མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།

༄༅། ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང་སྟེ། ལོ་གཅིག་དང་བདུན་ཕྲག་གཉིས་ཙམ་ང་ཚོས་དངོས་སུ་དཔེ་སྟོན་སློབ་གྲྭ་དང་པོ་ཚུགས་རྒྱུ་ལ་འགོར་བ་རེད། དེ་འགོར་བའི་རྒྱུ་མཚན་གཙོ་བོ་དེ་ཕྱིའི་དངོས་པོའི་མཐུན་རྐྱེན་མ་འཛོམས་པའི་ཆ་ནས་འགོར་བ་ཞིག་མ་རེད། དགེ་རྒན་ལས་བྱེད་ཀྱི་མཐུན་རྐྱེན་དེ་སྟབས་གཟོབ་པོ་བྱས་ནས་སྒྲུག་དགོས་པ་ཡིན་ཙང་དེའི་དབང་གིས་དུས་འགོར་ཕྲན་བུ་བྱུང་བ་རེད། ཡིན་ནའང་དུས་ཚོད་འགོར་གཞི་ལ་མ་ལྟོས་པར་ང་ཚོས་ཧབ་བེ་ཧོབ་བེ་བྱས་པ་ལས་ཚད་ལྡན་པ་ཞིག་བྱས་པ་དེ་ལེགས་པ་ཡོད་སྟབས་དེར་ངོས་འཛིན་བྱས་ནས་ད་རེས་དུས་ཚོད་ཕྲན་བུ་འཕྱི་པོ་ཆགས་པ་ཡིན་ནའང༌། ད་ལན་དངོས་སུ་དཔེ་སྟོན་སློབ་གྲྭ་དང་པོ་དེ་འགོ་འཛུགས་བྱེད་ཐུབ་པ་ཡག་པོ་བྱུང་སོང་བསམ་གྱི་ཡོད།

ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་བའི་བརྒྱུད་རིམ་གྱི་ནང་དུ་དོགས་པ་རྣམ་རྟོག་དང༌། ཕྱི་ནང་གི་བར་ཆད་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། དེ་ཚོའི་བརྒྱུད་རིམ་ཚང་མའི་ནང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བླ་ན་མེད་པའི་ཐུགས་བརྩེ་ཆེན་པོས་ཡང་ནས་ཡང་དུ་ལམ་སྟོན་དང༌། རྒྱབ་སྐྱོར། རོགས་དངུལ་གནང་བ་དེ་དག་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་གྱི་ཕུང་པོ་ཞིག་རེད། ད་རེས་ངས་འདིར་ཞུ་དགོས་པའི་གནས་བབས་ཤིག་ཆགས་ཀྱི་ཡོད་པ་མ་རེད་དེ་སེམས་ཚོར་གྱི་དབང་གིས་ཞུས་པར་ཐལ་སོང༌།

ད་ལྟའི་བཀའ་ཤག་གི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་དང༌། ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་འབྱུང་འགྱུར་བོད་ཀྱི་མི་རབས་ཚད་ལྡན་ཞིག་བསྐྲུན་དགོས་ཀྱི་ཡོད་པ་དེ་ད་ལྟའི་མི་རབས་འདིའི་ལས་འགན་ཆེ་ཤོས་ཤིག་ལ་བརྩི་གི་ཡོད། ད་རེས་ཀྱི་གོ་སྐབས་འདི་ལ་ང་ཚོས་ཚད་ལྡན་པའི་ཤེས་ཡོན་གྱི་སྲིད་བྱུས་ཤིག་དང༌། དེ་དང་མཚུངས་པའི་ཤེས་ཡོན་གྱི་ལས་དོན་ལག་བསྟར་བྱེད་མ་ཐུབ་པ་ཡིན་ན། ཕལ་ཆེར་མི་རབས་རྗེས་མ་རྗེས་མ་དེ་ཚོའི་ནང་ལ་བསྐྱར་ལོག་བརྒྱབས་ནས་བོད་ཀྱི་སྲོལ་རྒྱུན་འཛིན་སྐྱོང་བྱེད་ཐུབ་པའི་གོ་སྐབས་ཡོང་མི་ཐུབ་པའི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། དེ་འདྲ་བྱུང་བ་ཡིན་ན་མི་རིགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ནང་དུ་ད་ལྟའི་མི་རབས་ཀྱི་མི་སྤྱི་དང༌། ལྷག་པར་དུ་མི་རབས་འདིའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ཚོར་ནམ་ཡང་དག་མི་ཐུབ་པའི་ནོར་འཁྲུལ་ཞིག་དང༌། འགན་ལེན་ཆེན་པོ་ཞིག་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་སྲིད་པ་ཞིག་རེད།

ད་ལྟ་ང་ཚོས་ཤེས་ཡོན་སྲིད་བྱུས་ཇི་མ་ཇི་བཞིན་ལག་བསྟར་བྱེད་ཐུབ་རྒྱུ་དང༌། དེ་ལ་བརྟེན་ནས་བོད་མི་གཙང་མ་ཞིག་ཡོང་རྒྱུ་བསྡད་པའི་མི་རབས་ཁག་གི་ནང་དུ་བསྐྲུན་ཐུབ་པའི་འགན་ལེན་ཞུ་ཐུབ་མིན་ལ་མ་ལྟོས་པར་དེའི་ཆེད་དུ་འབད་བརྩོན་མ་བྱས་པ་དང༌། བསམ་བློ་མ་བཏང་བ། དཀའ་ལས་མ་བརྒྱབ་པའི་འགན་དེ་མེད་པ་ཡིན་བསམ་པའི་བློ་བདེ་པོ་བྱེད་ཆོག་པའི་གནས་སྟངས་ཤིག་ངེས་པར་ཆགས་དགོས་པ་རེད།

ཤེས་ཡོན་སྲིད་བྱུས་འདིའི་སྐོར་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་གནས་ཚུལ་མང་པོ་ཞིག་ཡོད་བསྡད་པ་རེད། དེའི་ནང་ནས་མང་ཆེ་བ་ཞིག་གིས་ད་ལྟ་དགོངས་པ་ག་རེ་བཞེས་ཀྱི་ཡོད་མེད་ལ་མ་ལྟོས་པར་ཡོངས་ཁྱབ་གསུངས་པ་ལ་སྲིད་བྱུས་འདིའི་འོག་ནས་སློབ་སྦྱོང་སྤྲད་རྒྱུའི་སློབ་གྲྭ་ཁག་གི་ནང་དུ་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པ་མ་གཏོགས། དེང་རབས་ཀྱི་ཤེས་ཡོན་སྣང་མེད་དུ་འཇོག་རྒྱུ་ཡིན་པ་ཞིག་དགོངས་པ་བཞེས་ཀྱི་ཡོད་པ་རེད། དེ་ནོར་བ་རེད་ཅེས་ཞུ་འདོད་བྱུང་སོང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་ ༡༩༥༩ ནས་བཟུང་སྟེ་ད་ལྟའི་བར་དུ་འགྱུར་བ་མེད་པར་བཀའ་སློབ་གཏན་འཇགས་ཕེབས་པ་ཞིག་ག་རེ་ཡོད་པ་རེད་ཅེ་ན། ཤེས་ཡོན་འདབ་གཤོག་གཉིས་ལྡན་དགོས་པ་རེད་ཅེས་ག་དུས་ཡིན་ནའང་གསུང་གི་ཡོད་པ་རེད། འདབ་ཕྱོགས་གཉིས་ལྡན་ཟེར་བ་དེ་སྲོལ་རྒྱུན་ཤེས་ཡོན་གྱི་འདབ་གཤོག་གཅིག་དང༌། དེང་རབས་ཀྱི་ཚན་རིག་གིས་མཚོན་པས་ཤེས་ཡོན་གསར་པ་དེ་ཚོའི་འདབ་གཤོག་གཅིག དེ་གཉིས་པོ་དེ་ཆེ་ཆུང་མེད་པར་འདྲ་མཉམ་ཞིག་དགོས་ཀྱི་ཡོད་པ་དེ་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད།

དེ་འདྲ་ཡིན་ཙང་ང་ཚོས་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་འདབ་གཤོག་གཅིག་ཡོད་པའི་བྱ་ཚོགས་ཤིག་བསྐྲུན་རྒྱུ་ཡིན་ཞེས་ནམ་ཡང་ལབ་ཀྱི་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་ད་ལྟའི་བར་དུ་ལོ་བཞི་བཅུ་ཞེ་དྲུག་གི་རིང་ལ་ང་ཚོས་གཙུག་ཏུ་བཀུར་ནས་རྩ་ཆེན་པོར་བརྩིས་པའི་ཤེས་ཡོན་གྱི་ལམ་སྲོལ་དེས་བོད་མི་ན་གཞོན་གྱི་ཁྲོད་དུ་འཛམ་གླིང་དུ་སྐད་གྲགས་དང་ངོས་འཛིན་ཡོད་པའི་ཚན་རིག་པ་ཐོན་མ་སོང༌། ཕྱི་རྒྱལ་གྱི་སྐད་ཡིག་ཡག་པོ་ཤེས་མཁན་དེ་འདྲ་ཐོན་མ་སོང༌། ཨང་རྩིས་ཀྱི་ཐོག་ལ་སྐད་གྲགས་ཡོད་པ་དེ་འདྲ་ཐོན་མ་སོང༌། ཕྱི་རྒྱལ་གྱི་སྐད་ཡིག་གི་ཤེས་ཡོན་དེས་ད་ལྟ་སློབ་གྲྭ་ནས་འཐོན་བཞིན་པ་དང༌། མཐོ་རིམ་སློབ་གྲྭ་ནས་ཐོན་པ་དེ་དག་གིས་འདང་གི་མི་འདུག སྐད་ཡིག་གཞན་པའི་ཐོག་ལ་རྩོམ་ཡིག་དང་དེབ་ངོས་འཛིན་ཡོད་པ་འབྲི་མཁན་ཧ་ཅང་ཉུང་ཉུང་རེད། དེས་འདང་གི་མི་འདུག་ཅེས་ལབ་ཀྱི་ཡོད་པ་རེད་མ་གཏོགས། དེ་མང་དྲགས་འདུག་ཅེས་ནམ་ཡང་ལབ་ཀྱི་ཡོད་པ་མ་རེད། ཡིན་ནའང་དེ་དང་ཆབས་ཅིག་ཏུ་གལ་སྲིད་གཤོག་པ་གཅིག་མ་གཏོགས་མེད་མཁན་ཞིག་ཆགས་པ་ཡིན་ན། སྲོལ་རྒྱུན་གྱི་གཤོག་པ་དེ་ངེས་པར་དུ་ཡོད་དགོས་ཀྱི་རེད་ཅེས་པ་དེ་སྲིད་བྱུས་འདིའི་དགོངས་དོན་རེད།

ད་དུང་ཡང་དཔེ་སྟོན་སློབ་གྲྭ་གཅིག་གིས་འགྲིག་ཐབས་ཡོད་པ་མ་རེད། དཔེ་སྟོན་སློབ་གྲྭ་མང་པོ་བཙུགས་དགོས་པ་རེད། དཔེ་སྟོན་སློབ་གྲྭ་ཙམ་གྱིས་འགྲིག་ཐབས་ཡོད་པ་མ་རེད། གང་མགྱོགས་མགྱོགས་ཀྱིས་འབྱུང་འགྱུར་བོད་པའི་སློབ་གྲྭ་ཡོངས་སུ་རྫོགས་པ་དེ་ཤེས་ཡོན་སྲིད་བྱུས་འདིའི་འོག་ནས་འགྲོ་ཐུབ་པ་དགོས་པ་དེ་ང་ཚོའི་ཛ་དྲག་ཆེ་བའི་དམིགས་ཚད་ཅིག་རེད། དེ་ང་ཚོས་འགྲུབ་པ་བྱེད་ཐུབ་ཀྱི་ཡང་རེད་ལ། བྱེད་དགོས་ཀྱི་ཡང་རེད་བསམ་གྱི་འདུག དེའི་ཆེད་དུ་ད་ལྟ་ལས་ཀ་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད་པ་རེད། དཔེ་སྟོན་སློབ་གྲྭ་དང་པོ་དེ་གཙོ་ཆེ་ཤོས་དེ་ཉམས་མྱོང་གསོག་ཡུལ་དང་དགེ་རྒན་ལས་བྱེད་འདོན་ཡུལ་གྱི་གཞི་རྟེན་ཞིག་ཆགས་ཡོད་པ་རེད། རིམ་པས་སློབ་གྲྭ་ཚང་མའི་ནང་དུ་འདིའི་སྲོལ་རྒྱུན་དེ་ཁྱབ་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་པའི་མཚན་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཕྲལ་ཡུན་གྱི་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ནས་གནང་བ་ཞིག་ཡིན་པ་ངས་ཞེ་དྲགས་གསལ་པོ་བྱས་ནས་ངོས་འཛིན་ཞུ་གི་ཡོད། གང་ལྟར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་རིག་རྩལ་གྱི་སྟོབས་ཤུགས་གང་ཡོད་པ་དེ། འབྱུང་འགྱུར་གྱི་མི་རབས་ཚོས་བསྐྱར་གསོ་བྱེད་ཐུབ་པ་ཞིག ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྲོལ་འདིའི་འོག་ནས་ཡོང་རྒྱུ་ལ་ཐུགས་རེ་དང་ཐུགས་སྨོན་ཡིད་ཆེས་གནང་ནས་མཚན་གནང་བ་ཞིག་རེད། དེ་འདྲ་ཡིན་ཙང་སློབ་གྲྭ་དེ་མཚན་དོན་དང་མཐུན་པ་ཞིག་ཡོང་ཐབས་ལ་ང་ཚོས་འབད་བརྩོན་བྱེད་ཀྱི་ཡིན།