༈ གསུམ་པ། ཚན་རིག་དང་འཕྲུལ་ལས་ཀྱི་དགོས་འདོད་ཇི་ལྟར་བྱུང་བ་དང་། དེ་ལ་བརྟེན་ནས་སྐྱེ་རྒུའི་འཕྲལ་ཡུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གནོད་ཇི་བྱུང་སྐོར།

༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༧

༄༅།། ཁ་སང་ཉིན་དང་པོ་དང་གཉིས་པའི་བརྗོད་གཞི་དེ་དག་རྒྱ་ཆེན་པོ་དང་ཡན་ལག་མང་པོ་ཡོད་སྟབས། ཆ་ཚང་བ་ཞིག་ཞུ་རྒྱུའི་གོ་སྐབས་བྱུང་མ་སོང་། ཉིན་གཉིས་པར་དྲི་བ་དྲིས་ལན་གྱི་དུས་ཚོད་མ་ལྷག་པ་རེད། ཚན་རིག་དང་འཕྲུལ་ལས་ནི་ཕྱོགས་གཅིག་ནས་ཡོངས་གྲགས་ཤིག་རེད། ཕྱོགས་གཞན་ནས་གདན་ས་ཁག་གི་སློབ་གྲྭ་དང་གདན་ས་ཁག་གི་སློབ་གཉེར་བ་རྣམས་ཀྱིས་ཚན་རིག་སྦྱོང་གི་ཡོད་རེད། དེར་བརྟེན་ངས་ངོ་སྤྲོད་མང་པོ་ཞུ་དགོས་པ་མེད། ཁྱེད་རང་ཚོ་ཚན་རིག་སྦྱོང་མཁན་ཚོས་ང་ཚོ་ལས་མང་བ་མཁྱེན་གྱི་རེད། ཚན་རིག་གི་ཟླས་དྲངས་པའི་འཕྲུལ་ལས་ལ་ལྟ་གྲུབ་ཐོག་ནས་འགྲེལ་བཤད་མང་པོ་བརྒྱབ་རྒྱུ་གང་ཡང་མེད་ཀྱང་། དངོས་སུ་ལག་བསྟར་སྐབས་བཤིག་སྒྲིག་བྱེད་སྟངས་དང་། ཐོག་མའི་བཟོ་ལུགས་བཟོ་སྟངས་སོགས་ལ་སློབ་སྦྱོང་བྱེད་རྒྱུ་མ་གཏོགས། སློབ་ཚན་གཞན་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། འཕེལ་རིམ་སོགས་མ་མཁྱེན་པ་མེད། དེར་བརྟེན་དེ་རིང་ངོ་སྤྲོད་ཞུ་རྒྱུའི་དུས་ཚོད་ཕྲན་བུ་ཐུང་དུ་བཏང་ནས། བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་དུས་ཚོད་ཕྲན་བུ་མང་དུ་ལྷག་རྒྱུའི་འབད་རྩོལ་བྱེད་རྒྱུ་ཡིན།

ཐོག་མར་ཚན་རིག་སྐོར་དེ་རེད། དགོས་འདོད་ཇི་ལྟར་བྱུང་བ་ཞེས་པ་ནི་ཚན་རིག་ཡར་རྒྱས་འགྲོ་སྟངས་སྐོར་དགོངས་པ་བཞེས་པ་ཡིན་རྒྱུ་རེད། ཚན་རིག་ནི་དེང་རབས་ཀྱི་རིག་པ་ཁག་གི་ནང་ཚན་ཞིག་རེད། དེ་ཡང་སྒྲ་ཡངས་པ་དང་སྒྲ་དོག་པའི་དབང་དུ་གོ་བ་ལེན་སྟངས་མི་འདྲ་བ་གཉིས་རེད། ཚན་རིག་ཅེས་པ་ནི་ Science ཞེས་པའི་ཚིག་གི་དོད་དུ་བེད་སྤྱོད་གཏོང་གི་ཡོད། དེ་ནི་སྒྱུར་མཁན་ཐོག་མ་སུ་ཡིན་མིན་ཤེས་རྟོགས་ཐུབ་མ་སོང་། ང་ཚོ་ཆུང་ཆུང་སྐབས་སུ་ཚིག་འདི་བཟོས་ཟིན་འདུག ཐོག་མར་དེ་ལ་ཚན་རིག་དང་མཚན་རིག་ཅེས་འབྲི་སྟངས་མི་འདྲ་བ་གཉིས་འདུག བོད་ཀྱི་ངག་རྒྱུན་དུ་ཚན་ཚན་རིག་པ་ནས་ཚན་རིག་ཏུ་བསྒྱུར་ཚུལ་དང་། དེ་བཞིན་ཚན་ཚན་ཞེས་པ་ནི་ཚན་པ་ཚན་པར་དབྱེ་བ་ཕྱེ་བ་དང་། དངོས་པོ་གང་ཞིག་སྤྱི་ཡོངས་དང་སྤོམ་ཚོད་ཐོག་ནས་བལྟས་པ་མིན་པར་ཞིབ་འཇུག་དང་དུམ་བུར་དབྱེ་བ་ཕྱེ་ནས་བལྟས་པའམ་ཚན་པར་བགོས་ཏེ་བལྟས་པ་ལ་མཚན་རིག་ཅེས་བརྗོད་སྲོལ་དེ་ལ་རིགས་པའི་རྒྱབ་སྐྱོར་ཡོད་པ་ཞིག་གང་ཡང་མེད། འོན་ཀྱང་ད་ལྟ་ Science ལ་ཚན་རིག་ཅེས་པའི་སྒྲ་དེ་གཏིང་ཚུགས་པ་ཆགས་ཟིན་པ་རེད། དེ་ནི་མིང་དང་དོན་གཉིས་སྦྱར་ནས་བེད་སྤྱོད་གཏོང་སྐབས་ཡུན་མཚམས་ནས་འབྱར་འགྲོ་བ་རེད། དེ་མིན་སྒྲ་དོན་གཉིས་ཀྱི་བར་དུ་དོན་རང་མཚན་པའི་འབྲེལ་བ་གང་ཡང་མེད། ཐ་སྙད་མཁན་པོས་གང་དུ་སྦྱར་སྦྱར་རེད། ཕན་ཚུན་ངོས་ལེན་བྱས་ཏེ་ཆོད་གན་བཞག་པ་ལྟ་བུ་རེད། ཐ་སྙད་དེ་སྒྲ་བཤད་དུ་ཡོད་མེད་གང་ཡིན་རུང་། དོན་དུ་མིང་གི་དགོས་པ་ནི་དོན་དེ་བློ་ཡུལ་དུ་མཚོན་པར་བྱེད་རྒྱུ་དེ་རེད། དེས་ན་དོན་དེ་བློ་ཡུལ་དུ་མཚོན་ཐུབ་ན་དེ་གས་འགྲིགས་པ་རེད། འོན་ཀྱང་ Science ཞེས་པ་དེ་ཐོག་མ་ Latin ནས་བྱུང་བ་ཞིག་ཡིན་འདུག ཨིན་སྐད་དུ་ཡོད་པའི་ཐ་སྙད་གལ་ཆེ་བ་ཕལ་མོ་ཆེ་ Latin ཚིག་ནས་བྱུང་བ་རེད།  དེའི་ནང་ཚིག་ལ་དོན་བཤད་དུ་ཡོད་རེད། དེ་ཡང་ Science ཞེས་པ་ནི་ Latin གྱི་ Scientia ནས་བྱུང་ཞིང་། དེའི་དོན་ནི་རིག་པའམ་རིག་པའི་སྙིང་དོན་ལ་བརྗོད། འོན་ཀྱང་ལེགས་སྦྱར་སྐད་དུ་རིག་པ་ཞེས་པ་ནི་ཡུལ་དང་ཡུལ་ཅན་གཉིས་ཀར་གོ་བའི་སྐབས་ཡོད་རེད། དེ་ནི་ཡུལ་ལ་གོ་བའི་སྐབས་སུ་ཚད་མ་རིག་པ་ལྟ་བུ་དང་། ཚད་མ་རིག་པ་རྟོགས་པའི་བློ་དེ་ལའང་ཚད་མ་རིག་པ་རྟོགས་པའི་རིག་པ་ཞེས་བརྗོད་དེ་ཡུལ་ཅན་ལའང་གོ་ཆོག  རིག་པའི་སྙིང་དོན་ཞེས་པ་ནི་གལ་ཆེན་པོ་ཞིག་རེད། སྤྱིར་ཡུལ་ཙམ་ཡིན་པ་དང་སྙིང་དོན་ཡིན་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད། ང་ཚོའི་གཞུང་ལུགས་ཆེན་པོའི་ནང་རིག་པའི་ཡུལ་ཙམ་ཡིན་པ་དང་། རིག་པའི་སྙིང་དོན་ཡིན་པ་ལ་ཁྱད་པར་ཆེན་པོ་བཤད་པ་རེད། དེས་ན་ Scientia ཞེས་པའི་ཚིག་དེས་འཚོལ་བྱེད་ཀྱི་རིག་པའམ་འཚོལ་བྱེད་ཀྱི་རིག་པ་དེས་བཙལ་བའི་གྲུབ་དོན་ནམ་སྙིང་དོན་ལ་གོ་བ་རེད། འོན་ཀྱང་རྗེས་སུ་ Science ནང་སླེབས་དུས་མང་ཆེ་བ་ཡུལ་ལ་གོ་བ་མ་གཏོགས། ཡུལ་ཅན་ལ་མི་གོ་བ་རེད། ཡིན་ནའང་ Science མཁས་པ་དེ་ཚོས་ Science ཚིག་འགྲེལ་བརྗོད་བྱེད་སྐབས་སྙིང་དོན་དང་འཚོལ་བའི་རིག་པ་གཉིས་ཀར་གལ་ཆེ་ཆུང་གཅིག་པ་བརྩི་དགོས་པ་དང་། དེའི་ནང་ནས་འཚོལ་བྱེད་རིག་པར་གལ་ཆེ་བ་བརྩི་དགོས་པ་བཤད་ཀྱི་ཡོད། གང་ལྟར་རྡོག་རྡོག་བཤད་ན། དེང་སང་ཚན་རིག་གི་དོན་བཤད་སྟངས་མི་འདྲ་བ་མང་པོ་རེད། དེའི་ནང་ནས་ཁྱབ་ཆེ་བ་དང་། འདུས་ཆེ་བ། ཤར་ནུབ་ཚང་མས་འདོད་པ་ལྟར་བྱས་ན། གོ་རིམ་དང་ལྡན་པའི་འབད་རྩོལ་གྱི་ལམ་ནས་བསྐྲུན་པའི་རང་བཞིན་དང་འཇིག་རྟེན་གྱི་ཆ་ལག་ཚང་བའི་གོ་རྟོགས། དཔྱད་བཟོད་པའི་འགྲེལ་བཤད་དང་བརྡ་སྤྲོད་བྱེད་ནུས་པ་ཞིག་ལ་ཚན་རིག་ཅེས་བརྗོད་ན་མ་འགྲིགས་པ་མེད། དེ་ནས་ཚན་རིག་ཅེས་པའི་སྒྲ་དེ་ཡངས་པའི་དབང་དུ་བྱས་ན་རིག་པ་ཚང་མར་སྦྱར་ན་མི་འགྲིགས་པ་མེད་པ་ལྟ་བུ་རེད། རིག་པ་ནི་སློབ་སྦྱོང་བྱེད་པའི་སློབ་ཚན་ཞིག་གམ་ཤེས་བྱའི་གནས་ཤིག་ལ་གོ་བ་རེད། དེས་ན་ཤེས་བྱའི་གནས་ཚང་མར་ཚན་རིག་དང་གཏན་ཚིགས་རིག་པ་སྦྱར་རྒྱུ་དེ་ནུབ་ཕྱོགས་པའི་ལུགས་སྲོལ་རེད། དཔེར་ན་སྤྱི་ཚོགས་ཚན་རིག་དང་སྲིད་དོན་ཚན་རིག་སོགས་ལ་སྤྱི་ཚོགས་རིག་པ་དང་སྲིད་དོན་རིག་པ་ཞེས་བརྗོད་ན་མ་འགྲིགས་པ་མེད། འོན་ཀྱང་དེ་ལ་རིག་པ་ཞེས་མ་སྦྱར་བར་ཚན་རིག་ཅེས་སྦྱར་བ་མང་བ་རེད། དེ་ནི་དེང་སང་གི་སྐད་ཆ་མིན་ཞིང་། ལོ་བརྒྱ་ཕྲག་གཉིས་ཙམ་ནས་བེད་སྤྱོད་ཡོད་པ་ཞིག་རེད། དེ་མིན་གཏན་ཚིགས་རིག་པ་ལ་ Logic ཞེས་བརྗོད་ཅིང་། དེ་ཚང་མ་ལ་སྦྱར་ནས་ Tibetology, Buddhalogy སོགས་བརྗོད། དེ་བཞིན་ཚན་རིག་ཀྱང་གཅིག་མཚུངས་བཞིན་ཚང་མ་སྦྱར་གྱི་ཡོད།

དུས་ཕྱིས་སུ་སློབ་ཚན་རྣམས་རགས་ཙམ་དབྱེ་བ་ཕྱེ་སྐབས་ཚན་རིག་ (Science) དང་སྒྱུ་རྩལ་ (Arts) གཉིས་རེད། དེ་བཞིན་ཚན་རིག་དང་མི་ཆོས་རིག་པ་ (Humanities) གཉིས་སུ་ཕྱེ་བའང་ཡོད། མི་ཆོས་རིག་པའི་ནང་ Anthropology, Sociology, Social Service སོགས་མིའི་སྤྱི་ཚོགས་དང་འབྲེལ་བ་ཤ་སྟག་རེད། སྒྱུ་རྩལ་ཞེས་པ་ནི་རིག་པའི་གཞུང་ལུགས་དང་བསྟུན་ན་སྟབས་བདེ་བ་ཡོད། སྒྱུ་རྩལ་དང་ཚན་རིག་གཉིས་སུ་ཕྱེ་བའི་ཚན་རིག་དེ་སྒྲ་དོག་པའི་དབང་དུ་བྱས་ན་དོན་དག་ཁ་ཤས་ལ་མ་གཏོགས་མི་འཇུག  དབྱེ་བ་དེ་བརྒྱ་ཕྲག་ག་དུས་ནས་ཕྱེ་བ་ཡིན་མིན་ང་ལ་གསལ་པོ་ཞུ་རྒྱུ་མེད། འོན་ཀྱང་ཧ་ཅང་རྙིང་པ་ཞིག་ནི་ཡིན་བཟོ་མི་འདུག  ལོ་བརྒྱ་ཕྲག་གཉིས་སྔོན་གྱི་རིག་གཞུང་ལ་བལྟས་ན་ Science དང་ Humanities དེ་བཞིན་ Science དང་ Arts དབྱེ་བ་དེ་ཤུགས་ཆེན་པོ་མེད། ལྷག་པར་དུ་དཔེར་ན་ཤར་ཕྱོགས་པའི་རིག་གཞུང་ཚང་མའི་འབྱུང་ཁུངས་རྒྱ་གར་ཡིན་པ་བཞིན་ནུབ་ཕྱོགས་པའི་རིག་གཞུང་ཚང་མའི་འབྱུང་ཁུངས་ནི་གི་རིཀས་ (Greeks) དང་དེའི་གཡས་གཡོན་གྱི་ལུང་པ་ནས་བྱུང་བ་ཤ་སྟག་རེད། ད་ལྟའི་ནུབ་ཕྱོགས་པའི་ཤེས་ཡོན་མང་ཆེ་བ་གི་རིཀས་རིག་གཞུང་ནས་ཡོང་བ་དང་། གི་རིཀས་གཞུང་ལུགས་ལ་བལྟས་ན་ང་ཚོས་རིག་པའི་གནས་ལྔ་ལ་ཕྱེ་བ་བཞིན་ཁོང་ཚོས་རིག་པའི་གནས་དགུ་ལ་ཕྱེ་བ་རེད། དེ་ནི་དེང་སང་ཡང་ཁས་ལེན་བྱེད་མཁན་ཡོད། དེ་ཡང་དང་པོ་ནི་གཏན་ཚིགས་རིག་པ་ (Logic) རེད། ང་ཚོ་ཤར་ཕྱོགས་པའི་གཏན་ཚིགས་རིག་པ་དེ་ལའང་མིང་མི་འདྲ་བ་མང་པོ་རེད། དེ་ཡང་གཏན་ཚིགས་རིག་པ་དང་། རྒྱུའི་རིག་པ། རྒྱུ་མཚན་རིག་པ། རྟོག་གེའི་རིག་པ། ཚད་མ་རིག་པ་སོགས་རེད། ཡིན་ནའང་ད་ལྟ་ནུབ་ཕྱོགས་པའི་བཤད་པའི་ Logic ཞེས་པ་དེ་ཕལ་ཆེར་གཏན་ཚིགས་རིག་པ་དང་རྟོག་གེའི་རིག་པ་གཉིས་ལ་གོ་དགོས། དེ་མིན་ཚད་མ་རིག་པ་སོགས་ལ་ཕལ་ཆེར་མི་འདྲ་བ་བཟོ་དགོས་ཀྱི་རེད། གཉིས་པ་ནི་དོན་གྱི་སྡོད་ལུགས་སམ་ཚིག་དོན་ (Ontology) རེད། དེ་ནི་སྔ་མོ་རྒྱ་གར་ནང་དུའང་གལ་ཆེན་པོ་རེད། དཔེར་ན་རྟོག་གེའི་ཚིག་དོན་བརྒྱད་ལྟ་བུ་རེད། དེ་ནི་ལྟ་གྲུབ་ནང་ཧ་ཅང་གལ་ཆེན་པོ་བརྩི་བ་རེད། ད་ལྟའི་བོད་ཀྱི་མཁས་པ་ཁ་ཤས་ཀྱིས་ Ontology ལ་དོན་གྱི་སྡོད་ལུགས་ཀྱི་རིག་པ་ཞེས་བསྒྱུར་རུང་། ངས་ནི་དེ་ལ་ཚིག་དོན་རིག་པ་ཞེས་བེད་སྤྱོད་བྱེད་ཀྱི་ཡོད། གསུམ་པ་ནི་སྐྱེ་དངོས་རིག་པ་ (Biology) རེད། བཞི་པ་ནི་དངོས་ཁམས་རིག་པ་ (Physics) རེད། ལྔ་པ་ནི་ཟུང་ཟླའི་རིག་པའམ་འོད་གཟུགས་རིག་པ་ (Metaphysics) རེད། མཁས་པ་གཞན་གྱིས་དེ་ལ་ཟུང་ཟླའི་རིག་པ་ཞེས་བསྒྱུར་ཀྱང་། ངས་ནི་འོད་གཟུགས་རིག་པ་ཞེས་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ལྟ་བུ་མིན་པར། ལག་པས་འཆང་རྒྱུ་མེད་པ་མ་ཟད། འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་ནང་ནས་འདུས་བྱས་ཀྱི་གྲངས་སུ་ཡོད་པ་ཞིག་ལ་ཟེར།

དྲུག་པ་ཚུལ་ལུགས་རིག་པ་ (Ethics) རེད། དེ་ནི་ངའི་བརྗོད་སྟངས་ཤིག་རེད། གཞན་དུ་བླང་དོར་རིག་པ་ཞེས་བྱུང་། བདུན་པ་སྲིད་དོན་རིག་པ་ (Politics) རེད། བརྒྱད་པ་འབེལ་གཏམ་མམ་བགྲོ་གླེང་རིག་པ་ (Rhetoric) རེད། དགུ་པ་ནི་ཡིད་དུ་འོང་བའི་རིག་པ་ (Aesthetic) རེད། དེ་ལ་དེང་སང་མཁས་པ་ཚོས་མཛེས་རྟོགས་རིག་པ་ཞེས་བསྒྱུར་འདུག་ཀྱང་། མཛེས་པ་ནི་གཟུགས་ལ་འགྲོ་བ་ལས། Aesthetic ནང་གཟུགས་ཡིད་དུ་འོང་བ་དང་། སྙན་ངག་གི་རྒྱན་ཡིད་དུ་འོང་བའང་ཡོད་པར་བརྟེན། སྙན་ངག་སྙན་པོ་ལས་མཛེས་པོ་འདུག་ཅེས་བརྗོད་སྲོལ་མེད། དེ་ལྟར་དབྱེ་བ་དགུར་ཕྱེ་བ་རེད།

ཚན་རིག་ཅེས་པ་དེ་སྒྲ་དོག་པའི་དབང་དུ་བྱས་ན་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། རྫས་སྦྱོར་རིག་པ་བཅས་གསུམ་རེད། སྐྱེ་དངོས་རིག་པ་དང་རྫས་སྦྱོར་རིག་པའི་ནང་སྨན་གྱི་ཚན་རིག་ཡོངས་རྫོགས་འགྲོ་བ་ཡིན། དེ་བཞིན་དངོས་ཁམས་རིག་པའི་ནང་ལྟ་གྲུབ་ནས་བླང་དགོས་པའང་ཡོད། གང་ལྟར་ཚན་རིག་ཅེས་པའི་ཚིག་དེའི་གོ་དོན་གཙོ་བོ་ཞིག་ནི་ཨེ་རིས་ཊོ་ཊལ་ (Aristotle) གྱིས་བསྡོམས་བརྒྱབས་པ་དེ་སྟབས་བདེ་ཤོས་རེད་བསམ་གྱི་འདུག ཁོང་ནི་གི་རིག་ (Greek) གི་གྲུབ་མཐའ་སྨྲ་བ་སྔ་ཤོས་གྲས་ཡིན། ནུབ་ཕྱོགས་པའི་གྲུབ་མཐའ་དང་རིག་གནས་ཕལ་མོ་ཆེའི་ཐོག་མའི་འབྱུང་ཁུངས་བཙལ་ན་ཨེ་རིས་ཊོ་ཊལ་ (Aristotle) དང་། པེ་ལོ་ཊོ། (Plato) སོ་ཀ་ར་ཊེས་ (Socrates) བཅས་གསུམ་ལ་ཐུག་པ་ལྟ་བུ་རེད། དེས་ན་ཨེ་རིས་ཊོ་ཊལ་གྱིས་ངེས་པ་སྟེར་བའི་རིགས་པའི་གྲུབ་དོན་ཞེས་གསུངས་ཡོད། ངེས་པ་སྟེར་བའི་རིགས་པའི་གྲུབ་དོན་ཞེ་ན་རིགས་པས་བརྟག་དཔྱད་བྱས་པའི་གྲུབ་དོན་རང་གཞན་སུ་ལའང་འགྲེལ་བཤད་རྒྱག་སྐབས་རྒྱུ་མཚན་གྱི་ཐོག་ནས་ངེས་པ་སྟེར་བ་བྱེད་ཐུབ་པ་ཞིག་ཡོད་ན་དེ་ལ་ཚན་རིག་བརྗོད་ཅེས་གསུངས་ཏེ། གཙོ་བོ་ཡུལ་ལ་སྦྱར་ནས་བཤད་པ་ལྟ་བུ་ཞིག་འདུག དེས་ན་ངེས་པ་སྟེར་བའི་རིགས་པའི་གྲུབ་དོན་ཞེས་པ་དེ་ཚན་རིག་གི་ངོ་བོར་ཆ་བཞག་ནས་ཕྱིན་ན་ད་ལྟ་ཚན་རིག་པ་ཚོས་གང་བཤད་ཀྱི་ཡོད་ཅེ་ན། ཚན་རིག་པས་རིགས་པས་དཔྱད་པ་བྱེད་སྟངས་དང་ང་ཚོའི་ནང་པའི་སྲོལ་རྒྱུན་གྱི་རིགས་པས་དཔྱད་པ་བྱེད་སྟངས་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་དེ་ང་ཚོས་ཤེས་དགོས། སྤྱིར་ཚན་རིག་པས་དཔྱད་པ་བྱེད་ཀྱི་ཡོད་ལ། ང་ཚོས་ཀྱང་དཔྱད་པ་བྱེད་ཀྱི་ཡོད། ཚན་རིག་པས་དཔྱད་པ་བྱེད་སྐབས་འགྲོ་སྟངས་རིམ་པ་གསུམ་རེད། རིམ་པ་དང་པོ་ནི་མངོན་སུམ་དུ་མཐོང་བའི་དངོས་པོ་གང་ཞིག་གི་འགྲེལ་བརྗོད་ཀྱི་ཆེད་དུ་ཚོད་དཔག་གི་བསམ་ཚུལ་ཞིག་བཀོད་པ་རེད། ད་ལྟ་གཞི་ནས་དཔྱད་པ་བྱེད་རྒྱུ་རེད། འོན་ཀྱང་ཚོད་དཔག་གི་བསམ་ཚུལ་དེ་དང་པོར་སླེབས་པ་རེད། ང་ཚོ་ཤར་ཕྱོགས་པས་དེ་ནི་ཚན་རིག་པའི་ཞན་ཆ་དང་པོ་དེ་རེད་ཅེས་བརྗོད་ཀྱི་ཡོད། ཚོད་དཔག་གི་བསམ་ཚུལ་དེ་མེད་ན་ཁོང་ཚོའི་དཔྱད་པ་དེ་འགྲོ་མི་ཐུབ། དེ་ལ་ཨིན་སྐད་དུ་ Hypothesis ཟེར། དེ་ལྟ་བུའི་ཚོད་དཔག་གི་བསམ་ཚུལ་ཞིག་བརྟག་དཔྱད་བྱེད་མཁན་གྱིས་བཟོས་པ་རེད། རིམ་པ་གཉིས་པ་ནི་དེ་ལྟ་བུའི་ཚོད་དཔག་དེ་དོན་ལ་གནས་མིན་ཚོད་བལྟ་ཁང་དུ་ཚོད་བལྟ་བྱེད་རྒྱུ་དེ་རེད། རིམ་པ་གསུམ་པ་ནི་ཚོད་བལྟ་བྱེད་སྟངས་གང་ཡིན་ཡང་། དཔེར་ན་ཆུ་ཞིག་འཁོལ་རྒྱུར་ཚ་ཚད་ཇི་ཙམ་དགོས་མིན་ཐེངས་བརྒྱ་བཀོལ་རྗེས་གཅིག་པ་སླེབས་ཚེ་ཚོད་བལྟའི་གྲུབ་དོན་དེ་རྙེད་པ་རེད། གལ་ཏེ་ཚ་ཚད་དེ་གཅིག་པ་མ་སླེབས་ཚེ་ཐབས་ལམ་གཞན་གྱི་ཐོག་ནས་ཚ་ཚད་དེ་ད་དུང་དཔྱད་དགོས། གང་ལྟར་ཡང་ཡང་ཚོད་བལྟ་བྱས་ཏེ་གལ་ཏེ་བརྒྱ་ཐམ་པ་གཅིག་པ་མ་བྱུང་ན་དེང་སང་གྲུབ་དོན་མི་རྙེད་པར་བརྩི། སྔ་མོའི་གྲུབ་དོན་ཁ་ཤས་ལ་བརྒྱ་ཆ་དགུ་བཅུ་ཙམ་གཅིག་པ་བྱུང་ན་གྲུབ་དོན་རྙེད་པར་བརྩི་བའང་ཡོད་བཟོ་འདུག ཚོད་བལྟ་བྱས་པའི་གྲུབ་དོན་རྙེད་རྒྱུ་དེ་གོམ་པ་གཉིས་པ་དང་། དེ་ནས་གྲུབ་དོན་རྙེད་པའི་དོན་དེ་དོན་ལ་གནས་པ་ཡིན་པ་ར་སྤྲོད་འཕེར་བའི་ལམ་ནས་བསྟན་རྒྱུ་དང་མཐོང་རྒྱུ་ཡོད་པ་ཞིག་ལ་བརྩི་བ་རེད། དེ་ལ་ནམ་རྒྱུན་ངས་གྲོགས་པོ་ཚན་རིག་པ་རྣམས་ལ་ང་ཚོའི་ཚད་མ་རིག་པའི་ནང་། ཕྲུ་བའི་འབྲས་ནི་ཚོས་པ་བཞིན།། ཞེས་པ་དེ་ཁྱེད་ཚོའི་དེ་དང་འདྲ་པོ་འདུག་ཅེས་བཤད་ཀྱི་ཡོད། སྣོད་སྤྱད་གཅིག་གི་ནང་བཙོས་པའི་འབྲས་ཀྱི་འབྲུ་ཁ་ཤས་མ་ཚོས་པ་ཡོད་པས་ཚང་མར་ཁྱབ་མི་ཐུབ་པ་བཞིན་ཚན་རིག་གི་གྲུབ་དོན་རྣམས་ཀྱང་འདི་མཐའ་མ་ཡིན་ཞེས་བཤད་མི་ཐུབ་པ་མ་ཟད། དེ་ནི་རྟག་ཏུ་འགྱུར་བ་འགྲོ་བ་དང་བཟོ་བཅོས་གཏོང་དགོས་པ་ཡོང་ཞེས་ཁོང་ཚོས་བཤད་ཀྱི་ཡོད། ང་ཚོས་རྟགས་ཡང་དག་ལ་བརྟེན་ནས་རྗེས་དཔག་ཚད་མས་དོན་ཞིག་འཇལ་བ་ཡིན་ན་དེ་ནི་མཐའ་མའི་གྲུབ་དོན་ཡིན་པར་བརྟེན། འགྱུར་བ་གཏོང་དགོས་པ་མེད། ད་ཕལ་ཆེར་ཚན་རིག་གི་སྐོར་ལ་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

དེ་ནས་འཕྲུལ་ལས་ (Technology) ཞེས་པ་ནི་ཕྱོགས་གཅིག་ནས་ཚན་རིག་གི་འབྲས་བུ་རེད་ཅེས་གསུང་མཁན་ཡང་ཡོད། དེ་བྱུང་སྟངས་ནི་ཚན་རིག་གི་ཡར་རྒྱས་དང་འཕྲུལ་ལས་ཀྱི་ཡར་རྒྱས་གཉིས་མཉམ་དུ་བྱུང་བ་རེད། ཡིན་ནའང་ད་ལྟའི་འཕྲུལ་ལས་ཀྱི་གནས་ཚུལ་ཡོངས་སུ་རྫོགས་པ་ཚན་རིག་གི་འབྲས་བུ་རེད་ཅེས་བརྗོད་མི་ཐུབ། གལ་ཏེ་ཚན་རིག་ཡར་རྒྱས་ཕྱིན་མེད་ནའང་འཕྲུལ་ལས་རྐྱང་པ་ཡར་རྒྱས་འགྲོ་མི་ཐུབ་པའི་གནས་སྟངས་མེད་པ་ལྟ་བུ་རེད།

ད་ལྟ་ཁོང་ཚོས་འཕྲུལ་ལས་ཀྱི་ངོ་བོ་ཇི་ལྟ་བུ་ཞིག་འཇོག་གི་ཡོད་ཅེ་ན། ཚན་རིག་གི་ཉམས་ཞིབ་དང་མང་ཚོགས་ཀྱི་དགོས་མཁོའམ་ཞབས་ཞུའི་ཆེད་དུ་བཅའ་དངོས་ཐོན་སྐྱེད་ཀྱི་ལས་གཞི་ལ་ཕན་པའི་བྱེད་སྟངས་དང་ཐབས་ལམ་མམ་ལས་རིམ་གྱི་གོ་རྟོགས་ལ་འཇོག་གི་ཡོད། དམིགས་ཡུལ་དང་པོ་དེ་ཚན་རིག་གི་ཉམས་ཞིབ་ལ་འཇོག་ཁུལ་ཡང་། དོན་དུ་བག་མེད་ལོངས་སྤྱོད་པའི་དགོས་འདུན་ (Consumer’s demand) ཐོག་བབས་པ་རེད། གང་ལྟར་བག་མེད་ལོངས་སྤྱོད་བྱེད་མཁན་གྱི་འདོད་རྔམས་བསྐང་རྒྱུ་དེ་རེད།

ཚན་རིག་དང་འཕྲུལ་ལས་གཉིས་ཀྱི་ནང་དུ་རྩིས་བསྐོར་རྒྱུའི་གནས་སྟངས་མང་བར་བརྟེན་ཨང་རྩིས་གལ་ཆེན་པོ་ཆགས་པ་རེད། དེ་ལས་གཞན་པའི་འབྱུང་བ་དང་འབྱུང་འགྱུར་གྱི་དངོས་པོ་ཞིག་གི་གནས་ཚུལ་རྟོགས་དགོས་པ་དང་། འཇིག་རྟེན་གྱི་ཆགས་ཚུལ་གྱི་གནས་ཚུལ་རྟོགས་དགོས་པ། ཉི་ཟླ་གཟའ་སྐར་གྱི་འགྲོ་འོང་གི་གནས་ཚུལ་རྟོགས་དགོས་ནའང་ཚང་མ་རྩིས་ཀྱི་ལམ་ནས་འགྲོ་རྒྱུ་དེ་ཚན་རིག་པས་གསར་གཏོད་བྱས་པ་ཞིག་མིན་ཞིང་། དེ་ནི་གནའ་སྔ་མོ་ནས་ནང་པའི་རིག་པའི་གཞུང་ལུགས་དང་རྒྱ་གར་རིག་པའི་གཞུང་ལུགས་ནང་ཡོད་བསྡད་པ་ཞིག་རེད། དེས་ན་འཕྲུལ་ལས་ཀྱི་གནས་སྟངས་དེ་སྐྱེ་རྒུའི་མངོན་འདོད་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་མིན་པར་བརྟེན། ལག་ལེན་མ་བསྟར་བ་མ་གཏོགས། སྔོན་གྱི་མཁས་པ་ཚོས་མ་མཁྱེན་པ་དང་ལག་ལེན་བསྟར་མི་ཤེས་པའི་གནས་སྟངས་ཤིག་ག་ལ་ཡིན། དཔེར་ན་ཚན་རིག་ནང་འཐེན་ཤུགས་ (Gravitational force) ཀྱི་སྐོར་དེ་རེད།  དེ་ནི་ཨ་ཡི་ཛཀ་ནིའུ་ཊོན་ (Issac Newton) གྱི་མགོ་བོར་ཀུ་ཤུ་ཟག་པ་ལ་བརྟེན་ནས་རྙེད་ཚུལ་བཤད་ཀྱི་ཡོད། དེ་ནི་ཧ་ཅང་གསར་པ་ཞིག་རྙེད་པའི་སྐད་ཆ་རེད། འོན་ཀྱང་ལོ་ཉིས་སྟོང་བརྒལ་བའི་སྔོན་ནས་ནང་པའི་རིག་པའི་གཞུང་ལུགས་ནང་དེ་ཚོ་ཡོད་མུས་རེད། སློབ་དཔོན་འཕགས་པ་ལྷས་རབ་བྱེད་ཅིག་གི་ནང་ཆུ་ཐུར་དུ་རྒྱུག་པའི་རྒྱུ་མཚན་ནི་ལྗིད་ཚད་ཀྱི་འཐེན་ཤུགས་དེ་ས་གཞི་ལ་ཡོད་པའི་དབང་གིས་རེད་ཅེས་གསལ་པོ་གསུངས་ཡོད། དེ་ལྟ་བུའི་དེང་སང་གསར་གཏོད་ཡིན་ཚུལ་བཤད་པ་རྣམས་ང་ཚོའི་རིག་པའི་གཞུང་ལུགས་ནང་བཙལ་ན་རྙེད་རྒྱུ་མེད་པ་ཧ་ལམ་དཀོན་པོ་རེད། འོན་ཀྱང་ངོ་མ་འཕྲོད་པ་དང་ཧ་མ་གོ་བ་དེ་འདྲ་ཡོང་སྲིད། དཔེར་ན་ང་ཚོའི་རིག་པའི་གཞུང་ལུགས་ནང་གསུངས་པའི་རྡུལ་ཕྲན་གྱི་རྣམ་གཞག་རྣམས་ང་ཚོས་གསལ་པོ་ཤེས་ཀྱི་མེད། གལ་ཏེ་ཤེས་ན་དེང་དུས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་བཤད་མཁན་ཚོར་ཕན་ཐོགས་པའི་གནས་སྟངས་མང་པོ་ཡོང་སྲིད། འདི་དེ་ཙམ་གྱིས་འགྲིགས་པ་བྱ་རྒྱུ་ཡིན།

མཐའ་བསྡོམས་སུ་ཚན་རིག་དང་འཕྲུལ་ལས་ཀྱི་འགྲོ་བ་མིའི་བདེ་སྐྱིད་ལ་ཕན་གནོད་གང་འདྲེས་ཡོད་མིན་སྐོར་དེ་རེད། ང་ཚོས་ཕྱིར་བལྟས་ལོག་སྟེ་ཞིབ་འཇུག་བྱེད་ཁག་པོ་རེད་ལ། དགོས་མཁོའང་དེ་ཙམ་མེད། གང་ལྟར་ཚན་རིག་དང་འཕྲུལ་ལས་ཀྱི་ཡར་རྒྱས་ཇི་ཙམ་ཕྱིན་ཟིན་པ་ནི་ཕྱིན་ཟིན་པ་རེད། ད་ལྟ་ཡར་རྒྱས་འགྲོ་བཞིན་པ་དེ་ཚོའང་སུས་ཀྱང་བཀག་མི་ཐུབ། དེ་དང་ཆབས་ཅིག་ཏུ་དེ་ཚོའི་ནང་ནས་ཉེན་ཁ་ཇི་ལྟར་འགོག་དགོས་པ་དང་། ཁེ་ཕན་ཇི་ལྟར་བླང་དགོས་པ་དེ་བལྟ་རྒྱུ་ནི་མ་འོངས་པའི་མི་རབས་ཀྱི་ལས་འགན་ཆེན་པོ་ཞིག་རེད། དེས་ན་ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་གཉིས་ཀྱི་བར་ལ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔར་མ་གྲགས་པའི་འབྲེལ་མཐུད་དང་བགྲོ་གླེང་ལས་ད་ལྟའི་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་མང་པོ་ནང་པའི་ཚན་རིག་ཕྱོགས་སུ་རེ་བའི་མིག་འབུར་གཏོད་བཞིན་པ་རེད། གང་ལྟར་འདི་ནས་ཁེ་ཕན་ཞིག་ཡོང་བའི་ངེས་པ་རྙེད་ཡོད། གལ་ཏེ་ངེས་པ་རྙེད་མེད་ན་ལོ་མང་པོ་དུས་ཚོད་བཏང་བ་དང་སྐུ་ངལ་གནང་རྒྱུ་མིན་པ་དེ་སུས་བལྟས་ཀྱང་ཟུར་བལྟས་ལེབ་མཐོང་རེད། ད་ལྟ་འཇིག་རྟེན་འདིའི་ཚན་རིག་གི་ནང་ཚན་མང་པོ་དང་། ལྷག་པར་དུ་དངོས་ཁམས་རིག་པ་དང་། སེམས་ཁམས་རིག་པ། ཀླད་ཁམས་རིག་པ། དེའི་ནང་ནས་རྡུལ་ཕྲན་གྱི་རྣམ་གཞག་དང་། འཇིག་རྟེན་ཐོག་མར་གྲུབ་པ་དང་། གནས་པ། འགྱུར་བ། འཇིག་པ་བཅས་ཀྱི་ཚུལ་གྱི་སྐོར་རེད། དཔེར་ན་ཁོང་ཚོས་འབར་གས་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས་ད་ལྟ་ང་ཚོ་གནས་པའི་དགུ་ཚིགས་དེ་ཆགས་ཚུལ་བཤད་ཀྱི་ཡོད། འོན་ཀྱང་འབར་གས་ཆེན་པོ་བྱུང་བའི་རྒྱུ་ནི་ཚན་རིག་པ་ལ་བཤད་རྒྱུ་མེད། ང་ཚོའི་རིག་པའི་གཞུང་ལུགས་ནས་བཤད་པའི་བསྐལ་པ་འཇིག་པ་དང་། སྟོང་པ། ཆགས་པ། གནས་པ་བཅས་ཀྱི་རིམ་པ་རྣམས་ལ་ཞིབ་ཚགས་པོ་དང་གཏིང་ཟབ་པོས་ཉམས་ཞིབ་བྱེད་ན་ཁོང་ཚོའི་འབར་གས་ཆེན་པོ་ཟེར་བ་དེ་ལ་རྒྱུ་མཚན་མེད་པ་མིན་པ་མཐོང་བའི་ལམ་ཡོད་པ་ཞིག་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་ནང་པའི་རིག་པའི་གཞུང་ལུགས་ནང་ནང་པའི་ཚན་རིག་དང་། ནང་པའི་ཆོས། ནང་པའི་ལྟ་གྲུབ་བཅས་གསུམ་དུ་ཕྱེ་གནང་བ་རེད། དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཐོག་མ་ནས་ཡོད་པ་ཞིག་ཡིན་རུང་། གསལ་པོ་བསྟན་གནང་བ་དེ་༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་གྱི་མཛད་རྗེས་སམ་འཕྲིན་ལས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད། དེ་ཡང་ལྟ་གྲུབ་དང་ཚན་རིག་གཉིས་པོ་ནི་ནང་པའི་རིག་གཞུང་གི་གཞི་དངོས་པོའི་གནས་ལུགས་དེ་རེད། དེ་ལྟ་བུའི་གཞི་དངོས་པོའི་གནས་ལུགས་དེ་ནང་ཆོས་ལ་དད་པ་ཡོད་པ་དང་མེད་པ་ཚང་མས་བེད་སྤྱོད་དང་ཁེ་ཕན་ཡོད་ན་བླང་ཆོག་པ་ཞིག་རེད། ཡིན་ནའང་ལམ་སྒྲུབ་པའི་རིམ་པ་དང་འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་སོགས་ནི་ནང་པའི་ཆོས་ལ་ཞུགས་ནས་སྒྲུབ་པ་ཉམས་ལེན་གནང་མཁན་ཚོའི་ལས་སུ་བྱ་བའི་རིམ་པ་ཞིག་མ་གཏོགས། ནང་པའི་ཆོས་ལ་དད་པ་མེད་མཁན་ཚོར་དགོས་མཁོ་མེད། གཞི་དངོས་པའི་གནས་ཚུལ་རྣམས་དེང་རབས་ཀྱི་ཚན་རིག་དང་དཔུང་པ་བསྡུར་ནས་འགྲོ་ཆོག་མ་མ་ཟད། དེང་རབས་ཀྱི་ཚན་རིག་ལ་ཕན་ཐོགས་བྱེད་ཐུབ་པའི་གནས་བབ་དེ་ཉིན་རེ་ནས་ཉིན་རེར་ཇེ་གསལ་རེད།  དེས་ན་གཞུང་ཆེན་པོ་ལ་སློབ་གཉེར་གནང་མཁན་ཚོས་ཚན་རིག་གི་རྣམ་གཞག་དེ་གང་ལ་གང་འཚམས་མཁྱེན་ན་དེའི་དབང་གིས་དེང་རབས་ཀྱི་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་བར་ལ་འབྲེལ་བ་བཙུག་རྒྱུ་དང་། དེང་རབས་ཀྱི་ཚན་རིག་ལ་ནང་པའི་ཚན་རིག་གི་ཤན་ཤུགས་དང་ཕན་ཐོགས་བྱེད་ཐུབ་པའི་གོ་སྐབས་ཡོད་པ་དེ་ང་ཚོས་གསལ་པོ་མཐོང་ཐུབ། དེ་ལྟ་བུའི་གོ་སྐབས་བྱུང་ན་འབྱུང་འགྱུར་གྱི་འཇིག་རྟེན་གྱི་གནས་བབ་ཇི་ཡོང་ཚན་རིག་གི་ཡར་རྒྱས་འགྲོ་སྟངས་ལ་རག་ལས་པ་ཧ་ཅང་གསལ་པོ་རེད། ད་ལྟའི་འགྲོ་བ་མི་རིགས་སྤྱི་ཡོངས་ནང་ཚན་རིག་གི་ནུས་པ་དང་གཟི་བརྗིད་དེ་མེད་པ་བཟོ་མི་ཐུབ། དེས་ན་མི་ཚང་མའི་བསམ་བློ་བཟང་ཕྱོགས་སུ་འགྱུར་བ་གཏོང་བའི་ཆེད་དུ་ང་ཚོས་བེད་སྤྱོད་གཏང་ཐུབ་ན་དེ་ནི་ཐབས་ལམ་ནུས་པ་ཆེ་ཤོས་དང་ཡག་ཤོས་ཤིག་ཏུ་འགྱུར་སྲིད།

ཁ་སང་ང་ཚོ་དེང་རབས་དང་གོ་ལ་གཅིག་སྒྱུར་རིང་ལུགས་སྐོར་བཀའ་མོལ་ཞུ་སྐབས་ཟུར་ཙམ་བཀའ་མོལ་བྱུང་བ་བཞིན་ལོ་ཉིས་བརྒྱ་སུམ་བརྒྱ་གོང་དུ་ཆོས་དང་ཆབ་སྲིད་ལོགས་སུ་ཕྱེ་དགོས་པ་དེ་ནི་ཆོས་ཀྱི་ནང་དུ་རྨོངས་དད་ཡོད་པ་དང་། རྨོངས་དད་དེས་འགྲོ་བ་མིའི་བདེ་སྐྱིད་བསྐྲུན་མི་ཐུབ་པ། ལྷག་པར་དུ་ཆོས་ཀྱི་རྨོངས་དད་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་གནོད་པ་སོགས་མང་པོ་ཞིག་གི་བསམ་བློའི་ནང་བག་ཆགས་ཤུགས་ཆེན་པོ་ཞིག་སླེབས་པ་དེའི་དབང་གིས་བྱུང་བ་རེད། དེར་བརྟེན་བརྒྱ་ཕྲག་བཅུ་དགུའི་མཇུག་དང་ཉི་ཤུའི་མགོ་སྟོད་དུ་ནང་པའི་མཁས་པ་ཚོས་ནང་ཆོས་དེ་ཚན་རིག་དང་མཐུན་པ་ཡིན་པའི་སྒྲུབ་བྱེད་བཀོད་ཐབས་མང་པོ་བྱས་པ་རེད། དེའི་ནང་ཤྲཱི་ལངྐཱའི་གནས་བརྟན་བགྲེས་སོང་ཞིག་ཡོད་ཅིང་། ཕྱག་དེབ་ཀྱང་མང་པོ་བྲིས་ཡོད། དེ་བཞིན་བྷཱིམ་རཱབ་ཨམྦེཌཀར་ (Dr. Bhimrao Ambedkar) གྱིས་གཙོས་རཱཧུལ་སཱཾཀྲྀཏྱཱཡན་ (Rahul Sankrityayan) དང་། དགེ་སློོང་ཇགདཱིཤ་ཀཱཤྱཔ་ (Bhikshu Jagdish Kashyap) སོགས་ཡོད་ཅིང་། ཁོང་ཚོ་ཚང་མས་ནང་པའི་ཆོས་དེ་དེང་རབས་ཀྱི་ཚན་རིག་དང་མཐུན་པ་ (Buddhism is a scientific religion) སྟེ། ཚན་རིག་གིས་དག་པ་སྟེར་ཐུབ་པའམ་ཚན་རིག་དང་མི་འགལ་བའི་ཆོས་ཤིག་ཡིན་ཞེས་སྒྲུབ་ཐབས་མང་པོ་གནང་ཡོད། ཤྲཱི་ལངྐཱའི་མཁས་པ་ཚོ་ཚན་རིག་པ་དང་མཉམ་དུ་དེ་ཙམ་བགྲོ་གླེང་བྱུང་མེད་ཀྱང་། ཆོས་ལུགས་གཞན་དང་མཉམ་དུ་བགྲོ་གླེང་མང་པོ་བྱུང་བའི་སྐབས་སུའང་གཙོ་བོ་གསུང་རྒྱུ་ཞིག་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།། རྒྱུ་ལ་འགོག་པ་གང་ཡིན་པ།། དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།། ཞེས་པ་དེ་གཙོ་བོར་བཟུང་སྟེ། དེའི་ནང་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་གསུངས་པ་དེ་ཇི་ལྟར་ཚན་རིག་དང་མཐུན་པ་ཡིན་པ་དང་། དེ་ལ་ཚན་རིག་གིས་དགག་པ་བརྒྱབ་མི་ནུས་པ་སོགས་སྒྲུབ་ཐབས་གནང་ནས་བཞུགས་པ་རེད། ད་ལྟའི་གནས་སྐབས་སུ་གོམ་པ་ཁ་ཤས་མདུན་དུ་སྤོས་ཟིན་པ་རེད། ནང་པའི་ཆོས་ཡང་དག་པ་ཡིན་པ་དེ་ཚན་རིག་པའི་མདུན་ནས་ལག་འཁྱེར་ཞུ་དགོས་ཀྱི་མེད། ང་ཚོའི་ཆོས་དེ་ཚན་རིག་དང་མཐུན་པ་ཡིན་ན་ཚད་དང་ལྡན་པ་ཆགས་རྒྱུ་དང་། གལ་ཏེ་ང་ཚོའི་ཆོས་དེ་ཚན་རིག་དང་མི་མཐུན་པ་ཡིན་ན་ཡང་དག་པ་མིན་པ་ཆགས་པའི་སེམས་ཁྲལ་དེ་མི་དགོས། ནང་པའི་གཞུང་ལུགས་ནས་གསུངས་པའི་གཞི་དངོས་པོའི་གནས་ལུགས་དེ་ནང་པའི་ཚན་རིག་མཉམ་དུ་འབྲེལ་བ་བྱས་པ་ལ་བརྟེན་ནས་དེང་རབས་ཀྱི་ཚན་རིག་ལ་ཕན་ཐོགས་དང་ཡར་རྒྱས་གང་དང་གང་འགྲོ་རྒྱུ་ཡོད་རེད། གང་ལྟར་དེང་རབས་ཀྱི་ཚན་རིག་དེ་ནང་པའི་རིག་པའི་གཞུང་ལུགས་ལ་ལྟོས་དགོས་པའི་གནས་སྟངས་ཡིན་པ་དེ་རླབས་ཆེན་གྱི་འགྱུར་བ་ཆེན་པོ་ཞིག་ཡིན་པ་དེ་བཤད་མི་དགོས་པ་རེད། དཔེར་ན། ད་ལྟ་ནས་ལོ་བཅུ་ཙམ་སྔོན་དུ་འཇིག་རྟེན་ཁྱོན་ཡོངས་ཀྱི་ཚན་རིག་པ་ཚང་མས་གཅིག་གྱུར་དུ་གང་བཤད་ཀྱི་ཡོད་ཅེ་ན། ཀླད་རྩ་དང་ཀླད་པའི་རྡུལ་ཕྲན་ལས་གཞན་པའི་གསལ་ཞིང་རིག་པའམ་ཤེས་པ་ཞེས་པ་ཞིག་ཟུར་དུ་མེད་ཅེས་པ་དེ་རེད། ད་ལྟ་ཁོང་ཚོ་དེའི་ཐོག་ཐེ་ཚོམ་ཟ་མུས་རེད། དེ་ཡང་ཀླད་པ་ཤི་ཚར་བའམ་ཀླད་པའི་བྱ་བ་ཡོངས་རྫོགས་མེད་པ་ཆགས་ཟིན་པའི་རྗེས་སུའང་ཤེས་པའི་རྒྱུན་ཞིག་བསྡད་ཀྱི་མེད་འགྲོ  ཀླད་པ་མ་ཆགས་པའི་སྔོན་ནས་ཤེས་པའི་རྒྱུན་ཞིག་ཡོད་འགྲོ་བསམ་པའི་དྭོགས་པ་དེ་དེང་རབས་ཀྱི་ཚན་རིག་པ་གྲགས་ཅན་ཚོའི་ནང་སླེབས་ཡོད། དེང་རབས་ཀྱི་ཚན་རིག་པ་དྲང་བདེན་ཚོས་ནང་པའི་རིག་པའི་གཞུང་ལུགས་ནས་ཁེ་ཕན་མང་པོ་བླངས་པ་ལས་སོ་སོར་གྲགས་པ་ཐོབ་པ་མ་ཟད། སོ་སོའི་མི་ཚེའི་མདུན་ལམ་ལའང་ཕན་ཐོགས་མང་པོ་བྱུང་ཡོད།

དཔེར་ན་ཕི་རི་ཇོཕ་ཀེཔ་ར་ (Fritjof Capra) ནས་ The Tao of Physics ཞེས་པའི་དེབ་བྲིས་ནས་གྲགས་ཅན་ཆགས་པ་རེད། དེ་རྗེས་ཁོང་གིས་ The Turning Point ཞེས་པའི་དེབ་དེ་བྲིས་པ་རེད། དེ་གཉིས་ཀ་དེང་སང་ལུང་དྲང་རྒྱུ་ཞིག་ཆགས་ཡོད། The Tao of Physics ནང་ནང་པའི་དངོས་ཁམས་རིག་པའི་སྐོར་ལ་ཁོང་དེ་ཙམ་གོ་རྟོགས་ཆེན་པོ་དང་གཏིང་ཟབ་པོ་མེད་ཀྱང་། གོ་མྱོང་ཐོས་མྱོང་ཡོད་པ་ཞིག་འདུག དེ་ཡང་འཕགས་པ་གནས་བརྟན་པའི་མངོན་པ་སྨྲ་བ་ཚོ་ནས་ཐོས་པ་ཤ་སྟག་རེད། དེར་བརྟེན་ཐེག་པ་ཆེན་པོའི་གཞུང་ལུགས་ནས་གསུངས་པ་བཞིན་རྒྱ་ཆེ་གཏིང་ཟབ་ཁག་པོ་རེད།

དེ་བཞིན་ཌེ་བིཌ་བྷོམ་ (David Bohm) ལྟ་བུར་མཚོན་ན། ཁོང་ནི་དངོས་ཁམས་རིག་པ་བ་གྲགས་ཅན་ཞིག་རེད། ཁོང་ཡང་རང་བཞིན་ཧ་ཅང་དྲང་པོ་རེད། ང་དང་དངོས་ཁམས་ཚན་རིག་པ་ཐོག་མར་འབྲེལ་བ་བྱུང་བ་དེ་ཕི་རི་ཇོཕ་ཀེཔ་ར་ (Fritjof Capra) རེད། གཉིས་པ་དེ་ཌེ་བིཌ་བྷོམ་ (David Bohm) རེད། རྗེས་སུ་ཌེ་བིཌ་བྷོམ་༧གོང་ས་མཆོག་མཇལ་ནས་༧གོང་ས་མཆོག་གི་ལྷན་དུ་ཚན་རིག་སྐོར་བགྲོ་གླེང་ཞུ་མཁན་དྲག་པ་དང་ལོ་མང་པོ་མུ་མཐུད་དེ་བགྲོ་གླེང་ཞུས་པ་རེད། ཁོང་ཚོའི་བསམ་བློའི་ནང་ནང་པའི་དངོས་ཁམས་རིག་པའི་རྣམ་གཞག་ཐོག་ནས་དེང་རབས་ཀྱི་དངོས་ཁམས་རིག་པའི་གཞུང་ལུགས་ལ་ཕན་ཐོགས་ཡོང་གི་ཡོད་པའི་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཡོད་པ་རེད། ཨཌ་ཡར་ (Adyar, Chennai) ལ་ཌེ་བིཌ་བྷོམ་ལྷན་དུ་ཚོུད་མང་པོ་བགྲོ་གླེང་བྱེད་སྐབས་ཁོང་གི་དྲི་བ་ཧ་ཅང་གཏིང་ཟབ་པོ་རེད་ལ། བསམ་ཕྱོགས་ཀྱང་ཧ་ཅང་ཡག་པོ་ཡོད་རེད།

རྒྱ་གར་ནང་མཚོན་ན་ཨབྡུལ་ཀལཱམ་ (Abdul Kalam) སྐུ་ཚེའི་མཐའ་མར་ནང་པའི་ཚན་རིག་ཐོག་ཧ་ཅང་ཐུགས་སྣང་བྱུང་བ་རེད། དེ་བཞིན་རཱཇཱ་རམནྣཱ་ (Raja Ramanna) དང་ང་ཚོ་མཉམ་གཤིབ་མང་པོ་བྱུང་བ་རེད། ཁོང་ཡང་དངོས་ཁམས་རིག་པའི་མཁས་པ་རེད། ཁོང་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་སྟབས་ལེགས་སྦྱར་གྱི་སྐད་གང་འཚམས་མཁྱེན་པ་མ་ཟད། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་གི་ཤློཀ་རེ་གཉིས་ཀྱང་མཁྱེན་པར་བརྟེན། རྟེན་འབྱུང་གི་རྣམ་གཞག་དང་དེང་རབས་ཀྱི་ཚན་རིག་པའི་དངོས་ཁམས་རིག་པའི་བཤད་ཚུལ་གཉིས་ཕན་ཚུན་ཐག་ཉེ་པོ་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་དངོས་ཡོད་རེད་འདུག་ཅེས་དེའི་ཐོག་ལས་ཀ་ཤུགས་ཆེ་གནང་རྒྱུའི་འདུན་པ་བྱུང་སོང་། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་སྐུ་ཚེ་མ་བརྟན་པ་རེད། དེ་ནས་རཱམ་རེཌྜཱི་ (Ram Reddy) ཞུ་བའི་རྒྱ་གར་གྱི་དངོས་ཁམས་རིག་པའི་ཚན་རིག་པ་ཞིག་ཡོད། ཁོང་གི་དགོངས་ཚུལ་ཡང་དེ་དང་གཅིག་མཚུངས་རེད། ཁོང་ཡང་སྐུ་ཚེ་རྒྱུན་རིང་མ་བརྟན་པ་རེད།

མ་འོངས་པ་ལ་ཚན་རིག་དང་ནང་པའི་གཞི་དངོས་པོའི་གནས་ལུགས་ཀྱི་རིམ་པའི་བར་ལ་དོན་དང་མཐུན་པའི་འབྲེལ་ལམ་ཡག་པོ་ཞིག་ཆགས་ཐུབ་ན། ཚན་རིག་དང་འཕྲུལ་ལས་ནས་ང་ཚོ་ལ་ཁེ་ཕན་ཡོང་བའི་རེ་བ་ཞིག་ཡོད་ནའང་དེ་དག་བླང་ཐུབ་པའི་གོ་སྐབས་ཡོང་གི་རེད་ལ། ཡང་ཚན་རིག་ལ་བརྟེན་ནས་འཇིག་རྟེན་ཁྱོན་ཡོངས་ལ་གནོད་སྐྱོན་ཡོང་བའི་གནས་བབ་ཅིག་ཡོད་ནའང་དེ་ཚོ་འགོག་རྒྱུའི་ཐབས་ཤེས་རྙེད་རྒྱུ་རེད། གང་ལྟར་ས་ཡི་གོ་ལ་ཁྱོན་ཡོངས་ལ་འགྱུར་འགྲོས་ཤིག་གཏོང་དགོས་ན་ཚན་རིག་ལ་འགྱུར་འགྲོས་ཤིག་མ་བཏང་བར་གནས་ཚུལ་གཞན་ལ་ལག་པ་འཆང་བས་ཕན་ཐོགས་ཆེན་པོ་མེད། ཚན་རིག་དང་ཤེས་ཡོན་གྱི་ལམ་སྲོལ་གཉིས་ལྡེ་མིག་ལྟ་བུ་རེད། ཤེས་ཡོན་གྱི་ལམ་སྲོལ་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་དེ་འཁྱེར་ཐུབ་པ་དང་། ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་བར་གྱི་འབྲེལ་ལམ་ཤུགས་ཆེ་ཆགས་ནས་དེང་རབས་ཀྱི་ཚན་རིག་གི་ལམ་ཕྱོགས་ལ་ནང་པའི་ཚན་རིག་པས་ལམ་སྟོན་བྱེད་ཐུབ་པ་བྱུང་ན་རླབས་ཆེན་གྱི་འགྱུར་འགྲོས་ཆེན་པོ་ཡོང་རྒྱུ་རེད། དེའི་དབང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོས་དམིགས་བསལ་ཐུགས་འགན་བཞེས་པའི་ཐོག་ནས་ཚན་རིག་ཀུན་བཏུས་མཁོ་བསྡུ་གནང་གྲུབ་པ་རེད། ད་ལྟ་ལྟ་གྲུབ་ཀུན་བཏུས་མཁོ་བསྡུ་གནང་བཞིན་པ་རེད། དེས་ན་ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་རྣམས་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་གྱི་ཐོག་རྒྱ་ཁྱབ་བྱུང་ན་སྤྱིར་ནང་པའི་རིག་གཞུང་དང་། ལྷག་པར་དུ་བོད་བརྒྱུད་ནང་པའི་རིག་གཞུང་དེ་ད་ལྟའི་འཇིག་རྟེན་འདིའི་ཧ་ཅང་གི་རིན་ཐང་ཅན་གྱི་རྣམ་དཔྱོད་སྒོ་འབྱེད་དང་རིག་པའི་གཞུང་ལུགས་བླ་ན་མེད་པ་ཞིག་ཡིན་པ་དང་། དེ་ཉམས་ཆག་ཕྱིན་ན་འཇིག་རྟེན་ཁྱོན་ཡོངས་ལ་བསབ་མི་ཐུབ་པའི་གྱོང་རྒུན་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་དེ་གསལ་པོ་རྭ་འཕྲོད་རྒྱུའི་གནས་སྟངས་རེད་ལ། ལས་སླ་པོས་ཚོད་དཔག་ཐུབ་པ་ཞིག་རེད། དེར་བརྟེན་ཁྱེད་རང་ཚོ་འདིར་སློབ་ཕྲུག་ལོ་གཞོན་པ་ཚོས་སྤྱིར་ནང་ཆོས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་རེད། དེ་དང་མཉམ་དུ་ཚན་རིག་གི་ཡན་ལག་ཀྱང་ཚང་གི་ཡོད། ཟླ་བ་ཁ་ཤས་སྔོན་དུ་ཁྱེད་ཚོས་འདིར་ཚན་རིག་གི་འགྲེམས་སྟོན་དེ་ཚོ་ཧ་ཅང་ཡག་པོ་བཟོས་འདུག གང་ལྟར་གཞི་རིམ་ཚན་རིག་གི་གོ་རྟོགས་ཀྱི་རྒྱབ་ལྗོངས་མི་དམན་པ་ཞིག་ཡོད་པ་ཆགས་ཡོད། དེས་ན་མ་འོངས་པ་ལ་དེ་དང་ང་ཚོའི་གཞི་དངོས་པོའི་གནས་ལུགས་ཀྱི་བར་ལ་འབྲེལ་མེད་དོན་གཞན་དུ་མ་བཞག་པར། དེ་གཉིས་ཀྱི་བར་ལ་འབྲེལ་བ་ག་རེ་འདུག་བལྟ་དགོས། སྤྱིར་བཏང་མཚུངས་བསྡུར་བྱ་རྒྱུ་དེའང་ལས་སླ་པོ་ཞིག་མ་རེད། དེ་ལས་ཕྱོགས་གཉིས་ཀའི་སློབ་གཉེར་དེ་སོ་སོའི་ལམ་སྲོལ་དང་བསྟུན་ནས་ཚད་དང་ལྡན་པ་ཞིག་བྱས་པ་དང་། དེང་རབས་ཀྱི་ཚན་རིག་གི་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་སྦྱོང་གི་ལག་ཆ་དེ་ཚོའང་དེང་རབས་ཀྱིས་བཤད་པ་བཞིན་བེད་སྤྱོད་བྱས། དེ་ནས་ང་ཚོའི་སློབ་སྦྱོང་གི་སྐབས་སུ་རིགས་པ་རྣམ་པ་བཞིའི་སྒོ་ནས་བརྟག་དཔྱད་བྱེད་སྟངས་རྣམས་ཀྱང་ཡག་པོ་ཤེས་པ་བྱས། ལམ་སྒྲུབ་པའི་རིམ་པའི་སྐབས་སུ་ཡིན་ན་འཐད་སྒྲུབ་ཀྱི་རིགས་པ་རྐྱང་པས་འདེང་ངེས་ཤེས་པ་ཡོད། གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པའི་སྐབས་སུ་ཆོས་ཉིད་ཀྱི་རིགས་པ་དང་། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། དེ་དག་གི་སྟེང་དུ་འཐད་སྒྲུབ་ཀྱི་རིགས་པ་བཅས་བཞི་ག་ཚང་བར་བྱས་ནས་བེད་སྤྱོད་གཏོང་ན་མ་གཏོགས། འཐད་སྒྲུབ་ཀྱི་རིགས་པ་རྐྱང་པས་མི་འགྲོ་ས་མང་པོ་རེད། ལྷག་པར་དུ་ཚན་རིག་དང་མཉམ་དུ་མཚུངས་བསྡུར་བྱེད་པའི་སྐབས་སུ་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་གསུམ་པོ་འཐད་སྒྲུབ་ཀྱི་རིགས་པ་ལས་གལ་ཆེ་ཙམ་ཆགས་པའི་གོ་སྐབས་མང་པོ་ཡོང་སྲིད། དེ་ཚོ་ཐུགས་ལ་འཇོག་དགོས་པ་དེ་གལ་ཆེན་པོ་རེད།

འཕྲུལ་ལས་ནི་རིག་པའི་གནས་ཀྱི་ཆ་ནས་བལྟས་པའི་སྐབས་སུ་ཞར་བྱུང་ལྟ་བུ་ཞིག་རེད། ཡིན་ནའང་དེ་ནི་གནས་ཚུལ་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད། འཕྲུལ་ལས་ཀྱི་གཞི་རྩ་ནི་འཕྲུལ་འཁོར་ (Machine) རེད། བདག་ཉིད་ཆེན་པོ་གཱཾདྡྷཱི་ (Mahatma Gandhi) ནི་སྤྱིར་བཏང་ནས་འཕྲུལ་འཁོར་ཡོངས་རྫོགས་ལ་དགག་པ་གནང་གི་རེད། དེའི་ཚབ་ཏུ་ལག་པས་བསྐོར་རྒྱུའི་ཅར་ཁཱ་ (Charkha) ཞེས་པ་དེ་གཱཾདྡྷཱིས་གསར་གཏོད་གནང་བ་ཞིག་མིན་མོད། དེང་རབས་ཀྱི་འཕྲུལ་འཁོར་ཆེན་པོ་དེ་ཚོའི་ཁ་གཏད་ཀྱི་མཚོན་དོན་དུ་བེད་སྤྱོད་གནང་བ་རེད། ཁོང་གིས་དུས་ཚོད་སྟོང་པ་ནམ་ཐོན་ལ་དེའི་ཐོག་ཐོན་སྐྱེད་ཀྱི་ཕྱག་ལས་གནང་གི་ཡོད། གཱཾདྡྷཱིས་ཅིའི་ཕྱིར་འཕྲུལ་འཁོར་རིགས་ལ་དགག་བྱ་གནང་བ་དེའི་གནད་དོན་དེའང་མཁྱེན་དགོས་པ་ཞིག་རེད། དེ་ལ་གཱཾདྡྷཱིས་རྒྱུ་མཚན་གཙོ་བོ་གཉིས་སམ་གསུམ་ཞིག་གསུང་གི་ཡོད། རྒྱུ་མཚན་དང་པོ་ནི་འཕྲུལ་འཁོར་རིགས་ཀྱི་ཐོག་མའི་འབྱུང་ཁུངས་དེ་འདོད་རྔམས་ལས་བྱུང་བའམ་རང་དོན་ཡིད་བྱེད་ཀྱི་བློ་ལས་བྱུང་བ་དང་། མིའི་ནུས་པ་ལ་ཡིད་ཆེས་མ་བྱས་པར་ད་དུང་དེ་ལས་ནུས་པ་ཆེ་བ་ཞིག་མེད་དུ་མི་རུང་བ་ཡིན་པའི་བསམ་ཚུལ་ལས་བྱུང་བ། མིིའི་འགྲོ་བ་ཆགས་པ་ནས་བཟུང་ད་བར་མི་དེ་དག་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་རང་ཁ་རང་གསོ་བསྡད་ཐུབ་པ་དེ་མིའི་ནུས་པས་མིའི་འཚོ་བ་བསྐྱལ་བ་ལ་འདེང་བ་ཞིག་ཡོད་པ་དེ་ཁས་མ་བླངས་པར་དེས་མི་འདེང་བར་དེ་ལས་མགྱོགས་པ་ཞིག་བྱེད་ཐུབ་རྒྱུའི་བསམ་ཚུལ། མིའི་ནུས་པས་ཇི་ཙམ་བསྐྲུན་ཐུབ་པའི་དངོས་པོས་མིིའི་དགོས་མཁོ་ཚང་བར་སྒྲུབ་མི་ཐུབ་པའི་འདོད་རྔམས་ཡོད་པ། དེ་ལ་བརྟེན་ནས་དངུལ་དང་དཔལ་འབྱོར་རྣམས་འཕྲུལ་འཁོར་གྱི་བདག་པོ་དང་མ་རྩའི་བདག་པོས་རུག་རུག་བཟོ་ཐུབ་པའི་བསམ་ཚུལ་སོགས་ཡོད་པའི་དབང་གིས་ཀུན་སློང་སྐྱོན་ཅན་ཞིག་ཡིན་པ་དང་། བྱེད་ལས་ཀྱི་དབང་གིས་བསམ་བློ་གཏོང་ན། མིས་འཕྲུལ་འཁོར་བྲན་གཡོག་བཟོ་མི་ཐུབ་པར་འཕྲུལ་འཁོར་གྱིས་མི་བྲན་གཡོག་ཏུ་བཟོ་བ་དང། བཟོ་གྲྭ་རྣམས་ལ་བལྟས་ན་བཟོ་པ་དེ་ཚོ་སྔ་དྲོ་ནས་དགོང་དྲོའི་བར་དཀའ་ལས་བརྒྱབ་ས་དེ་རང་གི་ལག་པ་དང་ལུས་མིན་པར། འཕྲུལ་འཁོར་གྱི་བྲན་གཡོག་གི་ཚུལ་དུ་རང་དབང་མེད་ཅིང་། དཔེར་ན་འཕྲུལ་འཁོར་ཞིག་མགོ་ཚུགས་ན་དུས་ཚོད་ངེས་ཅན་བར་ལས་ཀ་མ་བྱེད་ན་མཚམས་འཇོག་རྒྱུ་མེད་པ་དང་། གང་ལྟར་མིའི་རང་དབང་མང་པོ་དེས་འཕྲོག་གི་ཡོད་པ་རེད། མཐའ་མ་ལ་འཕྲུལ་འཁོར་དེས་མིའི་ཚབ་བྱེད་པ་དང་། མི་དང་འཕྲུལ་འཁོར་བརྗེ་ནས་མིའི་དགོས་མཁོ་ཡོད་སར་འཕྲུལ་འཁོར་གྱིས་བྱ་བ་བྱེད་དུས། རྒྱ་གར་ལྟ་བུར་མཚོན་ན། ཕྱོགས་གཅིག་ནས་ལས་མེད་ཀྱི་མི་ཧ་ཅང་མང་པོ་ཐོན་པ་དང་། ལས་ཀ་ཡོད་མཁན་གྱི་མི་དེ་ཚོའང་རིམ་པས་འཕྲུལ་འཁོར་གྱིས་བརྗེ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། འཕྲུལ་འཁོར་ལ་དགག་བྱ་གནང་བ་རེད།

ཡིན་ནའང་གཱཾདྡྷཱིས་དེའི་ནང་ནས་དམིགས་བསལ་མང་པོ་ཕུད་ཡོད། དེ་ཡང་སྐབས་དེར་སིན་གར་འཚེམ་པོ་འཁོར་ལོ་ (Singer Sewing Machine) དེ་རྒྱ་གར་ནང་དང་པོ་ཐོན་པའི་གྲས་མིན་འགྲོ  དེ་ནི་གཱཾདྡྷཱི་རང་ཉིད་ཀྱིས་བེད་སྤྱོད་གནང་གི་ཡོད་ལ། གཞན་ལའང་བེད་སྤྱོད་གཏོང་ཆེད་རྒྱབ་གཉེར་གནང་གི་ཡོད། གང་ལགས་ཤེ་ན། འཚེམ་པོ་འཁོར་ལོ་དེའི་འབྱུང་ཁུངས་ནི་བྱམས་བརྩེའི་བསམ་བློའི་ཐོག་ནས་བྱུང་བ་ཡིན་ཞིང་། དེ་ཡང་སིན་གར་འཚེམ་པོ་འཁོར་ལོ་བཟོ་མཁན་གྱི་ལྕམ་དེ་འཚེམ་བུ་བ་ཞིག་ཡིན་པ་དང་། དེས་མཚན་མོ་ཞུ་མར་ནང་འཚེམ་བུ་རྒྱག་སྐབས་མིག་གསལ་པོ་མེད་པར་བརྟེན་ཁབ་ནང་སྐུད་པ་བརྒྱུད་མ་ཐུབ་པ་དང་། མཛུབ་མོར་ཁབ་རྩེ་ཟུག་པ། ཁབ་ནང་སྐུད་པ་བརྒྱུད་ཟིན་ནའང་འཚེམ་བུ་རེ་རེ་བཞིན་རྒྱག་དགོས་དུས་ཉིན་གང་འཚེམ་བུ་བརྒྱབས་ནའང་འཚོ་བའི་མཐུན་རྐྱེན་འདེང་ངེས་ཤིག་བསྐྲུན་ཐུབ་ཀྱི་མེད་པ་སོགས་ཀྱི་དཀའ་ངལ་རྣམས་སེལ་ཆེད་སིན་གར་ཞེས་པའི་འཚེམ་པོ་འཁོར་ལོ་དེ་གསར་གཏོད་བྱས་པར་བརྟེན། དེ་ལྟ་བུའི་འཁོར་ལོ་དེས་མི་བྲན་གཡོག་ཏུ་མི་བཟོ་བ་དང་། མིས་འཁོར་ལོ་ལ་དབང་བསྒྱུར་ཐུབ་པ། དེ་བཞིན་ཕན་པའི་བསམ་པ་བཟང་པོ་ཞིག་གིས་བསྐྲུན་པ་ཡིན་སྟབས། ལག་ལེན་བསྟར་འོས་པ་ཞིག་རེད་ཅེས་ངོས་ལེན་གནང་བ་རེད། དེས་ན་ངས་ཞུ་དགོས་པ་དེ་གང་རེད་ཅེ་ན། གནས་ཚུལ་ཚང་མ་ཀུན་སློང་ལ་བལྟ་དགོས་པ་དེ་གལ་ཆེན་པོ་རེད།

མཐའ་མར་འདི་ཡང་ཟུར་ཙམ་ཞུ་ན་ཁྱེད་ཚོས་བརྟག་དཔྱད་གནང་རྒྱུར་ཁྱད་པར་ཡོང་རྒྱུ་རེད། གཱཾནྡྷཱིའི་རྗེས་འཇུག་པ་ཡིན་ནའང་རེད། དེ་བཞིན་དེང་རབས་དང་། ཚན་རིག  འཕྲུལ་ལས་བཅས་ཚང་མར་འགལ་ཟླ་བྱེད་མཁན་ཡིན་ནའང་རེད། དེ་ཚོ་ཚང་མའི་ནང་འདོད་ཚུལ་མི་འདྲ་བ་གཉིས་རེད། འདོད་ཚུལ་གཅིག་ནི་ཚན་རིག་དང་འཕྲུལ་ལས་གཉིས་ཀ་ལུང་མ་བསྟན་ཡིན་པར་བརྟེན། རང་བཞིན་གྱིས་མི་དགེ་བ་བརྩི་རྒྱུ་མེད། དེ་ནི་དགེ་བ་དང་མི་དགེ་བ་གང་གི་ཕྱོགས་ལ་བེད་སྤྱོད་བྱེེད་མིན་ནི་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལས་པ་རེད་ཅེས་གསུངས། འདིར་མི་དགེ་བ་ཞེས་པ་ནི་ལས་དགེ་བ་དང་མི་དགེ་བའི་སྐད་ཆ་བཤད་ཀྱི་མེད། བཟང་དང་ངན་གྱི་དོན་དུ་ཡིན། འདོད་ཚུལ་གཉིས་པ་ནི་ཚན་རིག་དང་འཕྲུལ་ལས་གཉིས་ཀ་སུས་བེད་སྤྱོད་གཏོང་བ་ཡིན་ནའང་གཉིས་ཀ་རང་གི་ངོ་བོའི་ཆ་ནས་མི་དགེ་བ་ཡིན་པ་དང་། དེ་བེད་སྤྱོད་ཡག་པོ་ཞིག་གིས་བཏང་ནའང་དེའི་མཇུག་འབྲས་བཟང་པོ་འཐོན་རྒྱུ་མེད་པར་བརྟེན། མིའི་སྤྱི་ཚོགས་ལ་དགོས་མཁོ་མེད་ཅེས་གསུངས། ཕྱོགས་གཉིས་ཀ་ལ་སོ་སོའི་ལྟ་གྲུབ་ཀྱི་རྒྱབ་སྐྱོར་དུ་རྒྱུ་མཚན་མང་པོ་གསུང་རྒྱུ་ཡོད། ཡིན་ནའང་ངའི་ངོས་ནས་འདི་འཐད་དང་མ་འཐད་ཅེས་གང་ཡང་ཞུ་རྒྱུ་མིན། དེ་ནི་སོ་སོས་དངོས་ཡོད་ཀྱི་གནས་ཚུལ་ལ་བསྟུན་ནས་དཔྱད་པ་བྱེད་རྒྱུ་ཞིག་རེད། རང་བཞིན་གྱིས་ཆ་ནས་མི་རུང་བ་ཡིན་པ་འདོད་མཁན་དེ་ཚོས་རྒྱུ་མཚན་མང་ཆེ་བ་ཀུན་སློང་དང་བྱུང་རིམ་ལ་བལྟས་ནས་བཀོད་པ་དང་། ལྷག་པར་དུ་ཚན་རིག་པའི་ང་རྒྱལ་ (Arrogance of Scientist) ཅེས་པ་སྤྱི་ཁྱབ་ནས་བཤད་རྒྱུ་ཞིག་ཡོད་རེད། གང་ལགས་ཤེ་ན། ཚན་རིག་པ་མང་པོའི་བསམ་བློའི་ནང་ཚན་རིག་ལས་ལྷག་པའི་རིག་པའི་རྣམ་གཞག་ཅིག་མེད་བསམ་པའི་རང་ལྟ་མཆོག་འཛིན་ཤུགས་ཆེན་པོ་ཡོད་པ་དེ་དངོས་ཡོད་གནས་སྟངས་རེད། ཆོས་ཀྱིས་རྨོངས་དད་སྤེལ་བ་རེད་ཅེས་བཤད་ཀྱི་ཡོད་རེད། དེ་དང་ཆབས་ཅིག་ཏུ་ཚན་རིག་གིས་ཀྱང་རྨོངས་དད་མང་པོ་སྤེལ་ཡོད། དེང་སང་བརྒྱ་ཕྲག་ཉེར་གཅིག་ནང་སླེབས་ཟིན་པར་བརྟེན། ཚན་རིག་པའི་རང་ལྟ་མཆོག་འཛིན་དེ་སྔོན་མ་ལས་དགའ་རབ་ཉུང་དུ་ཕྱིན་པ་མ་གཏོགས། ཐོག་མར་བྱས་ན་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་པོ་ལ་དབྱེ་བ་མ་ཕྱེ་བར། ཚན་རིག་པས་མ་རྙེད་པ་རྣམས་མེད་པར་རྙེད་པ་དང་ཁྱད་པར་མེད་པར་བརྩིས་ཏེ། ཚན་རིག་པས་མ་མཐོང་ན་ཡོད་མ་རེད་ཅེས་བཤད་པའི་གནས་སྟངས་མང་པོ་རེད། དཔེར་ན། སྐྱེ་བ་སྔ་ཕྱི་མེད་ཅེས་པའི་སྐད་ཆ་དེ་ཚན་རིག་པ་བརྒྱ་ཆ་བརྒྱ་ཐམ་པས་མི་བཤད་ཀྱང་། དེའི་ནང་བཤད་མཁན་མང་པོ་ཡོད་རེད། སྐྱེ་བ་སྔ་ཕྱི་མེད་ཅེས་བརྒྱ་ཆ་བརྒྱ་ཐམ་པ་བཤད་མཁན་གྱི་ཚན་རིག་པ་དེ་ཚོ་ལ་སྐྱེ་བ་སྔ་མ་དྲན་པའི་མི་དེ་ཚོ་རྭ་སྤྲོད་བྱེད་སྐབས་དཀའ་ལས་མང་པོ་བརྒྱབས་ཏེ་དེ་ནི་ཁོ་རང་གི་བསམ་བློའི་ནང་སྐྱོན་ཤོར་བའམ་ཤུགས་གནོན་ཞིག་ཐེབས་ཚུལ་སོགས་འགྲེལ་བཤད་བརྒྱབ་རྒྱུའི་ཐབས་ཤེས་མང་པོ་བཙལ་གྱི་རེད། དེ་ནི་རག་ཐབས་མེད། གང་ལྟར་ཁོང་ཚོས་མ་རྙེད་པ་དེ་མེད་པར་རྙེད་པ་ལ་ཆ་བཞག་ནས། གལ་ཏེ་དེ་ཡོད་པ་ཞིག་གྲུབ་ན་ཧ་ལམ་ཆག་སྒོ་ཆེན་པོ་ཞིག་ཡོང་བའི་ཚོད་དུ་བརྩིས་ནས་དེ་མི་ཡོང་བར་ཕྱོགས་ཐམས་ཅད་ནས་འབད་པ་བྱེད་མཁན་མང་པོ་རེད། འོན་ཀྱང་བློ་གཟུ་བོར་གནས་པའི་ཚན་རིག་པ་དེ་ཚོས་དེ་ནི་ང་ཚོས་ཤེས་ཀྱི་མེད་ཅེས་བཤད་པ་མ་གཏོགས། ཡོད་མ་རེད་ཅེས་བཤད་ཀྱི་མེད། ཡིན་ནའང་བློ་གཟུ་བོར་མི་གནས་པའི་ཚན་རིག་པ་མང་ཆེ་བས་ཁོང་ཚོས་མ་རྙེད་པ་དེ་ཡོད་མ་རེད་ཅེས་བཤད་རྐྱང་བྱེད་ཀྱི་ཡོད། དེ་ཚོའི་གནས་སྟངས་ལ་བརྟེན་ནས་ཚན་རིག་དང་འཕྲུལ་ལས་དེ་རང་བཞིན་གྱིས་ཆ་ནས་ལུང་མ་བསྟན་ཞིག་ཡིན་འགྲོ  ཡང་ན་རང་བཞིན་གྱིས་ཆ་ནས་བཟང་ཕྱོགས་དང་ངན་ཕྱོགས་གང་རུང་ལ་གཏོགས་པ་ཞིག་ཡིན་འགྲོ  དེ་ནི་ཞིབ་འཇུག་བྱེད་རྒྱུའི་གཞི་རྩ་ཞིག་རེད།

སྤྱིར་བཏང་རིག་པའི་གནས་སམ་རིག་པ་དང་། ཤེས་བྱའི་གནས་གང་འདྲ་ཞིག་ཡིན་ནའང་ཤེས་བྱའི་གནས་དེའི་གནས་ལུགས་ཡོངས་སུ་རྫོགས་པ་ཤེས་རྒྱུ་དེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་བར་ཁག་པོ་རེད། ང་ཚོས་ད་ལྟ་ཤེས་པ་ཟེར་བ་དེ་མང་ཆེ་བ་ཆ་བཞག་པ་རེད། གལ་ཏེ་ཆ་བཞག་པ་མིན་པར་ཕྲན་བུ་ཤེས་ནའང་དེ་ནི་ཆ་ཤས་ཙམ་ཤེས་པ་རེད། དེར་བརྟེན་ཞིབ་འཇུག་དང་བརྟག་དཔྱད། དེ་བཞིན་སློབ་སྦྱོང་གི་རྒྱུན་དེ་མི་ཚེ་ནས་མི་ཚེ་བརྒྱུད་ནས་མུ་མཐུད་དགོས་པ་རེད། དེ་ནི་ན་གཞོན་སློབ་ཕྲུག་ཚོས་དགོངས་པའི་ནང་འཇོག་དགོས་པ་དེ་གལ་ཆེན་པོ་རེད། དེ་རིང་འདིར་མཚམས་འཇོག་རྒྱུ་ཡིན། ཁ་སང་ཁེ་ཉིན་དང་། དེ་བཞིན་དེ་རིང་གི་བརྗོད་གཞི་དང་འབྲེལ་བའི་དྲི་བ་ཡོད་ན་རིང་པོ་མིན་པར་དོན་ཐོག་མདོར་བསྡུས་གནང་ཐུབ་ཚེ་མི་མང་བ་ལ་གོ་སྐབས་འཐོབ་རྒྱུ་རེད། དྲི་བ་མེད་ན་ནི་གནས་ཚུལ་ཐ་དད་རེད།

 

དྲི་བ་དྲིས་ལན།

དྲི་བ།  མཛོད་རང་འགྲེལ་ནང་འཇིག་རྟེན་གྱི་ཐོག་མར་བྱུང་སྟངས་དེ་རླུང་གི་ལས་ལ་བརྟེན་ནས་བྱུང་ཚུལ་གསུངས་འདུག གལ་ཏེ་ཚན་རིག་པས་ཡང་བའི་རླུང་དེའི་ཉེར་ལེན་གྱི་རྒྱུ་ཞིག་རྙེད་ན། ང་ཚོས་ལས་ལས་བྱུང་བ་ཡིན་ཞེས་པ་དེ་གང་འདྲ་ཡིན་ནམ།

བཀའ་ལན།  དྲི་བ་འདི་གནད་འགག་ཆེན་པོ་འདུག ད་གིན་གོང་དུ་ཞུས་པ་བཞིན་དེང་རབས་ཚན་རིག་པས་བཤད་རྒྱུའི་འབར་གས་ཆེན་པོ་ཟེར་བ་དེ་ང་ཚོའི་མངོན་པ་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ་གྱི་རིམ་པ་དང་བསྡུར་ན་ཕན་ཚུན་གཅིག་གིས་གཅིག་ལ་ཁ་གསབ་བྱེད་ཐུབ་པ་ཡོང་གི་རེད་ཅེས་ཞུས་པ་ཡིན། སྐབས་དེར་ང་ཚོའི་སློབ་ཕྲུག་ཚོའི་ནང་ནས་མངོན་པ་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ་སྐོར་ལ་ཞིབ་ཚགས་པོས་གཟིགས་ཏེ་རླུང་དང་། རླུང་གི་ཡང་ལྕི་དང་དེའི་འབྱུང་ཁུངས་སོགས་ཀྱི་སྐོར་ལ་ཐུགས་སྣང་བྱུང་བ་ལྟ་བུ་ཞིག་ངས་ཚོད་དཔག་བྱས་ཐུབ་མ་སོང་། ད་ལྟ་བལྟས་དུས་ཁྱེད་རང་ཚོས་ཐུགས་སྣང་ཡག་པོ་གནང་འདུག དེ་ལྟ་བུ་དོ་སྣང་བྱེད་པ་ཡིན་ན་ཉིན་ཞིག་དངོས་གནས་ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་འབྲེལ་བ་བྱས་ནས་ཕན་ཐོགས་གང་ཡོང་མིན་དེ་གསལ་པོ་ཆགས་ཐུབ་རྒྱུ་རེད།

རླུང་འཇམ་པོ་དང་རླུང་ཡང་པོ་ཞེས་འཇམ་པོ་དང་ཡང་པོ་གཉིས་མཉམ་དུ་འགྲོ་རྒྱུ་ཞིག་རེད། དེ་ནི་ད་ལྟ་ང་ཚོས་ངག་ཐོག་ནས་བཤད་པ་མ་གཏོགས། རླུང་གི་འཇམ་རྩུབ་དང་ལྗིད་ཡང་ནི་ཚོད་བལྟའི་ཁང་པའི་ནང་ཚོད་བལྟ་བྱེད་པའི་ལམ་སྲོལ་དེ་མངོན་པ་མཛོད་ལྟ་མཁན་ཚོ་ལ་མེད། དེར་བརྟེན་ད་ལྟ་ང་ཚོས་ཚན་རིག་པ་བཞིན་ཚོད་དཔག་ (Hypothesis) བྱས་ནས་བཤད་རྒྱུ་རེད། འཇིག་རྟེན་ཆགས་པའི་ཉེར་ལེན་གྱི་རླུང་འཇམ་པ་བཤད་པ་དེ་རླུང་ཡང་བ་ལའང་གོ་གི་རེད་ཟེར་བ་དེ་གཅིག་བྱས་ན་མངོན་སུམ་དུ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ད་ལྟ་མངོན་པ་བཤད་པ་རྣམས་ཐེག་པ་ཐུན་མོང་བའི་ལུགས་ཡིན་སྟབས། དེ་ཙམ་གྱིས་ཞིབ་ཚགས་པོ་མེད། འོན་ཀྱང་དུས་འཁོར་ནས་གསུངས་པ་དེ་རྡོ་རྗེ་ཐེག་པའི་ལམ་དང་སྦྱར་ནས་གསུངས་པ་ཡིན་སྟབས། དེའི་ནང་ད་དུང་ཞིབ་ཆ་ཆེ་བ་ཡོད། དེ་བཞིན་དྲན་པ་ཉེར་གཞག་དང་ཕལ་པོ་ཆེའི་མདོ་སྡེ་སོགས་ནས་གསུངས་པ་རྣམས་བསྡུར་ཏེ། དེང་རབས་པས་བཤད་པའི་འབར་གས་ཆེན་པོ་ (Big Bang) ཇི་ལྟར་བྱུང་བ་དང་། དེའི་རྒྱུ་རྐྱེན་དེ་ཚོའི་ནང་ཞིབ་འཇུག་བྱེད་ན་ཚིག་མི་འདྲ་བ་མ་གཏོགས། དོན་དུ་ཁོང་ཚོས་བཤད་རྒྱུའི་རྫས་དེ་དང་། ང་ཚོས་བཤད་པའི་རྫས་གཉིས་པོ་དེ་གཅིག་པ་ཡིན་པ་ང་ཚོས་ཚོད་བལྟའི་ཁང་པའི་ནང་ཚོད་བལྟ་བྱེད་པའི་ལམ་སྲོལ་ཞིག་བཙུག་ན་སྔ་ཕྱི་མ་གཏོགས་ཚོད་དཔག་ཐུབ་ཀྱི་རེད།

རླུང་དེ་ལས་ལས་བྱུང་བ་ཡིན་ཞེས་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཞིག་རེད། ཚན་རིག་པས་ད་ལྟ་དེ་ཚོ་མི་ཤེས་ཀྱང་། མ་འོངས་པ་ལ་དེ་ཤེས་པ་བཟོ་མི་ཐུབ་པའི་ཁྱབ་པའང་མེད། སྤྱིར་རླུང་ལས་ལས་བྱུང་བ་དེ་ཤིན་ཏུ་ལྐོག་གྱུར་ཞིག་གནས་ཤིག་རེད། དེར་བརྟེན་འཐད་སྒྲུབ་ཀྱི་རིགས་པའིི་ནང་ཡིད་ཆེས་ཀྱི་རྟགས་ལ་བརྟེན་ནས་བསྒྲུབ་པ་མ་གཏོགས། འབྲས་རང་བཞིན་གྱི་རྟགས་ལ་བརྟེན་ནས་སྒྲུབ་མི་ཐུབ། དེས་ན་ད་ལྟ་ང་ཚོ་ཐད་ཀར་ཚན་རིག་པ་དེ་ཡིད་ཆེས་ཀྱི་རྟགས་བཀོད་པའི་ཕྱི་རྒོལ་ཡང་དག་ཅིག་ལ་བཟོ་ཐུབ་པའི་གནས་བབ་སླེབས་རྒྱུར་དུས་ཚོད་མང་པོ་འགོར་རྒྱུ་རེད། ཡིན་ནའང་ནང་པའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་གྱི་ཆགས་རབས། དཔེར་ན་མཛོད་ནང་འཇིག་རྟེན་བསྟན་པའི་སྐབས་སུ་གསུངས་པ་དེ་ཚོ་ཕྱི་རོལ་པའི་འཇིག་རྟེན་གྱི་སྔོན་རབས་ (Jagat Puran) ནང་གསུངས་པ་དང་ཧ་ལམ་ཕར་བླུགས་ཚུར་བླུགས་ལྟ་བུ་རེད། ཚིག་དང་པོ། ང་ཚོས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཞེས་གསུངས་པར། ཁོང་ཚོས། ཚངས་པས་འཇིག་རྟེན་སྣ་ཚོགས་བྱས།། ཞེས་བཤད་ཀྱི་ཡོད། ཁོང་ཚོས་རླུང་གི་རྣམ་གཞག་ཅིག་བཤད་ཀྱི་ཡོད་ན་དེ་ལྟ་བུའི་རླུང་དེ་ཚངས་པས་བྱས་པ་རེད་ཅེས་བཤད་མདོག་ཁ་པོ་རེད། ང་ཚོས་རླུང་དེ་ལས་ལས་བྱུང་བ་རེད་ཅེས་བཤད། དེས་ན་རླུང་དེ་ལས་ལས་བྱུང་བ་རེད་ཅེས་ལས་དེ་རླུང་དེའི་ཉེར་ལེན་གྱི་རྒྱུ་ཡིན་པའི་ངེས་པ་གང་ཡང་མེད། ཕལ་ཆེར་ཉེར་ལེན་གྱི་རྒྱུ་ཡིན་པའང་ཁག་པོ་རེད། དེའི་ཉེར་ལེན་གྱི་རྒྱུ་ནི་དེ་དང་རིགས་འདྲ་བའི་དངོས་པོ་ཞིག་དགོས། དེའི་འབྱུང་ཁུངས་ལས་དང་ལས་ཀྱི་བག་ཆགས་ལས་བྱུང་བ་ཡིན་ནའང་དེའི་རིགས་རྒྱུན་དང་རྫས་རྒྱུན་དེད་ས་སྔ་མ་ཞིག་ཡོད་དགོས་ཀྱི་རེད། དཔེར་ན། ད་ལྟའི་མི་སྐྱེ་བ་འདི་མི་སྐྱེ་བ་འཕེན་བྱེད་ཀྱི་ལས་ལ་བརྟེན་ནས་ཡིན་པ་དེ་ནང་པ་སྤྱི་ཡོངས་ཀྱི་འདོད་ཚུལ་ཞིག་རེད། ཡིན་ནའང་མིའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་རྐྱང་རྐྱང་གིས་རྣམ་ཤེས་ཉིང་མཚམས་སྦྱར་མི་ཐུབ། རྣམ་ཤེས་ཉིང་མཚམས་སྦྱར་རྒྱུ་དེ་རིག་པ་སྔ་མ་ཞིག་སྔོན་དུ་འགྲོ་དགོས། དེ་འདྲ་བའི་རིག་པ་སྔ་མ་དེ་མིའི་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་འབྲས་བུ་ཡིན་ཞེས་མི་བརྗོད། ལས་ཀྱི་འབྲས་བུ་ཡིན་སྲིད། དེའི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཉིང་མཚམས་སྦྱར་བ་རེད། རིག་པ་སྔ་མ་སྔོན་དུ་འགྲོ་བའི་རིག་པ་དེ་ཉིང་མཚམས་སྦྱར་མ་ཐག་པའི་རིག་པ་དེ་དང་རིགས་རྒྱུན་ནམ་རྫས་རྒྱུན་མཚུངས་པ། མཐུན་པའི་རྒྱུ་ཡིན་པ་ཞིག་དགོས། དེ་ནི་སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུའང་ཡིན་སྲིད། འདི་ལ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་འབྲས་བུའང་ཡིན་སྲིད། གང་ལྟར་རིག་པའི་ཡ་མཐའ་ཐོག་མེད་དུ་སྒྲུབ་པའི་རྒྱུ་རྐྱེན་ནམ་རྒྱུ་མཚན་གཙོ་བོ་དེ་གང་དུ་ཐུག་ཅེ་ན། སེམས་ཀྱི་ཉེར་ལེན་གྱི་རྒྱུ་ལ་སེམས་དང་རིགས་འདྲ་བའི་གསལ་རིག་གི་དངོས་པོ་ཞིག་དགོས་པ་མ་གཏོགས། སེམས་དང་རིགས་མི་འདྲ་བའི་བེམ་པོའི་དངོས་པོ་ཞིག་ལས་སེམས་བསྐྲུན་མི་ཐུབ་པ་དང་། སེམས་དེ་རང་དང་འདྲ་བའི་ཉེར་ལེན་གྱི་རྒྱུ་མེད་པར་ལྷན་ཅིག་བྱེད་རྐྱེན་ཙམ་དང་ཕུང་པོ་འདུས་པ་ཙམ་ལས་འགྲུབ་རྒྱུ་མེད་པ་ནི་དངོས་ཡོད་གནས་སྟངས་རེད། དེར་བརྟེན་ཚན་རིག་པའི་ཞིབ་འཇུག་ལ་བརྟེན་ནས་རླུང་གི་ཉེར་ལེན་ཞིག་རྙེད་ནའང་དེའི་དབང་གིས་ང་ཚོའི་རླུང་དེ་ལས་ལས་སྐྱེས་པ་རེད་ཅེས་པ་དེ་འགལ་དགོས་ཀྱི་མེད། ད་ལྟ་ངས་དཔེ་ཞུ་རྒྱུ་དེ་གསལ་རིག་གི་སེམས་ཀྱི་ཉེར་ལེན་དེ་སྔོན་དུ་འགྲོ་དགོས། དེ་འདྲ་བའི་གསལ་རིག་གི་སེམས་ཀྱི་ཉེར་ལེན་དེ་སྐྱེ་བ་འདི་འཕེན་བྱེད་ཀྱི་ལས་མིན་ནའང་དེའི་དབང་གིས་ང་ཚོའི་སྐྱེ་བ་སྔ་ཕྱིིའི་རྣམ་གཞག་ལ་འགལ་འདུ་མི་འགྲོ་བ་བཞིན་ཡང་པའི་རླུང་གི་ཉེར་ལེན་གྱི་རྒྱུ་ཚན་རིག་པས་བརྟག་དཔྱད་ཐོག་ནས་རྭ་སྤྲོད་ན་ང་ཚོའི་གཞུང་ནས་བཤད་པའི་རླུང་དེའི་ཉེར་ལེན་གྱི་རྒྱུའང་དེ་དང་མཚུངས་པ་ཞིག་ཡིན་སྲིད། གང་ལྟར་རླུང་གི་ཉེར་ལེན་གྱི་རྒྱུ་རླུང་དང་རིགས་མཐུན་པ་ཞིག་མེད་པར་ཤིན་ཏུ་ཕྲ་བའི་གནས་སྐབས་ལ་ལས་རྐྱང་པས་རླུང་གསར་པ་ཞིག་བསྐྲུན་ཐུབ་ཀྱི་མ་རེད་བསམ་གྱི་འདུག གལ་ཏེ་དེ་བསྐྲུན་ཐུབ་ན་ལས་ཀྱི་དབང་གིས་རྣམ་ཤེས་གསར་པ་ཞིག་བསྐྲུན་ཐུབ་པའང་ཁས་བླང་དགོས་པར་ཐལ་བ་རེད། ང་ཚོའི་ངོས་ནས་ཀྱང་དེའི་ཐོག་ལ་ཞིབ་འཇུག་བྱེད་དགོས། རླུང་དེ་ལས་ལས་འགྲུབ་པ་ཡིན་ཞེས་བཤད་དུས་ལས་དེ་རླུང་དེའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཆ་ཚང་ཡིན་པར་ཆ་བཞག་ནས་དེ་ལས་གཞན་པའི་རླུང་གི་ཉེར་ལེན་ཞིག་མེད་པ་ཡིན་པ་དེ་ང་ཚོས་ངོས་འཛིན་བྱེད་དགོས་པ་རྩ་བ་ནས་མེད། གལ་ཏེ་ད་དུང་རླུང་དེ་ལས་ལས་གྲུབ་པ་ཡིན་ཡང་དེའི་ཉེར་ལེན་གྱི་རྒྱུ་དེ་བཙལ་དགོས་པ་ཞིག་རེད། ད་ལྟའི་ང་ཚོའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཡང་ང་ཚོའི་རྒྱུད་ལ་ཡོད་པའི་སྐྱེ་བ་སྔ་མའི་མིའི་ཕུང་པོ་འཕེན་བྱེད་ཀྱི་ལས་ལས་གྲུབ་པ་རེད་དེ། དེའི་ཉེར་ལེན་གྱི་རྒྱུ་ནི་ཕ་མའི་ཁུ་ཁྲག་རེད། ཉེར་ལེན་གྱི་རྒྱུ་དང་དེའི་སྒྲུབ་བྱེད་ཀྱི་རྒྱུ་གཉིས་དབྱེ་བ་ཕྱེ་དགོས།  ཉེར་ལེན་གྱི་རྒྱུ་དེ་ཉེར་ལེན་གྱི་རྒྱུར་འགྲོ་རྒྱུ་དེ་ལས་ཀྱི་དབང་གིས་རེད། ལས་ཀྱིས་རྒྱུ་བྱེད་སྟངས་ཀྱང་ཚང་མ་གཅིག་པ་མིན་པར་འདྲ་མིན་སྣ་ཚོགས་རེད།

ད་ལྟ་ཁྱེད་རང་གི་དྲི་བ་ནི་ཚན་རིག་པས་གལ་སྲིད་ཡང་བའི་རླུང་དེའི་ཉེར་ལེན་གྱི་རྒྱུ་ཞིག་རྙེད་ན། ང་ཚོས་ལས་ལས་བྱུང་བ་ཡིན་ཞེས་པའི་དམ་བཅའ་དེ་ཤོར་གྱི་མ་རེད་དམ་ཞེས་པ་དེ་ཡིན་ནའང་ང་ཚོའི་དམ་བཅའ་ཤོར་གྱི་མ་རེད། ཁོ་རང་ཚོས་གལ་ཏེ་དངོས་གནས་དོན་དང་མཐུན་པའི་ཉེར་ལེན་གྱི་རྒྱུ་ཞིག་རྙེད་ན་ང་ཚོས་ཀྱང་ཁས་ལེན་ཐུབ་པ་ཞིག་ཆགས་རྒྱུ་རེད། དེ་འདྲ་བའི་ཉེར་ལེན་གྱི་རྒྱུ་དེ་འབར་གས་འགྲོ་བའི་ཡང་བའི་རླུང་དེའི་ཉེར་ལེན་གྱི་རྒྱུ་ཡིན་ནའང་དེ་ལྟ་བུའི་རླུང་དེ་འབར་གས་ཀྱི་རྒྱུ་རྐྱེན་དུ་འགྲོ་བ་དེ་སུའི་ནུས་པ་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་ནུས་པ་ལ་བརྟེན་ནས་རེད་ཅེས་བཤད་ན་འགལ་འདུ་མི་འགྲོ་བ་ཡིན།

དྲི་བ།  གོ་ལ་གཅིག་སྒྱུར་རིང་ལུགས་ཀྱིས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱེད་པ་ལ་ཕན་ཐོགས་བྱུང་ཡོད་པ་ལྟ་བུ་འདུག དེ་ལ་ཕན་གནོད་གང་བྱུང་མིན་རིན་པོ་ཆེའི་དགོངས་ཚུལ་གང་ཡོད་དམ།

བཀའ་ལན།  གོ་ལ་གཅིག་སྒྱུར་རིང་ལུགས་ཀྱིས་བོད་པ་ཙམ་མ་ཟད། མི་རིགས་དང་རྒྱལ་ཁབ་སུ་ལའང་ཕན་ཐོགས་བྱུང་ཡོད་མ་རེད། གནོད་ཡོད་རེད་ཅེས་ང་ཚོས་བཤད་མུས་རེད། གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ཟེར་བ་དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་དབང་འཛིན་དེ་མི་ཁ་ཤས་ཤིག་གི་ལག་པར་ཡོང་བའི་དམིགས་ཡུལ་ཡོད་པ་དེ་ཧ་ཅང་གསལ་པོ་རེད། གོ་ལ་གཅིག་སྒྱུར་གྱི་རིང་ལུགས་མ་ཡོང་གོང་དུ་འཇིག་རྟེན་ཚང་མ་རྒྱལ་ཁབ་གཅིག་བཟོ་རྒྱུའི་འཆར་གཞི་བསྒྲིགས་ཡོད། དེ་ནི་ཁ་སང་ངས་ཟུར་ཙམ་ཞུ་རྒྱུ་བྱུང་། རྗེས་སུ་རིམ་པས་འགྱུར་བ་ཐེབས་ནས་ League of Nations དང་། དེ་ནས་ United Nations ཆགས་སོང་བ་རེད། དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྒྱལ་ཁ་འཐོབ་མཁན་དེ་ཚོས་འཇིག་རྟེན་ཡོངས་རྫོགས་རྒྱལ་ཁབ་གཅིག་དང་གཞུང་གཅིག་གི་མངའ་འོག་ཏུ་འགྲོ་རྒྱུའི་དམིགས་ཡུལ་བཟུང་བ་རེད། སྐབས་དེར་དགག་བྱ་བྱེད་མཁན་མང་པོ་བྱུང་བ་རེད། དེ་ཚོ་བྱུང་རབས་ནང་འཁོད་པ་ཞིག་རེད།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་སྐབས་སུ་ཁ་སང་ང་ཚོས་བཤད་པའི་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དེ་མགོ་འཛུགས་བྱ་རྒྱུ་རེད། ཡིན་ནའང་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་མགོ་ཚུགས་ནས་དུས་ཚོད་དགའ་རབ་སོང་ཟིན། མ་རྩའི་རིང་ལུགས་ནི་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་དགོས་མཁོ་དང་པོ་བཟོ་མཁན་དེ་རེད། དེར་བརྟེན་ནམ་རྒྱུན་ནུབ་ཕྱོགས་པ་མང་པོས་ང་ལ་རྒྱུ་རྐྱེན་གང་ལ་བརྟེན་ནས་རྒྱ་མིས་བོད་དེ་བཙན་བཟུང་བྱས་པ་རེད་ཅེས་དྲིས་པའི་སྐབས་སུ། ངས་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་ཁྱབ་བྱུང་བའི་དབང་གིས་བོད་དེ་རྒྱ་མིའི་བཙན་འོག་ཏུ་ཕྱིན་པ་རེད་ཅེས་ལན་འདེབས་བྱེད་དུས་ཁོང་ཚོ་འདྲོགས་ཀྱི་འདུག གང་ལགས་ཤེ་ན། ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་ཡར་རྒྱས་སོང་བའི་དབང་གིས་རྒྱ་མིས་ག་རེ་བྱས་ནས་བོད་བཙན་བཟུང་བྱས་པ་རེད། ལན་དང་དྲི་བ་གཉིས་འབྲེལ་བ་མེད་པ་ལྟ་བུ་མངོན་གྱི་ཡོད། སྐབས་རེ་རྩེད་མོ་དང་སྦྲགས་ནས་བོད་པའི་གཏམ་དཔེར། མགོ་ལ་ག་རེ་བྱས་སོང་ཞེས་དྲིས་པའི་སྐབས་སུ། རྐུབ་ལ་ལུག་གིས་བརྡུངས་སོང་ཞེས་པའི་བཤད་སྲོལ་ཞིག་ཡོད། དེ་གཉིས་དབར་ལ་འབྲེལ་བ་རྩ་བ་ནས་མེད་པ་ལྟ་བུ་ཡོད་ཀྱང་། དོན་དུ་རྐུབ་ལ་ལུག་གིས་བརྡུངས་པས་འགྱེལ་བ་ལ་བརྟེན་ནས་མགོ་བོར་རྨ་དེ་བྱུང་བ་རེད། དེས་ན་བོད་དེ་མི་རིགས་ཉུང་ངུ་ཞིག་ཡིན་རུང་། བོད་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཕྱི་ལོ་ ༡༩༥༡ བར་ལོ་སྟོང་ཕྲག་ཁ་ཤས་སོང་བའི་རིང་ཕྱི་ལོ་ ༡༢༢༠ རྩ་གྲངས་ནས་ ༡༢༦༦ བར་སོག་པོའི་མངའ་འོག་ཏུ་ལོ་ཉི་ཤུ་རྩ་གྲངས་མ་གཏོགས་བསྡད་མྱོང་མེད། དེ་ཡང་སོག་པོ་ཡོང་ནས་ང་ཚོའི་ཐོག་ཏུ་དཔོན་པོ་བྱས་མེད་ཅིང། བོད་ཀྱི་ས་གནས་སོ་སོའི་དཔོན་པོ་རང་འཇགས་བསྡད་དེ་སོག་པོ་ལ་ཁྲལ་སྤྲད་རྒྱུ་ཙམ་རེད། དེ་ནས་ཕྱི་ལོ་ ༡༢༦༦ ལོར་སོག་པོས་བོད་ཀྱི་མངའ་དབང་དེ་ས་སྐྱའི་ཕྱག་ཏུ་ཕུལ་བ་ནས་བཟུང་ང་ཚོ་ནང་འཁྲུགས་མང་པོ་བྱུང་བ་དང་ས་མཚམས་འགྱུར་བ་སོང་བ་ལས་བོད་ཁྱོན་ཡོངས་དེ་གང་གིའང་བཙན་འོག་ཏུ་ཕྱིན་མེད། བོད་ནི་མི་ཉུང་ཉུང་ཡིན་པ་དང་། དམག་ཤུགས་ཆ་ནས་ནུས་པ་ཆུང་ངུ་དེ་སྔོན་མ་ནས་ཡིན་པ་ལས། གསར་པ་གང་ཡང་མིན།

ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་ཁྱབ་ཕྱིན་པ་དང་། ལྷག་པར་དུ་བཟོ་གྲྭའི་རིང་ལུགས་བྱུང་བ་ནས་བཟུང་མ་རྩའི་བདག་པོ་དང་། བཟོ་པ་ཞིང་པའི་བར་འཐབ་རྩོད་ཆེན་པོ་བྱུང་སྟེ། ཀོ་རལ་མ་ཁེ་སི་ (Karl Marx) ནས་དཱས་ཀ་པི་ཊལ་ (Das Kapital) ཞེས་པའི་དེབ་ཆེན་པོ་མང་པོ་དེ་བྲིས་པ་རེད། དེབ་དེ་ཚོའི་དོན་རྡོག་རྡོག་དེ་བཤད་ན། རིན་ཐང་ལྷག་མ་ (Surplus value) ཞེས་པའམ་ཁེ་བཟང་ལྷག་མ་དེ་བཟོ་པ་དང་ཞིང་པ་ལ་འགྲོ་དགོས་པ་མ་གཏོགས། མ་རྩའི་བདག་པོ་ལ་འགྲོ་རྒྱུ་མེད་ཅེས་པ་དེ་རེད། དེ་ལ་བརྟེན་ནས་ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་ཀྱི་ཁ་གཏད་དུ་མ་ཁེ་སིའི་རིང་ལུགས་ (Marxism) དེ་བྱུང་བ་རེད། མ་ཁེ་སིའི་རིང་ལུགས་དེ་དངོས་སུ་ལག་ལེན་བསྟར་མཁན་ལེ་ནིན་ (Lenin) དང་ཨིས་ཏ་ལིན་ (Stalin) སོགས་རེད། རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་སོགས་ཀྱང་དེའི་རྗེས་སུ་འབྲངས་པ་རེད། སོ་ཝི་ཡཏ་ཡུ་ནི་ཡན་ (Soviet Union) དམར་པོ་ཆགས་པ་དང་མཉམ་དུ་རྒྱ་ནག་དམར་པོ་ཆགས་པའི་ས་བོན་དེ་བཏབ་པ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་གསེར་ཞལ་འཚོ་གཞེས་སྐབས་ནས་སོག་པོ་དང་ར་ཤི་ཡ་ (Russia) སོགས་དམར་པོ་ཆགས་ཏེ་ཆུ་སྤྲེལ་ཞལ་གདམས་ནས་གསུངས་པ་རྣམས་བྱུང་ཟིན་རུང་དངོས་སུ་ང་ཚོ་ལ་ད་ལྟ་ཡོང་རྒྱུ་བསྡད་ཡོད་རེད། དམར་པོའི་བརྒྱུད་པ་དེ་རྒྱ་ནག་ཏུ་སླེབས་སྐབས་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་དམར་པོའི་སྲིད་གཞུང་དེ་མགོ་ཚུགས་པ་རེད། དེ་ནས་ལོ་དེའི་ཕྱི་ཟླ་ ༡༡ ནང་བོད་དུ་དམག་བཏང་ཟིན་པ་རེད། ཕྱི་ལོ་ ༡༩༤༩ ལོ་མཇུག་ནས་ ༡༩༥༠ ཆ་ཚང་ས་མཚམས་སུ་འཛིངས་ནས་བསྡད་པ་རེད། ཕྱི་ལོ་ ༡༩༥༡ ཟླ་ ༥ ནང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ས་ཡིག་བརྒྱབས་ནས་བོད་རྒྱ་ཁོངས་སུ་ཕྱིན་པ་རེད། དེས་ན་དུས་ཡུན་རིང་པོའི་རྗེས་སུ་བོད་རྒྱ་ཁོངས་སུ་སོང་བའང་རྒྱ་ནག་དམར་ཤོག་ཆགས་པ་དེའི་དབང་གིས་རེད། རྒྱ་ནག་དམར་ཤོག་ལ་ཆགས་པའི་རྗེས་སུ་བོད་བཙན་བཟུང་བྱས་དགོས་པ་ནི་རྒྱ་མིའི་བསམ་བློའི་ནང་འཇིག་རྟེན་ཡོངས་རྫོགས་བཅིངས་བཀྲོལ་གཏོང་དགོས་པ་དེ་རེད། སླར་ཡང་འཇིག་རྟེན་ཡོངས་རྫོགས་རྒྱལ་ཁབ་གཅིག་བཟོ་རྒྱུའི་བསམ་བློ་དེ་རྒྱ་མི་ལ་ཡོད་རེད། དེས་ན་འཇིག་རྟེན་ཡོངས་རྫོགས་བཅིངས་བཀྲོལ་གཏོང་བའི་གོམ་པ་དང་པོ་ནི་རྒྱ་གར་བཅིངས་བཀྲོལ་གཏོང་རྒྱུ་དང་། དེ་བཅིངས་བཀྲོལ་གཏོང་བར་བོད་ཀྱི་ས་ཆ་དེ་དགོས་ཀྱི་ཡོད། བོད་བཙན་བཟུང་མ་བྱས་པར་དམག་གི་འཆར་གཞིའི་ཐོག་ནས་རྒྱ་གར་ཐོག་དམག་རྒོལ་བྱེད་མི་ཐུབ་པ་རེད། གང་ལྟར་རྒྱ་གར་ལ་བཙན་འཛུལ་བྱེད་པ་ལ་བོད་དེ་མེད་དུ་མི་རུང་བར་བརྟེན། འཕྲལ་དུ་བོད་དབང་བསྒྱུར་བྱས་དགོས་པའི་རྒྱུ་མཚན་དེ་ལྟར་རེད། གང་ལྟར་མ་རྩའི་རིང་ལུགས་ཀྱི་ཁ་གཏད་དུ་དམར་པོའི་རིང་ལུགས་ལངས་པ་དང་། དམར་པོའི་རིང་ལུགས་ཀྱི་དམིགས་ཡུལ་བསྒྲུབ་པར་བོད་དེ་རྒྱ་མིས་བཙན་བཟུང་བྱས་པ་རེད། དེ་ལྟར་རྒྱུ་མ་ཕུ་འདེད་བྱེད་ན་བོད་རྒྱ་ནག་འོག་འགྲོ་དགོས་པ་དེ་མ་རྩའི་རིང་ལུགས་དར་ཁྱབ་ཕྱིན་པ་དང་། འཇིག་རྟེན་ཡོངས་རྫོགས་བཟོ་ལས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་བྱུང་། ཁྱེད་རང་གི་དྲི་བ་དེ་ཁ་ཐུག་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་ཐོག་སླེབས་དུས། གོ་ལ་གཅིག་སྒྱུར་རིང་ལུགས་ཀྱིས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱེད་པ་ལ་ད་དུང་ནུས་ཤུགས་འཕར་མ་ཐེབས་ཡོད་པ་དང་། ཁོང་ཚོས་བྱས་པའི་ལས་ཀ་དེ་ཚོ་ཁྲིམས་མཐུན་ཡིན་པ་བཟོ་རྒྱུར་ཕན་ཐོགས་བྱུང་བ་དེ་གསལ་པོ་རེད། དཔེར་ན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་གསལ་བསྒྲགས་ནང་ Migration and Movement གཉིས་ཀ་ཡོད་རེད། རྒྱ་མིས་མི་འབོར་སྤོ་བཤུད་བྱེད་རྒྱུ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞི་བའི་དོན་ཚན་ལྔ་སོགས་ནང་ཡོད་པ་དེ་གང་རེད་ཅེ་ན། མི་འབོར་གྱི་གནས་སྟངས་ (Demography) ལ་འགྱུར་བ་བཏང་ནས་བོད་དེ་རྒྱ་ནག་ཏུ་སིམ་ (Assimilate) འཇུག་རྒྱུའི་གནས་སྟངས་ཆགས་ཀྱི་འདུག དེ་ནི་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་ལ་འགལ་ཟླ་འགྲོ་གི་འདུག་ཅེས་ང་ཚོས་བཤད་ཀྱི་ཡོད། དེས་ན་རྒྱལ་ཁབ་གཅིག་གི་ནང་ཙམ་དུ་མ་ཟད། རྒྱལ་ཁབ་ཕན་ཚུན་ལའང་གཞིས་སྤོས་བྱ་རྒྱུར་དགག་བྱ་མེད་པ་དེར་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱེད་དུས་རྒྱལ་ཁབ་གཅིག་གི་ནང་གཞིས་སྤོས་བྱ་རྒྱུར་དེ་བས་ཀྱང་ཁྲིམས་མཐུན་ཡིན་པ་བཤད་མི་དགོས་པ་རེད། དེ་བཞིན་ཐོན་སྐྱེད་བེད་སྤྱོད་ཀྱི་དངོས་པོ་དབོར་འདྲེན་དང་སྤོ་བཤུད་བྱེད་རྒྱུ་དང་། ཐོན་སྐྱེད་རྣམས་གང་སར་འཁྱེར་ཆོག་རྒྱུ་སོགས་ལ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གིས་བོད་ཀྱི་ཐོན་སྐྱེད་རྒྱ་ནག་ཏུ་འཁྱེར་རྒྱུར་རྒྱབ་སྐྱོར་བྱེད་པ་མ་ཟད། རྒྱ་ནག་ནས་རྒྱ་མི་མང་པོ་བོད་དུ་གཞིས་སྤོས་ལའང་རྒྱབ་སྐྱོར་བྱེད་པ། དེ་བཞིན་དཔལ་འབྱོར་གྱི་འདུ་འགོད་ནང་ས་གནས་ཀྱི་མི་ལ་ཁེ་ཕན་མེད་པར། ཁེ་ཕན་ཚང་མ་མ་རྩའི་བདག་པོ་དང་ཆབ་སྲིད་དབང་འཛིན་པ་ལ་འགྲོ་རྒྱུ་དེ་གོ་ལ་གཅིག་སྒྱུར་རིང་ལུགས་ཀྱི་ནང་རང་ཆས་སུ་ཡོད་པ་ (Inbuilt) ཞིག་ཆགས་ཀྱི་ཡོད། དེས་ན་ང་ཚོ་ལ་གནོད་ཀྱི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། ཐུགས་རྗེ་ཆེ། ཞེས་གསུངས།། །།

(༢༠༡༦ ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་སེར་བྱེས་འབྲིང་རིམ་སློབ་གྲྭར་གསུང་བཤད་ཁག་བཞི་གནང་བ་ལས་གསུམ་པ་ཚན་རིག་དང་འཕྲུལ་ལས་ཀྱི་དགོས་འདོད་ཇི་ལྟར་བྱུང་བ་དང་། དེ་ལ་བརྟེན་ནས་སྐྱེ་རྒུའི་འཕྲལ་ཡུན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་གནོད་ཇི་བྱུང་སྐོར་ཡིན།)