ་མང་པོ་ཞིག་ནང་པའི་གཞུང་དང་ཧ་ཅང་མཐུན་པོ་ཡོད། དཔེར་ན། ཨིན་གཞུང་གི་དབང་འཛིན་པ་དྲང་བདེན་མ་ཡིན་པ་བྱེད་མཁན་དེ་ཚོའི་ལས་ཀར་ངོ་རྒོལ་བྱེད་དགོས་པ་ལས། གང་ཟག་ལ་ངོ་རྒོལ་བྱ་རྒྱུ་མེད། གང་ཟག་ནི་སྙིང་རྗེའི་ཡུལ་ཡིན་ཞེས་གསུངས་པ་དེ། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི།། ཉོན་མོངས་དང་འབྲེལ་གང་ཟག་མིན།། ཞེས་བཞི་བརྒྱ་པའི་ནང་གསུངས་པ་དང་གཅིག་པ་རེད། དེར་བརྟེན་ཕན་ཚུན་ལེགས་ཆ་བླང་འོས་པ་དང་ལེགས་ཆ་བླང་རྒྱུ་ཡོད་པ་མང་པོ་ཡོད་པ་རེད་བསམ་གྱི་འདུག
རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་ཞུས་པའི་རྗེས་སུ་གཱཾདྡྷཱི་རང་གི་གྲུབ་མཐའ་དེ་ཕྱོགས་བསྡོམས་བརྒྱབ་ན། བདེན་པ་དང་འཚེ་བ་མེད་པ་གཉིས་རེད། དེ་གཉིས་ནི་ཁོང་གི་སྐུ་ཚེའི་ནང་ནམ་ཡང་འདོར་དུ་མི་རུང་བ་དང་། གནས་སྐབས་གང་དུ་ཡིན་ནའང་ལྷོད་ཡངས་དང་ཕར་ཚུར་འགྲིགས་འཇགས་བྱེད་མི་ཐུབ་པའི་གནས་སྟངས་ཤིག་རེད། དེ་གཉིས་ནི་ཁོང་གི་བླང་དོར་གྱི་ཐིག་ཚད་ཀྱི་གཞི་རྩ་ལྟ་བུར་གསུངས་ཡོད། དེའི་གོ་དོན་ཡང་བདེན་པ་མིན་པའི་གནས་སྟངས་ཡིན་ན་མཐའ་གཅིག་ཏུ་འདོར་དགོས་པ་དང་། བདེན་པའི་གནས་སྟངས་ཡིན་ན་མཐའ་གཅིག་ཏུ་བླང་དགོས་པ། འཚེ་བ་མེད་པ་ཡིན་ན་མཐའ་གཅིག་ཏུ་བླང་དགོས་པ་དང་། འཚེ་བ་དང་འབྲེལ་བ་ཡིན་ན་མཐའ་གཅིག་ཏུ་འདོར་དགོས་པ་ཡིན། གང་ལྟར་བླང་དོར་གྱི་གཞུང་ཐིག་དེ་བདེན་པ་དང་འཚེ་བ་མེད་པ་གཉིས་ཀྱིས་བྱེད་ཀྱི་ཡོད་གསུངས། དེ་ལས་ད་དུང་གཏིང་ཟབ་ཏུ་ཕྱིན་ན། བདེན་པ་དེ་འཚེ་བ་མེད་པའི་ངོ་བོ་ཡིན་པ་དང་། འཚེ་བ་མེད་པ་དེ་བདེན་པའི་ངོ་བོ་ཡིན་པའང་གསུངས། ཡང་བདེན་པ་དེ་དབང་ཕྱུག་གི་ངོ་བོ་ཡིན་པ་དང་། དབང་ཕྱུག་དེ་བདེན་པའི་ངོ་བོ་ཡིན་པ་གསུངས་པའི་སྐབས་ཀྱང་མང་པོ་རེད།
གཱཾདྡྷཱིས་རྒྱུན་ལྡན་བེད་སྤྱོད་གནང་བའི་བདེན་པ་དེ་ནང་པ་སངས་རྒྱས་པས་བེད་སྤྱོད་བྱེད་པའི་དངོས་པོའི་གནས་ལུགས་ལ་གོ་རྒྱུ་མེད། ནང་པས་བཤད་པའི་བདེན་པ་ཞེས་པ་དེ་གྲུབ་མཐའ་གོང་འོག་གི་ཁྱད་པར་མེད་པར་གཞི་དངོས་པོའི་གནས་ལུགས་ལ་གོ་བ་ཡིན། སྤྱིར་བཏང་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་ཞེས་གཉིས་སུ་ཕྱེ་བ་ཡོད་ལ། དེ་བཞིན་བདེན་པ་བཞིར་ཕྱེ་བའང་ཡོད། ཡིན་ནའང་གང་ཟག་གཅིག་གིས་བདེན་པ་མཐོང་བ་རེད་ཟེར་དུས། དཔེར་ན་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ལ་བདེན་པ་མཐོང་ཞེས་བརྗོད་སྐབས་ཀྱི་བདེན་པ་དེ་དངོས་པོའི་གནས་ལུགས་སྟོང་པ་ཉིད་ལ་ཟེར་གྱི་ཡོད། དེ་མ་ཡིན་པ་རྣམས་སྐབས་དང་སྦྱར་བའི་བདེན་པ་རེད། སྤྱིར་ཁོས་བདེན་པ་བཤད་པ་རེད། རྫུན་མ་བཤད་པ་རེད་ཅེས་དབྱེ་བ་ཕྱེ་རྒྱུ་མེད་པ་མིན་ཡང་། བདེན་པ་མཐོང་ཟེར་བའི་བདེན་པ་དེ་དངོས་པོའི་གནས་ལུགས་ལ་གོ་བ་རེད། ཡིན་ནའང་བདེན་པ་བཞི་ལ་དབྱེ་བ་ཕྱེ་བའི་སྐབས་སུའང་བདེན་ཚུལ་དེ་ལོགས་ཀ་རེད། བདེན་པ་གཉིས་ལ་དབྱེ་བ་ཕྱེ་བའི་སྐབས་སུའང་དོན་དམ་བདེན་པ་རྐྱང་པ་མ་གཏོགས། ཀུན་རྫོབ་བདེན་པའི་བདེན་སྟངས་དེ་སྤྱིར་བཏང་བདེན་པ་མཐོང་ཟེར་བའི་བདེན་པ་དང་མི་འདྲ་བ་ཆགས་ཀྱི་རེད། དེར་བརྟེན་གཱཾདྡྷཱིས་འཆར་ཅན་གསུང་རྒྱུའི་བདེན་པ་དེ་གང་འདྲ་ལ་དགོངས་པ་བཞེས་ཀྱི་ཡོད་ཅེ་ན། དེ་ནི་སྟབས་བདེ་པོ་འདུག དེ་ནི་ངའི་གོ་སྟངས་རེད། དངོས་གནས་ཡིན་མིན་མི་ཤེས། གང་ལྟར་གནས་ཚུལ་དང་སྣང་ཚུལ་མཐུན་པ་ལ་བདེན་པ་དང་། གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་ལ་རྫུན་པར་ངོས་འཛིན་བྱེད་པ་དེ་གཱཾདྡྷཱིས་བདེན་པར་གཟིགས་སྟངས་དེ་རེད་བསམ་གྱི་འདུག སྤྱིར་གནས་ཚུལ་དང་སྣང་ཚུལ་མཐུན་མི་མཐུན་ཞེས་པ་དེ་ནང་པའི་བརྡ་ཆད་ཅིག་རེད། དེ་ཡང་གཱཾདྡྷཱི་ལ་ཏག་ཏག་འགྲོ་གི་ཡོད་མེད་མི་ཤེས། ཡིན་ནའང་ཁོང་གིས་གནས་ཚུལ་དང་སྣང་ཚུལ་གསུངས་པ་ནི་དཔེར་ན། བཀའ་མོལ་ཞིག་གནང་བའི་སྐབས་སུ་དེའི་བརྗོད་བྱའམ་བསྟན་བྱ་དེ་དངོས་གནས་དོན་ལ་དེ་རང་བསྡད་མིན་བལྟ་རྒྱུ་དེ་རེད། གལ་ཏེ་དོན་ལ་ཡོད་པ་ཞིག་ལ་མེད་ཅེས་བརྗོད་ན་རྫུན་པ་དང་། དོན་ལ་མེད་པ་ཞིག་ལ་ཡོད་ཅེས་བརྗོད་ན་རྫུན་པ། དོན་ལ་ཡིན་པ་ཞིག་ལ་མིན་ཞེས་བརྗོད་ན་རྫུན་པ། དོན་ལ་མིན་པ་ཞིག་ལ་ཡིན་ཞེས་བརྗོད་ན་རྫུན་པ་ལ་དགོངས་པ་བཞེས་ཀྱི་ཡོད་རེད་བསམ་གྱི་འདུག དངོས་པོའི་གནས་ཚུལ་ཞེས་པ་དེ་འདིར་མཐར་ཐུག་གི་གནས་ཚུལ་ལ་ཟེར་གྱི་མེད། གཞི་དངོས་པོའི་གནས་སྟངས་དང་ངག་གི་བརྗོད་ཚིག་གཉིས་པོ་མཐུན་དང་མ་མཐུན་ལས་བདེན་རྫུན་ཕྱེ་བ་དང་། དེ་མཚུངས་བསམ་བློ་གཏོང་སྟངས་ལྟ་བུར་ཆ་བཞག་ནའང་བསམ་བློ་གཏོང་སྟངས་དེ་གཞིའི་དངོས་པོའི་གནས་སྟངས་དང་མཐུན་ན་བདེན་པ་དང་། བསམ་བློ་གཏོང་སྟངས་དེ་གཞིའི་དངོས་པོའི་གནས་སྟངས་དང་མི་མཐུན་ན་རྫུན་པ། དེ་བཞིན་ལས་ཀ་བྱེད་པའི་སྐབས་སུ་བསམ་བློ་དང་ཕྱིའི་སྤྱོད་པ་གཉིས་པོ་མཐུན་ན་བདེན་པ་དང་། ཕྱིའི་སྤྱོད་པ་དང་ནང་གི་བསམ་པ་གཉིས་པོ་མི་མཐུན་ན་རྫུན་པ། དཔེར་ན། བསམ་བློའི་ནང་ཁོང་ཁྲོ་ཤུགས་ཆེན་པོ་ཡོད་ནའང་ཁོང་ཁྲོ་དེ་མ་བསྟན་པར་ཁ་འཇམ་པོ་བྱས་ནས་བཤད་པ་ལྟ་བུ་དེ་ཚོ་ཁོང་གི་དགོངས་ཚུལ་ལ་རྫུན་ཆེ་ཤོས་ཀྱི་གྲངས་སུ་བརྩི།
དེང་སང་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་ཡོད་རེད། བོད་སྐད་ལ་ད་ལྟ་ཚིག་དེ་མེད་པ་ལྟ་བུ་འདུག ཨིན་སྐད་དུ་ Diplomacy དང་། ཧིན་སྐད་དུ་ཀཱུཊ་ནིཏི་ཞེས་བསྒྱུར་འདུག ཀཱུཊ་ནིཏི་ཞེས་པ་ནི་ཀྱ་གེ་ཀྱོག་གེ་འགྲོ་རྒྱུ་དེ་ལ་ཟེར་གྱི་ཡོད། དེར་བརྟེན་དེང་སང་དྲང་པོ་མི་བྱེད་པར་ཀྱ་གེ་ཀྱོག་གེའི་ཆབ་སྲིད་ཀྱི་འབྲེལ་བ་བྱེད་སྟངས་དེ་ཚང་མས་ཡོངས་གྲགས་སུ་མོས་མཐུན་བྱེད་པའི་གཡོ་སྒྱུའི་སྐད་ཆ་ཞིག་རེད། དེ་འདྲའི་གཡོ་དང་སྒྱུ་གཉིས་ཀ་ཡོད་པའི་སྐད་ཆ་ཞིག་ལ་ཁོང་གིས་རྩ་བ་ནས་མོས་མཐུན་གནང་གི་མེད། ལྷག་པར་དུ་ཁོང་གི་མི་ཚེའི་འདུན་ལམ་གྱི་ལས་ཀ་དེ་ཁྲིམས་རྩོད་པ་རེད། ཨིན་ཇིའི་རྒྱལ་ས་ལོན་ཌོན་ནས་ཁྲིམས་རྩོད་པའི་སློབ་སྦྱོང་ཐོན་པ་རེད། དེ་ནས་རྒྱ་གར་དུ་ཕེབས་ཏེ་ཁ་མཆུ་དང་པོ་རྒྱག་དུས་བདེན་པ་མ་ཡིན་པ་གསུང་དགོས་ཀྱི་ཡོད་པ་དེ་གཟིགས་ནས་ཁ་མཆུ་རྒྱག་མ་ཐུབ་པ་རེད། རིམ་པས་མི་ཚང་མས་ཁོང་ཁྲིམས་རྩོད་པ་ཧ་ཅང་ཐབས་ཆག་ཅིག་ལ་བརྩིས་ཏེ། ཁྲིམས་རྩོད་པ་བསླབ་པ་རྒན་པ་ཚོས་ཁོང་གིས་རྒྱ་གར་དུ་གང་ཡང་མི་ཡོང་བ་གཟིགས་ནས་ལྷོ་ཨ་ཧྥི་རི་ཀར་ཁྲིམས་ཀྱི་ཡི་གེ་འབྲི་མཁན་ཞིག་དགོས་པ་དེར་བཏང་བ་རེད། ཁྲིམས་རྩོད་ཀྱི་བྱ་བ་ཁོང་གི་འཚོ་ཐབས་ཡིན་ནའང་ཁྲིམས་ཁང་ནང་བདེན་པ་མ་ཡིན་པའི་གནས་ཚུལ་མི་གསུང་བའི་དམ་བཅའ་བརྟན་པོ་ཡོད་པ་དེ་ཁོང་གི་བདེན་པར་གཟིགས་སྟངས་དང་ཡིད་ཆེས་བྱེད་སྟངས་ཤིག་རེད།
འཚེ་བ་མེད་པ་ནི་ནང་པ་དང་གཅིག་མཚུངས་རེད། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་དེ་ནང་པའི་འཚེ་བ་མེད་པའི་ཚུལ་ཁྲིམས་ཀྱི་མཚམས་དེ་རེད། གཞན་ལ་དངོས་སུ་གནོད་པའམ་བརྒྱུད་ནས་གནོད་པ་ཡོང་བའི་གཞི་རྩའང་ཡོད་པར་བརྟེན། གཞན་གནོད་ལས་ལྡོག་པ་ཞེས་མ་གསུངས་པར། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཞེས་གསུངས། ཁོང་གིས་ཀྱང་ཐད་ཀའི་འཚེ་བ་དང་། བརྒྱུད་ཀྱི་འཚེ་བ། སྒྲོམ་གཞིའི་འཚེ་བ། (Structural Violence) ལམ་སྲོལ་གྱི་འཚེ་བ་དེ་དག་ཚང་མ་འཚེ་བའི་ནང་བརྩི་གི་ཡོད། དེར་བརྟེན་འཚེ་བ་མེད་པའི་དོན་དེ་གཱཾདྡྷཱི་དང་ནང་པ་གཉིས་མི་མཐུན་པ་མེད། གཱཾདྡྷཱིས་ཡིད་ཆེས་བྱེད་པའི་བདེན་པ་དེ་ནང་པའི་བདེན་པ་མ་རེད་ཅེས་བརྗོད་ཀྱི་མེད་ཀྱང་། ནང་པས་མཐར་ཐུག་གནས་ལུགས་ཀྱི་བདེན་པ་དེ་མང་པོ་བེད་སྤྱོད་གཏོང་གི་ཡོད་སྟབས། དེའི་ཐོག་ནས་གཅིག་བྱས་ན་ཕྲན་བུ་མི་འདྲ་བ་ཡོད་སྲིད།
གནས་ཚུལ་དེ་གཉིས་གཞི་རྩར་བཞག་པའི་ཐོག་ནས་ང་ཚོས་གཱཾདྡྷཱིའི་གྲུབ་མཐར་བལྟ་རྒྱུའི་ཐབས་ཤེས་བྱེད་ན། ང་ཚོས་ལྟ་དུས་ནང་པའི་མིག་ཤེལ་དེ་གྱོན་ནས་ལྟ་གི་རེད། ཕྱི་རོལ་པ་ཡིན་ནའང་སོ་སོའི་མིག་ཤེལ་དེ་གྱོན་ནས་ལྟ་གི་རེད། གཱཾདྡྷཱིས་འཚེ་བ་མེད་པ་དེ་རྩ་ཆེན་པོ་ཡིན་པ་དང་། འཚེ་བ་མེད་པ་མཐར་ཐུག་པ་ཡོང་བར་བདེན་པ་དེ་འདོར་དུ་མེད་པ་ཞིག་ལ་གཟིགས་ཏེ། རང་གི་མི་ཚེའི་ནང་སྒོ་གསུམ་གྱི་བྱ་སྤྱོད་ཚང་མ་མཐར་ཐུག་ན་ནང་དོན་རིག་པའི་ཉམས་ལེན་གྱི་དམིགས་ཡུལ་མ་གཏོགས། ཚེ་འདི་སྣང་གི་དམིགས་ཡུལ་མེད་པ་དེ་གསལ་པོ་གསུངས་ཡོད་ལ། རང་གིས་ཉམས་ལེན་ཡང་གནང་ཡོད།
ཁོང་གི་རང་རྣམ་ལ་སཏྱ་ཀེ་པྲཡོག་ཅེས་བདེན་པའི་ཚོད་བལྟའམ་བདེན་པའི་ཉམས་ལེན་ཞེས་བརྗོད། པྲཡོག་ནི་སྦྱོར་བ་ལའང་བསྒྱུར། ནང་པའི་བརྡ་ཆད་ནང་ཉམས་ལེན་གྱི་གནས་ཚུལ་མང་པོ་ཞིག་ལ་སྦྱོར་བ་ཟེར་གྱི་ཡོད། གལ་ཏེ་སྦྱོར་བ་ཞེས་པར་ཚིག་འགྲེལ་ཞིབ་ཚགས་པོས་བརྒྱབ་ན་ཉམས་ལེན་ལ་སླེབས་ཡོང་གི་རེད། ཁོང་གི་རང་རྣམ་གྱི་མིང་ལ་སཏྱ་ཀེ་པྲཡོག་ཨཐབཱ་ཨཱཏྨཀཐཱ་ཞེས་བཏགས་ཡོད། གུཇརཱཏཱི་དང་ཧིནྡཱི་གཉིས་ཀའི་ནང་སྔོན་ལ་སཏྱ་ཀེ་པྲཡོག་ཞེས་པ་དང་། དེའི་མཇུག་ཏུ་ཨཱཏྨ་ཀཐཱ་ཡོད། ཨཱཏྨ་ཀཐཱ་ཞེས་པ་བདག་ཉིད་ཀྱི་བྱུང་བ་བརྗོད་པ་རེད། ཡིན་ནའང་དེ་ཨིན་སྐད་དུ་བསྒྱུར་སྐབས་ Autobiography ཞེས་པ་དེ་སྔོན་དང་། My Experiments with Truth ཞེས་པ་དེ་རྗེས་ལ་བྲིས་འདུག དེ་ནི་སྐད་ཡིག་གི་ཐོག་ནས་ག་རེ་དགོས་མཁོ་ཆགས་ཀྱི་ཡོད་མེད་མི་ཤེས།
རང་གི་རང་རྣམ་གྱི་གླེང་བརྗོད་ངོ་སྤྲོད་ནང་གཱཾདྡྷཱིས་ག་རེ་གསུངས་ཡོད་ཅེ་ན། ངས་གྲུབ་མཐའ་རྐྱང་པ་ཞིག་མི་ལ་བཤད་རྒྱུ་ཡིན་ན་རང་རྣམ་འབྲི་དགོས་པ་མི་འདུག གནས་ཚུལ་འདིའི་ཐོག་འདི་འདྲ་ལྟ་གི་ཡོད། གནས་ཚུལ་འདིའི་ཐོག་འདི་འདྲ་བསམ་བློ་གཏོང་གི་ཡོད་ཅེས་གྲུབ་མཐའ་གཅིག་པུ་འབྲི་ནའང་མ་འགྲིགས་པ་མེད། འོན་ཀྱང་ངས་རང་རྣམ་འབྲི་དགོས་དོན་ནི་ངའི་མི་ཚེའི་འདས་པའི་ལོ་སུམ་ཅུའི་རིང་ལ་ (ལོ་སུམ་ཅུ་དེ་གང་ནས་བརྩིས་མིན་ངས་ཤེས་ཀྱི་མེད། ཕ་ཆེར་ཚོད་དཔག་བྱས་ན་ལྷོ་ཨ་ཧྥི་རི་ཀའི་ནང་མེ་འཁོར་གྲལ་རིམ་དང་པོ་ནས་ཕྱི་ལ་གཡུགས་པའི་གནས་ཚུལ་ཞིག་བྱུང་བ་རེད། དེའི་ཐོག་ནས་གཱཾདྡྷཱིའི་དགོངས་པ་བཞེས་ཕྱོགས་དང་མཛད་ཇུས་མང་པོ་ལ་འགྱུར་བ་ཤུགས་ཆེན་པོ་ཐེབས་པ་རེད། གཅིག་བྱས་ན་དེ་ནས་བརྩིས་པ་ཡིན་རྒྱུ་རེད། རང་གི་རང་རྣམ་འབྲི་དུས་དགོངས་པ་མ་རྫོགས་པའི་དུས་ཚོད་གང་ཙམ་སྔོན་ལ་རེད།) བདེན་པའི་ཚོད་བལྟ་གང་བྱས་པ་དེ་རང་གིས་ཉམས་མྱོང་བསག་རྒྱུ་དང་། ཉམས་མྱོང་དེ་གང་གི་ཆེད་དུ་བསགས་པ་ཡིན་ཞེ་ན། བདག་ཉིད་མཐོང་བའི་ (ཨཱཏྨ་དརྴན་) དོན་དུ། དབང་ཕྱུག་མཐོང་བའི་ (ཨཱིཤྦར་དརྴན་) དོན་དུ། རྣམ་པར་གྲོལ་བ་་(མོཀྵ་) ཐོབ་པའི་དོན་དུ་ཡིན་པ་དང་། གང་ལྟར་རང་རྣམ་འབྲི་བ་དེ་འདས་པའི་ལོ་སུམ་ཅུའི་རིང་གང་བཤད་པ་དང་། གང་བྲིས་པ། གང་བྱས་པ་དེ་དག་ཨཱཏྨ་དརྴན་ཡོང་ཐབས་དང་། ཨཱིཤྦར་དརྴན་ཡོང་ཐབས། མོཀྵ་འཐོབ་ཐབས་ཆེད་དུ་དམིགས་པའི་ཚོད་བལྟའམ་སྦྱོར་བ་ཞིག་ཡིན། དེར་བརྟེན་དེ་ནི་གང་ཟག་བྱེ་བྲག་པའི་སྦྱོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གང་ཟག་གཅིག་གིས་གང་བླང་བྱ་ཡིན་པ་དེ་གང་ཟག་ཚང་མའི་བླང་བྱ་ཡིན་པར་འགྲོ་ཐུབ་ལ། གང་ཟག་གཅིག་གིས་གང་འདོར་བྱ་ཡིན་པ་དེ་གང་ཟག་ཚང་མའི་འདོར་བྱ་ཡིན་པར་འགྲོ་ཐུབ་ཀྱི་རེད། ངས་ད་ལྟ་འདིར་སྦྱོར་བ་བྱེད་རྒྱུ་དེ་སྐྱེ་འགྲོ་ཐམས་ཅད་ཀྱི་ཆེད་དུ་བྱེད་པ་མ་གཏོགས་རང་ཉིད་རྐྱང་པའི་ཆེད་དུ་བྱས་པ་ཞིག་མིན། དེར་བརྟེན་འདིར་འདས་པའི་ལོ་སུམ་ཅུའི་རིང་ཨཱཏྨ་དརྴན་དང་། ཨཱིཤྦར་དརྴན། མོཀྵ་ཆེད་དུ་ཚོད་བལྟ་བྱས་པའི་གནས་ཚུལ་རྣམས་རང་དང་རང་མཉམ་གྱི་མི་ཚང་མས་མཉམ་སྤྱོད་ཐུབ་པའི་ཆེད་དུ་རང་རྣམ་འདི་བྲིས་པ་ཡིན་ཞེས་གསུངས་པ་དེ་དངོས་གནས་རླབས་ཆེན་རེད་བསམ་གྱི་ཡོད།
གཱཾདྡྷི་ལ་ཧོབ་སྟེ་བལྟས་ན་ཆབ་སྲིད་པ་ཞིག་ཏུ་མཐོང་གི་རེད། ཧ་ལམ་དུས་ཚོད་ཆ་ཚང་གཏོང་མཁན་གྱི་ཆབ་སྲིད་པ་ (Full Time Politician) ཞིག་ལ་མཐོང་སྲིད། ད་དུང་ཏོག་ཙམ་ཞིབ་ཚགས་པོས་བལྟས་ན། སྤྱི་ཚོགས་ཞབས་ཞུ་བ་ (Social Worker) ཞིག་ལ་མཐོང་གི་རེད། ད་ལྟ་གཱཾདྡྷི་ལ་ལྟ་མཁན་སུ་ཡིན་ནའང་ཁོང་གཏིང་ཟབ་པོས་རྣམ་གྲོལ་གྱི་ལམ་དང་བདག་གི་ངོ་བོ་མཐོང་བའི་ཆེད་དུ་སྒྲུབ་པ་ཉམས་ལེན་བྱེད་ཀྱི་ཡོད་པ་ཞིག་སུའི་སྣང་བ་ལའང་མེད།
ད་ལྟ་འདིར་ཡོད་པའི་སློབ་གཉེར་བའི་ནང་གཱཾདྡྷིའི་རང་རྣམ་ཀློག་མྱོང་མཁན་ཡོད་དམ། མཇབཱུརཱི་ཀཱ་ནཱམ་མཧཱཏྨཱ་གཱཾདྡྷི་ཞེས་འུ་ཐུག་ཐབས་ཟད་ཀྱི་མིང་ལ་མཧཱཏྨཱ་གཱཾདྡྷི་ཟེར་བ་རེད་ཅེས་པའི་བཤད་སྲོལ་ཞིག་ཡོད། དེར་བརྟེན་སུས་ཀློག་གི་རེད་དམ། སྔོན་མ་གཱཾདྡྷི་ལ་ཟུར་ཟ་བྱེད་པའི་དོན་དུ་བཤད་སྲོལ་དེ་ཆགས་པ་རེད། གཱཾདྡྷི་ལ་བྱེད་རྒྱུ་གཞན་གང་ཡང་མེད་སྟབས། འུ་ཐུག་ཐབས་ཟད་ཀྱིས་འཚེ་བ་མེད་པའི་ལམ་དུ་མ་འགྲོ་རང་འགྲོ་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་དེང་སང་ནུབ་ཕྱོགས་པའི་མཁས་པ་མང་པོ་ཞིག་གིས་ད་ལྟ་ང་ཚོས་གཱཾདྡྷི་ལ་སློབ་སྦྱོང་མ་བྱས་ཐབས་མེད་རེད། ང་ཚོའི་མཇ་བཱུ་རཱི་རེད། གལ་ཏེ་ད་ལྟའི་འཇིག་རྟེན་འདིའི་ནང་རྒྱུན་གནས་དང་ཞི་བདེ་དགོས་ན་གཱཾདྡྷིའི་ལྟ་གྲུབ་ལས་གཞན་པའི་གདམ་ག་མེད། དེར་བརྟེན་མཇ་བཱུ་རཱི་ཀཱ་ནཱམ་མཧཱཏྨཱ་གཱཾདྡྷི་ཞེས་པའི་བཤད་སྲོལ་དེ་དངོས་དོན་དུ་ཆགས་ཡོད་ཅེས་འགྲེལ་བཤད་གཞན་ཞིག་རྒྱག་གི་ཡོད། མར་ཊིན་ལུ་ཐར་ཀིང་ (Martin Luther King) གིས་ད་ལྟ་ང་ཚོའི་མདུན་དུ་འཚེ་བ་དང་འཚེ་བ་མེད་པའི་གདམ་ཁའི་གོ་སྐབས་མེད། ང་ཚོའི་མདུན་དུ་ཡོད་པའི་གདམ་ཁ་ནི་འཚེ་བ་མེད་པ་དང་རྩ་མེད་དུ་འགྲོ་རྒྱུ་གཉིས་རྐྱང་པ་རེད་ཅེས་བསྡོམས་ཆེན་པོ་ཞིག་བརྒྱབས་ཡོད།
གཱཾདྡྷིས་ངས་བྲིས་པའི་རང་རྣམ་ལ་ཚད་མར་བཟུང་ནས་ཉམས་ལེན་བྱ་རྒྱུར་བཤད་ཀྱི་མེད། འདི་དཔེ་མཚོན་དུ་བཟུང་ནས་ཁྱེད་ཚོས་ཀྱང་དེ་བཞིན་སྦྱོར་བ་བྱེད་ན་གྲུབ་འབྲས་ཐོན་མིན་སོ་སོའི་ཉམས་མྱོང་གི་ཐོག་ནས་ཤེས་ཀྱི་རེད་ཅེས་གསུངས་ཡོད། དེར་བརྟེན་གཱཾདྡྷི་ནི་ཆབ་སྲིད་པ་དང་སྤྱི་ཚོགས་ཞབས་ཞུ་བ་ཙམ་མིན་པར། སེམས་གཏིང་ནས་ཆོས་པ་དང་ཆོས་ལུགས་ཉམས་ལེན་བྱེད་མཁན་ཞིག་ཡིན་པར་ངེས་པར་དུ་ཁས་ལེན་གནང་དགོས་ཀྱི་རེད་བསམ་གྱི་འདུག
ད་ལྟ་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་ཚོའི་ནང་དུས་ཚོད་མང་པོ་ཕྱིན་ནས་ལྟ་གྲུབ་ཐོག་ལ་སླེབས་དུས་ཏོག་ཙམ་རྟ་རྒྱུག་གཏོང་དགོས་ས་རེད། གཱཾདྡྷིའི་ལྟ་གྲུབ་མཁྱེན་འདོད་ཡོད་ན་དེབ་མང་པོ་ཀློག་དགོས་པ་གང་ཡང་མེད། གཱཾདྡྷིའི་སྐུ་ཚེ་གཅིག་གི་རིང་ལ་གང་དགོངས་པ་བཞེས་པ་དེ་ཚོ་ཁོང་གི་གསུང་རྩོམ་ཧིནྡ་སྭཱརཱཇ་ (Hind Swaraj) ནང་བསྡོམས་བརྒྱབས་ཡོད། ཧིནྡ་སྭཱརཱཇ་བརྩམས་ནས་ལོ་སུམ་ཅུ་སོ་གྲངས་ཕྱིན་པའི་རྗེས་སུ་གཱཾདྡྷིས་བསྐྱར་ཞིབ་ཀྱིས་འགྲེལ་བརྗོད་གནང་བའི་ནང་དོན་དག་གཅིག་ལའང་འགྱུར་བ་གཏོང་དགོས་པ་མི་འདུག། ངའི་ཡིད་ཆེས་དེ་རང་ཡིན། འོན་ཀྱང་རྒྱ་གར་གྱི་སྤྱིར་བཏང་གི་ལས་དོན་རྣམས་གནས་སྐབས་དེའི་ཐོག་མ་སླེབས་པའང་མང་པོ་ཡོད་པ་རེད་ཅེས་གསུངས་ཡོད། དེར་བརྟེན་ཧིནྡ་སྭཱརཱཇ་ནི་གཱཾདྡྷིའི་རྩ་བའི་གཞུང་ལྟ་བུ་ཞིག་ལ་བརྩི་ཆོག སྤྱིར་གཱཾདྡྷིའི་གསུང་འབུམ་ད་ལྟ་རྒྱ་གར་གཞུང་གིས་པར་བརྒྱབས་པ་དེའི་ནང་དེབ་གྲངས་བརྒྱ་དང་བཅུ་བདུན་ནམ་བཅོ་བརྒྱད་ཙམ་ཡོད། དེ་དག་ང་ཚོས་མི་ཚེ་གཅིག་གི་ནང་ཆ་ཚང་ཀློག་མི་ཐུབ། དེས་ན་དང་པོ་གཱཾདྡྷིའི་ཧིནྡ་སྭཱརཱཇ་དང་། དེའི་རྗེས་སུ་ཉེ་ཆར་ཕྱི་ལོ་ ༢༠༠༣།༢༠༠༤ ནང་སྐུ་ཞབས་དྷརྨ་པཱལ་གྱིས་བརྩམས་པའི་Understanding of Gandhi ཞེས་པའི་དེབ་ཆུང་ཞིག་ཡོད། དེ་གཉིས་གཟིགས་ན་གཱཾདྡྷིའི་ལྟ་གྲུབ་དེ་ཆ་ཚང་བ་དང་ནོར་འཁྲུལ་མེད་པ་ཞིག་མཁྱེན་ཐུབ།
གཱཾདྡྷིས་ཧིནྡ་སྭཱརཱཇ་ནང་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དང་སྲོལ་རྒྱུན་སྤྱི་ཚོགས་ཀྱི་དཔལ་ཡོན་གཉིས་དབར་ལེགས་ཉེས་ཀྱི་དབྱེ་བ་གང་གཟིགས་པ་དེ་ཞིབ་ཚགས་པོས་གསུངས་ཡོད། ཧིནྡ་ཟེར་བ་ནི་རྒྱ་གར་དང་། སྭཱརཱཇ་ནི་རང་དབང་དང་། རང་སྐྱོང་། རང་སྲིད་རང་སྐྱོང་ལ་གོ་དགོས། སྭཱརཱཇ་ཞེ་ན་རང་གི་ཐོག་ཏུ་རང་གི་དབང་སྒྱུར་ཡོད་པ་ཞིག་ལ་གོ་དགོས། ཧིནྡ་སྭཱརཱཇ་ཞེས་པ་ཨིན་སྐད་ནང་ Indian Home Rule ཞེས་བསྒྱུར་ཡོད། འགྱུར་དེ་ནི་ཧ་ཅང་ཞན་པོ་རེད། དངོས་གནས་ཡག་པོ་བསྒྱུར་ན་ Indian Self Rule རེད། ཧིནྡ་སྭཱརཱཇ་ནི་དེབ་ཆུང་ཞིག་རེད། ཕལ་ཆེར་ཤོག་བུ་སུམ་ཅུ་སོ་གྲངས་ཤིག་ཡོད། སྔོན་མ་སྒོར་མོ་ ༥ རེ་རེད། ད་ལྟ་སྒོར་མོ་ ༡༠ ལ་འཕར་འདུག རྒྱ་གར་གྱི་མེ་འཁོར་འབབ་ཚུགས་མང་པོར་ Sarvodaya Book Shop དང་ Gita Press Book Shop ཞེས་པའི་དཔེ་དེབ་ཚོང་ཁང་དུ་རག་གི་རེད། ཧིནྡཱི་དང་། ཨིན་སྐད། དེ་བཞིན་བོད་སྐད་དུའང་ཡོད། བོད་སྐད་ནང་འགྱུར་གཉིས་ཙམ་ཡོད།
ཧིནྡ་སྭཱརཇ་དེབ་ཀྱི་བརྗོད་བྱ་གཙོ་བོ་ནི་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་སྐོར་རེད། སྤྱིར་སྤྱི་ཚོགས་ཀྱི་དཔལ་ཡོན་ཟེར་བ་དེ་བོད་སྐད་ནང་ནམ་རྒྱུན་འཆར་ཅན་བེད་སྤྱོད་གཏོང་བའི་ཚིག་ཅིག་མ་རེད། དེ་ནི་ཨིན་སྐད་ནང་ Civilization དང་། ཧིནྡཱི་དང་གུཇརཱཏཱི་གཉིས་ཀའི་ནང་སབྷྱཏཱ་ཞེས་པའི་ཚིག་དེ་བོད་སྐད་ནང་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་བསྒྱུར་ཡོད། བོད་སྐད་ནང་སབྷྱཏཱ་ཞེས་པའི་ཚིག་གི་འགྱུར་སྔོན་མ་ཞིག་ད་བར་རག་མ་སོང་། Civilization དང་སབྷྱཏཱ་ཞེས་པའི་གཉིས་ཀར་ངེས་ཚིག་གིས་བཤད་པ་བརྒྱབ་ན། ཡར་རྒྱས་ཕྱིན་ཟིན་པའམ་ཡར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་ལ་བརྗོད་ཀྱི་ཡོད་པ་གསལ་པོ་རེད། ཡིན་ནའང་ཚིག་རིང་པོ་དེ་འདྲ་བདེ་པོ་མེད་སྟབས། དེའི་ཚབ་ཏུ་སྤྱི་ཚོགས་ཀྱི་དཔལ་ཡོན་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་རེད།
དེས་ན་ཧིནྡ་སྭཱརཱཇ་ནང་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དང་སྲོལ་རྒྱུན་སྤྱི་ཚོགས་ཀྱི་དཔལ་ཡོན་དབར་གྱི་ཁྱད་པར་དེ་གསལ་པོ་གསུངས་ཡོད། དེའི་ནང་རྒྱ་གར་ཅིའི་ཕྱིར་དབྱིན་ཇིའི་དབང་འོག་ཏུ་ཤོར་བ་རེད་ཅེ་ན། དབྱིན་ཇི་སྟོབས་ཆེ་དྲགས་ནས་རྒྱ་གར་ལ་དབང་སྒྱུར་བྱས་པ་མ་རེད། རྒྱ་གར་རང་གི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་བསྡད་མ་ཐུབ་པར་ཉམས་དམའ་པོ་ཆགས་པ་ཡིན་སྟབས། རྒྱ་གར་གྱི་ཆབ་སྲིད་ཀྱི་མངའ་དབང་དེ་སྡེར་མའི་ནང་བཞག་ནས་དབྱིན་ཇི་ལ་ཕུལ་བ་རེད། ད་ལྟ་ཚུར་བླང་རྒྱུའང་རྒྱ་གར་རང་གི་འབད་བརྩོན་ཐོག་ནས་བླང་དགོས་པ་མ་གཏོགས། ཨིན་ཇིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གནང་གི་མ་རེད། ང་ཚོས་ཨིན་ཇིར་འཇིགས་སྣང་བསྐུལ་བའམ་ཡང་ན་དྲག་པོས་དམག་འཐབ་བྱས་ནས་བླང་མི་ཐུབ་ཅིང་བླང་མི་འོས། གང་ལྟར་ཨིན་ཇིས་རྒྱ་གར་དབང་བསྒྱུར་བྱེད་མི་ཐུབ་པ་ཇི་ལྟར་བཟོ་དགོས་ཤེ་ན། རྒྱ་གར་བ་རྣམས་རང་གི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་རང་ཉིད་གནས་པའི་ཐོག་ནས་ཨིན་ཇི་རྣམས་རྒྱ་གར་བ་ནང་བཞིན་བཟོ་ཐུབ་ན་ཁོང་ཚོ་ཕྱིར་ཕུད་དགོས་དོན་མེད། དེར་བརྟེན་རྒྱ་གར་གྱི་རང་དབང་ནི་ཨིན་ཇིའི་དབང་སྒྱུར་བ་རྣམས་ཕྱི་ལ་ཕུད་དང་མ་ཕུད་ལ་རག་ལས་ཀྱི་མེད། དེ་ནི་རྒྱ་གར་རང་གི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དང་མཐུན་པའི་ཆབ་སྲིད་ཀྱི་གནས་བབས་ཡོང་མིན་ལ་རག་ལས་པ་རེད་ཅེས་གསལ་ཡོད།
བར་སྐབས་ཤིག་ལ་མཧཱབཱིར་ཏྱཱགཱིས་བདག་ཉིད་ཆེན་པོ་གཱཾདྡྷི་ལ་ཇབཱཧར་ལཱལ་ནེཧརཱུ་དང་ཁྱེད་རང་གཉིས་དབར་དགོངས་ཚུལ་མི་མཐུན་པ་ཆེན་པོ་ཞིག་ཡོད་ཚུལ་གོ་རྒྱུ་འདུག མི་མཐུན་པ་དེ་གང་རེད་ཅེས་དྲིས་པར། གཱཾདྡྷིས་དང་པོ་གང་ཡང་ཡོད་པ་མ་རེད་ཅེས་གསུངས། འོན་ཀྱང་མཧཱབཱིར་ཏྱཱགཱིས་ཨུ་ཚུགས་བརྒྱབས་ནས་ཐེངས་མང་དྲིས་དུས། གཱཾདྡྷིས་དེ་ནི་གནས་ཚུལ་ཆུང་ཆུང་ཞིག་རེད། ཇབཱཧར་ལཱལ་གྱི་དགོངས་ཚུལ་ལ་ཨིན་ཇིའི་མི་དེ་ཚོ་རྒྱ་གར་ནས་ཕུད་དགོས་ཀྱི་ཡོད་པ་དང་། འོན་ཀྱང་ཨིན་ཇིའི་ལམ་དང་ལུགས་སྲོལ་དེ་ཚོ་ཕུད་རྒྱུའི་བསམ་ཚུལ་མེད། ངའི་བསམ་ཚུལ་ནི་ཨིན་ཇིའི་ལམ་དང་ལུགས་སྲོལ་དང་ཁོང་ཚོའི་བསམ་སྤྱོད་ཀྱི་གནས་སྟངས་རྒྱ་གར་ནས་ཕུད་དགོས་ཀྱི་ཡོད་པ་དང་། ཨིན་ཇིའི་མི་རྣམས་འདིར་བསྡད་ནའང་སྐྱོན་གང་ཡང་མེད་ཅེས་པ་དེ་རེད། ང་གཉིས་མ་མཐུན་པའི་གནས་ཚུལ་དེ་ཙམ་རེད་གསུངས། དེ་རྗེས་ཕྱི་ལོ་ ༡༩༤༥ ལོར་གཱཾདྡྷིས་ཇབཱཧར་ལཱལ་ནེཧརཱུ་ལ། ང་གཉིས་དབར་བསམ་ཚུལ་མི་མཐུན་པ་དེ་གཞི་རིམ་གྱི་བསམ་ཚུལ་མི་མཐུན་པ་རེད་འདུག མཐུན་པའི་གཞི་རྩ་རྩ་བ་ནས་མི་འདུག དེར་བརྟེན་ཁྱེད་ཀྱི་བསམ་ཚུལ་གང་ཡོད་པ་ཆ་ཚང་བྲིས་ནས་བསྐུར་ཤོག དེ་ Young India གསར་ཤོག་ཐོག་པར་འདེབས་བྱ་རྒྱུ་ཡིན། དེའི་རྗེས་སུ་ངའི་ལན་ཐུང་ཐུང་ཞིག་ཀྱང་པར་འདེབས་བྱ་རྒྱུ་ཡིན། གང་ལྟར་ང་གཉིས་ཀྱི་བསམ་ཚུལ་མ་མཐུན་པ་དེ་རྒྱ་གར་མང་ཚོགས་ཀྱིས་མ་ཤེས་པར། ཁོང་ཚོ་ནག་ཁུང་ནང་བཞག་ན་ཡག་པོ་མེད་ཅེས་ཕྱག་བྲིས་གནང་འདུག ནེཧརཱུས་ཡིག་ལན་མ་བཏང་བར་ལམ་སེང་གཱཾདྡྷིའི་སྐུ་མདུན་དུ་བཅར་ནས་དེ་འདྲ་རྩ་བ་ནས་མེད། མང་ཚོགས་ལ་བཤད་ན་ཡག་པོ་ཡོད་པ་མ་རེད་ཅེས་གསུངས་ཏེ་པར་འདེབས་བྱེད་མ་བཅུག་པ་རེད། དེར་བརྟེན་ནང་གི་མ་མཐུན་པ་དེ་རང་འཇགས་བསྡད་པ་རེད། གལ་ཏེ་རྒྱ་གར་མང་ཚོགས་ཀྱིས་སྐབས་དེར་དེ་ཚོ་ཤེས་ཡོད་ན་གཅིག་བྱས་ན་རང་དབང་ཅན་གྱི་རྒྱ་གར་ནང་གནས་ཚུལ་མི་འདྲ་བ་ཡོང་སྲིད་པ་ཞིག་རེད་བསམ་གྱི་ཡོད།
གཱཾདྡྷིའི་གྲུབ་མཐའི་ནང་བདེན་པ་དང་འཚེ་བ་མེད་པ་གཞི་རྩར་བཞག་པའི་ཐོག་ནས་གལ་ཆེ་བ་ཁ་ཤས་ཟུར་དུ་བཏོན་ནས་ཞུ་ན། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་འགུལ་རྣམས་བདེན་པའི་ཨུ་ཚུགས་ (Satyagraha) ཀྱི་ཐོག་ནས་བསྒྲུབ་རྒྱུ་དེ་ཁོང་གི་གསར་གཏོད་ཆེན་པོ་ཞིག་རེད། དེ་ལ་ནང་གསེས་ཕྱེ་ན་མཐུན་འགྱུར་མི་བྱེད་པར་ (Non-cooperation) འགལ་ཟླ་བྱེད་རྒྱུ་དེ་གཅིག་རེད། མཐུན་འགྱུར་མི་བྱེད་ཅེས་པ་ནི་ང་ཚོས་འགལ་ཟླ་བྱེད་སའི་དབང་འཛིན་པའམ་གང་ཟག་དང་གཞུང་སུ་ཡིན་ནའང་དེའི་ལས་དོན་ལ་མཐུན་འགྱུར་མི་བྱེད་པ་དང་མཉམ་རུབ་མི་བྱེད་པ་ལ་བརྗོད། འགལ་ཟླ་བྱེད་པ་ཞེས་པ་ནི་རྔམས་སྟོན་ཁྲོམ་སྐོར་དང་། ཡི་གེ་འབྲི་རྒྱུ། ཞུ་བ་འབུལ་རྒྱུ། ཁྲིམས་ཁང་དུ་འགྲོ་རྒྱུ་སོགས་རེད།
རཅནཱཏྨཀ་ཀཱརྱཀྲམ་ (Constructive programs) ཟེར་བ་དེ་གཅིག་རེད། དེ་ནི་འཛུགས་སྐྲུན་གྱི་ལས་རིམ་རེད། གཱཾདྡྷིས་ཨིན་ཇི་དང་རང་དབང་འཐབ་རྩོད་བྱེད་པའི་སྐབས་སུ་ཨིན་ཇི་ལ་ངོ་རྒོལ་བྱ་རྒྱུར་གལ་ཆེན་པོ་བརྩིས་མེད། སྤྱིར་ཨིན་ཇིར་དྲན་གསོ་གཏང་རྒྱུ་དང་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ལས་འགུལ་ཆེན་པོ་མང་པོ་བརྩམས་ཡོད་རུང་། འོན་ཀྱང་སོ་སོའི་སྒྲུབ་ཕྱོགས་ཀྱི་ལས་ཀ་བྱེད་རྒྱུའམ་འཛུགས་སྐྲུན་གྱི་ལས་རིམ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེ་བར་བརྩིས་པ་རེད། ཁོང་གིས་ཨིན་ཇི་ལ་ངོ་རྒོལ་བྱེད་རྒྱུའི་ལས་དོན་མང་པོ་བསྒྲུབས་མ་ཐུབ་པར་ལྷག་སོང་ནའང་སྐྱོན་གང་ཡང་མེད། སྒྲུབ་ཕྱོགས་ཀྱི་ལས་དོན་ནམ་འཛུགས་སྐྲུན་གྱི་ལས་རིམ་བྱེད་བཞིན་པ་དེ་ཚོ་ཉིན་གཅིག་འཐུས་ཤོར་ཕྱིན་ནའང་ལམ་སེང་གྱོང་ཆེན་པོ་ཆགས་ཀྱི་རེད། དེས་ན་ང་ཚོའི་ངོ་རྒོལ་གྱི་ལས་འགུལ་ཡག་པོ་ཡོང་བའི་ཐབས་ལམ་གཙོ་བོ་དེ་སོ་སོའི་སྒྲུབ་ཕྱོགས་ཀྱི་ལས་དོན་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད།
དེ་ནས་དཔལ་འབྱོར་སྐོར་སརྦོདཡ་དང་ནྱཱས་པྲཎཱལཱི་ (Trusteeship) ཞེས་པ་གཉིས་གཱཾདྡྷིའི་དཔལ་འབྱོར་གྱི་དགོངས་ཚུལ་གལ་ཆེ་ཤོས་ཤིག་རེད། དེ་གཉིས་ཇི་ལྟར་ཡོང་ཐུབ་བམ་ཞེ་ན། གྲོང་གསེབ་ཀྱི་རང་དབང་ (Gram Swaraj) གི་གནས་བབ་ཐོག་ནས་ས་གནས་ཚང་མར་དཔལ་འབྱོར་གྱི་རང་དབང་ཡོང་ཐབས་དེ་རེད། གྲོང་གསེབ་ཀྱི་རང་དབང་ཞེས་པའི་ནང་ས་གནས་རང་གི་ཐོན་སྐྱེད་ཀྱིས་ས་གནས་རང་ལ་འདང་བར་བྱེད་པའི་རང་ཁ་རང་གསོ་དེ་ཤུགས་ཆེན་པོས་གསུང་གི་ཡོད། རང་ཁ་རང་གསོ་ཟེར་བ་དེ་བོད་པའི་བཤད་སྟངས་ཤིག་རེད། ཨིན་སྐད་ནང་ Self-sufficiency དང་ Localization ཟེར་བ་དེ་རེད། དེ་ནི་གོ་ལ་གཅིག་སྒྱུར་རིང་ལུགས་ (Globalization) ཀྱི་འགལ་ཟླ་རེད། Localization ནི་ས་གནས་རང་ལ་མཚམས་བཟུང་ནས་བསྡད་རྒྱུ་དེ་རེད། གཱཾདྡྷི་སྐུ་འཚོ་བཞུགས་སྐབས་སུ་འཇིག་རྟེན་ནང་གོ་ལ་གཅིག་སྒྱུར་གྱི་སྐད་ཆ་གཞི་ནས་སླེབས་རྒྱུ་རེད། ཡིན་ནའང་དེ་སླེབས་རྒྱུ་ཡིན་པ་དེ་གཱཾདྡྷིས་ཕྱི་ལོ་ ༡༩༠༩ ནས་གསལ་པོ་གཟིགས་ཚར་བ་མ་ཟད། དེའི་ལམ་དུ་རྒྱ་གར་བཏང་ན་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་པ་མཁྱེན་ནས་ Localization ཐོག་ཧ་ཅང་ཤུགས་བསྐྱོན་པ་རེད།
དེ་བཞིན་དབུས་སུ་གཅིག་འདུས་མི་ཡོང་བ་ (Decentralization) དེ་གལ་ཆེན་པོར་བརྩིས་པ་རེད། འོན་ཀྱང་དེང་སང་དེ་ཚོ་ཆ་ཚང་སླེབས་ཚར་བ་རེད། Trusteeship ཞེས་པ་ནི་དཔལ་འབྱོར་གྱི་མ་རྩ་གང་ཟག་བྱེ་བྲག་པ་དང་སྒྲིག་འཛུགས་བྱེ་བྲག་པ་ལ་མི་དབང་བར། སྤྱི་ཚོགས་ཡོངས་རྫོགས་ལ་དབང་བའི་མ་རྩའི་གནས་བབ་ཅིག་ལ་བརྗོད། དེ་ནི་མ་རྩའི་རིང་ལུགས་ལྟ་བུ་མིན་པར། མ་རྩའི་གནས་བབ་དེ་དགེ་རྩའམ་ཐེབས་རྩ་བཞིན་བསྡད་པ་མ་གཏོགས་གཞུང་ལ་དབང་བ་མ་ཡིན་པ་དང་། མ་བདག་སྒེར་པ་ལ་དབང་བ་མ་ཡིན་པ། དེ་བཞིན་རྒྱལ་ཁབ་མང་པོ་མཉམ་འདུས་ཅན་གྱི་ཚོགས་སྡེ་ (Multinational Company) ཁག་ལ་དབང་བ་མ་ཡིན་པ་བཟོ་རྒྱུ་དེ་རེད། གང་ལྟར་དེ་ཚོ་ཚང་མའི་མ་རྩ་སྒེར་དབང་གི་ལམ་སྲོལ་རྩ་བ་ནས་མེད་པ་བཟོས་ཏེ། ས་ཞིང་ཡིན་ནའང་རེད། དངུལ་གྱི་མ་རྩ་ཡིན་ནའང་རེད། འཛུགས་སྐྲུན་ཡིན་ནའང་རེད། ཐོན་སྐྱེད་ཡིན་ནའང་རེད། ཚང་མ་སྤྱི་ཚོགས་ལ་བདག་དབང་ཡོད་པ་གཞག་རྒྱུ་དེ་རེད།
གཱཾདྡྷི་ནི་དཔལ་འབྱོར་རིག་པའི་སློབ་ཕྲུག་ཅིག་མིན་ཡང་། ཁོང་གིས་དཔལ་འབྱོར་རིག་པའི་གནས་སྟངས་དེ་གཏིང་ཟབ་པོས་གཟིགས་པ་རེད། གཱཾདྡྷིའི་དཔལ་འབྱོར་གྱི་ལམ་ལུགས་དེ་དཔལ་འབྱོར་རིག་པའི་འགྲོས་ཀྱི་ཐོག་ནས་དེའི་ལྟ་གྲུབ་དང་ལག་ལེན་ཚང་མ་གསལ་པོ་བཟོ་མཁན་ Dr. J. C. Kumarappa རེད། ཁོང་ནི་གཱཾདྡྷིའི་རྗེས་འཇུག་དང་ནུབ་ཕྱོགས་ནས་སློབ་སྦྱོང་ཐོན་པའི་དཔལ་འབྱོར་རིག་པའི་མཁས་པ་ཆེན་པོ་ཞིག་རེད། ཁོང་གིས་ Economy of Permanence ཞེས་པའི་དེབ་ཆེན་པོ་དེ་བྲིས་པ་རེད། དེས་གཱཾདྡྷིའི་དཔལ་འབྱོར་རིང་ལུགས་རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀའི་ནང་ལག་ལེན་བསྟར་ཕྱོགས་དེ་བསྟན་པ་རེད། དེའི་རྗེས་སུ་དེའི་ཁ་སྐོང་ལྟ་བུར་སྐུ་ཞབས་ཤུ་མེ་ཀར་ (E. F. Schumacher) གྱི་ Small is Beautiful ཞེས་པའི་དེབ་དེ་རེད། འདིིའི་ལེའུ་གཅིག་ནང་པའི་དཔལ་འབྱོར་གྱི་ལྟ་གྲུབ་སྐོར་གསུངས་ཡོད། དཔལ་འབྱོར་རིག་པ་སྨྲ་བ་ཞིག་གིས་ནང་པའི་དཔལ་འབྱོར་གྱི་ལྟ་གྲུབ་སྐོར་བྲིས་པ་ཕལ་ཆེར་ཁོང་མ་གཏོགས་ཡོད་ཀྱི་མ་རེད། དེའི་ནང་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའི་ལྟ་གྲུབ་ཐོག་ནས་ནང་པའི་དཔལ་འབྱོར་རིག་པ་ཇི་ལྟར་ཡོང་ཚུལ་གསུངས་ཡོད།
གཱཾདྡྷིས་ཚན་རིག་དང་འཕྲུལ་ལས་གཉིས་ཀར་དགག་བྱ་ཤུགས་ཆེན་པོ་གནང་གི་ཡོད། དེའི་རྒྱུ་མཚན་ནི་རྒྱ་གར་གྱི་གནའ་བོའི་མཁས་དབང་ཚོས་འཕྲུལ་ལས་མ་མཁྱེན་པ་དང་། འཕྲུལ་ལས་ཐོག་ཚོད་བལྟ་གནང་མ་ཤེས་པ་དེ་འདྲ་གང་ཡང་མིན། གལ་ཏེ་སྤྱི་ཚོགས་འཕྲུལ་ལས་ཅན་དང་བཟོ་ལས་ཅན་ (Industrialization) ཆགས་ན་སྤྱི་ཚོགས་ཀྱི་གནས་བབ་དེ་འཐོར་འགྲོ་རྒྱུ་རེད། དེའི་རྒྱུ་མཚན་ནི་མིའི་སྤྱི་ཚོགས་ནང་མཐུན་རྐྱེན་མིའི་དགོས་མཁོ་དང་འཚམས་པ་ཞིག་དགོས་ཀྱི་ཡོད། དགོས་མཁོ་ལས་བརྒལ་བའི་མཐུན་རྐྱེན་བསྐྲུན་ན། མིའི་སྤྱི་ཚོགས་ཀྱི་བསམ་བློ་དེ་འདོད་པ་བསོད་ཉམས་ཀྱི་མཐའམ་བག་མེད་ལོངས་སྤྱོད་ཀྱི་མཐའ་ལ་ལྷུང་འགྲོ་གི་རེད། བག་མེད་ལོངས་སྤྱོད་ཀྱི་མཐའ་ལ་ལྷུང་ན། སྤྱི་ཚོགས་དང་། ཁོར་ཡུག དཔལ་འབྱོར་གསུམ་ག་རྒྱུན་གནས་ཐུབ་ཀྱི་མ་རེད། སྤྱིར་ད་ལྟའི་བག་མེད་ལོངས་སྤྱོད་ཀྱི་གནས་བབ་དེ་གཱཾདྡྷིའི་སྐབས་སུ་མེད་ཀྱང། ཁོང་གིས་སྐབས་དེ་དུས་ནས་འབྱུང་འགྱུར་དེ་འདྲ་ཡོང་རྒྱུ་ཡིན་པ་གསལ་པོ་གཟིགས་ནས་བཀའ་གནང་བ་རེད།
གཱཾདྡྷིས་ཚུལ་ཁྲིམས་ཀྱི་ཆ་ནས་བརྟུལ་ཞུགས་བཅུ་གཅིག་ (ཨེཀཱ་དཤ་བྲཏ་) གསུངས་ཡོད། དེ་དག་ནི།
དང་པོ་འཚེ་བ་མེད་པ། (ཨཧིཾསཱ) གཉིས་པ་བདེན་པ། (སཏྱ) གསུམ་པ་མ་བྱིན་པ་མི་ལེན་པ། (ཨསྟེཡ) བཞི་པ་ཚངས་པར་སྤྱོད་པ། (བྲཧྨཅརྱ) ལྔ་པ་གསོག་འཇོག་མི་བྱེད་པ། (ཨཔརིགྲཧ) དྲུག་པ་ལུས་ཀྱི་ངལ་རྩོལ་བྱེད་པ། (ཤརཱིརཤྲམ) བདུན་པ་རོ་བཅུད་དང་དུ་མི་ལེན་པ། (ཨསྭཱད) དེ་ནི་ནང་པ་སངས་རྒྱས་པས། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།། ཚགས་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།། ཞེས་གསུངས་པ་དང་མཚུངས། ཡ་མཚན་པ་ཞིག་ལ། བྱ་རྒྱུད་ཀྱི་དམ་ཚིག་ཁ་ཤས་ནང་རོ་བཅུད་དང་དུ་མི་ལེན་པ་དེ་ཡོང་གི་ཡོད། བརྒྱད་པ་འཇིགས་པ་མེད་པ། (ཨབྷཡ) དགུ་པ་ཆོས་ལུགས་ཚང་མར་གཅིག་གྱུར་གྱི་གུས་ཞབས་དགོས་པ། (སརྦ་དྷརྨ་སམབྷཱབ) བཅུ་པ་ས་གནས་རང་གི་མཐུན་རྐྱེན་བེད་སྤྱོད་གཏོང་བ། (སྭདེཤཱི) བཅུ་གཅིག་པ་རིགས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་རེག་མི་རུང་བའི་བསམ་ཚུལ་མེད་པ་ (ཨསྤྲྀཤྱཏཱ་ནིབཱརཎ) བཅས་ཁོང་གིས་རྒྱུན་དུ་ཉམས་ལེན་གནང་བ་མ་ཟད། སཱབར་མཏི་ཨཱཤྲམ་ (Sabarmati Ashram) དང་། སེབཱ་གྲཱམ་ཨཱཤྲམ་ (Sewagram Ashram) གཉིས་ཀའི་ནང་བཞུགས་མཁན་ཚང་མས་ལག་ལེན་བྱེད་ཀྱི་ཡོད། དེ་སྔ་ལྷོ་ཨ་ཧྥི་རི་ཀའི་ནང་ཕི་ནིཀྶ་ཨཱཤྲམ་ (Phoenix Ashram) གཅིག་ཡོད་པ་དེའི་ནང་དུའང་ལག་ལེན་བསྟར་བ་རེད། གང་ལྟར་ཨཱཤྲམ་ནང་བཞུགས་མཁན་ཚང་མས་ཁས་ལེན་བྱེད་དགོས་པའི་དམ་ཚིག་ཅིག་རེད། གཞན་རྣམས་མཚུངས་ཀྱང་། གཱཾདྡྷིས་ཚངས་པར་སྤྱོད་པ་ (Brahmacharya) དེ་བྱང་སེམས་ཕྱིར་མི་འཕོ་བ་ལ་གཙོ་བོར་འགྲེལ་བཤད་གནང་འདུག དེའི་ཐོག་དང་པོ་དོ་སྣང་མ་བྱུང་། རྗེས་སུ་ནང་པའི་སྔགས་ཀྱི་ནང་སྤྱིར་བྱང་སེམས་ཕྱིར་མི་འཕོ་བའི་གནས་ཚུལ་མང་པོ་ཡོད་ཀྱང་། དུས་འཁོར་ནང་བྱང་སེམས་ཕྱིར་འཕོ་བ་དེ་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་ནང་བཞག་འདུག དེར་བརྟེན་བྱང་སེམས་ཕྱིར་མི་འཕོ་བའི་དམ་བཅའ་དེ་གནད་འགག་ཆེན་པོ་ཡིན་ས་རེད། དེ་ནི་གཱཾདྡྷིའི་རྣམ་རྟོག་གིས་བཟོས་པའི་སྐད་ཆ་ཞིག་ཡིན་བཟོ་མི་འདུག སྤྱིར་བཏང་ནང་པས་ཚངས་སྤྱོད་དེ་བྱང་སེམས་མི་འདོར་བ་རྐྱང་པར་གོ་གི་མ་རེད། དེ་ལས་གཞན་པའི་ཚངས་པར་སྤྱོད་པའི་གནས་བཞི་ལ་སོགས་པ་འགྲེལ་བཤད་མང་པོ་བརྒྱབ་རྒྱུ་ཡོད་པ་རེད། འོན་ཀྱང་དོན་དུ་ཉམས་ལེན་བྱེད་པའི་སྐབས་སུ་གཱཾདྡྷིས་བཤད་པ་དེ་ཡང་ནང་པའི་ཆོས་ཀྱི་རྒྱབ་ལྗོངས་མེད་པ་ཞིག་མིན་པ་འདྲ།
ཡུལ་གྱི་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་རྣམས་སརྦོདཡ་ཞེས་མགོ་ནས་མར་མགོ་མ་བཙུགས་པར། གཤམ་གྱི་མཐའ་མ་དེ་ནས་ཡར་ཡར་རྒྱས་འགྲོ་དགོས་པ། གང་ལྟར་གང་ཟག་བྱེ་བྲག་པའི་ཡར་རྒྱས་གཅིག་པུ་མ་ཡིན་པར། ཐམས་ཅད་ཡར་རྒྱས་ (Sarvodaya) འགྲོ་དགོས་པ་དེའི་གནས་ཚུལ་དེ་གསུང་གི་ཡོད།
དེས་ན་བདེན་པ་དང་འཚེ་བ་མེད་པའི་སྒྲོམ་གཞིའི་ནང་ཆབ་སྲིད་ཀྱི་གནས་བབ་གྲོང་གསེབ་རང་དབང་དང་། དཔལ་འབྱོར་གྱི་གནས་བབ་རང་ཁ་རང་གསོའམ། ཡང་ན་དཔལ་འབྱོར་གྱི་གནས་བབ་དགོས་མཁོར་བརྟེན་པ། འཕྲུལ་ལས་དང་ཚན་རིག་ལ་དོ་སྣང་མི་བྱེད་པ། ལུས་དང་སེམས་གཉིས་ནས་སེམས་གཙོ་བོར་བྱེད་དགོས་པ། ལུས་ཀྱི་བདེ་སྐྱིད་གཙོ་བོར་བྱེད་ན་གནས་ཚུལ་མང་པོ་ཉེན་ཁ་ཆེན་པོའི་ནང་ལྷུང་རྒྱུ་ཡིན་པ་དེ་དག་གཱཾདྡྷིའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ནང་བརྩི་ཆོག ད་ལྟ་དུས་ཚོད་ཐོག་མའི་གཏན་འབེབས་ལས་བརྒལ་སོང་། འདིར་མཚམས་འཇོག་བྱ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།།
(༢༠༡༢ ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏཱི་ཤའི་ཚོགས་ཁང་དུ་གཱཾདྡྷིའི་ལྟ་གྲུབ་སྐོར་གསུང་བཤད་གནང་བ་ཞིག་ཡིན།)