༈ ༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་འཛུགས་སྐྲུན་སྐོར་ཏཱ་ལའི་བླ་མའི་དགེ་རྩའི་ལས་དོན་སྙན་ཞུ་མདོར་བསྡུས།

༄༅།། ཇི་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་།། མཐའ་དག་འགྲོ་ལ་སྨན་པའི་རྒྱུར་གྱུར་ན།། ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ།། ས་གསུམ་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས།། ཞེས་གསུངས་པ་ལྟར། ༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཟབ་གསང་གསུང་གི་བདུད་རྩིའི་གཟེགས་མ་རེ་ཡང་སྙིགས་དུས་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་དམ་པར་གྱུར་པ་དེ་དག་ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར་ཉམས་མེད་རྒྱུན་འཛིན་ཁྱབ་སྤེལ་གྱི་ལམ་ནས་འབྱུང་འགྱུར་སྐྱེ་འགྲོ་རྣམས་ཀྱི་གསོས་སྨན་དུ་བདག་ཉར་གཅེས་སྐྱོང་བྱ་རྒྱུ་ནི་ད་ལྟའི་མགོན་པོ་གང་གི་ཞབས་རྗེས་ཟིན་པའི་ཞལ་སློབ་དང་སྲི་ཞུ་བ་རྣམས་ཀྱི་འདོར་དུ་མི་རུང་བའི་གལ་ཆེའི་ལས་འགན་ཞིག་ཡིན་པ་དང་། བསྐལ་བཟང་འབྲས་བུའི་ལེའུ་ལྟ་བུའི་སྐབས་སུ་མི་བརྗེད་པའི་གཟུངས་ཐོབ་པའི་དམ་པ་རྣམས་ཀྱིས་གསུང་རབ་གཅེས་འཛིན་རྒྱུན་སྤེལ་གནང་བ་དང་ཕྱོགས་མཚུངས་པར་དེང་རབས་ཚན་རིག་དང་འཕྲུལ་ལས་ཀྱི་དུས་སྐབས་འདིར་ཡང་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྣམས་བརྙན་འཕྲིན་དང་སྒྲ་བསྡུས་འཕྲུལ་འཁོར་སོགས་ཀྱི་ལམ་ནས་དུས་ཡུན་ངེས་མེད་བར་རྒྱུན་འཛིན་དང་མཐོང་ཐོས་ཀྱི་ཡུལ་དུ་བཀོད་ཐུབ་པ་མ་ཟད། ཤོག་ཐོག་ཏུ་ཡོད་པའི་ཡིག་རིགས་རྣམས་ཀྱང་རྫས་སྦྱོར་གྱི་ལམ་ནས་སྟོང་ལོ་མང་པོའི་བར་བདག་ཉར་ཐུབ་པའི་སྒྱུ་རྩལ་དར་བར་བརྟེན། ཐབས་ལམ་དེ་དག་སྤྱད་དེ་མགོན་པོ་གང་གི་སྐུའི་རྣམ་འགྱུར་དང་གསུང་གི་གདངས་དུས་རབས་རྗེས་མའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་བདག་གཅེས་བྱ་རྒྱུ་དང་། ཕྱག་བསྟར་མའི་ཡིག་རིགས་ཁག་གིས་མཚོན་པས་གསུང་འཕྲིན་དང་ཆེད་བརྗོད་ལྗགས་རྩོམ་སོགས་ཤོག་འཛར་ཕྲ་མོ་ཡན་ཆད་བསྡུ་རུབ་གཅེས་འཛིན་བྱ་རྒྱུ་༧གོང་ས་ཏཱ་ལའི་བླ་མ་ཡིག་ཚགས་ཁང་འདིའི་བསྒྲུབ་བྱའི་གཙོ་བོ་ཡིན།

དེ་བཞིན་ཕྱི་རབས་ཀྱི་གདུལ་བྱ་དོན་གཉེར་ཅན་དང་ཤེས་ཡོན་གྱི་ཉམས་ཞིབ་པ་ཚོར་༧གོང་ས་སྐུ་ཕྲེང་ན་རིམ་གྱི་གསུང་འབུམ་ད་ལྟ་བཞུགས་སོ་ཅོག་དང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་ནས་ཕྱོགས་སྒྲིག་གནང་བཞིན་པའི་གསུང་འབུམ་ཡོད་དོ་ཅོག་རྒྱལ་སྤྱིའི་སྐད་རིགས་འདྲ་མིན་སྣ་ཚོགས་སུ་བཞུགས་པ་རྣམས་དང་། རྩོམ་པ་པོ་གཞན་གྱིས་སྐད་ཡིག་སྣ་ཚོགས་སུ་༧གོང་ས་མཆོག་གི་གསུང་ཟིན་བྲིས་དང་། མཛད་རྣམ། བཅར་འདྲི། བགྲོ་གླེང་། རང་གི་ཉམས་ཚོར་༧གོང་ས་མཆོག་དང་ལྷན་དུ་ལྗགས་རྩོམ་གནང་བ་སོགས་ཇི་ཡོད་མ་ཚང་བ་མེད་པ་ཞིག་དཔེ་མཛོད་གཅིག་གི་ནང་བདེ་བླག་ཏུ་འཚོལ་རྙེད་ཀྱིས་གསན་བསམ་ཉམས་ཞིབ་གནང་ཐུབ་པའི་ ‘དམིགས་བཀར་དཔེ་མཛོད་’ ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུ་ནི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་འདིའི་དགོས་དམིགས་ཡིན། འབྱུང་འགྱུར་རིམ་པས་༧གོང་ས་མཆོག་གི་སྐུ་ཡི་ཕྲེང་བར་གཏོགས་པའི་འཕགས་བོད་ཀྱི་མཁས་གྲུབ་གཞན་རྣམས་ཀྱི་གསུང་རབ་ཁག་ཀྱང་བསྡུ་རུབ་ཞུ་རེ་ཡོད། མདོ་དོན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གཙོ་བོར་གྱུར་པའི་༧གོང་ས་སྐུ་ཕྲེང་ན་རིམ་གྱི་གསུང་གི་འཕྲིན་ལས་ལ་ལོངས་སུ་སྤྱོད་འདོད་ཅན་གྱི་དད་ལྡན་གྱི་སློབ་མའམ་མཁྱེན་འདོད་ཡོད་པའི་ཉམས་ཞིབ་པ་སུ་ཞིག་ས་གནས་གང་སར་རྩོལ་སྒྲུབ་མ་དགོས་པར་གནས་ཁང་གཅིག་ཏུ་བདེ་བླག་ཏུ་རྙེད་ཐུབ་པའི་མཐུན་རྐྱེན་ཁྱད་པར་ཅན་འདི་རྒྱལ་བའི་བསྟན་པ་དང་། བོད་ཀྱི་རིག་གཞུང་། སྙིགས་དུས་སྐྱེ་རྒུའི་བདེ་དོན་བཅས་ཀྱི་གསོས་སྨན་དུ་གྱུར་པ་མ་ཟད། བོད་མི་རིགས་ཀྱི་གཅེས་ནོར་ཐང་མར་བརྡལ་བ་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཕྲིན་ལས་ཀྱི་བྱིན་མཐུ་ཉག་གཅིག་ལས་གྲུབ་པ་འདི་ད་ལན་༧གོང་ས་མཆོག་༧ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་དེ་དབུ་འབྱེད་བསྐྱངས་པའི་བཀའ་དྲིན་ནི་ནམ་ཡང་གཞལ་བར་དཀའ།

གོང་ཞུས་ཡིག་ཚགས་ཁང་དང་དཔེ་མཛོད་གཉིས་ཀྱི་ཞོར་དུ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཙུག་ལག་སློབ་ཁང་སོགས་ནས་ཕུལ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་པའི་གྲགས་ཅན་གྱི་གཟེངས་རྟགས་དང་། ཕྱག་འཁྱེར། དྲན་རྟེན་སོགས་ཧ་ཅང་མང་པོ་ཡོད་པ་རྣམས་ཉམས་ཆག་མེད་པར་བདག་ཉར་ཆེད་ཚོམས་ཆེན་གཅིག་ཟུར་བཅད་ཀྱིས་བཀོད་ལེགས་གཤོམ་སྒྲིག་དང་འབྲེལ་བདག་གཅེས་ཞུས་བདེ་བཟོས་ཡོད། འདི་ནི་དྲིལ་བསྒྲགས་སམ་འགྲེམས་སྟོན་ཁང་གི་ངོ་བོ་མིན་པར་དངོས་རྫས་བདག་ཉར་ཁང་ཞིག་ཡིན་ནའང་། དམིགས་བསལ་སྐུ་མགྲོན་ཁག་དང་ཤེས་ཡོན་གྱི་ཉམས་ཞིབ་པ་ཚད་ལྡན་རྣམས་ལ་དགོས་གལ་བྱུང་སྐབས་དངོས་སུ་མཇལ་རྒྱུའི་གོ་སྐབས་ཀྱང་འབུལ་ཐུབ། སྤྱི་ཡོངས་འདི་དག་མཇལ་འདོད་ཅན་གྱི་མང་ཚོགས་ལ་སྐབས་དུས་སོ་སོར་འོག་ཐོག་ཤངས་ལེན་ཁང་དུ་བརྙན་འཕྲིན་གྱི་ལམ་ནས་མཇལ་ཐུབ་པའི་མཐུན་རྐྱེན་ཡང་ཡོད།

དེ་བཞིན་ད་ལྟ་མཛད་སྒོ་ཚོགས་བཞིན་པའི་ཚོམས་ཆེན་འདི་༧གོང་ས་མཆོག་གིས་ཞལ་སློབ་ཉུང་ཤས་ལ་གསུང་ཆོས་དང་། སྡེ་ཚན་ཁག་ལ་མཇལ་ཕྱག་དང་བཀའ་སློབ། མཁས་པའི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་ཆེད་དུ་བེད་སྤྱོད་ཞུ་རྒྱུ་ཡིན།

གནས་ཁང་འདིའི་འོག་ཐོག་ཏུ་༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ལས་ཁུངས་དང་། གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་ལས་ཁུངས། སྒྲ་བརྙན་སྡེ་ཚན་གྱི་ལས་ཁུངས། ཤངས་ལེན་ཁང་། གསོལ་ཐབ། གསོལ་ཚིགས་ཁང་། འཕྲུལ་ཆའི་ཉེན་སྲུང་དང་བདག་གཅེས་ཁང་སོགས་ཡོད།

དཔེ་མཛོད་དང་ཡིག་ཚགས་ཁང་གནས་ཚད་ལྡན་པ་ཡོང་ཆེད་འགྲོ་གྲོན་ལ་མ་འཛེམས་པར་ཁང་པ་དང་། དགོས་མཁོའི་འཛིན་ཆས། འཕྲུལ་ཆས། རྫས་སྦྱོར་སོགས་དེང་རབས་ཚད་མཐོའི་སྒྱུ་རྩལ་གྱི་གནས་ཚད་ལྟར་མཁོ་སྒྲུབ་ཞུས་པ་མ་ཟད། ལས་བྱེད་རྣམས་ཀྱང་སོ་སོའི་ཁྱད་ལས་ཀྱི་ཆེད་སྦྱོང་ཚད་ལྡན་ཐོན་པ་ཤ་སྟག་ཡིན། དེ་བཞིན་དངོས་རྫས་སྲུང་སྐྱོབ་དང་། འབྱུང་བའི་ཉེན་སྲུང་སོགས་ཀྱི་ཆ་རྐྱེན་ཡང་ཚད་མཐོ་བསྐྲུན་ཡོད། དེ་བཞིན་གནས་ཁང་འདིའི་མ་ལག་དང་། ལས་བྱེད་བཞུགས་ཤག་བཅས་ཀྱི་ཨར་ལས་དང་། ཆུ་གློག་གི་མཐུན་རྐྱེན་སོགས་ས་གནས་གྲོང་ཁྱེར་འཆར་འགོད་ལས་ཁང་དང་། གྲོང་སྡེ་ལས་ཁུངས་བཅས་ཀྱི་ཁྲིམས་ལུགས་ཆ་ཙམ་ཡང་མ་འགལ་བའི་ཐོག  འགྲོ་གྲོན་གཏོང་ཕྱོགས་ཀྱང་ཡུལ་ཁྲིམས་སྤྱི་དང་། ཁྱད་པར་ཡིད་ཆེས་དགེ་རྩའི་ཁྲིམས་སྲོལ་ཇི་བཞིན་གཙང་གྲུབ་ཞུས་ཡོད། གོ་སྐབས་འདིའི་བརྒྱུད་ས་གནས་འབྲེལ་ཡོད་དཔོན་རིགས་རྣམས་ལའང་ཁོང་ཚོའི་མཐུན་འགྱུར་དང་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་མིའི་འདས་པའི་བྱུང་རབས་ནང་སྤྱིར་གསུང་རབ་དང་། བསྟན་བཅོས་ཀྱི་ཡིག་ཆ་བཟོ་སྐྲུན་དང་བདག་ཉར་གྱི་ལམ་སྲོལ་དང་ལེགས་བྱང་འཇིག་རྟེན་འདིའི་རྒྱལ་ཁབ་གཞན་སུས་ཀྱང་འགྲན་དུ་མི་བཟོད་པའི་ངོ་མཚར་ཅན་ཞིག་ཡོད་ནའང་། མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་། ས་ཁུལ་ཡུལ་ལུང་གི་གནས་བབ། ཆབ་སྲིད་དང་ཁྲིམས་དོན་གྱི་ཡིག་ཆ་སོགས་བདག་གཉེར་ཚད་ལྡན་བྱ་རྒྱུའི་ལམ་སྲོལ་མ་དར་བའི་ཞན་ཆ་ཞིག་ཡོད་པ་དེས་བོད་ཀྱི་སྲིད་དོན་གྱི་བྱུང་རབས་ལ་གཞན་གྱིས་འཁྱོག་བཤད་བྱེད་སྐབས་ཡིག་ཆའི་དན་རྟགས་དང་བཅས་ཏེ་ཡོ་བསྲང་བྱ་དཀའ་བའི་ཉམས་མྱོང་དངོས་བྱུང་ལ་བརྟེན། བོད་མི་ཤེས་ཡོན་ཅན་མང་པོས་བཙན་བྱོལ་དུ་འབྱོར་རྗེས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་དང་སྤྱི་ཚོགས་ཀྱི་འཚོ་བ་སོགས་དང་འབྲེལ་བའི་ཡིག་རིགས་ཁག་དེང་རབས་ཚན་རིག་དང་མཐུན་པར་བདག་ཉར་བྱ་རྒྱུ་གལ་གནད་ཆེ་བར་མཐོང་སྟེ་འབད་རྩོལ་སྔ་རྗེས་གནང་ཡོད། དཔེར་ན། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གསར་བསྐྲུན་སྐབས་དཔེ་མཛོད་ཁང་དེ་ཉིད་བོད་རྒྱལ་ཡོངས་ཡིག་ཚགས་ཁང་ (Tibetan National Archives) ཡང་མཉམ་དུ་བྱ་རྒྱུའི་འཆར་གཞི་བྱས་ཏེ་མཚན་ལའང་ Library of Tibetan Works and Archives ཞེས་འདོགས་གནང་མཛད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་སྣོད་རྙིང་པ་མང་པོ་དཔེ་མཛོད་དུ་གསོག་འཇོག་གནང་ཡོད་ཀྱང་། ཕྱིས་སུ་ལས་གཞི་ལག་བསྟར་ཐུབ་པ་མ་བྱུང་བས་ཡིག་ཆ་ཁག་ཕྱིར་ལོག་གནང་ཡོད། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པས་ཡིག་ཚགས་ཀྱི་འཆར་གཞི་བསྒྲིགས་ཏེ་བཀའ་ཤག་ཚོགས་ཁང་གསར་པའི་འོག་ཐོག་ཏུ་ཡིག་ཚགས་ཀྱི་ས་ཆ་བསྐྲུན་ཡོད་ཀྱང་ལས་གཞི་མཇུག་སྐྱོང་ཐུབ་པ་མ་བྱུང་། ད་ལྟའི་ཏཱ་ལའི་བླ་མ་ཡིག་ཚགས་ཁང་འདི་ཐོག་མ་ནས་དཔེ་མཛོད་དང་ཡིག་ཚགས་ཁང་གི་ངོ་བོར་བསྐྲུན་རྒྱུའི་ཀུན་སློང་གིས་འཆར་འགོད་བྱས་པ་ཞིག་མིན་ཡང་། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་འབབ་དངུལ་ནས་འགྲོ་གྲོན་བཏང་མ་ཐུབ་པའི་དངུལ་འབབ་གང་འཚམས་ལྷག་ལུས་བྱུང་བར་བརྟེན། ཡུལ་ཁྲིམས་གཞི་བཟུང་འཆར་ལོ་ལྔའི་ནང་དངུལ་འབོར་དེ་དག་བེད་སྤྱོད་ངེས་གཏོང་ཐུབ་པ་དགོས་རྒྱུར་བརྟེན། དེའི་ཆེད་ལས་བྱེད་བཞུགས་ཁང་དང་། གཟེངས་རྟགས་འཇོག་ཡུལ་ཁང་པ་གཉིས་ཀྱི་ལས་འཆར་བསྒྲིགས་རྗེས་རིམ་པས་དཔེ་མཛོད་དང་ཡིག་ཚགས་ཁང་ཡང་དགོས་མཁོར་མཐོང་སྟེ། འཆར་གཞི་ཞིབ་ཕྲ་བཀོད་དེ་དགའ་ལྡན་ཕོ་བྲང་གི་འགན་འཛིན་ལྷན་ཚོགས་སུ་བཀའ་ཁྲོལ་ཞུས་རྗེས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོར་སྙན་གསན་ཞུས་ཏེ་བཀའ་ཁྲོལ་བྱུང་བ་བཞིན་ད་ཆ་ལེགས་གྲུབ་བྱུང་བ་ཡིན་སྟབས། ལས་འཆར་འདི་བཞིན་༧གོང་ས་མཆོག་གི་འཕྲིན་ལས་ཉག་གཅིག་ལས་གྲུབ་པ་ཡིན་ཞེས་ཞུས་པའི་རྒྱུ་མཚན་དེ་ཡིན། འབྱུང་འགྱུར་འདིའི་འཛིན་སྐྱོང་ཚགས་ཚུད་དང་དམིགས་ཡུལ་ཇི་བཞིན་འགྲུབ་མིན་ཡང་༧གོང་ས་མཆོག་གི་ཐུགས་བསྐྱེད་ཁོ་ནར་རག་ལུས་པ་ཡིན་སྟབས། གོང་དུ་ཇི་ལྟར་གསོལ་བའི་བསྟན་འགྲོར་སྨན་པའི་དམིགས་ཡུལ་རྣམས་ཇི་བཞིན་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་དང་། ༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ཞར་བྱུང་ལས་གཞི་འདིར་ཆེད་དམིགས་དཔལ་འབྱོར་ཞལ་འདེབས་འབུལ་མིར་ཡང་རྗེས་སུ་ཡི་རངས་དང་། དགེ་བ་རྫོགས་བྱང་དུ་བསྔོ་སྨོན་ཞུ་རྒྱུ། དེ་བཞིན་ལས་གཞི་འདིར་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཐོགས་ཐམས་ཅད་༧གོང་ས་མཆོག་གིས་ཚེ་རབས་རྗེས་འཛིན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

(གསུང་བཤད་འདི་ནི་ ༢༠༢༢ ཕྱི་ཟླ་ ༧ ཚེས་ ༦ ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་༧གོང་ས་མཆོག་གིས་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་བསྐྱངས་སྐབས་གནང་བ་ཞིག་ཡིན།)