བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་ཏེ་

བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་ཏེ་མི་ལོ་ ༣༦༠ འཁོར་བའི་ལོ་འཁོར་མོའི་དུས་དྲན་མཇུག་བསྡོམས་ཐོག་གནང་བའི་གསུང་བཤད།
༄༅། ། གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དབུས་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཀུན་གཟིགས་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་བོད་རྒྱལ་ལོ་ ༡༧༦༩ ཕྱི་ལོ་ ༡༦༤༢ རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ས་ག་ཟླ་བའི་ཚེས་ ༥ ཉིན་ཆོལ་གསུམ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བཞེས་པ་ནས་བཟུང་སྔ་ལོ་བོད་རྒྱལ་ལོ་ ༢༡༢༩ ཕྱི་ལོ་ ༢༠༠༢ ཟླ་བ་ ༥ ཚེས་ ༡༧ རབ་བྱུང་བཅུ་བདུན་པའི་ཆུ་རྟའི་ས་ག་ཟླ་བའི་ཚེས་ ༥ ཉིན་མི་ལོ་ ༣༦༠ ཧྲིལ་པོའམ། རབ་བྱུང་དྲུག་ཆ་ཚང་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་གོང་ཚེས་ཉིན་དབུ་ཚུགས་ཏེ་དེ་རིང་ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༡༦ གི་ཉིན་ལོ་འཁོར་ཧྲིལ་པོ་ལོན་པའི་གྲུབ་སྟོན་གྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་ལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེའི་མཚམས་འདྲི་དང་བཀྲི་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྔ་ལོ་ ༣༦༠ རྗེས་དྲན་གྱི་དུས་ཚིགས་བོད་ལུགས་ས་ག་ཟླ་བའི་ཚེས་ ༥ ནས་དབུ་འཛུགས་ཞུས་པ་དེ་ལྟར་ཡང༌། མཇུག་བསྡོམས་ཀྱི་གྲུབ་སྟོན་ྋགོང་ས་སྲིད་ཞིའི་གཙུག་རྒྱན་མཆོག་རྡ་སར་སྐུ་དངོས་སུ་བཞུགས་པ་དང་སྟབས་བསྟུན་ཏེ་སྔ་ལོ་ལྟར་བོད་ཚེས་དང་སྒོ་མ་བསྟུན་པར་ཉིན་ཞག ༣༦༥ ནག་རྩིས་ཀྱིས་དེ་རིང་ཞུས་པ་ལགས་ཤིང༌། དེ་རིང་གི་ཉིན་མོ་འདི་འཕགས་པ་གནས་བརྟན་པའི་ལུགས་ཀྱི་ས་ཟླའི་ཉ་དང་མཉམ་དུ་མ་སྒྲིག་ལྷུན་འགྲིགས་བྱུང་བའང་རྟེན་འབྲེལ་ལེགས་ཚོགས་སུ་མངོན།

འདས་པའི་མི་ལོ་ ༣༦༠ རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་དབུ་ཁྲིད་འཛིན་སྐྱོང་གནང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་འདི་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བོད་སོག་པོ་དང་རྒྱ་ནག་གི་མངའ་འོག་ནས་རང་བཙན་བསྐྱར་གསོ་བྱུང་བའི་རྗེས་ཀྱི་གཞུང་འཛིན་རིམ་པ་ཁ་ཤས་བྱུང་བའི་ནང་གི་ཆབ་སྲིད་ཀྱི་གནས་རྒྱུན་རིང་ཤོས་དེ་ཡིན་པ་མ་ཟད། བོད་རྒྱལ་ཁྱབ་དང་མི་རིགས་ཀྱི་ངོ་བོ་གསལ་མཚོན་ཐུབ་པ་དང་ཆོས་དང་རིག་གཞུང་སྒྱུ་རྩལ་ལེགས་བྱང་སོགས་སྒོ་ཀུན་ནས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་ཤིག་དང༌། ཁྱིམ་མཚེས་ཡུལ་གྲུ་ཁག་དང་མཛའ་མཐུན་མཉམ་གནས་ཀྱིས་ཞི་བདེ་དང་བརྟན་ལྷིང་རྒྱུན་རིང་བྱུང་བའི་དུས་སྐབས་ཤིག་ཀྱང་ཡིན།

མི་ལོ་ཉིས་སྟོང་བརྒལ་བའི་གོང་བོད་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་དང་མཛའ་འབྲེལ་བཟང་པོ་རྒྱུན་མར་གནས་པ་མ་ཟད། ལྷག་པར་དུས་རབས་བདུན་པའི་ནང་བོད་དུ་ཡི་གེའི་རིག་གནས་དར་བ་ནས་བཟུང་ཆོས་དང་རིག་གནས་ཀྱི་འབྲེལ་ལམ་ཤིན་ཏུ་གཏིང་ཟབ་བྱུང་སྟེ། བླ་སློབ་ཀྱི་འབྲེལ་བའི་ངོ་བོར་གནས་པ་དང༌། བོད་མི་སྤྱིའི་ཁ་རྒྱུན་དུ། ཆུ་འགོ་གངས་ལ་ཐུག་པ་ལྟར། ཆོས་དང་རིག་གཞུང་གི་ཕུགས་རྒྱ་གར་ལ་ཐུག་པ་ཞིག་དགོས་ཞེས་རིག་གནས་སྤྱི་དང་ལྷག་པར་ནང་དོན་རིག་པའི་མདོ་དང་སྔགས་ཇི་འདྲ་ཞིག་ཡིན་རུང་སངས་རྒྱས་ཀྱིས་གསུངས་པ་དང༌། རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བཀྲལ་བ། གྲུབ་ཐོབ་རྣམས་ཀྱིས་ཉམས་སུ་བླངས་ཏེ་མྱོང་བ་ཐོན་པ་ཞིག་མེད་ན། གང་བྱུང་ཆུ་སྣ་གར་འཁྲིད་དུ་འགྲོ་བའི་གཡམ་རྒྱུག་པ་ཞིག་མ་ཡིན་པར། དཔྱད་གསུམ་དག་པའི་རིགས་པའི་ལམ་ནས་སྒྲོ་འདོགས་གཅོད་པའི་སྲོལ་རྒྱུན་བཟང་པོ་འཕགས་པའི་ཡུལ་གྱི་རྡོ་འཇོག་དང༌། དཔལ་ནཱལནྡཱ་དང༌། བིཀྲམཤིའལ་སོགས་པའི་ཆོས་སྡེ་ཆེན་པོ་རྣམས་ཀྱི་སྲོལ་རྒྱུན་ཉམས་པ་མེད་པར་ད་ལྟའི་བར་རྒྱུན་འཛིན་ཐུབ་པ་བྱུང་བ་དེ་ནི་ས་སྟེང་འདིའི་ནང་པའི་རྒྱལ་ཁབ་གཞན་ལ་མ་བྱུང་བའི་མི་རིགས་ཀྱི་རྣམ་དཔྱོད་དང་བློ་རྒྱ། བརྩོན་འགྲུས། འཇོན་ཐང་བཅས་ཀྱི་རང་རྟགས་ཟུབ་ཏུ་མེད་པ་ཞིག་ཡིན་པ་བརྗོད་མི་དགོས་ཤིང༌། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབུ་བརྙེས་པའི་རྗེས་སུ་ཡང་འཕགས་ཡུལ་ཀུ་རུ་ཥེཀཏྲ་སོགས་ནས་ལེགས་སྦྱར་གྱི་པབྱྜིཏ་དུ་མ་བོད་དུ་གདན་དྲངས་སྟེ་སྒྲ་རིག་ལ་སོགས་པ་འཛིན་སྐྱོང་སྤེལ་བའི་བྱ་བ་མུ་མཐུད་དུ་གནས་ཐུབ་པ་བཅས་ཀྱི་ཉེར་ལེན་ལས་དེང་སང་རྒྱ་གར་དུ་རྩ་རླག་ཟིན་པའི་རྩ་ཆེའི་རིག་གནས་མང་པོ་བོད་ནས་བསྐྱར་གསོ་ཐུབ་པ་བྱུང་བ་སོགས་ཆོས་དང་རིག་གཞུང་གི་འབྲེལ་ལམ་རྒྱལ་ཁབ་གཞན་སུས་ཀྱང་འགྲན་པར་མི་བཟོད་པའི་ཆེས་དམིགས་བསལ་ཅན་གྱི་ངོ་བོར་གནས་པ་དང༌། ལྷག་པར་ཕྱི་ལོ་ ༡༩༥༩ རྗེས་བོད་དུ་དུས་འགྱུར་དབང་གིས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་ཕྲག་བརྒལ་བ་འཕགས་པའི་ཡུལ་འདིར་སྐྱབས་བཅོལ་དུ་གནས་སྡོད་ཐུབ་པ་དང༌། བོད་ཀྱི་ཆོས་སྲིད་དང་རིག་གཞུང་གི་བྱ་གཞག་རྒྱུན་མ་ཆད་པར་གནས་ཐུབ་པ་བཅས་རྒྱ་གར་འཕགས་པའི་ཡུལ་འདི་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཐམས་ཅད་ལས་ལྷག་པའི་བཀའ་དྲིན་ཅན་ཞིག་ཡིན་སྟབས། ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ་རྒྱ་གར་གཞུང་དང་མི་མང་ཡོངས་ལ་བོད་མི་རིགས་ཀྱི་མི་ལོ་ཉིས་སྟོང་བརྒལ་བའི་སྲིད་དབང་རྒྱུན་འཛིན་བྱེད་པོའི་ཁྲིམས་མཐུན་བོད་གཞུང་གི་ངོས་ནས་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ཆེན་པོ་ཧོར་གྱི་རྒྱལ་ཁམས་ནི་གནའ་དུས་ནས་བོད་དང་འབྲེལ་ལམ་ཆེ་བ་མ་ཟད། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་དང་ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་གཉིས་ཀར་བོད་མིའི་ཆབ་སྲིད་ཀྱི་མངའ་ཐང་བསྐྱར་གསོ་དང་ཕྲ་ཚུགས་ཐབས་ལ་ཕན་གྲོགས་ཤུགས་ཆེ་གནང་མཁན་གྱི་བློ་གཏད་འཕེར་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བོད་ཀྱི་ཆོས་རྒྱུན་འཛིན་པའི་སློབ་མའང་ཡིན་པ་དང༌། དེ་བཞིན་མ་ཧཱ་ཅི་ནའི་ཡུལ་ཡང་གནའ་དུས་སུ་གཉེན་འབྲེལ་དང༌། དུས་ཕྱིས་མཆོད་ཡོན་དུ་འབྲེལ་བའི་བོད་ཀྱི་བློ་ཐག་ཉེ་བའི་མཛའ་གྲོགས་ཤིག་ཡིན་པ་དང༌། དེ་མཚུངས་བལ་ཡུལ་དང༌། འབྲུག་ཡུལ་སོགས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་མང་པོ་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་པའི་གཞུང་དང་ཕྱི་འབྲེལ་དམ་པོ་ཡོད་པའི་རྒྱལ་ཁབ་ཡིན་པ་དེ་དག་གི་མི་མང་དང༌། གཞུང་གཉིས་ཀར་ད་རེས་ཀྱི་གོ་སྐབས་འདིའི་ཐོག་ནས་རྗེས་དྲན་དང་འཚམས་འདྲི་ཞུ་རྒྱུ་མ་ཟད། འབྱུང་འགྱུར་གནའ་སྲོལ་གྱི་འབྲེལ་ལམ་བཟང་པོ་བསྐྱར་གསོ་ཐུབ་པའི་རེ་སྨོན་ཡང་ཞུ་རྒྱུ་ཡིན།

འདས་པའི་མི་ལོ་བཞི་ཅུ་བརྒལ་བའི་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་རྒྱུན་ཉམས་མེད་དུ་གནས་བཞིན་པར་འཛིན་སྐྱོང་གི་ངོ་བོ་མཚན་ཉིད་དང་ཆ་ལག་ཡོངས་སུ་ཚང་བའི་མང་གཙོའི་རིང་ལུགས་སུ་བསྒྱུར་གནང་མཛད་པ་དང༌། མི་རིགས་དང་རྒྱལ་ཁབ་ཀྱི་དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་འཚེ་མེད་ཞི་བའི་ལམ་འབའ་ཞིག་གི་སྒོ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་ནང་པ་སངས་རྒྱས་པའི་དམ་པའི་ཆོས་ཀྱི་དགོངས་དོན་དང༌། བདག་ཉིད་ཆེན་པོ་གཱནདིའི་ཆབ་སྲིད་ཀྱི་ཚོད་བལྟའི་གྲུབ་དོན་བཅས་ལ་གཞི་བཅོལ་ཏེ་གནང་བའི་མཛད་རྗེས་འདི་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཙམ་དུ་མ་ཟད། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་རླབས་ཆེ་བའི་དཔེ་མཚོན་བཟང་པོ་ཡོང་བའི་ཡིད་ཆེས་ཡོད་ཅིང༌། འདི་ནི་བོད་མི་རིགས་ཀྱིས་དགའ་སྤོབས་དང་ཡི་རངས་བྱེད་འོས་པའི་བྱུང་བ་ཞིག་ཡིན།

ལོ་ངོ་སུམ་བརྒྱ་ཙམ་གྱི་རིང་མཆོད་ཡོན་དུ་འབྲེལ་བའི་རྒྱ་ནག་གི་ནང་དམར་པོའི་ལམ་སྲོལ་ཁྱབ་བརྡལ་བྱུང་བའི་རྗེས་ནས་བོད་དུ་ཁྲིམས་མེད་བཙན་འཛུལ་དང་གཉའ་གནོན་གྱི་དབང་གིས་བོད་མི་རིགས་ཡོངས་ལ་བསམ་བརྗོད་ལས་འདས་པའི་དཀའ་སྡུག་ཚད་མེད་ཅིག་མྱོང་དགོས་བྱུང་བ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་སྣོད་བཅུད་ཀྱི་དཔལ་ཡོན་ཚང་མར་གཏོར་བཤིག་ཉམས་གུད་ཚད་མེད་བྱུང་ཡོད་ནའང༌། བོད་མྀའི་ངོས་ནས་འཁོན་འཛིན་དང་ཁྲོ་བ་སྤངས་ཏེ་གཉིས་སྨན་ཞི་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་བཞིན་པ་ཡིན་ན། ལས་འབྲས་སླུ་བ་མེད་པའི་བདེན་མཐུས་ནམ་ཞིག་བོད་དོན་བདེན་མཐའ་གསལ་བའི་ཡིད་ཆེས་བརྟན་པོ་ཡོད་ཅིང༌། འབྱུང་འགྱུར་ཡང་ཇི་སྲིད་སའི་གོ་ལ་འདི་གནས་པ་དེ་སྲིད་དུ་བོད་རྒྱ་མི་རིགས་གཉིས་ཕན་ཚུན་བྱམས་བརྩེས་སྐྱོང་རེས་ཀྱིས་གནས་ཐུབ་པའི་རེ་སྨོན་བྱེད་རྒྱུ་ཡིན།

དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་མི་ལོ་ ༣༦༠ འཁོར་བའི་རྗེས་དྲན་གྱི་དུས་སྟོན་འདས་པའི་ཟླ་བ་བཅུ་གཉིས་རིང་སྲུང་རྩི་ཞུས་པའི་སྐབས་བོད་ནང་གི་ཆོལ་གསུམ་བོད་མི་སྤུན་ཟླ་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་དུས་དྲན་སྲུང་རྩིའི་ལས་རིམ་སྣ་ཚོགས་ཤིག་གནང་འདུག་པ་མ་ཟད། ཡིག་ངག་ཅི་རིགས་ཀྱི་ལམ་ནས་བཙན་བྱོལ་གཞུང་ལའང་མཐུན་འགྱུར་དང་རྒྱབ་སྐྱོར། ཁྱད་པར་ཐམས་ཅད་མཁྱེན་པ་བཛྲདྷརས་ཕྱག་རྒྱས་མཚན་པའི་མཇལ་དར་དང་རྟེན་དོད་སོགས་རིམ་འབྱོར་བྱུང་བ་ནི་བཙན་བྱོལ་གཞུང་གི་སྣེ་མོ་བ་རྣམས་ཀྱིས་མཚོན་བྱེས་འབྱོར་བོད་རིགས་ཡོངས་ལ་ཡིད་འགུལ་ཤུགས་ཆེ་ཐེབས་པའི་ཆ་རྐྱེན་ཞིག་བྱུང་སོང་བས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གཞིས་བྱེས་བོད་མིའི་དམ་ཚིག་གི་མདུད་རྒྱ་དམ་ཟབ་དྲི་མ་མེད་པ་འདི་ནི་ྋགོང་ས་མཆོག་གི་ཞབས་བརྟན་དང་བོད་ཀྱི་རྩ་དོན་འགྲུབ་པའི་རྒྱུ་རྐྱེན་དེ་ལྷག་མ་མཆིས་པ་ཡིན་སྟབས། འབྱུང་འགྱུར་ཡང་གཞིས་བྱེས་དམ་ཚིག་གི་མདུད་རྒྱ་གཞིག་མེད་རྡོ་རྗེའི་ཁམས་སུ་བརྟན་གནས་ཐུབ་པའི་ཡིད་ཆེས་དང་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

མཐའ་དོན། དེ་རིང་གི་དུས་ཚོད་ཁྱད་པར་ཅན་འདིའི་ཉིན་གུས་འབངས་བཀའ་བློན་ཁྲི་པས་གཙོས་པའི་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་ངོ་ཚབ་ཞུས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་དོན་གནད་གཅིག་པུ་ནི། མགོན་པོ་གང་ཉིད་ཀྱིས། མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། ། སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང༌། ། ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། ། འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། ། ཞེས་ཇི་ལྟར་ཐུགས་སྨོན་མཛད་པ་ལྟར། མགོན་པོ་གང་ཉིད་ཀྱིས་སྲས་བཅས་རྒྱལ་བའི་སྤྱན་སྔར་ཞལ་བཞེས་དམ་བཅའ་ཇི་ལྟར་མཛད་པ་རྣམས་བསྙེལ་བ་མེད་པར་བོད་ཀྱི་སྐྱེ་འགྲོ་མཐའ་དག་ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་ཀྱི་བར་དུ་ཐུགས་བརྩེའི་གཟིགས་པས་ནམ་ཡང་མི་འདོར་བ་དང༌། ཁྱད་པར་བོད་ཀྱི་མི་རིགས་ནམ་གནས་ཀྱི་བར་བོད་མི་ཡོངས་ཀྱི་སྤྱི་མོས་ཀྱི་འདུན་པ་དང་མཐུན་པར་བོད་མང་གཙོའི་གཞུང་གི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འགན་དབང་སྔར་རྒྱུན་བཞིན་མུ་མཐུད་ངེས་པར་དུ་བཞེས་གནང་ཅི་ནས་ཀྱང་ཡོང་བ་ཞེས་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།

སླར་ཡང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་དགོངས་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་ཀྱི་ཆོས་ལུགས་དང་ཆོས་རྒྱུད་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་མཛད་འཕྲིན་རྒྱས་པ། བོད་རྒྱ་ཞི་མོལ་གྱི་ལམ་ནས་མྱུུར་དུ་བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་ཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏྭ་ལར་ྋཞབས་སོར་འཁོད་དེ་འཛམ་གླིང་ཡངས་པའི་ཁྱོན་ལ་ཞི་བདེའི་དཔལ་ཡོན་གྱིས་ཁྱབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།