༈ གསང་ཆེན་སྟོད་རྒྱུད་པོད་ཕྲེང་བདུན་པ་དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་གྱི་སྔོན་གླེང་།
༄༅།། ཕྱི་ལོ་༢༠༡༤ཕྱི་ཟླ་༣ཚེས་༢༦ནས་ཉིན་༢༡རིང་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དྷ་ས་ར་ཆེ་གཉིས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བླ་མཆོད་ཁྲིད་ཡིག་ཆེན་མོ་དང་སྦྲགས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། དེའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ། གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ངོས་འཛིན་དང་འབྲེལ་ལམ་གྱི་གོལ་ས་དུ་མ་ཐེར་འདོན་གནང་བའི་ཚིགས་སུ་བཅད་པ་བདག་འཛིན་གཤགས་འདེབས། རྒྱལ་རོང་ཚུལ་ཁྲིམས་ཉི་མའི་གསུང་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་གྱི་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་སྐབས་ཉེ་བར་མཁོ་བས་གསང་ཆེན་སྟོད་རྒྱུད་པོད་ཕྲེང་བདུན་པར་དཔར་གསར་སྐྲུན་་སྐབས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་གནང་བའི་སྔོན་གླེང་།
༈ ན་མོ་མཧཱམུདྲཱཡ། སྤྱིར་ལེགས་སྦྱར་གྱི་བརྡ་ཆད་‘མུདྲཱ’ ཞེས་པར་‘ཕྱག’ གི་སྐད་དོད་དངོས་སུ་མེད་ཀྱང། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བླ་ཐབས་སུ་བསྣན་ཏེ་‘ཕྱག་རྒྱ’ ཞེས་བསྒྱུར་བའི་ཚིག་གི་ཡ་གྱལ་‘རྒྱ་’ ཞེས་པ་བརྡ་དང། མཚོན་རྟགས། ལག་སྟབས། དཔར་འདེབས། དམ་མཐིལ་སོགས་དུ་མར་འཇུག་པ་སྐབས་ཐོབ་ཀྱིས་གོ་དོན་ལེན་དགོས་པ། དཔེར་ན། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་ཞེས་པ་ལྟ་བུ་མཚམས་འཛིན་གྱི་མཚོན་རྟགས་དང། རྫས་སྔགས་ཕྱག་རྒྱ་ཞེས་པ་ལྟ་བུ་ལག་པའི་སྟངས་སྟབས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པ་ལྟ་བུ་རིག་མའམ་ཡུམ། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ་ཞེས་པ་ལྟ་བུ་གནས་ལུགས་དེ་ཁོ་ན་ཉིད་ལ་འཇུག་པ་སོགས་ཐེག་པ་ཐུན་མོང་བ་དང། གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཀར། ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་ཞེས་པའི་བརྡ་ཆད་ཡང་ཡང་འབྱུང་བ་རྣམས་གཞུང་གི་སྐབས་དོན་དང་བསྟུན་ཏེ་གོ་དོན་མ་འདྲེས་པར་ལེན་དགོས་ཤིང། སྐབས་འདིར་དགེ་ལྡན་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། མདོ་སྔགས་ཀྱི་དབྱེ་བས་གཉིས་སུ་གསུངས་ཏེ། སྔགས་ཕྱོགས་ལྟར་ན་དཔལ་ལྡན་འདུས་པ་ལ་སོགས་པའི་སྔགས་བླ་མེད་ཀྱི་རྒྱུད་སྡེ་ནས་གསུངས་པ་ལྟར་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སོང་བའི་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱིས་ཡུལ་སྟོང་པ་ཉིད་ཇི་ལྟར་སྒོམ་པའི་ཚུལ་འཕགས་ཡུལ་གྱི་མཁས་གྲུབ་ཆེན་པོ་ས་ར་ཧ་དང། ཀླུ་སྒྲུབ། ན་རོ་པ། མཻ་ཏྲཱི་པ་སོགས་ཀྱི་དགོངས་དོན་གྲུབ་པ་སྡེ་བདུན་དང། སྙིང་པོ་སྐོར་གསུམ་སོགས་ལས་ཇི་ལྟར་བཤད་པ་ལྟར་ཡིན་ཞིང། མདོ་ཕྱོགས་ལྟར་ན་གཉུག་སེམས་རགས་པའི་ཀུན་རྫོབ་ཀྱི་ཇོ་བོ་ཐོགས་རེག་དང་བྲལ་བའི་རིག་པ་སྟོང་སང་གི་བདག་ཉིད་ཙམ་ལ་དམིགས་རྟེན་དུ་བྱས་ཏེ་སེམས་རྩེ་གཅིག་པའི་ཞི་གནས་བསྒྲུབས་ཤིང། གནས་ཆ་བརྟན་པོ་ཐོབ་པ་ན་སྒོམ་ཐོག་ནས་ལྟ་བ་འཚོལ་བའི་རིམ་པས་སེམས་ཀྱི་ངོ་བོ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ནས་སེམས་ཉིད་རང་ངོས་ནས་མ་གྲུབ་པའི་སྟོང་པར་ངེས་པའི་ལྷག་མཐོང་གི་ཤེས་རབ་སྒྲུབ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་ལྟ་བུའི་སྒོམ་ཚུལ་ནི་སྔགས་ལམ་གྱི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རླུང་དྷུ་ཏིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགགས་ཏེ་ཤིན་ཏུ་ཕྲ་བའི་གཉུག་སེམས་ལྷན་སྐྱེས་བདེ་བའི་རང་བཞིན་མངོན་དུ་བྱས་ཤིང། དེས་སྟོང་ཉིད་སྒོམ་པའི་ཚུལ་དང་རྣམ་པ་མཐུན་ཞིང། དེའི་སྨིན་བྱེད་དུའང་འགྱུར་བ་དང། མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་མཐར་སོན་པའི་དབང་གིས་དཔེའི་འོད་གསལ་མངོན་དུ་གྱུར་པ་ན་གཟོད་སྟོད་ཉིད་ཀྱི་ལྟ་བ་འཚོལ་མི་དགོས་པར། སྔར་མདོ་ལུགས་ཀྱི་ཕྱག་ཆེན་བསྒོམས་པས་སྟོང་ཉིད་ཀྱི་ལྟ་བའི་གོམས་པ་མ་ཉམས་པ་དེ་ཉིད་དྲན་པར་བྱས་ནས་བདེ་སྟོང་སྦྱོར་བའི་ཐབས་མཁས་ཀྱི་འཕྲུལ་ཆེན་པོ་ཡིན་པ་དང། སྔགས་ལམ་གྱི་རིམ་པ་དང་པོའི་ཕྲ་རགས་ཀྱི་རྣལ་འབྱོར་དང། རྫོགས་རིམ་གྱི་རྟོགས་པ་མངོན་དུ་མ་འགྱུར་བའི་སྔ་རོལ་ཏུ་ལམ་ཐུན་མོང་བའི་ཕར་ཕྱིན་མཐའ་མ་གཉིས་ཀྱི་ཉམས་ལེན་གྱི་སྐབས་སུའང་སྔགས་ལམ་དང་རྣམ་པ་མཐུན་ཞིང་སྨིན་བྱེད་དུ་འགྱུར་བའི་སྒོམ་ཚུལ་འདིས་འཇིགས་ཚོགས་ལ་ལྟ་བའི་རི་བོ་འཇོམས་པའི་རྩལ་སྟོབས་རྣོ་མྱུར་དུ་བྱས་པ་མ་ཟད། བདག་གཞན་མཉམ་བརྗེའི་སྒོ་ནས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ནུས་པ་མཐུ་ཅན་དུ་འགྱུར་བའི་ཟབ་ཁྱད་ཀྱང་ཡོད་དམ་སྙམ། དེ་ལྟ་བུའི་གདམས་ངག་ཁྱད་པར་ཅན་འདི་ལ་བོད་ཀྱི་དམ་པ་གོང་མ་རྣམས་ཀྱིས་ཕྱག་ཆེན་དང། རྫོགས་ཆེན། ཞི་བྱེད། དབུ་མའི་ལྟ་ཁྲིད་སོགས་མིང་གི་ཐ་སྙད་མི་འདྲ་བ་མང་དུ་མཛད་ཀྱང། ངེས་དོན་འཚོལ་བའི་ལུང་རིགས་ལ་མཁས་ཤིང། ཐོས་དོན་ཉམས་སུ་བླངས་པའི་ཉམས་མྱོང་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས་བརྟགས་ཤིང་དཔྱད་ན་འགལ་འདུ་ཕྲ་མོ་ཙམ་མེད་པར་དགོངས་པ་གཅིག་ཏུ་གནས་སོ།།
དེ་ལྟ་བུའི་གདམས་ངག་ཁྱད་པར་ཅན་རྒྱལ་བ་རྡོ་རྗེ་འཆང་ནས་རྗེ་བཙུན་འཇམ་དཔལ་དབྱངས། དབུ་མ་དཔའ་བོ་རྡོ་རྗེ། རྗེ་བདག་ཉིད་ཆེན་པོ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བར་ཞལ་ནས་ཞལ་དང། སྙན་ནས་སྙན་དུ་བརྒྱུད་དེ་བཞུགས་པ། དབེན་ས་པ་བློ་བཟང་དོན་གྲུབ་ཀྱིས་ཀྱང་རེ་ཞིག་ཡི་གེར་འགོད་པའི་སྐབས་སུ་མ་བབས་པར་གཟིགས་པ་དེ་དག་ཕྱིས་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་ཐུགས་བརྩེ་བ་ཆེན་པོས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་‘ དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ་’ དང། དེའི་རང་འགྲེལ་‘དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་ཞེས་བྱ་བ། ’ དེ་བཞིན་གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ངོས་འཛིན་དང་འབྲེལ་ལམ་གྱི་གོལ་ས་དུ་མ་ཐེར་འདོན་གནང་བའི་ཚིགས་སུ་བཅད་པ་བདག་འཛིན་གཤགས་འདེབས་ཞེས་པ་བཅས་ལྗགས་རྩོམ་མཛད་དེ་དཔལ་རི་བོ་དགེ་ལྡན་པའི་དབེན་ས་སྙན་བརྒྱུད་ཀྱི་གདམས་པའི་རྩ་གཞུང་ལྟ་བུར་བཞུགས་པ་དང།
ཕྱག་ཆེན་དང། དེའི་སྔོན་འགྲོ་བླ་མཆོད་བཅས་ཀྱི་འགྲེལ་པ་འགྲེལ་བཤད་ཁྲིད་ཡིག་མང་པོ་བཞུགས་པའི་ནང་ནས་རྒྱུད་རྒྱ་གཞུང་གི་ཁུངས་དང། རིགས་པའི་སྒྲུབ་བྱེད། ལྷག་པར་གང་ཟག་སོ་སོས་ཉམས་ལེན་དུ་ཇི་ལྟར་བཀལ་བའི་ཐབས་ཚུལ་དམར་ཁྲིད་ཀྱི་ཚུལ་དུ་རྒྱལ་རོང་དགེ་བཤེས་བྱ་བྲལ་ཚུལ་ཁྲིམས་ཉི་མས་བརྩམས་པའི་‘དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་ཁྲིད་ཡིག’ ཅེས་པ་འདི་དོན་གཉེར་ཅན་ལས་དང་པོ་བ་རྣམས་ལ་ལྷག་པར་ཕན་ཐོགས་ཆེན་པོར་བཞུགས་པ་བཅས་གོང་གསལ་ཕྱག་དཔེ་ཚན་པ་བཞི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་བསྟན་འགྲོའི་དོན་ལ་དགོངས་ཏེ་དཔར་སྐྲུན་གནང་སྐབས་ངོ་སྤྲོད་སྔོན་གླེང་མདོར་བསྡུས་སུ། ཤཱཀྱའི་བཙུན་པ་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་བྲིས་པ་དགེ་བར་གྱུར་ཅིག །།