ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་མཇུག་བསྡོམས་སུ་བཀའ་ཤག་གི་གསལ་བཤད།

༈ སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་མཇུག་བསྡོམས་སུ་བཀའ་ཤག་གི་གསལ་བཤད།

༄༅། །ཆེས་མཆོག་ཏུ་བཀུར་བར་འོས་པའི་མཚུངས་མེད་ཚོགས་གཙོ་མཆོག གྲོས་ཚོགས་ཀྱི་ཡིག་ཆ་ཨང་༧པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་རིན་པོ་ཆེ་དང༌། དེ་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཡིག་ཆ་ཨང་ ༨ པ་བཅས་ཀྱི་ཐོག་གྲོས་ཚོགས་སུ་གྲོས་བསྡུར་རྒྱུན་རིང་གནང་བའི་མཇུག་བསྡོམསསུ་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གསུང་འཕྲིན་ཧ་ཅང་ཞལ་གསལ་པོ་ཕེབས་འདུག་པས་དེ་ལ་གསལ་བཤད་ཞུ་མ་དགོས་པ་མ་ཟད།

གྲོས་བསྡུར་གནང་བའི་ནང་དུའང་བཀའ་འདྲི་མང་དག་ཅིག་ྋགོང་ས་མཆོག་ལ་ཐད་ཀར་ཞུས་པ་ལྟ་བུ་འདུགཔས་དེ་ཡིན་ན་ནི་བཀའ་ཤག་གིས་ྋགོང་ས་མཆོག་གི་སྐུ་ཚབ་ཞུས་ནས་གསལ་བཤད་ཞུ་རྒྱུའི་ནུས་སྤོབས་མེད།

དེ་ཙམ་མ་ཟད་སྐབས་བཅུ་བཞི་པའི་གྲོས་ཚོགས་འདིའི་ནང་གསལ་བཤད་ཇི་ཙམ་ཞུས་ཀྱང་གསལ་པོ་ཆགས་ཐུབ་ཀྱི་མེད་པའི་ཉམས་མྱོང་གཏིང་ཟབ་ཡོད། གལ་སྲིད་གསལ་བཤད་དང་རྒྱུ་མཚན་ཞུས་ནས་ལ་དག་རྒྱུ་ཡོདཔ་ཞིག་ཡིན་ན་ད་རེས་གསུང་འཕྲིན་འདི་འདྲ་ཞིག་ཕེབས་དགོས་དོན་མེད། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་འགྱུར་འགྲོས་རྣམས་དུས་ནས་དུས་སུ་དྲི་བ་དྲིས་ལན་དང༌། གསལ་བཤད། བགྲོ་གླེང༌། ཐ་ན་སྟོང་པའི་དུས་ཚོད་ཡན་ཆོད་ཀྱི་ལས་རིམ་འདྲ་མིན་བརྒྱུད་བསྐྱར་ལྡབ་ཡང་ལྡབ། དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་ལྟར་ཞུས་ཟིན་པ་ཡིན་ནའང༌། སྤྱི་འཐུས་རྣམ་པའི་ཐུགས་དགོངས་མ་དྭངས་པའི་ཉེར་ལེན་ལ་བརྟེན་ནས་ད་རེས་གསུང་འཕྲིན་འདི་ཕེབས་དགོས་བྱུང་བ་རེད། དེ་སྔོན་ཡང་གྲོས་ཚོགས་འདིའི་ནང་ཞུས་མྱོང་བ་ལྟར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས། དངོས་པོའི་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང༌།། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།། ཞེས་སོགས་གསུངས་པ་དེ་ཐུགས་བདེན་པ་རེད་བསམ་གྱི་འདུག འོན་ཀྱང་གྲོས་ཚོགས་ཀྱི་གལ་ཆེའི་དུས་ཚོད་ཞུས་ནས་གསལ་བཤད་ཞུ་དགོས་པའི་རྒྱུ་མཚན་གསུམ་ཡོད་པའི་དང་པོ་ནི།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་བཅུ་བདུན་པའི་ནང་གསེས་གསུམ་པ་ལ་བརྩི་བཀུར་ཞུ་རྒྱུ་དང༌། གཉིས་པ་རྒྱ་ཆེ་མང་ཚོགས་ཀྱིས་མཁྱེནརྟོགས་ཡོང་ཆེད། གསུམ་པ་བྱུང་རབས་ལོ་རྒྱུས་ཀྱི་ཆེད་དེབ་ཐེར་དུ་དགོད་རྒྱུ་བཅས་ཡིན།

ཐོག་མར་བཀའ་ཤག་ཏུ་ང་ཚོའི་གསལ་བཤད་ཆེད་སྤྱི་འཐུས་གསང་བའི་ཚོགས་འདུ་ཞིག་ཚོགས་གནང་ཡོང་བའི་རེ་སྐུལ་ཞུས་ན་ལེགས་ཚུལ་བཀའ་མོལ་བྱུང་སོང༌། དེའི་རྒྱུ་མཚན་ཡང་གནས་ཚུལ་འགའ་ཤས་བཀུར་འོས་སྤྱི་འཐུས་རྣམ་པའི་མཚན་མཐོང་ལ་གནོད་པའང་ཡོང་སྲིད་པ་ཞིག་རེད། བཙན་བྱོལ་བོད་མང་གཙོའི་གཞུང་གི་སྒྲིག་འཛུགས་མཐོ་ཤོས་ཁྲིམས་བཟོའི་དབང་འཛིན་པ་སྤྱི་འཐུས་ལྷན་ཚོགས་དང་དེའི་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་སྲུང་སྐྱོབ་ཞུ་རྒྱུ་བོད་མི་ཚང་མའི་ལས་འགན་ཞིག་རེད། ཡིན་ནའང་གནད་དོན་འདིའི་ཐོག་གྲོས་ཚོགས་ཀྱི་བགྲོ་གླེང་ལ་ཉན་པའི་མཐར་བཀའ་ཤག་གི་ངོས་ནས་གསང་བ་ཞུ་དགོས་ཀྱི་གནས་ཚུལ་གང་ཡང་ལྷག་མ་སོང་སྙམ་པའི་ཚོར་སྣང་བྱུང༌། དེ་ལ་བརྟེན་ནས་གསང་བའི་ཚོགས་འདུའི་ཆེད་དུ་རེ་སྐུལ་མི་ཞུ་རྒྱུའི་ཐག་གཅོད་བྱས་པ་ཡིན།

བཀུར་འོས་ཚོགས་གཙོ་མཆོག བཀའ་ཤག་གི་གསལ་བཤད་འདིའི་ནང་

༡༽ བཀའ་ཤག་གི་སེམས་ཀྱི་ཚོར་བ་དང༌།

༢༽ ད་རེས་ཀྱི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་གྱི་ནང་དོན་ཁག་ཕེབསདགོས་

པའི་རྒྱུ་མཚན།

༣༽ ཞི་བའི་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་གྱི་འགྱུར་འགྲོས་དང་འཕེལ་རིམ།

 ༤༽ བགྲོ་གླེང་སྐབས་བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་ལ་གསལ་བཤད་ཞུ་དགོས་ཁག ༥༽ གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྙིང་པོ་གྲོས་ཚོགས་ནས་ད་རེས་ཐག་གཅོད་ངེས་པར་གནང་དགོས་པའི་དོན་གནད་ཁག་བཅས་དོན་ཚན་ལྔར་བསྡུས་ནས་སྙན་གསན་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་མཆོག དོན་ཚན་དང་པོ། ཆབ་སྲིད་ཀྱི་ལས་དོན་སྤྱི་དང་ཁྱད་པར་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་དངོས་ཡོད་ཀྱི་གནས་ཚུལ་ལ་གདོང་ལེན་ཞུ་རྒྱུ་མ་གཏོགས་སེམས་ཚོར་ལ་དོ་སྣང་དང་འགྲེལ་བརྗོད་ཞུ་རྒྱུ་སྐབས་དུས་དང་མི་འཚམས་པ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། འོན་ཀྱང་རྒྱུན་སྲོལ་ལས་འདས་ནས་ད་རེས་སེམས་ཚོར་སྐོར་ཟུར་ཙམ་ཞིག་མ་ཞུས་ཐབས་མེད་ཆགས་སྟངས་ནི། བཀུར་འོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་བཀའ་བློན་ཚོ་འཕྲུལ་འཁོར་གྱི་མི་(Robot)ལྟ་བུ་ཞིག་ཡིན་པ་ལས་དགའ་སྡུག་གི་བ་མེད་པ་ཞིག་ཡིན་པར་དགོངས་ཀྱི་མེད་དམ་སྙམ་པའི་དྭོགས་པ་བྱུང༌། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པས་གསན་དགོངས་གནང་མིན་ལ་མ་ལྟོས་པར་ང་ཚོ་བཀའ་བློན་རྣམས་ཀྱང་ཉོན་མོངས་མ་སྤངས་པའི་མི། འདོད་སྡང་རྨོངས་གསུམ་དང་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཡོད་མཁན་གྱི་གང་ཟག་ཤ་སྟག་ཡིན་ཞེས་ཞུ་འདོད་བྱུང༌། ད་རེས་གྲོས་ཚོགས་སུ་ཕེབས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་རིན་པོ་ཆེ་ཉན་ཀློག་ཞུ་སྐབས་ཐོག་མའི་ཚོར་སྣང་དུ་གསུང་འཕྲིན་འདི་ྋགོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་གནང་བ་ཞིག་མ་ཡིན་པར་ཞེ་ས་མ་ཞུས་ན་ྋགོང་ས་མཆོག་འ་ཆད་འུ་ཐུག་གིས་བཀའ་འདི་འདྲ་ཞིག་མ་ཕེབས་ཐབས་མེད་བྱུང་འདུག་པས། ང་ཚོ་འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་བཀའ་བློན་ཚོས་ྋགོང་ས་མཆོག་གིས་གསུང་འཕྲིན་འདི་འདྲ་བསྩལ་མ་དགོས་པའི་ཐབས་ཤེས་ཞུ་མ་ཐུབ་པ་ནི་མི་གོ་མ་ཆོད་པ་ཞིག་ཆགས་སོང་བསམས་པ་དང༌། དེ་བཞིན་བགྲོ་གླེང་ལ་ཞིབ་ཉན་ཞུ་སྐབས་ྋགོང་ས་མཆོག་གིས་མང་གཙོའི་ལམ་བཟང་བོད་མི་རྣམས་ལ་བཙན་ཐབས་སུ་བསྩལ་བ་དེ་བྷོལཱནཱཐ་ཡིས་བྷསྨཱསུར་ལ་མཆོག་སྦྱིན་པའམ། བྱིས་པའི་ལག་ཏུ་མཚོན་ཆ་སྦྱིན་པ་ལྟ་བུའི་གནས་བབ་ཅིག་བྱུང་མི་སྲིད་པ་མི་འདུག་སྙམ་པའི་ཐེ་ཚོམས་དང་བཅས་མདོ་དོན་བློ་ཕམ་ཚད་མེད་བྱུང་སོང་ཞེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱུན་དུ་སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་སུ་ཚོགས་མི་ཚང་མས་གཞུང་འཛིན་དང་ཕྱོགས་འགལ་གཉིས་ཀའི་འགན་ཁུར་གནང་དགོས་ཀྱང༌། བཀུར་འོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་བདེན་དོན་གསུང་ན་འཛིན་སྐྱོང་ལ་སྤྲེལ་ལད་ཤོད་ཀྱི་འདུག་ཟེར་བའི་མི་ཁ་དང་གནོན་ཤུགས་ལ་འཛེམས་ཟོན་གནང་སྟབས་གྲོས་ཚོགས་ནང་བཀའ་ཤག་གྲོགས་མེད་གཅིག་པུ་ཡིན་པ་དང༌། བདག་ཉིད་བདག་གི་མགོན་ཡིན་གྱི།། གསུངས་པ་བདེན་སྙམ་པའི་ཚོར་སྣང་ཡོང་གི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ད་རེས་ཞུ་རྒྱུའི་གསལ་བཤད་འདིའང་ཨི་ཁུང་བརྡོལ་བའི་སྙིང་ནས་ཐོན་པའི་མཆི་མ་ལྟ་བུ་ཞིག་ཡིན་པས་བཀུར་འོས་སྤྱི་འཐུས་རྣམ་པའི་སྙན་ལ་འཇེབས་པ་དང༌། ཐུགས་ལ་བབས་པ་ཞིག་ཡོང་བའི་རེ་བ་ཆུང༌། གཅིག་བྱས་ན་རྗེ་གུང་ཐང་པ་ལྟར། རྣམ་རྟོག་རླུང་གིས་མགོ་བོ་འཁོར།། སྙིགས་དུས་ཀྱི་སྤྱོད་པར་ཞེན་ཁ་ལོག། ཁ་འཁྱལ་སྐྱུག་པ་འཆོར་ཉེ་བས།། རང་རང་གི་ན་བཟའ་ཕར་ལ་འཐེན།། ཞེས་ཞུ་དགོས་པའི་ཉེན་ཁ་འདུག

བཀུར་འོས་སྤྱི་འཐུས་ཤིག་གིས་ལས་རྒྱུ་འབྲས་མི་སླུ་བའི་གནས་ཚུལ་ཞིག་གསུངས་སོང༌། དེ་ནི་ཧ་ཅང་ཐུགས་བདེན་པ་རེད་སྙམ་པའི་ཡིད་ཆེས་གཏིང་ཟབ་བྱུང༌། འདས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནང་བོད་མིའི་སྤྱི་མཐུན་གྱི་ལས་ངན་སྤྱི་དང༌། ཁྱད་པར་ཆབ་སྲིད་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་བྱས་ཤིང་བསགས་པའི་ལས་ཀྱི་འབྲས་བུ་ད་ལྟ་གཞིས་བྱེས་བོད་མི་ཡོངས་ཀྱིས་མྱོང་བཞིན་པ་འདི་དང༌། ད་ལྟ་ང་ཚོའི་སྒོ་གསུམ་གྱི་བྱེད་སྤྱོད་དང་སྤྱི་མཐུན་གྱི་ལས་གསོག་སྟངས་ལ་གཞིགས་ན། འབྱུང་འགྱུར་ཡང་བོད་མི་རིགས་ཀྱི་གནས་བབ་ཇི་འདྲ་ཞིག་ཡོང་སྙམ་པའི་དངགས་སྐྲག་དང༌། ད་ལྟ་བླ་ན་མེད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་དེ་ཡང་བོད་མིའི་བསོད་ནམས་ཀྱིས་ཨེ་འཁྱུན་སྙམ་པའི་བློ་དྭོགས་ཆེན་པོ་སྐྱེ་གཞིར་གྱུར་ཀྱང་བྱ་ཐབས་བྲལ།

བཀུར་འོས་ཚོགས་གཙོ་མཆོག དོན་ཚན་གཉིས་པ། ད་རེས་ྋགོང་ས་མཆོག་གི་གསུང་འཕྲིན་འདི་ལྟ་བུ་ཞིག་ཕེབས་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་གྲོས་ཚོགས་འདིའི་ཚོགས་མི་ཚང་མས་གསལ་པོ་མཁྱེན་དགོས་པ་ནི་ཧ་ཅང་གལ་གནད་ཆེ་ཞིང༌། བཀུར་འོས་སྤྱི་འཐུས་རྣམ་པས་ངེས་པར་དུ་མཁྱེན་གྱི་ཡོད་པའི་ཡིད་ཆེས་ཡོད།

བཀའ་ཤག་གིས་མཐོང་ཚུལ་མདོར་བསྡུས་ཤིག་ཞུས་ན། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ བྱབྱབོད་ཀྱི་རྩ་དོན་དང༌། དེའི་སྒྲུབ་ཐབས་བཅས་ྋགོང་ས་ཆེན་པོས་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བའི་གསོལ་འདེབས་ཨུ་ནན་གྱིས་༼ཞུ་གནང་མཛད་པའི་རྗེས་ནས་ྋགོང་ས་ཆེན་པོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་རྩལ་འདོན་གནང་བའི་འབྲས་བུར། ཕྱི་ལོ་ ༢༠༠༢ ནས་བཟུང་ཐད་འབྲེལ་སླར་གསོ་བྱུང་སྟེ་འབྲེལ་མོལ་རིམ་བྱུང་སྐབས་ྋགོང་ས་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་བསམ་ཚུལ་ཁག་ལ་གུ་ཡངས་དཀྱེལ་ཆེས་དགོངས་བཞེས་ཀྱིས་གུ་བཤང་ཇི་སྙེད་ཅིག་རིམ་བཞིན་མཛད་པ་དང༌། འབྲེལ་མོལ་གྱི་ཁོར་ཡུག་སྐྲུན་ཐབས་ལ་སྐུ་ངལ་ཆེ་བཞེས་མཛད་པ་བཅས་ལ་བརྟེན་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཉུང་ཤས་ཀྱི་འདོད་བློར་མ་བབས་པའི་ཉེར་ལེན་ལས། སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་སུའང་འདིའི་སྐོར་གླེང་སློང་དང་དྲི་བ་མང་དག་ཅིག་བྱུང་བ་ལ་གྲོས་ཚོགས་ཚོགས་དུས་གཉིས་པར་ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༡༠ ཚེས་ ༦ ཉིན་བཀའ་བློན་ཁྲི་པས་གསལ་བཤད་རྒྱས་པ་ཞིག་ཞུས་པ་ནས་བཟུང་ཚོགས་དུས་རིམ་པའི་ནང་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་དང༌། བགྲོ་གླེང་བཅས་ཀྱི་སྐབས་མུ་མཐུད་གསལ་བཤད་ཇི་ཙམ་ཞུས་ཀྱང་རྡོ་སྟེང་ཆུ་བླུག་ལྟ་བུ་ལས་མ་བྱུང་བའི་ཁར།

ཚོགས་དུས་བདུན་པ་ནས་བཟུང་གྲོས་ཚོགས་ནང་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེདག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་ཀྱི་དབུ་མའི་ལམ་དང་མི་མཐུན་པ་དང༌། གལ་ཆེའི་ཡིག་ཆ་འདི་འདྲ་གྲོས་ཚོགས་ནས་བཀའ་ཁྲོལ་མ་ཞུས་པ། ྋགོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཐ་དད་ཡིན་ཚུལ། ལྷག་པར་བསམ་འཆར་ཡིག་ཆ་དེ་བཞིན་ྋགོང་ས་མཆོག་གི་བཞེདདགོངས་མ་ཡིན་པར་གཤམ་འོག་སྣེ་མོ་བ་རྣམས་ཀྱིས་རང་འཚམས་ཀྱིས་བྱས་པ་ཡིན་ཚུལ་སོགས་ཀྱི་གཏམ་བཤད་སྦིར་གྲགས་ཀྱིས་གྲོས་ཚོགས་སུ་གསལ་བཤད་དང་བགྲོ་གླེང་དགོས་པའི་གྲོས་འཆར་དང༌། དེ་ལ་དགག་བྱ་སོགས་གླེང་མོལ་མང་པོ་བྱུང་ཞིང༌། སྤྱི་ཚོགས་ནང་དུའང་འདིའི་སྐོར་མང་ཚོགས་མགོ་བོ་རྨོངས་བྱེད་ཀྱི་བསྒྲགས་གཏམ་ཇེ་མང་དུ་སོང་བ་བཅས་མཐའ་དོན་གསར་འགྱུར་བརྒྱུད་ལམ་ནང་༼གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་༽ཟེར་བའི་འགོ་བརྗོད་འོག་གནས་ཚུལ་སྣ་ཚོགས་ཐོན་པ་དང༌། དེ་ཡང་ཕལ་ཆེ་བ་ཞིག་བཀུར་འོས་སྤྱི་འཐུས་རེ་འགས་གོ་སྒྲིག་དང་མཐུན་འགྱུར་ལས་ཐོན་པ་ཡིན་འདུག་སྟབས། གནས་ཚུལ་འདི་གྲོས་ཚོགས་རང་གི་ནང་བརྡར་ཤ་ཆོད་པའི་ཕྱི་གསལ་ནང་གསལ་ཞིག་མ་བྱུང་ན་སྤྱི་ཚོགས་མགོ་བོ་རྨོངས་རྒྱུ་མ་ཟད།

ལྷག་པར་ྋགོང་ས་མཆོག་གི་བཞེངས་ཕྱོགས་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་མོས་མཐུན་མེད་པ་ལྟ་བུའི་རྣམ་འགྱུར་ཐོན་ན་རྩ་དོན་ལ་གནོད་གཞི་ཆེན་པོ་ཡོང་རྒྱུར་བརྟེན། ད་ལན་ཟབ་གསལ་འཁྲུན་ཆོད་ཀྱི་གསུང་འཕྲིན་འདི་བསྩལ་དགོས་བྱུང་བ་ཡིན་པ་བཀའ་ཤག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་མཆོག དོན་ཚན་གསུམ་པ། ཞི་བའི་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་གྱི་འགྱུར་འགྲོས་དང་འཕེལ་རིམ་མདོར་བསྡུས་ཤིག་མ་མཁྱེན་ན་བར་སྐབས་ཀྱི་ཟེར་སྒྲོས་རྣམས་ཀྱིས་མི་མང་མགོ་བོ་རྨོངས་གཞི་ཆགས་ཡོད། ལྷག་པར་དེབ་ཆུང་དམར་པོ་དང་དེབ་ཆུང་སེར་པོ་གཉིས་ནམ་མཁར་འཕྱར་རེས་ཀྱིས་ྋགོང་ས་ཆེན་པོའི་དབུ་མའི་ལམ།

བཀའ་ཤག་གི་དབུ་མའི་ལམ་ཞེས་སྙན་སྙན་འགྲིག་འགྲིག་གི་གསུང་བབ་མང་དག་ཅིག་བྱུང་བར་བརྟེན། དེ་དག་གི་དྭོགས་པ་བསལ་བའི་ཆེད་དུ། བཀུར་འོས་སྤྱི་འཐུས་རྣམ་པས་མ་མཁྱེན་པ་དང༌། ང་ཚོས་ཞུས་མ་མྱོང་བ་ཞིག་གསར་དུ་ཞུ་རྒྱུ་མེད་ཀྱང༌། ཐུགས་དྲན་གསོས་སླད་བསྐྱར་ལྡབ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

ཀ༽ ཕྱི་ལོ་ ༡༩༨༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཨ་རིའི་གྲོས་ཚོགས་སུ་བསྩལ་གནང་མཛད་པའི་ཞི་བའི་དོན་ཚན་ལྔ་ནི་བོད་རྒྱ་མི་རིགས་གཉིས་ཀྱིས་མཚོན་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་གནད་དོན་སྐོར་ཕུགས་རྒྱང་གི་དགོངས་པའི་འཆར་སྣང་དང༌། བོད་རྒྱ་ཞི་མོལ་གྱི་རྒྱབ་ལྗོངས་ཀྱི་ངོ་བོར་བཀའ་བསྩལ་བ་ཡིན་པ་དང༌། བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་མིན་ལ་མ་ལྟོས་པར་འཇིག་རྟེན་སྤྱིའི་བདེ་དོན་དུ་ལག་ལེན་བསྟར་དགོས་པ་ཁག་ཡིན་པས་བོད་རྒྱ་འབྲེལ་མོལ་དང་ཐད་འབྲེལ་དེ་ཙམ་མེད་པ་ད་རེས་གསུང་འཕྲིན་ནང་ཞལ་གསལ་བཀའ་གནང་འདུག

ཁ༽ ཕྱི་ལོ་ ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་སི་ཏྲས་སྦག་གི་གྲོས་འཆར་ནི་འབྱུང་འགྱུར་བོད་ཀྱི་གནས་བབ་སྐོར་སྐབས་དེར་འགྲོ་བཞིན་པའི་ཞི་མོལ་གྱི་གྲོས་གཞིའི་ཚུལ་དུ་བསྩལ་བ་ཡིན་པས་ཞི་མོལ་དང་ཐད་ཀར་འབྲེལ་བ་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་དེའི་ཐོག་གྲོས་མོལ་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱས་པར་བརྟེན་ཕྱི་ལོ་ ༡༩༩༡ གསུམ་དུས་གསུང་འཕྲིན་ནང་༼མི་རིང་བར་རྒྱ་ཕྱོགས་ནས་ཁུར་ལེན་གསར་པའི་རིགས་མ་བྱུང་ཚེ་ངོས་ནས་སི་ཏྲས་སྦག་ཏུ་བཏོན་པའི་གྲོས་འཆར་འདི་དག་ལག་བསྟར་བྱེད་དགོས་པའི་འགན་ཁུར་གང་ཡང་མེད།༽ ཅེས་དང༌། ཕྱི་ལོ་ ༡༩༩༢ གསུམ་དུས་གསུང་འཕྲིན་ནང་༼ལོ་གསུམ་གྱི་གོང་དུ་བཏོན་པའི་སི་ཏྲས་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ལ་གྱུར་ཟིན།༽ ཞེས་གསལ་པོར་བཀའ་གནང་ཟིན་པ་ལྟར། དེ་ནི་ལོ་རྒྱུས་ཀྱི་ཡིག་ཆ་དང་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ཙམ་མ་གཏོགས་བོད་རྒྱ་འབྲེལ་མོལ་གྱི་གྲོས་གཞི་མིན་པ་གསལ་པོ་ཆགས་ཟིན།

ག༽ ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་ཀྱི་གནས་ཚུལ་ཁག་ལ་དགོངས་བཞེས་ཀྱིས་ཕྱི་ལོ་ ༢༠༠༤ གསུམ་དུས་གསུང་འཕྲིན་ནང་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས།༽ ཞེས་དང༌། ཕྱི་ལོ་ ༢༠༠༥ ལོའི་གསུང་འཕྲིན་ནང་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུ་འདོད་འདེམས་བྱ་རྒྱུ་ཡིན།༽ ཞེས་དང་། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༡༨ ཉིན་འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་བསྩལ་བའི་གསུང་བཤད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རང་སྲིད་རང་སྐྱོང་བཙལ་རྒྱུ་ཡིན་ཚུལ་དང༌། ཕྱི་ལོ་ ༢༠༠༦ ལོའི་གསུམ་དུས་གསུང་འཕྲིན་ནང་༼མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་ཐབས་བྱ་རྒྱུ་ཡིན།༽ ཞེས་དང༌། ཕྱི་ལོ་ ༢༠༠༧ ལོའི་གསུམ་དུས་གསུང་འཕྲིན་ནང་༼བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་རྩ་ཁྲིམས་ནང་གསལ་བཞིན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱེད་རྒྱུ།༽ ཞེས་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རིར་གསེར་གྱི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ནང་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། རྒྱནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བོད་མི་རིགས་ས་གནས་རང་སྐྱོང་ལྗོངས་ཀྱི་སྐོར་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆའི་ནང་དུ་ཞིབ་གསལ་འཁོད་པ་ལྟར་བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་བསྒྲུབ་ཐུབ་པའི་ཐོག་འབབ་དགོས།༽ ཞེས་དང༌། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་རིགས་ཡོངས་ལ་བསྩལ་བའི་འབོད་སྐུལ་ནང་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་འཐོབ་ཐབས་བྱས་པ་ཡིན་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་གསལ་ཡོད།༽ ཅེས་དང༌། Nicholas D. Kristof ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཅར་འདྲི་ཞུས་པའི་ནང་དོན་ ༢༠༠༨ ཕྱི་ཟླ་ ༨ ཚེས་ ༧ ཉིན་ New York Times ནང་ཐོན་པའི་རྩོམ་ཡིག་ནང་༼༧གོང་ས་ཆེན་པོས་བོད་ལ་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བྱུང་ན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་དང༌། དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ཁས་ལེན་བྱེད་མི་ཐུབ་པ་མེད། ང་ཚོའི་རྩ་དོན་ནི་བོད་ཀྱི་ཆོས་དང༌། རིག་གཞུང༌། ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུ་དེ་མ་གཏོགས། སྲིད་དོན་མིན་ཞེས་ད་རེས་ཐེངས་དང་པོ་བཀའ་གནང་བྱུང༌།༽ ཞེས་འཁོད་ཡོད།

གོང་གསལ་གྱི་གསུང་བབ་དེ་དག་ནི་སི་ཏྲས་སྦག་གི་གྲོས་འཆར་ནས་བཞེངས་ཕྱོགས་ཕྲན་བུའི་འགྱུར་གཏོང་གནང་མཛད་རྒྱུའི་བརྡ་སྤྲོད་གསལ་པོ་ཡིན་པ་འཛམ་གླིང་མཁྱེན་ལྡན་ཡོངས་ཀྱིས་གོ་རྟོགས་གནང་ཡོདཔས་བཀུར་འོས་སྤྱི་འཐུས་རྣམ་པས་ཀྱང་ངེས་པར་དུ་མཁྱེན་རྟོགས་བྱུང་ཡོད་པའི་ཡིད་ཆེས་ཡོད། འོན་ཀྱང་དགོས་དབང་གིས་མཁྱེན་རྟོགས་མ་བྱུང་བའི་ཚུལ་མཛད་པ་ལ་ང་ཚོས་ཞུ་ཐབས་གང་ཡང་མེད།

ང༽ ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡།༢ ནང་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཡུལ་གྱར་སྲིད་གཞུང་ཟེར་བའི་བཀའ་བློན་ཁྲི་པས་སྐབས་རེ་དོན་སྙིང་ལྡན་པའི་རང་སྐྱོང་དང༌། སྐབས་རེ་མིང་དོན་མཚུངས་པའི་རང་སྐྱོང་སོགས་ཚིག་བརྗོད་འདྲ་མིན་བེད་སྤྱོད་བྱེད་བཞིན་འདུག་ན་དགོས་འདུན་ངོ་མའི་རང་སྐྱོང་གི་གནས་བབ་ཇི་ཡིན་གསལ་པོ་བཟོ་དགོས་ཞེས་གསུངས་པ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསདང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་གི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ལ་རྒྱ་ནག་དབུས་གཞུང་གི་འབྲེལ་ཡོད་རྣམ་པར་སྤྲད་ཡོད། ཡིག་ཆ་དེ་ནི་རྒྱུན་རིང་བསམ་ཞིབ་གོ་བསྡུར་ནན་པོ་དང༌། ཆབ་སྲིད་དང་ཁྲིམས་དོན་གྱི་མཁས་དབང་བཀའ་སློབ་ཞུ་ཡུལ་རྣམས་ལ་གྲོས་འདྲི་མོལ་བསྡུར་དང་འབྲེལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཞིབ་གཟིགས་ཀྱིས་ཐག་གཅོད་གནང་བའི་ཡིག་ཆ་ཞིག་ཡིན། དེ་ལྟར་ཡིན་པའང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༤ ཉིན་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་སྦར་སིལ་གསུང་བཤད་ནང་༼ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ཡིན། བསམ་འཆར་ནང་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཇི་ཡིན་དང༌། རང་སྲིད་རང་སྐྱོང་དང་འབྲེལ་བའི་བོད་མིའི་གཞི་རྩའི་དགོས་མཁོ་ཁག་ཇི་ལྟར་བཀང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། ང་ཚོའིབསམ་འཆར་འདི་དག་བོད་ཀྱི་དངོས་ཡོད་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ནས་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན།༽ ཞེས་དང༌། དེ་བཞིན་ཕྱི་ལོ་ ༢༠༠༩ ལོའི་གསུམ་དུས་གསུང་འཕྲིན་ནང་༼ཕྱི་ལོ་༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ་འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད།༽ ཅེས་བཀའ་གནང་ཡོད།

བཀུར་འོས་ཚོགས་གཙོ་མཆོག བྱུང་རིམ་དང་རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་དག་

༡༽ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་རྨ་མེད་ཡིན་པ་དང༌།

༢༽ སི་ཏྲས་སྦག་གི་གྲོས་འཆར་དང་མི་མཐུན་པའི་རྒྱུ་མཚན་གྱིས་ྋགོང་ས་མཆོག་གི་དགོངས་གཞི་མིན་པ་བསྒྲུབ་མི་ཐུབ་པ།

༣༽ ྋགོང་ས་མཆོག་གི་དབུ་མའི་ལམ་དང༌། བཀའ་ཤག་གི་དབུ་མའི་ལམ་ཞེས་ཐ་དད་གཉིས་མེད་པ་བཅས་ཚིག་ཐག་ཆོད་པོ་དང༌། སྐད་གསངས་མཐོན་པོས་གྲོས་ཚོགས་འདིའི་ནང་གདེང་སྤོབས་དང་བཅས་ཏེ་སྙན་གསན་ཞུ་རྒྱུ་ཡིན། དེ་ཚོ་བདེན་པ་མིན་པའི་རྒྱུ་མཚན་དང་དན་རྟགས་ཡོད་ན་ངེས་པར་དུ་གསུང་རོགས་གནང༌། དེ་ཚོ་ཡོངས་རྫོགས་ལ་རྒྱུ་མཚན་ལྡན་པའི་ལན་འདེབས་ཞུ་རྒྱུ་གྲ་སྒྲིག་ཡིན་ཞེས་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་མཆོག དོན་ཚན་བཞི་པ། ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ལ་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་དྭོགས་འདྲི་ཁག་ལ་གསལ་བཤད་རེ་ཟུང་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།

བཀུར་འོས་སྤྱི་འཐུས་ཤིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་རྩོམ་སྔ་རྗེས་ཁག་གི་ནང་བོད་རང་དབང་གི་དོན་དུ་ཐུགས་སྨོན་མཛད་འདུག་ཅེས་བདེན་ཚིག་སྨོན་ལམ་དང༌། བོད་ལྗོངས་ལྷ་སྲུང་འཕྲིན་སྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་ལུང་འདྲེན་མཛད་སོང༌། དེ་ལ་གསལ་བཤད་ཅིག་མ་ཞུས་ན་མི་མང་མགོ་འཐོམས་པའི་ཉེན་ཁ་ཡོད་པ་མ་ཟད། རྒྱ་ཕྱོགས་ནས་ྋགོང་ས་མཆོག་ཐུགས་བསམ་རྣམ་དག་དང་ཞལ་ཞེ་གཉིས་མེད་མིན་པའི་རྒྱུ་མཚན་དུ་དྲང་རྒྱུ་ཞིག་ཏུ་ཆགས་སྲིད་པ་རེད། ཚང་མས་མཁྱེན་གསལ་ལྟར་དབྱིན་སྐད་དུ་ Freedom དང་ Independence ཞེས་པའི་ཚིག་གཉིས་ཡོད་པའི་གོ་དོན་ཧ་ཅངཁྱད་པར་ཆེན་པོ་ཡོད་པ་ལྟར་བོད་སྐད་དུའང་༼རང་དབང་༽དང་༼རང་བཙན་༽ ཞེས་པའི་བརྗོད་ཚིག་གཉིས་ཐ་དད་དུ་ཡོད། བར་སྐབས་མང་པོ་ཞིག་གིས་ཚིག་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཟོ་ཐབས་ཀྱི་འབད་རྩོལ་མང་པོ་བྱས་ཡོད་ཀྱང༌། བརྡ་སྤྲོད་དང༌། སྲིད་དོན་ཚན་རིག་གཉིས་ཀའི་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་ལྟར་ན་ཚིག་དེ་གཉིས་གཅིག་པ་བཟོ་ཐུབ་ཐབས་མེད། ྋགོང་ས་ཆེན་པོས་རང་བཙན་རྩོད་ཀྱི་མེད་ཅེས་བཀའ་གནང་བ་མ་གཏོགས་རང་དབང་རྩོད་ཀྱི་མེད་ཅེས་ནམ་ཡང་བཀའ་གནང་མེད། ང་ཚོས་ཉེ་བའི་ཆར་བེད་སྤྱོད་བྱས་པའི་འབྲེལ་མོལ་གྱི་ཡིག་ཆ་ཁག་དང༌། ྋགོང་ས་མཆོག་གི་གསུང་འཕྲིན་ཁག་གི་ནང་བོད་མིར་རང་དབང་དགོས་པའི་གནས་ཚུལ་གསུངས་དང་གསུང་བཞིན་པ་ཡིན། གསུང་རྩོམ་ཁག་གི་ནང་རང་དབང་ཞེས་པའི་ཚིག་དེ་རང་བཙན་གྱི་གོ་དོན་ལ་འགྲེལ་ན་གཏན་ནས་མི་འགྲིགས། བཀུར་འོས་སྤྱི་འཐུས་མཆོག་གིས་འགྲེལ་བརྗོད་གནང་སྟངས་ལས་ལྡོག་སྟེ་དཔྱོད་ལྡན་རྣམས་ཀྱིས་ཞིབ་ཏུ་གཟིགས་ན་བདེན་གསོལ་སྨོན་ཚིག་དང༌། བོད་ལྗོངས་ལྷ་སྲུང་སྤྱིའི་འཕྲིན་སྐུལ་རྣམས་དབུ་མའི་ལམ་གྱི་སྲིད་བྱུས་གསལ་བསྒྲགས་གནང་རྒྱུའི་གོང་ནས་ལྗགས་རྩོམ་གནང་བ་ཞིག་ཡིན་རུང༌། བདེན་གསོལ་སྨོན་ཚིག་ནང༌། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།། ཞེས་པ་དང༌། ལྷ་མོའི་འཕྲིན་སྐུལ་ནང༌། རང་བཙན་དཔལ་ལ་རེ་བཞིན་རྟག་གནས་ན།། ཞེས་དང༌། བོད་ལྗོངས་ལྷ་སྲུང་འཕྲིན་སྐུལ་ནང༌། ཆོས་སྲིད་རང་བཙན་གཙང་མའི་སྣང་བའི་དཔལ།། ཞེས་གསུངས་ན་ཚིག་རྐང་མ་འགྲིགས་པ་དང༌། སྡེབ་སྦྱོར་ཉམས་པ། བརྗོད་མི་བདེ་བ་སོགས་གང་ཡང་མེད་ཀྱང༌། དེ་ལྟར་མ་གསུངས་པར་༼རང་དབང་༽ཞེས་པའི་ཚིག་ཁོ་ན་བེད་སྤྱོད་གནང་བ་ནི་དབུ་མའི་ལམ་གྱི་དགོངས་བཞེས་ཐོག་མ་ནས་ཐུགས་ཀྱི་གཏིང་དུ་ཡོད་པ་མཚོན་ཐུབ།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་མཚམས་ཆབ་སྲིད་ཀྱི་འགན་དབང་གང་ཡང་བཞེས་རྒྱུ་མིན་པའི་སྐོར་གསུངས་ཡོད་ཀྱང༌། བསམ་འཆར་ཡིག་ཆའི་ནང་འགན་དབང་བཞེས་རྒྱུ་ཡིན་པ་ལྟ་བུ་འཁོད་འདུག་ཅེས་གསུངས་སོང༌། དེ་བདེན་པ་མ་རེད། བསམ་འཆར་ཡིག་ཆའི་ནང་འབྱུང་འགྱུར་བོད་དུ་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་མཚན་གནས་སམ་འགན་དབང་བཞེས་རྒྱུ་ཡིན་པའི་གནས་ཚུལ་གཏན་ནས་འཁོད་མེད། བོད་དོན་འགྲིགས་ཆགས་ཀྱི་མཐའ་མའི་ཐག་གཅོད་ལ་བོད་མིའི་རྒྱབ་སྐྱོར་འཐོབ་ཆེད་ཁོང་སྐུ་སྒེར་གྱི་ནུས་པ་ཆ་ཚང་བེད་སྤྱོད་གནང་རྒྱུའི་དགོངས་བཞེས་གནང་གི་ཡོད་ཅེས་གསལ་བ་ནི་མང་ཚོགས་ལ་གནས་ལུགས་འགྲེལ་བརྗོད་དང་གོ་བསྐོན་གནང་རྒྱུའི་དགོངས་འཆར་ལས་འགན་དབང་བཞེས་རྒྱུའི་དགོངས་པ་གཏན་ནས་མིན།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ་ལུང་དྲངས་ཏེ་བསམ་འཆར་ཡིག་ཆ་བཅའ་ཁྲིམས་དང་འགལ་ཚུལ་བཀའ་གནང་སོང༌། ངེས་པར་དུ་ཐུགས་དྲན་གསོས་དགོས་པ་ཞིག་ལ། རང་རེའི་བཅའ་ཁྲིམས་ནི་མཚན་བྱང་རང་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་པ་ལས། མ་འོངས་བོད་ཀྱི་བཅའ་ཁྲིམས་མིན་པ་གསལ་པོ་རེད། ཕྱོགས་གཞན་ཞིག་ནས་ཞུས་ན་༼ཆོས་སྲིད་ཟུང་འབྲེལ་༽ཞེས་པའི་ཚིག་རྐྱང་པ་དང་འགལ་ཡོད་སྲིད་ཀྱང༌། བཅའ་ཁྲིམས་ཆ་ཚང་གི་སྒྲོམ་གཞི་དང་སྙིང་དོན་ཆོས་ལུགས་རིས་མེད་ཀྱི་ངོ་བོར་གནས་ཡོད། ྋགོང་ས་མཆོག་གིས་སྐབས་བཅིུག་པའི་གྲོས་ཚོགས་སུ་བསྩལ་བའི་བཅའ་ཁྲིམས་ཟིན་བྲིས་ནང་ཆོས་ལུགས་རིས་མེད་ཅེས་འཁོད་ཡོད་ཀྱང་དེ་གྲོས་ཚོགས་སུ་ཐོན་མེད། འོན་ཀྱང་གྲོས་ཚོགས་ནས་བཅའ་ཁྲིམས་སྤྱིའི་སྒྲོམ་གཞི་ལ་འགྱུར་བ་གང་ཡང་བཏང་མེད། ཕྱོགས་གཞན་ཞིག་ནས་ཞུས་ན་བསམ་འཆར་ཡིག་ཆ་ནི་མ་འོངས་པའི་བོད་དང་གཞིས་བཞུགས་བོད་མིའི་ཁེ་ཕན་གྱི་སྐོར་གསུང་གི་ཡོད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བསྟུན་དགོས་མེད། དེ་འདྲའི་མཚུངས་བསྡུར་གནང་ན་སི་ཏྲས་སྦག་གྲོས་འཆར་ནང་དུའང་བཅའ་ཁྲིམས་དང་མི་མཐུན་པ་མང་པོ་ཡོད། མ་གཞི་ྋགོང་ས་མཆོག་གིས་༼ཆོས་སྲིད་ཟུང་འབྲེལ་༽ཞེས་པའི་མིང་ཚིག་སྐམ་པོ་ལས། ལུང་རྟོགས་གི་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་ཐུགས་གལ་ཧ་ཅང་ཆེ་བ་བརྩི་གནང་གི་ཡོད། ལར་ནས་ང་ཚོའི་གྲོས་ཚོགས་ནང་གི་ཆོས་སྲིད་ཟུང་འབྲེལ་དེ་རྗེ་གུང་ཐང་པས། ཆོས་སྲིད་ཀྱི་འབྱོར་པའི་ཉི་ཟླ་གཉིས།། གནམ་གང་ལ་ལྷན་གཅིག་འཛོམས་ཆེས་ན།། མུན་ནག་ཏུ་འགྲོ་བ་ཨ་ཙ་མ།། རན་པ་ཞིག་བྱུང་བས་ཆོག་པ་ལ།། གསུངས་པ་ལྟར་ཆགས་རྒྱུའི་ཉེན་ཁ་འདུག

ཡང་བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་བསམ་འཆར་ནང་ྋགོང་ས་མཆོག་དང་ྋགོང་ས་ཆེན་པོའི་དགོངས་གཞི་ཟེར་བའི་ཚིག་ཡང་ཡང་ཐོན་པ་འདིས་ྋགོང་ས་མཆོག་རང་གིས་གནང་བ་མིན་པ་ཞིག་གསལ་པོ་རེད་ཅེས་གསུངས་སོང༌། དེ་ནི་བདེན་པ་རེད། བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་གསུངས་པ་ལྟར་ཡིག་ཆ་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ལྷན་རྒྱས་ཀྱི་མཚན་ཐོག་ནས་ྋགོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གནང་བ་ཞིག་ལས་ྋགོང་ས་མཆོག་གི་མཚན་ཐོག་ནས་གནང་བ་མིན་པ་འཇིག་རྟེན་ཡོངས་གྲགས་རེད། ྋགོང་ས་མཆོག་གི་མཚན་ཐོག་ནས་མ་གནང་ན་ྋགོང་ས་མཆོག་གི་དགོངས་པ་དང་མི་མཐུན་པའི་ཁྱབ་པ་ནམ་ཡང་བསྒྲུབ་མི་ཐུབ། ཡིག་ཆ་འདི་ནི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ལ་སྤྲད་རྒྱུ་ཡིན་པས་ྋགོང་ས་མཆོག་གི་མཚན་ཐོག་ནས་གནང་ཤེས་ཐབས་མེད། མཁྱེན་གསལ་ལྟར་ཞི་བའི་དོན་ཚན་ལྔ་ནི་ཨ་རིའི་གྲོས་ཚོགས་དང༌། སི་ཏྲས་སྦག་གི་གྲོས་འཆར་ནི་ཡོ་རོབ་གྲོས་ཚོགས་ལ་གནང་བ་ཡིན་པས་ྋགོང་ས་མཆོག་གི་མཚན་ཐོག་ནས་གནང་ཡོད། དེ་མིན་ ༡༩༧༩ ནས་བཟུང་ད་ལྟའི་བར་འབྲེལ་མོལ་རིམ་པའི་ནང་ཡིག་ཆ་སྤྲོད་ལེན་བྱས་པ་ཚང་མ་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་དམ། སྐུ་ཚབ་ཚོགས་པའི་མཚན་ཐོག་ནས་སྤྲད་པ་མ་གཏོགས་ྋགོང་ས་མཆོག་གི་མཚན་ཐོག་ནས་གནང་བ་གཅིག་ཀྱང་མེད། འདི་རིགས་སྤྱིར་བཏང་ཤེས་བྱའི་གནས་ཚུལ་ཞིག་ཡིན་པས་ཚང་མས་མཁྱེན་གྱི་ཡོད་ཤག་བྱས་པ་ཡིན།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སི་ཏྲས་སྦག་གི་གསུང་བཤད་ལ་རྒྱ་ཕྱོགས་ནས་ངོས་ལེན་མ་བྱས་པས་རང་བཞིན་ནུས་མེད་དུ་སོང་བ་ལྟར་ད་ལྟའི་བསམ་འཆར་གྱི་ཡིག་ཆ་འདིའང་རྒྱ་ཕྱོགས་ནས་ངོས་ལེན་བྱེད་ཀྱི་མེད་པས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་རེད་དམ། ཞེས་བཀའ་འདྲི་གནང་སོང༌། དེའི་བཀའ་ལན་ཞུ་མཁན་དེ་བཀའ་བློན་ཁྲི་པ་ཡིན་མིན་ཤེས་ཀྱི་མི་འདུག་ཀྱང་གྲོས་ཚོགས་ནང་བཀའ་བློན་ཁྲི་པས་ལན་མ་ཞུསཐབས་མེད་རེད། སི་ཏྲས་སྦག་གི་གྲོས་འཆར་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གཉིས་མཚུངས་བསྡུར་གནང་ཐབས་མེད། སི་ཏྲས་སྦག་གི་གྲོས་འཆར་ནང་མ་འོངས་བོད་ཀྱི་གནས་བབ་དམིགས་བསལ་བ་ཞིག་གི་དགོས་འདུན་གནང་ཡོད་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གཞིར་བཟུང་འཆར་འགོད་གནང་མེད། ད་ལྟའི་བསམ་འཆར་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འཆར་འགོད་བྱས་པ་ཡིན་པས་རྒྱ་ནག་དབུས་གཞུང་གིས་རྒྱལ་སྤྱི་དང༌། རྒྱལ་ནང་གཉིས་ཀར་ངོས་ལེན་མེད་ཙམ་བརྗོད་པས་འགྲིགས་ཐབས་མེད། ཁོང་ཚོས་ཡང་ན་རྩ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱི་མིན་ཞེས་ལབ་དགོས་རྒྱུ་དང༌། ཡང་ན་ང་ཚོའི་དགོས་འདུན་དེ་རྩ་ཁྲིམས་དང་མི་མཐུན་པའི་རྒྱུ་མཚན་འདི་ཡིན་ཞེས་ཆབ་སྲིད་དང་ཁྲིམས་དོན་གཉིས་ཀར་འཕེར་བའི་ལན་ཞིག་བརྒྱབ་དགོས། དེ་མིན་ན་འཛམ་གླིང་མང་ཚོགས་དང་རྒྱ་ནག་མང་ཚོགས་ཀྱི་མདུན་ཁུངས་འཁྱོལ་ཐབས་མེད། གོང་གསལ་གྱི་ལན་གཉིས་པོ་གང་རུང་བྱུང་བ་ཡིན་ན། དེའི་སྐབས་རང་ཕྱོགས་ནས་གདོང་ལེན་བྱེད་སྟངས་གྲ་སྒྲིག་ཡོད་མུས་ཡིན་པས་ད་ལྟ་འགྲེལ་བརྗོདཞུ་དགོས་མ་མཐོང༌།

བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་ྋགོང་ས་མཆོག་གི་གསུང་འཕྲིན་ནང་འབད་འབུང་བྱེད་ཁུལ་ཞེས་པའི་ཚིག་དེ་ལ་ཐུགས་མ་རངས་པ་ལྟ་བུའི་བཀའ་མོལ་ཞིག་གནང་བ་གོ་སོང༌། དེ་ནི་གཅིག་བྱས་ན་ང་ཚོས་གོ་ནོར་ཐེབས་པ་ཡིན་གྱི་རེད། ྋགོང་ས་མཆོག་གི་ཁེངས་སྐྱུང་གི་གསུང་ཚུལ་འདི་ལ་ཟུར་ཟ་གནང་དགོས་དོན་མ་མཐོང༌།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་རྟོན་བཞིའི་འཇུག་ལྡོག་བཀའ་ཤག་གིས་ཀྱང་བྱེད་དགོས་ཞེས་བཀའ་གནང་སོང༌། ང་ཚོས་འཇུག་ལྡོག་གང་ཐུབ་ཞུ་རྒྱུའི་འབད་བརྩོན་ཞུ་ཁུལ་ཡིན། ནོར་འདུག་ན་ཐད་ཀར་མཛུབ་སྟོན་གནང་རོགས་གནང༌། བཀུར་འོས་སྤྱི་འཐུས་དེས་གསུང་འཕྲིན་ལ་བལྟས་ན་གནས་ཚུལ་ཆ་ཚང་སྙན་གསན་བྱུང་ཡོད་པ་གཟིགས་ཀྱི་འདུག་ཅེས་གསུངས་སོང༌། དེའི་དགོངས་དོན་ངོ་མ་ཇི་ཡིན་གསལ་རྟོགས་མ་ཐུབ། བཀའ་ཤག་གིས་ྋགོང་ས་མཆོག་ནག་ཁུང་ནང་གཞག་རྒྱུའི་ཐབས་ཤེས་ནམ་ཡང་ཞུས་ཀྱི་མེད།

ལར་ནས་ྋགོང་ས་མཆོག་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་ཡིན་དབང་དུ་བཏང་ནའང་གནས་ཚུལ་ཆ་ཚང་མཁྱེན་རྒྱུའི་ཐོབ་ཐང་ཡོད་དགོས། ཡང་བཀའ་འདྲི་ཕེབས་སྐབས་རང་གིས་གང་དྲན་བཤད་དགོས་པ་ལས་བརྟན་བཞུགས་ཕུལ་བ་ནང་བཞིན་གནང་རྒྱུ་མེད་ཅེས་གསུངས་སོང༌། ཧ་ཅང་བདེན་པ་རེད། བརྟན་བཞུགས་ཕུལ་བ་ནང་བཞིན་མ་ཡིན་པར་རྩོད་པ་རྒྱག་པ་ནང་བཞིན་རང་བྱས་ནས་བཀའ་གནང་རོགས་གནང༌། ཡངབསམ་འཆར་ཡིག་ཆའི་སྐོར་གྲོས་ཚོགས་སུ་བགྲོ་གླེང་དགོས་པའི་གྲོས་འཆར་སླེབས་སྐབས་བཀའ་བློན་ཁྲིཔས་ཚོགས་གཙོ་མཆོག་ལ་གསལ་བཤད་ཞུས་ཆོག བགྲོ་གླེང་བྱེད་ཀྱི་མིན་ཞེས་ཞུས་པ་རེད་ཟེར་བ་དང༌།

འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྐུ་ཚབ་སྦྲེལ་པོས་ཚོགས་གཙོ་གཉིས་ལ་མ་བཅར་བ་རེད་ཅེས་གོ་རྒྱུ་འདུག་སོགས་གསུངས་པའི་ཐད། བཀུར་འོས་ཚོགས་གཙོ་མཆོག་གིས་གསལ་བཤད་གནང་གྲུབ་པ་ཡིན་ཙང་བསྐྱར་ཟློས་ཞུ་རྒྱུ་མིན། བཀུར་འོས་སྤྱི་འཐུས་དེ་རང་གིས་སྤྱི་ཚོགས་ནང་དབུ་མའི་ལམ་བཤད་སྐབས་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་ནས་བཀའ་དགོངས་ཡིན་ཞེས་གནོན་ཤུགས་སྤྲད་པ་དང༌། རང་བཙན་བཤད་མཁན་རྣམས་རྒྱ་མིའི་སོ་པ་ཡིན་པ་ལྟ་བུ་དང༌། ཡང་འདྲེ་ནང་བཞིན་བརྩི་གི་འདུག་ཅེས་གསུངས་སོང༌།

དེ་ནི་བདེན་པ་རྩ་བ་ནས་མ་རེད། གལ་སྲིད་དེ་འདྲའི་གནས་ཚུལ་ངོ་མ་ར་སྤྲོད་གནང་རྒྱུ་ཡོད་ན་སྨོས་མེད་དང་། དེ་མིན་གྲོས་ཚོགས་ནང་བཀའ་མོལ་གསུང་སྐབས་ཕྲན་བུའི་ཐུགས་འགན་བཞེས་པའི་ཐོག་ནས་གསུངགནང་མཛད་ན་ཡག་པོ་འདུག་ཞུ་རྒྱུ་ཡིན། དྲྭ་རྒྱ་ཁག་གི་ནང་ཡིག་ཆ་རྙིང་པ་ད་དུང་འདུག་ཅེས་གསུངས་པ་དེ་བདེན་པ་རེད། བྱུང་རབས་ཀྱི་དེབ་ཐེར་ནང་ཚང་མ་གནས་དགོས་པ་ཞིག་རེད། ངས་དེ་སྔོན་ཡང་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་གནང་མཛད་པ་དེ་དག་གི་བརྗོད་བྱ་དང་བསྟན་དོན་ལ་མི་མཐུན་པ་ཆེན་པོ་ཡོད་ཀྱང༌། ཕྱི་མ་ཕྱི་མ་གསུང་སྐབས་སྔ་མ་སྔ་མ་སྡེ་སྣོད་ནས་ཕྱིར་བསྡུ་གནང་དགོས་ཀྱི་ཡོད་མ་རེད་ཅེས་དཔེ་དང་བཅས་ཏེ་ཞུས་མྱོང༌། ཡང་བསམ་འཆར་ཡིག་ཆ་སྦྱོར་དངོས་རྗེས་གསུམ་ཚང་བར་ངོས་འཛིན་གནང་གི་མེད་ཅེས་བཀའ་གནང་སོང༌། ངོས་འཛིན་གང་གནང་བཀུར་འོས་སྤྱི་འཐུས་རྣམ་པའི་རང་དབང་རེད། ང་ཚོས་སྦྱོར་དངོས་རྗེས་གསུམ་ཆ་ལག་དང་བཅས་པ་ཚང་བར་ངོས་འཛིན་བྱེད་ཀྱི་ཡོད།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དང་ཞི་མོལ་གྱི་ལས་དོན་འབྲེལ་བ་མེད་ཅེས་བཤད་སོང་གསུངས་པ་ལྟ་བུ་ཞིག་གོ་སོང༌། ཕལ་ཆེར་ང་ཚོའི་གོ་ནོར་ཡིན་གྱི་རེད། གསུངས་ཡོདན་གནས་ཚུལ་དེ་བདེན་པ་མ་རེད། ངས་དེ་འདྲ་ཞུས་མ་མྱོང༌། ཡང་ཕྱི་འབྲེལ་གྱི་སྲིད་བྱུས་གསལ་པོ་བཟོདགོས་ཞེས་བཀའ་གནང་སོང༌། དེ་ནི་གསལ་པོ་ཡོད་པའི་ཁུལ་ཡིན།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་སྤྱི་མོས་གྲོས་ཆོད་ལ་འགྱུར་བ་མེད་ཀྱང༌། འབྲེལ་མོལ་ལས་རིམ་སྐོར་གྲོས་ཚོགས་ནང་བགྲོ་གླེང་གནང་མི་ཆོག་པ་མེད། གོ་བསྡུར་བྱུང་ན་ལེགས་ཚུལ་གསུངས་སོང༌། དེ་ནི་འབྱུང་འགྱུར་གནང་ཕྱོགས་ཇི་དགེ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐག་ཆོད་གནང་རྒྱུ་རེད།

ཡང་བཀུར་འོས་སྤྱི་འཐུས་མང་པོས་ད་རེས་གསལ་པོ་བཟོ་དགོས། འདྲི་བརྩད་དང་ཉན་ཞིབ་མཐར་ཕྱིན་པ་གནང་དགོས་གསུངས་སོང༌། དེ་ལ་དགའ་བསུ་ཞུ་རྒྱུ་ཡིན། མཐར་ཕྱིན་པ་གནང་རོགས་གནང༌། འོན་ཀྱང༌། བྱ་བཞག་གི་འདུན་གྲོས་གཙུབ་ཤིང་ཟུང༌།། ས་མཚམས་མེད་པར་བརྡར་ཆེས་ན།། གཉིས་ཀ་འཚིག་པ་ཨ་ཙ་མ།། དྲོས་ཐོག་ཏུ་བཞག་ན་ཆོག་པ་ལ།། གསུངས་པ་ལའང་དགོངས་པ་བཞེས་གནང་རོགས།

ཡང་བཀུར་འོས་སྤྱི་འཐུས་མང་པོས་འགྱོད་བཤགས་དང་འབྱུང་འགྱུར་ཡོ་བསྲང་བྱེད་ཕྱོགས་སྐོར་དགོངས་འཆར་མང་པོ་གནང་སོང་བ་དེ་ཚོ་ཚང་མར་གྲོས་ཚོགས་ནང་དངོས་དོན་འཇིགས་ཞུམ་མེད་པར་བཀའ་གནང་ཐུབ་པར་ངོ་མཚར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

ཡང་བཀུར་འོས་སྤྱི་འཐུས་ཤིག་གིས། གསུང་འཕྲིན་ནང་ཡི་གེ་མ་དག་པ་གཅིག་འདུག་གསུངས་སོང༌།

དེ་རང་འདུག ཀམ་པུ་ཊར་ནང་ཡིག་ནོར་གསུམ་ཤོར་འདུག སྐུ་སྒེར་ཡིག་ཚང་དུ་མཛད་བྲེལ་ཧ་ཅང་ཆེ་དབང་གིས་ཞིབ་གཟིགས་གནང་ལོང་མ་བྱུང་བ་ཡིན་ཚོད། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་པར་སྐྲུན་སྐབས་ནོར་བཅོས་ངེས་པར་དུ་གནང་རོགས་གནང་ཞེས་བཀུར་འོས་ཚོགས་གཙོ་མཆོག་ལ་རེ་འདུན་ཞུ་རྒྱུ་ཡིན།

བཀུར་འོས་ཚོགས་གཙོ་མཆོག དོན་ཚན་ལྔ་པ། གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྙིང་པོ། ད་རེས་གྲོས་ཚོགས་ནས་ཐག་ཆོད་གསལ་པོ་དང་གཙང་མ་གནང་དགོས་པའི་དོན་ཚན་གསུམ་ཡོད།

༡། ྋགོང་ས་ྋསྐྱབས་མགོན་ཆེན་པོས་སི་ཏྲས་སྦག་གྲོས་འཆར་གྱི་ནང་དོན་རྒྱུན་འཁྱོངས་མ་གནང་བ་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དེ་གྲོས་ཚོགས་ནས་དགོངས་སྐོར་བཀའ་ཁྲོལ་མ་ཞུས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལ་སྤྲད་གནང་མཛད་པ་དེདག་

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། སྒྲིག་གཞི། མང་གཙོའི་ལམ་སྲོལ། ཡང་ན་བཟང་སྤྱོད་བཅས་དང་འགལ་བའི་རིགས་བྱུང་ཡོད་དམ་མེད། ཡོད་ན་དེའི་ཆེད་འཛིན་སྐྱོང་བཀའ་ཤག་ལ་ཉེས་པ་ཆད་པ་ག་རེ་གཅོད་གནང་མཛད་རྒྱུ་ཡིན་པ།

༢། འབྱུང་འགྱུར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་དགོངས་དོན་ལྟར་ྋགོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་སྔར་རྒྱུན་བཞིན་ལམ་སྟོན་དང་འགན་བཞེས་གནང་དགོས་ཀྱི་ཡོད་དམ། ཡང་ན་ད་ཕྱིན་གནད་དོན་འདིའི་ཐད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་འགན་གཙང་བཞེས་གནང་རྒྱུ་ཡིན།

༣། བོད་རྒྱའི་འབྲེལ་ལམ་སྐོར་སླད་ཕྱིན་སྤྱི་ལྷན་ནས་ཐུགས་འགན་བཞེས་རྒྱུའི་ཐག་ཆོད་བྱུང་ན་ད་ཕན་གྱི་གྲོས་ཆོད་ཁག་ཕྱིར་བསྡུ་དང༌། འབྱུང་འགྱུར་བྱེད་ཕྱོགས་ལམ་སྟོན་གྱི་གྲོས་ཆོད་ཞལ་གསལ་ཞིག་འཇོག་དགོས།

ཅི་སྟེ་ད་དུང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་སྔར་བཞིན་ཐུགས་འགན་བཞེས་དགོས་ཐག་ཆོད་བྱུང་བ་ཡིན་ནའང་སྔར་ཡོད་གྲོས་ཆོད་ཁག་ལ་མཇུག་ནོན་དང་འབྲེལ་འབྱུང་འགྱུར་འདིའི་ཐད་གྲོས་ཚོགས་ནང་དགོས་མེད་ཀྱི་དྲི་བ་དང་གླེང་སློང་མི་ཡོང་བ་དང༌། མང་ཚོགས་ལའང་གནད་དོན་འདིའི་སྐོར་དོགས་བསེལ་ངེས་ཀྱི་གསལ་བསྒྲགས་ཞིབ་གསལ་ངེས་པར་དུ་གནང་རྒྱུའི་ཐག་གཅོད་གནང་དགོས་ཀྱི་འདུག

བཀུར་འོས་ཚོགས་གཙོ་མཆོག གོང་གསལ་ཐག་གཅོད་གནང་དགོས་དོན་ཚན་ཁག་གི་རྒྱབ་ལྗོངས་བཀུར་འོས་སྤྱི་འཐུས་རྣམ་པས་མ་མཁྱེན་པ་མེད་ཀྱང༌། ཐུགས་དྲན་གསོས་ཕྱིར་རགས་ཙམ་ཞུས་ན།

ཀ༽ ཕྱི་ལོ་ ༡༩༩༢ ཟླ་ ༡ ཚེས་ ༡༢ ཉིན་བཞག་པའི་སྤྱི་མོས་གྲོས་ཆོད་དུ། བོད་རྒྱའི་འབྲེལ་ལམ་མཚམས་འཇོག་དགོས་པ་གསལ་ཡང་ྋགོང་ས་ཆེན་པོས་དགོས་གལ་དང་གནས་ཚུལ་ལ་གཟིགས་པས་ལམ་སྟོན་ཇི་གནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་གསལ་ཡོད།

ཁ༽ ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ལ་བཞག་པའི་སྤྱི་མོས་གྲོས་ཆོད་ནང་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་བཅས་ྋགོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་ཆོད་མཛད་གནང་ཡོང་བའི་གསོལ་འདེབས་ཨུ་ནན་གྱིས་ཞུ་རྒྱུ་དང༌། ྋགོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་སྲིད་བྱུས་ཐག་ཆོད་ཇི་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་ལ་ཕབ་པ་དང་ཁྱད་པར་མེད་པའི་ནུས་ཤུགས་ལྡན་པ་བོད་མི་ཡོངས་ནས་ཚད་འཛིན་ཞུ་རྒྱུ་འཁོད་ཡོད། གྲོས་ཆོད་དེ་བོད་གཞིས་བྱེས་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ལྟར་བཞག་པ་རེད། དེ་བཞིན་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པའི་གསུང་བཤད་དང༌། གྲོས་ཆོད་གཞན་དག་ཀྱང་ཅི་རིགས་ཤིག་ཡོད་ཀྱངདུས་ཚོད་བསྲི་ཚགས་སླད་ཆ་ཚང་ཞུ་མ་དགོས་པ་ཞུ་རྒྱུ་ཡིན།

སླར་ཡང་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་བཀུར་འོས་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ང་ཚོས་རེ་འདུན་ཞུས་པ་དེ་དག་སྙན་རྒྱབ་ཀྱི་ལྷག་པར་མ་སོང་བར་ཐག་གཅོད་ངེས་པར་གནང་རོགས་ཞེས་ནན་ཏན་གྱིས་ཞུ་རྒྱུ་ཡིན། བཀྲིན་ཆེ།། །།