དིལླཱིར་རྒྱ་གར་གྱི་མཁས་དབང་དང༌། གལ་ཆེའི་མི་སྣ་ཁག་ཅིག་ལ་དབུ་མའི་ལམ་གྱི་འགྲེལ་བརྗོད་ཞུས་པའི་བརྗོད་བྱའི་དོན་ཚན་རགས་ཟིན།

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༦ ཉིན། ༈ བོད། སྔོན་བྱུང་ངོ་སྤྲོད་མདོར་བསྡུས། ༄༅། །༼བོད་༽ནི་༼གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་༽ཞེས་གྲགས་པ་ལྟར་འཛམ་གླིང་ཡང་ཐོག་ཏུ་ས་མཐོར་ཆགས་ཤིང་ཧི་མ་ལ་ཡའི་རི་རྒྱུད་སོགས་ཕྱོགས་ཀུན་ནས་གངས་རིས་བསྐོར་བའི་ཡུལ་ཞིག་ཡིན། ལེགས་སྦྱར་གྱི་སྐད་དུ་༼བྷོཊ་༽ཞེས་པ་༼བོད་༽ཅེས་པ་ནས་བྱུང་བ་ཡིན་ནམ། ཡང་ན་ལེགས་སྦྱར་ནས་ཟུར་ཆག་སྟེ་༼བོད་༽དུ་གྱུར་པ་ཇི་ལྟར་ཡང་སྒྲ་མཚུངས་ཤིག་ཡོད། སངས་རྒྱས་ཀྱི་གསུང་དུ་༼བྱང་ཕྱོགས་ཁ་བའི་ལྗོངས་༽ཞེས་འབོད་ཅིང༌། རིག་བྱེད་པའི་དྲང་སྲོང་རྣམས་ཀྱིས་༼ཏྲིབིཥ྄ཊཔ༽སྟེ་སུམ་ཅུ་རྩ་གསུམ་ཡིན་པར་ཡང་བཤད། གང་ལྟར་ས་མཐོ་རླུང་གཙང༌། ཤར་གླིང་གི་ཆུ་རྒྱུན་ཕལ་མོ་ཆེའི་འབྱུང་ཁུངས་སུ་གནས། ས་ཁྱོན་ཆེ་ཞིང་མི་འབོར་ཉུང་བ་དང༌། དགོས་མཁོ་ལ་བརྟེན་པའི་དཔལ་འབྱོར་གྱིས་མི་ཕོངས་པར་ཡོད།

ཆེས་གནའ་དུས་ནས་མིའི་སྤྱི་ཚོགས་ཡོད་པ་ས་འོག་ནས་ཐོན་པའི་དངོས་རྫས་རྙིང་པའི་དན་རྟགས་ཡོད་ཀྱང༌། སྤྱི་ཚོགས་ཀྱི་དཔལ་ཡོན་Civilisationནི་ཕྱི་ལོ་བརྒྱ་ཕྲག་དྲུག་པ་ཙམ་ནས་འགོ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་ནང་ཡར་རྒྱས་ཀྱི་རྩེ་མོར་སོན་ཞིང༌། དབུས་ཤར་གླིང་གི་དམག་ཤུགས་ཆེ་བའི་དྲག་ཤུལ་ཅན་གྱི་རྒྱལ་ཁབ་ཅིག་ཏུའང་གྱུར།
བོད་མིའི་རུས་ནི་ཤར་གླིང་གི་ཁྱིམ་མཚེས་གཞན་གྱི་རུས་ལས་ཁྱད་ཐོན་པའི་ལུས་དབྱིབས་འཕགས་རིགས་དང་སོག་རིགས་ཨཱརྱན་དང་མོང་གོལ་འདྲེས་པ་ལྟ་བུ་ཡོད།
བོད་རིགས་ཡོངས་ཀྱི་སྐད་གཅིག་རང་ཡིན་པ་དང༌། ཡུལ་ལུང་སོ་སོའི་ཁ་སྐད་འདྲ་མིན་ཡོད་ཀྱང་བརྒྱ་ཕྲག་བདུན་པའི་ནང་ཡིག་གཟུགས་དང་བརྡ་སྤྲོད་དར་རྗེས་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ་ལས་གྲུབ་པའི་སྐད་ཡིག་གཅིག་གྱུར་དུ་གནས། སྐད་ཡིག་དེ་ནི་ལེགས་སྦྱར་གྱི་ཐ་སྙད་ཡོངས་རྫོགས་ཇི་བཞིན་སྟོན་ཐུབ་པའི་ཕྱུག་ཚད་མཐོ་བ་དང༌། སྒྲ་སྒྱུར་དང་རང་རྩོམ་གཉིས་ཀའི་ཐོག་དུས་ཡུན་དང་མི་འབོར་ལ་ལྟོས་ཏེ་འཛམ་གླིང་གི་སྐད་ཡིག་ཚང་མའི་ནང་ནས་རྩོམ་རིག་མང་ཤོས་དང༌། རྩོམ་སྤུས་བཟང་ཤོས་ཤིག་ཡིན། ལྷག་པར་རྒྱ་གར་གྱི་གནའ་བོའི་གཞུང་ལུགས་ཆེས་མང་པོ་ད་ལྟ་བོད་སྐད་རྐྱང་པར་བཞུགས། ཡིག་གཟུགས་དང་བརྡ་སྤྲོད་ལེགས་སྦྱར་ལ་བརྟེན་ནས་བསྐྲུན་པས་རྒྱ་གར་གྱི་སྐད་ཡིག་གི་ཁྱིམ་ཚང་དུ་གཏོགས་པ་ཡིན།
དུས་རབས་བདུན་པ་ནས་ནང་ཆོས་དར་བ་ལ་བརྟེན་ནས་བོད་ཀྱི་ལེགས་བྱང་དང༌། སྤྱི་ཚོགས་ཀྱི་དཔལ་ཡོན་འཕེལ་རྒྱས་མྱུར་ཞིང་རྒྱ་ཆེ་བ་བྱུང་བ་དང༌། དེ་དག་ཐམས་ཅད་སྐབས་དེའི་རྒྱ་གར་གྱི་ནང་པའི་ལེགས་བྱང་ལས་བྱུང་བ་ཤ་སྟག་ཡིན།
དུས་རབས་དགུ་པའི་དཀྱིལ་གྱི་བར་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་གནས་ཀྱང་དེ་ནས་སིལ་བུར་ཐོར་ཏེ་སྤྱི་ལ་དབང་བའི་རྒྱལ་པོའམ་གཞུང་མེད་པར་ལོ་བརྒྱ་ཕྲག་གསུམ་ཙམ་གནས་རུང༌། ཆོས་དང་ལེགས་བྱང༌། རིག་གནས་ཀྱི་ཡར་རྒྱས་ལ་འགོག་རྐྱེན་ཆེ་བ་མ་བྱུང༌། བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་ཙམ་ནས་ཇིང་གྷིས་ཁཱན་གྱི་བཙན་འོག་ཏུ་ཚུད་དེ་ལོ་ལྔ་བཅུ་ལྷག་གི་རིང་བོད་སོག་པོས་བཟུང་ཞིང༌། རེ་ཞིག་ནས་རྒྱ་ནག་ཀྱང་སོག་པོའི་འོག་ཏུ་ཚུད།
བརྒྱ་ཕྲག་བཅུ་གསུམ་པའི་ལོ་རབས་དྲུག་ཅུའི་ནང་རྒྱ་ནག་སོག་པོའི་གོང་མ་ཀུབ་ལེའི་ཁཱན་གྱིས་བོད་ཆོལ་ཁ་གསུམ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ཏེ་བོད་ཀྱི་མངའ་དབང་བསྐྱར་གསོ་བྱུང༌། དེ་ནས་བཟུང་ཕྱི་ལོ་ ༡༦༤༠ ཙམ་བར་ས་སྐྱ་དང༌། ཕག་གྲུ། རིན་སྤུངས། གཙང་པ་བཅས་ནང་ཁུལ་མངའ་དབང་འཕྲོག་རེས་བྱུང་ཡང་ཕྱིའི་བཙན་འཛུལ་བྱུང་མེད། བརྒྱ་ཕྲག་བཅུ་བདུན་པའི་ལོ་རབས་བཞི་བཅུའི་ནང་སོག་པོའི་སྡེ་དཔོན་གྷོ་ཤྲི་ཁཱང་གིས་དཔུང་འཇུག་གིས་བོད་ས་ཡོངས་རྫོགས་བཟུང་རྗེས་ ༡༦༤༢ ལོར་རྒྱལ་དབང་ལྔ་པར་མངའ་དབང་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ནས་ད་ལྟ་ ༢༠༠༨ བར་ལོ་ ༣༦༦ སོང༌། དགའ་ལྡན་ཕོ་བྲང་གི་གཞུང་ཚུགས་ཏེ་དུས་ཡུན་གང་མཚམས་ནས་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་མ་ཐུབ་པར་རིམ་བཞིན་རྒྱ་མིས་བོད་ས་རིམ་བཟས་ཀྱིས་བོད་ཕྱི་ནང་གཉིས་སུ་གྱེས།
ཆོས་རྒྱལ་འཕགས་པ་ནས་བཟུང་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཚུགས་རྗེས་ནས་འབྲེལ་བ་དར་རྒུད་སྣ་ཚོགས་བྱུང་ཡང་འབྲེལ་བའི་ཕྱི་སྒྲོམ་ཙམ་རྒྱུན་གནས་ཡོད་པ་དང༌། དགའ་ལྡན་ཕོ་བྲང་གི་གཞུང་ཚུགས་རྗེས་རྒྱལ་དབང་ལྔ་པ་མན་ཇུ་གོང་མས་རྒྱ་ནག་ཏུ་གདན་ཞུ་བྱས་པ་ནས་སླར་ཡང་མཆོད་ཡོན་གྱི་འབྲེལ་བ་ཟབ་ཏུ་ཕྱིན། འབྲེལ་བ་འདི་མཆོད་གནས་བླ་མ་དང༌། ཡོན་བདག་སློབ་མའི་ཆོས་ཕྱོགས་ཀྱི་འབྲེལ་བ་ཞིག་མ་གཏོགས་སྲིད་དབང་དང་འབྲེལ་བ་གཏན་ནས་མེད་ཀྱང༌། ཕྱིས་སུ་དེ་ལ་སྲིད་དོན་གྱི་ཁེ་ཕན་ཆེད་གོ་བ་ལོག་སྒྲུབ་སྣ་ཚོགས་བྱས། རྒྱལ་མཆོག་སྐུ་ཕྲེང་དྲུག་པ་དང་བདུན་པའི་སྐབས་བོད་ཀྱི་དཔོན་རིགས་ནང་ཁུལ་མཐུན་མིན་དང༌། སོག་པོའི་ཐེ་བྱུས་སོགས་ཀྱིས་རྐྱེན་པས་ཡང་ཡང་རྒྱ་ནག་གོང་མར་རོགས་སྐྱོར་ཞུ་དགོས་བྱུང་བ་དང༌། ལྷག་པར་བརྒྱ་ཕྲག་བཅུ་བདུན་པའི་མཇུག་མཚམས་སུ་གོར་བོད་དམག་འཁྲུག་སྐབས་མན་ཇུའི་དཔུང་རོགས་ཞུ་དགོས་བྱུང་བ་སོགས་ཀྱིས་རིམ་བཞིན་མཆོད་ཡོན་གྱི་འབྲེལ་བའི་ནང་ཆབ་སྲིད་ཀྱི་ཐེ་བྱུས་ཚུད་པ་ལྟ་བུའི་གནས་སྟངས་མི་ལེགས་པ་ཇེ་མང་བྱུང༌།

༈ བར་སྐབས་ཀྱི་འགྱུར་བ།
བརྒྱ་ཕྲག་བཅུ་དགུ་པའི་ནང་དབྱིན་གཞུང་གིས་གཡོ་འཕྲུལ་སྣ་ཚོགས་ཀྱིས་བོད་ལ་རྒྱ་ནག་བརྒྱུད་འབྲེལ་བ་བྱེད་ཐབས་སྔ་རྗེས་བྱས་པ་ལམ་ལྷོང་མ་བྱུང་སྟབས་མཐའ་མ་ ༡༩༠༤ ལོར་དཔུང་འཇུག་དང༌། དམག་མཚམས་འཇོག་པའི་ཆིངས་ཡིག་བཞག་པ་དང༌། དེ་རྗེས་རྒྱ་མིས་བོད་ལ་དཔུང་འཇུག་བྱས་པའང་བོད་མི་རང་གིས་མཐར་སྤྲོད་བྱས། ཕྱི་ལོ་ ༡༩༡༣།༡༤ ལོར་སིམ་ལའི་ཚོགས་འདུ་དང་ཆོད་དོན་བཅས་སྔ་རྗེས་བྱུང་རིམ་ཚང་མའི་ནང་དབྱིན་གཞུང་གི་ཁེ་ཕན་ལ་ཐུག་སྐབས་བོད་དང་ཐད་ཀར་ཆིངས་འཇོག་དང༌། བོད་ཀྱི་ཁེ་ཕན་ལ་ཐུག་སྐབས་རྒྱ་ནག་གི་མིང་ཙམ་གྱི་མངའ་དབང་བོད་པའི་ཐོག་ཡོད་པར་བཤད་པ་སོགས་རང་ཚིག་མི་མཐུན་པའི་བྱེད་ཕྱོགས་དབང་གིས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་གསལ་ཁ་མེད་པ་བཟོས་ཡོད། འོན་ཀྱང་འཕགས་བོད་ཀྱི་ས་མཚམས་ད་ལྟ་རྒྱ་གར་གཞུང་གིས་རྩ་འཛིན་གནང་བཞིན་པ་འདི་ནི་དབྱིན་བོད་གཉིས་དབར་ཐད་ཀར་ཆིངས་འཇོག་བྱུང་བ་ཞིག་ལས་རྒྱ་ནག་གི་ཐེ་བྱུས་མེད།
གཞི་རྐང་བོད་པའི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་ནང་བོད་ཀྱི་མངའ་དབང་གསལ་སྟོན་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་ཆ་ཤས་བླངས་མ་ཐུབ་པ་ནི་བོད་མི་རང་གི་ཞན་ཆ་ཞིག་ཡིན་རུང༌། རྒྱལ་སྤྱིའི་ནང་མགོ་རྨོངས་དགོས་པའི་འཁྱོག་བཤད་རྒྱ་ནག་དང་དབྱིན་ཇི་གཉིས་ཀས་མཉམ་རུབ་ཀྱིས་བྱས་འདུག དྭོགས་གཞི་འདི་དག་བསལ་ཆེད་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༣ ལོར་བོད་རང་བཙན་གྱི་གནས་བབ་བསྐྱར་བརྗོད་གནང༌།

༈ རྒྱ་ནག་གསར་བརྗེའི་རྗེས།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ཏུ་དམར་པོའི་སྲིད་གཞུང་འཛུགས་ཟིན་འཕྲལ་བོད་དང་ཐའེ་ཝན་བཅིངས་གྲོལ་གཏོང་རྒྱུ་ཛ་དྲག་ཆེ་ཤོས་སུ་བརྩིས་ཏེ་འཕྲལ་དུ་བོད་སར་བཙན་འཛུལ་བྱེད་འགོ་ཚུགས། ལོ་གཅིག་ཙམ་ནང་ཆབ་མདོ་མན་ཆད་བཙན་བཟུང་གིས་དེ་ལ་དྲག་པོའི་བཅིངས་གྲོལ་ཞེས་བཏགས། དེ་རྗེས་དམག་འོག་འཛིན་བཟུང་སོང་བའི་ཆབ་མདོའི་ས་དབང་ང་ཕོད་ངོ་ལས་དང་བོད་ནས་བཏང་བའི་སྐུ་ཚབ་བཅས་མཉམ་གྲོས་མོལ་བྱེད་ཁུལ་གྱི་རྣམ་པ་ཙམ་བསྟན་ཏེ་མཐར་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་ ༡༧ ལ་བཙན་འོག་མིང་རྟགས་འགོད་དུ་བཅུག་སྟེ་བོད་རྒྱ་ནག་གི་དབང་འོག་ཏུ་བཅུག དེ་ལ་ཞི་བའི་བཅིངས་གྲོལ་དུ་བཏགས། བྱུང་རིམ་འདི་དག་ནི་གཱན྄་དྷིས་ཧིནྡ་སྭརཱཇ་ནང་རྒྱ་གར་དབྱིན་ཇིར་ཇི་ལྟར་ཤོར་བའི་སྐོར་གསུངས་པ་དང་ཤིན་ཏུ་མཐུན།
སྐབས་དེར་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་གང་ཐད་ནས་གྲོས་མཐུན་ལག་བསྟར་བྱ་རྒྱུ་ལས་གདམ་ཁ་གཞན་མེད་སྟབས་ྋགོང་ས་མཆོག་དང་བོད་གཞུང་གིས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་ལག་བསྟར་ཡོང་ཐབས་འབད་བརྩོན་གནང་ཞིང༌། ལྷག་པར་ཕྱི་ལོ་ ༡༩༥༤།༥༥ ལོར་ྋགོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱིས་མའོ་ཙེ་ཏུང་གཙོས་པའི་རྒྱ་དམར་གྱི་ཏང་སྲིད་དམག་གསུམ་གྱི་མཐོ་རིམ་རྣམས་དང་མཇལ་མོལ་བཀའ་བསྡུར་ཞིབ་གནང་གིས་ཁོ་ཚོའི་བསམ་ཚུལ་དང་བརྗོད་བབ་ལ་ཡིད་ཆེས་གནང་སྟེ་དགའ་སྤོབས་དང་བཅས་ཕྱིར་ཕེབས་གནང༌། འོན་ཀྱང་ ༡༩༥༦ ཙམ་ནས་མདོ་སྟོད་སྨད་དུ་ཟིང་འཁྲུག་འགོ་ཚུགས་པ་མ་ཟད། པེ་ཅིང་ནས་ལྷ་སའི་བར་འཁོར་ལམ་ཐོན་ཏེ་དམག་དཔུང་དང་དམག་ཆས་སྟབས་བདེས་འབྱོར་ཐུབ་པ་བྱུང་མཚམས་སུ་བོད་སྡོད་རྒྱ་དཔོན་ཚོས་བསམ་བཞིན་གྲོས་མཐུན་དོན་ཚན་ཁག་ལ་བརྡལ་བཤིག་གིས་ཛ་དྲག་ཇེ་ཆེར་སོང༌། མའོ་གཙོས་པའི་དབུས་ཀྱི་དབུ་ཁྲིད་ཚོར་ཞུ་བསྐུལ་མཛད་ཀྱང་ལན་མེད་དུ་སོང་བ་བཅས་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་ཉེན་ཚབས་བྱུང་རྐྱེན་ལྷ་སའི་ཁུལ་གྱི་བོད་རིགས་ཡོངས་ནས་ཞི་རྒོལ་གྱེན་ལངས་བྱ་དགོས་བྱུང་བ་དང༌། ཟླ་བ་དེའི་ཚེས་ ༡༧ མཚན་མོ་ྋགོང་ས་མཆོག་ནོར་གླིང་ཕོ་བྲང་ནས་ཡིབ་བྲོས་ཀྱིས་མི་རིང་བར་རྒྱ་གར་དུ་སྐྱབས་བཅོལ་བཞེས་དགོས་བྱུང༌།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་ྋགོང་ས་མཆོག་རྒྱ་གར་ས་མཚམས་ནང་འཛུལ་ཞུགས་ཐོག་རྒྱ་གར་གཞུང་གིས་སྐྱབས་བཅོལ་ཕུལ་ཏེ་ཤངས་ལེན་གནང༌། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཏེཇཔུར་དུ་རྒྱལ་སྤྱིའི་གསར་འགོད་པ་དང་མཇལ་འཕྲད་ཐོག་མ་བྱུང་སྐབས་གྲོས་མཐུན་དོན་ཚན་ ༡༧ བཙན་འོག་ཏུ་བཞག་པ་དང༌། རྒྱ་ནག་དབུས་གཞུང་གིས་དོན་ཚན་ཚང་མ་བསམ་བཞིན་བརྡལ་བཤིག་བཏང་བ་བཅས་ཀྱི་རྒྱུ་མཚན་གཉིས་ལ་བརྟེན་ནས་རྩིས་མེད་དུ་གཏང་རྒྱུ་དང༌། དེ་ཉིན་ནས་བཟུང་བོད་རང་བཙན་བསྐྱར་གསོ་ཐབས་འཚོལ་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཏེ་ཕྱི་ལོ་ ༡༩༧༩ ཡི་བར་སྲིད་བྱུས་དེ་ཉིད་རྩ་འཛིན་གནང༌།

༈ བོད་མིའི་འཐབ་རྩོད་ཀྱི་ངོ་བོ།
ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་རྒྱ་ཁྱབ་རྒྱལ་ཡོངས་སུ་སྤེལ་ཡོད་ཀྱང༌། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ལ་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཤིག་བྱུང་ཡོད།

ཀ སྲིད་དོན་ལྟ་གྲུབ་ཀྱི་འཐབ་རྩོད་མིན་པ།
ད་ལྟའི་བོད་མི་རིགས་ཀྱི་རྩོད་གཞི་ནི་འགའ་ཤས་ཀྱིས་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་རྩོད་གཞི་ཡིན་པར་བསམ་གྱི་ཡོད། ཕྱི་ལོ་ ༡༩༥༠།༦༠ ཡི་ནང་བོད་མིའི་འཐབ་རྩོད་ནི་དམར་པོའི་རིང་ལུགས་ལ་ངོ་རྒོལ་ཡིན་པ་ལྟ་བུར་བཤད་དེ། དེའི་དབང་གིས་མཐུན་གྲོགས་བྱེད་མཁན་ཡང་བྱུང་ཡོད། དེ་ནི་དངོས་བདེན་མིན། བོད་མིར་བདེ་སྐྱིད་བྱུང་ན་སྲིད་དོན་གྱི་ལྟ་བ་ཇི་འཛིན་ཁྱད་པར་མེད་ཅིང༌། ྋགོང་ས་མཆོག་ནི་མར་ཁེ་སི་རིང་ལུགས་ཀྱི་ཆ་ཤས་མང་པོ་ཞིག་ལ་རྒྱུན་དུ་ཐུགས་མོས་གནང་གི་ཡོད།

ཁ མི་རིགས་ཕན་ཚུན་དབར་གྱི་འཐབ་རྩོད་མིན་པ།
ཡང་རེ་འགས་རྒྱ་བོད་མི་རིགས་གཉིས་ཀྱི་དབར་མ་མཐུན་པའི་འཐབ་རྩོད་ཅིག་ལ་ངོས་འཛིན་བྱེད་མཁན་དང༌། དེ་འདྲའི་ངོ་བོར་སྒྱུར་ཐབས་བྱེད་མཁན་ཡང་མང་པོ་ཡོད། འོན་ཀྱང་རྒྱ་བོད་མི་རིགས་གཉིས་ནི་འཇིག་རྟེན་ཆགས་པ་ནས་བཟུང་ཁྱིམ་མཚེས་སུ་གནས་ཏེ་སྤུན་ཟླ་ལྟ་བུའི་འདུ་ཤེས་ཀྱིས་གཅིག་ཕན་གཅིག་གྲོགས་བྱེད་དེ་གནས་ཡོད། ལྷག་པར་དུས་རབས་ ༡༣ པ་ནས་རྒྱ་བོད་མཆོད་ཡོན་དུ་འབྲེལ་བའི་རྗེས་རྒྱ་རིགས་ནང་པ་ཕལ་མོ་ཆེ་བོད་བརྒྱུད་ནང་བསྟན་གྱི་སློབ་རྒྱུད་དུ་གྱུར་ཡོད། བོད་རྒྱའི་དབར་དམག་འཐབ་བྱེད་པའི་གོ་སྐབས་རེ་ཟུང་བྱུང་ཡོད་ཀྱང༌། དེ་ནི་དུས་ཡུན་ཐུང་ངུ་དང་སྐབས་རེ་ཙམ་ལས་དུས་ཡུན་མང་ཤོས་མཛའ་གྲོགས་སུ་གནས་པ་མ་ཟད། ད་ལྟའང་བོད་རྒྱ་མི་རིགས་གཉིས་དབར་འཁོན་རྩོད་གང་ཡང་མེད།

ག ཆབ་སྲིད་དབང་ཆའི་འཐབ་རྩོད་མིན་པ།
ཡང་རེ་ཟུང་གིས་སྲིད་དོན་གྱི་དབང་ཆའི་འཐབ་རྩོད་མིན་ནམ་སྙམ་པ་ཡོང་གི་ཡོད། ལྷག་པར་དུ་རྒྱ་ཕྱོགས་ནས་སྲིད་གཞུང་རྙིང་པ་རོ་ལངས་བརྒྱབ་རྒྱུའི་འབད་རྩོལ་ཡིན་ཚུལ་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད། དེ་ནི་དངོས་དོན་དང་གཏན་ནས་མི་མཐུན་པ་ཞིག་སྟེ། ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་བོད་དུ་སྲིད་དབང་བསྐྱར་འཛིན་བྱེད་རྒྱུའི་རེ་བ་རྨི་ལམ་དུའང་མེད།
བོད་དོན་འགྲིག་ཆགས་བྱུང་མཚམས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆབ་སྲིད་དང་སྒྲིག་འཛུགས་ཀྱི་མཛད་འགན་བཞེས་རྒྱུ་མིན་པ་དང༌། བཙན་བྱོལ་བོད་གཞུང་གི་སྣེ་མོ་བ་ཚོས་ཀྱང་ཡུལ་མི་དཀྱུས་མའི་འཚོ་ཐབས་བསྟེན་རྒྱུ་ལས་ཆབ་སྲིད་ཀྱི་འགན་དབང་གི་རེ་འདུན་བྱེད་རྒྱུ་མིན་པའི་གསལ་བསྒྲགས་ལན་མང་གནང་ཟིན། ང་ཚོའི་རྩོད་གཞི་ནི་ཆབ་སྲིད་སྐྱོང་སྟངས་ཡིན་པ་མ་གཏོགས་དབང་འཛིན་སུ་ཡིན་གྱི་གླེང་གཞི་གཏན་ནས་མེད།

ང འཐབ་རྩོད་ཀྱི་ངོ་བོ་ངོ་མ།
འོ་ན་བོད་ཀྱི་རྩོད་གླེང་ངོ་མ་གང་ཡིན་ཟེར་ན། དེ་ནི་བདེན་པ་དང་རྫུན་པའི་དབར་གྱི་རྩོད་གླེང་དང༌། ཁྲིམས་མཐུན་དང་ཁྲིམས་མཐུན་མིན་པའི་དབར་གྱི་རྩོད་གླེང༌། ཡང་ན་ལས་འགན་སྒྲུབ་ཕྱོགས་ཀྱི་རྩོད་གླེང་ཞིག་རེད། བོད་མི་རྣམས་ཀྱིས་རང་གི་ཐོབ་ཐང་གི་ཆེད་དུ་རྩོད་གླེང་བྱེད་པ་མ་ཡིན་པར། བོད་མི་རིགས་ལ་དམིགས་བསལ་དུ་འཁྲི་བའི་འཇིག་རྟེན་སྤྱིའི་འགན་ཁུར་སྒྲུབ་ཐབས་ཀྱི་ཆེད་དུ་རྩོད་གླེང་བྱེད་ཀྱི་ཡོད། གཱན྄་དྷིས་ཧིནྡ་སྭརཱཇ་ནང་གསུངས་པའི་༼སྤྱི་ཚོགས་ཀྱི་དཔལ་ཡོན༽སྐོར་ཞིབ་ཏུ་གཟིགས་ན་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ངོ་མ་ངོས་ཟིན་ཐུབ། འཕགས་ཡུལ་ནས་བྱུང་བའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་རྫོགས་རྒྱལ་བསྟན་གྱི་ནང་དོན་རིག་པའི་སྲོལ་རྒྱུན་རྩ་ཆེ་ད་ལྟ་རྒྱལ་ཁམས་གཞན་གང་དུའང་མེད་ཅིང་འགྲོ་བ་སྤྱི་ཡོངས་ལ་དགོས་མཁོ་ཆེན་པོ་ཡོད་པ་དེ་རྩ་བརླག་ཏུ་མ་འགྲོ་བའི་ཐབས་ལམ་ཞིག་བཙལ་རྒྱུ་དེ་ང་ཚོའི་རྩོད་གླེང་ངོ་མ་ཡིན།
ནང་དོན་རིག་པའི་སྲོལ་རྒྱུན་དེ་རྒྱུན་འཛིན་བྱེད་མཁན་གྱི་སྤྱི་ཚོགས་ནི་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་ཡིན་དགོས་པ་དང༌། དེ་འདྲའི་སྤྱི་ཚོགས་ཀྱི་གནས་ཡུལ་ཡང་འཚེ་བ་མེད་པའི་ཁོར་ཡུག་དང་ལྡན་པ་ཞིག་དགོས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཡུལ་འཚེ་བ་མེད་པའི་བསྟི་གནས་སུ་བསྒྱུར་རྒྱུའི་རླབས་ཆེའི་དགོངས་འཆར་བསྩལ་བ་དང༌། རྒྱུ་འབྲས་ཕྱོགས་མཐུན་དགོས་པ་ནང་པའི་ལྟ་གྲུབ་ཙམ་དུ་མ་ཟད། གཱན྄་དྷིས་ཀྱང་བསྒྲུབ་བྱ་སྒྲུབ་བྱེད་མཐུན་པ་དགོས་པར་བཞེད་པ་ལྟར་བོད་མིས་ཀྱང་སྒྲུབ་བྱེད་ཀྱི་ཐབས་ལམ་འཚེ་མེད་འབའ་ཞིག་ལ་བརྟེན་རྒྱུའི་འབད་རྩོལ་བྱེད་པ་བཞིན། ད་ཆ་བོད་མིའི་ལས་འགུལ་འཚེ་བ་དང་བྲལ་བར་གྱུར་ཡོད།
ལྷག་པར་ད་ལྟ་བོད་རྒྱ་གཉིས་ཕྱོགས་ནས་འཐབ་རྩོད་ཀྱི་ངོ་བོ་ལ་ལྟ་ཕྱོགས་དངོས་འགལ་དུ་ཡོད་པ་ནི་རྒྱ་ཕྱོགས་ནས་ང་ཚོར་དགྲ་བོའི་འདུ་ཤེས་དང༌། འཐབ་རྩོད་ནི་ཁྱོད་ཤི་ང་གསོན་ནམ། རང་རྒྱལ་གཞན་ཕམ་གྱི་ངོ་བོར་ལྟ་ཞིང༌། བོད་ཕྱོགས་ནས་རྒྱ་ནག་དབང་འཛིན་པ་ཚོར་འབྱུང་འགྱུར་གྲོགས་པོའི་འདུ་ཤེས་དང༌། འཐབ་རྩོད་ནི་རྒྱལ་ཕམ་མེད་པར་ཁྱོད་ཁེ་ང་ཁེ་གཉིས་སྨན་གྱི་ངོ་བོར་ལྟ་བཞིན་ཡོད།
བོད་ཀྱི་དཀའ་རྙོག་ནི་རྒྱལ་ཁབ་དང༌། གླིང་ཕྲན། སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་ཀྱི་དབར་དེང་རབས་དབང་ཤུགས་ཀྱི་གཞི་རྒྱ་ཆེ་བའི་འཐབ་རྩོད་ལས་རིམ་གྱི་དངོས་འབྲས་ཤིག་ཡིན་པ་སྨོས་མེད་ལ་བརྟེན། ང་ཚོའི་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཡང་རྒྱ་ཆེའི་འཐབ་རྩོད་དེ་དག་ལས་ཟུར་དུ་འཇོག་རྒྱུ་དཀའ་མོད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་ད་བར་སྟོབས་ཆེན་གཞན་གྱི་ལག་ཆར་མ་འགྲོ་བར་གནས་ཐུབ་པ་ནི་དགའ་སྤོབས་བྱ་ཡུལ་ཞིག་ཡིན།

༈ དབུ་མའི་ལམ་གྱི་སྒྲ་བཤད།
དབུ་མའི་ལམ་ཞེས་པའི་ཐ་སྙད་ནི་ཤཱཀྱ་ཐུབ་པའི་ཆོས་འཁོར་དང་པོའི་ནང་ཐོག་མ་བྱུང་བ་ཞིག་ཡིན་ཞིང༌། དེ་ནི་མཐའ་གཉིས་སྤངས་པའི་དབུས་མ་ལ་གོ་དགོས། ཐ་སྙད་དེ་ཐོག་མ་སྤྱོད་པ་ལ་སྦྱར་ནས་གསུངས་ཡོད་ཀྱང་རྗེས་སུ་ལྟ་བའི་ཐ་སྙད་གཙོ་ཆེ་བར་གྱུར། མཐའ་ལ་ལྷུང་ན་བདེན་པ་ལས་གོལ་བས་གནས་ཚུལ་གང་ཡིན་ཡང་མཐའ་སྤངས་ཏེ་དབུས་སུ་གནས་པ་ཞིག་དགོས།
འདིར་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྦྱར་སྐབས་བོད་རྒྱ་ནག་ལས་ཁ་བྲལ་དུ་འགྲོ་རྒྱུ་མཐའ་གཅིག་དང༌། བོད་མི་རྣམས་ད་ལྟའི་གནས་བབ་འོག་བསྡད་རྒྱུ་དེ་མཐའ་གཅིག་ཡིན། མཐའ་དེ་གཉིས་ལས་ལྡོག་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་འཐོབ་ཐབས་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྙིང་དོན་ཡིན།

༈ དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་པའི་རྒྱུ་མཚན།
བོད་ནི་ཡུན་རིང་རང་བཙན་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ད་ཆ་རང་བཙན་བསྐྱར་གསོའི་འབད་རྩོལ་མི་བྱེད་པར་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན།
ཀ ད་ལྟའི་འཇིག་རྟེན་འདིའི་ནང་སྲིད་བྱུས་གང་ཡང་དངོས་ཡོད་གནས་ཚུལ་དང་མཐུན་པའམ། དངོས་དོན་རིང་ལུགས་ལྟར་མ་འཛིན་ཐབས་མེད་ཀྱི་དུས་སྐབས་ཤིག་ཡིན་པ་དང༌།
ཁ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁྱིམ་མཚེས་སུ་རང་བཙན་ཟུར་བསྡད་བྱེད་ཀྱང་སྲིད་དོན་དང༌། དཔལ་འབྱོར། སྤྱི་ཚོགས་གང་ཅིའི་ཐོག་འོས་འཚམས་མིན་པའི་ཐེ་བྱུས་སྣ་ཚོགས་ལྡོག་མེད་དུ་ཡོང་རྒྱུ།
ག ལྷག་པར་བོད་ནི་སྐམ་སས་བསྐོར་བའི་མཐོ་ས་ཞིག་ཡིན་སྟབས་དགོས་མཁོ་མང་པོ་གཞན་བརྟེན་དགོས་པ།
ང སྒྲུབ་ཕྱོགས་ནས་དེང་རབས་དངོས་པོའི་ཡར་རྒྱས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་གནས་ན་ཁེ་ཕན་མང་བ།
ཅ དེང་སྐབས་འཛམ་གླིང་ནང་མི་རིགས་རྒྱལ་ཁབ་རིང་ལུགས་ཀྱི་ལྟ་གྲུབ་རིམ་གྱིས་གུ་ཡངས་སུ་ཕྱིན་ནས་མཉམ་རུབ་བྱེད་བཞིན་པ་ནི་ཡུ་རོབ་མཉམ་འབྲེལ་ལྟ་བུ་ཇེ་མང་དུ་འགྲོ་བཞིན་པ།
ཆ རྒྱ་གར་གྱིས་མཚོན་མཐུན་ཕྱོགས་ཚོ་ལའང་རོགས་སྐྱོར་གནང་རྒྱུ་མཛད་དཀའ་མི་ཡོང་བ།
ཇ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་པར་བརྟེན་ཁྲིམས་མཐུན་གྱི་མངོན་འདོད་ཡིན་པས་བསྒྲུབ་ཐུབ་ངེས་ཡིན་པ།
ཉ ཁྱད་པར་དུ་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་རིམ་བཞིན་བོད་ཀྱི་མངའ་དབང་ནས་ཟུར་དུ་ཕྱིན་ཏེ་ཕྱི་ལོ་ ༡༩༥༡ ལོར་བོད་རང་བཙན་ཤོར་བའི་སྐབས་སུ་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་སྟབས། རང་བཙན་བསྐྱར་གསོ་བྱུང་ཡང་ས་ཁྱོན་དེ་ཙམ་ལས་ཡོང་རེ་བྲལ་བས་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་དུ་ཡོད་སྟབས་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་ཡོང་ཐབས་དཀའ་བ་སོགས་རྒྱུ་མཚན་དུ་མ་ཡོད།
གོང་གསལ་གྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་རང་སྐྱོང་གི་དམིགས་ཡུལ་བཟུང་གནང་མཛད་པ་ནི་གཱན྄་དྷིས་༼རང་བཙན་བྱ༽གྱི་ཚབ་ཏུ་༼རང་དབང་༽སྟེ་སྭརཱཇ་བདམས་པ་དང་ཤིན་ཏུ་མཐུན། ཕྱི་ལོ་ ༡༩༢༨ ཟླ་ ༡ ཚེས་ ༡༢ ཉིན་བཏོན་པའི་གཱན྄་དྷིའི་གསུང་རྩོམ་༼རང་བཙན་དང་རང་དབང༌༽ཞེས་པའི་ནང་གསུངས་པ་རྣམས་ངེད་ཅག་ལ་ལམ་སྟོན་གྱི་སྒྲོན་མེ་བླ་མེད་ཅིག་ཏུ་གྱུར།
དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་བློས་བཏང་བྱེད་པ་ལྟ་བུའི་བསམ་ཚུལ་ཡོང་སྲིད་ཀྱང༌། བདག་ཉིད་ཆེན་པོ་གཱན྄་དྷིས་ཧིནྡ་སྭརཱཇ་ལེའུ་བཞི་པ། སྭརཱཇ་གང་རེད། ཅེས་པའི་ནང་གསུངས་པ་རྣམས་ལ་གཟིགས་ན་ང་ཚོའི་མངོན་འདོད་ཇི་ཡིན་གསལ་བར་མངོན་ཐུབ། ཚིག་ཚོགས་བསྐྱུང་སླད་འདིར་ལུང་འདྲེན་བྱེད་ཀྱི་མིན།

༈ དབུ་མའི་ལམ་གྱི་བྱུང་རིམ།
ཕྱི་ལོ་ ༡༩༦༨ ཙམ་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་གང་གི་ཆ་ནས་བོད་རང་བཙན་བསྐྱར་གསོ་ཡོང་ཐབས་དཀའ་བར་གཟིགས་ཏེ་རང་སྐྱོང་གི་གནས་བབ་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུའི་དགོངས་ཚུལ་བྱུང་བ་བཞིན་ཞིབ་འཇུག་དང་གོ་བསྡུར་རིམ་གནང་ཐོག ལྷག་པར་ཕྱི་ལོ་ ༡༩༧༠ ལོ་དཀྱིལ་ཙམ་ནས་སྐབས་དེའི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་སོགས་འབྲེལ་ཡོད་རྣམས་ལ་བཀའ་བསྡུར་བསྐྱངས་ཏེ་ནམ་ཞིག་རྒྱ་གཞུང་དང་འབྲེལ་བ་གནང་བའི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མ་གནང་བར་རང་སྐྱོང་དོན་ལྡན་སྒྲུབ་ཐབས་ཀྱི་སྲིད་བྱུས་གསར་པ་ཞིག་བསྐྱང་རྒྱུའི་ནང་དོན་གོ་སྒྲིག་གནང་སྟེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གཞི་རྩ་བསྐྲུན།
རྒྱ་ནག་ནང་མདུན་མཆོངས་ཆེན་པོ་དང༌། རིག་གནས་གསར་བརྗེ་སོགས་ཀྱི་ཟིང་ཆ་ཡལ་ཞིང༌། མའོ་ཙེ་ཏུང་འདས་རྗེས་ཆབ་སྲིད་འགྱུར་བ་གང་འཚམས་ཕྱིན་བརྟེན་སྐབས་དེའི་དབུ་ཁྲིད་དེང་ཞའོ་ཕིང་གིས་ཧོང་ཀོང་དུ་བཞུགས་པའི་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་བརྒྱུད་ྋགོང་ས་མཆོག་རང་རྒྱལ་དུ་ཕྱིར་ཕེབས་གནང་རྒྱུའི་དགོངས་པ་བཞེས་དགོས་པ་དང༌། རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་འཐུས་གསུངས་པ་བཞིན་བོད་རྒྱའི་དབར་འབྲེལ་བ་གསར་པ་ཞིག་ཚུགས་པ་དང༌། སྐབས་དེར་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འོག་གྲབས་ཡོད་བཞིན་པར་བརྟེན་དེང་ཞའོ་ཕིང་གི་བསམ་འཆར་ལ་འཕྲལ་དུ་ངོས་བཞེས་དང་བཀའ་ལན་གནང་བདེ་བྱུང་ཡོད།
འོན་ཀྱང་དངོས་སུ་འབྲེལ་ཐུག་རྗེས་ཞི་མོལ་དོན་ལྡན་མ་བྱུང་བར་ནར་འགྱངས་དང༌། རྒྱ་ནག་གི་དབུ་ཁྲིད་ཚོའི་དགོངས་ཚུལ་ཡང་རིམ་འགྱུར་བྱུང་བར་བརྟེན་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་ནང་བོད་རྒྱ་ཞི་མོལ་གྱི་རྒྱབ་ལྗོངས་དང་སྒྲོམ་གཞི་གསལ་བཟོའི་ཆེད་ཕྱི་ལོ་ ༡༩༨༧ ལོར་ཞི་བའི་དོན་ཚན་ལྔ་དང༌། ༡༩༨༨ ལོར་སི་ཏྲས་སྦག་གི་གསུང་བཤད་ཀྱི་ནང་རང་སྐྱོང་གི་སྒྲོམ་གཞི་རྒྱས་པ་ཞིག་འཆར་འགོད་གནང་ཡོད། འོན་ཀྱང་དེ་ལ་རྒྱ་ཕྱོགས་ནས་ཕྱེད་རང་བཙན་དང༌། མངོན་པར་མི་གསལ་བའམ་རྣམ་པ་འགྱུར་བའི་རང་བཙན་གྱི་འཆར་གཞི་རེད་ཅེས་ངོས་ལེན་མ་བྱས་སྟབས། དེའི་ཐོག་ཞིབ་ཕྲའི་བགྲོ་གླེང་མ་བྱུང་བས་རིམ་གྱིས་ནུས་མེད་ལྟ་བུར་གྱུར་ཅིང༌། ཕྱི་ལོ་ ༡༩༩༤ ནས་བོད་རྒྱའི་འབྲེལ་མོལ་ཆད།
དེ་རྗེས་ཕྱི་ལོ་ ༡༩༩༦ དང་ ༡༩༩༧ ལོར་ྋགོང་ས་མཆོག་གིས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་འབེབས་དགོས་པའི་ལམ་སྟོན་ཕེབས་པ་བཞིན་སྔོན་འགྲོའི་བསམ་ཤོག་བསྡུ་ལེན་སྐབས་བསམ་ཤོག་བརྒྱ་ཆ་ ༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་དང༌། ཡང་ན་རྒྱལ་སྤྱི་དང་རྒྱལ་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། དུས་ནས་དུས་སུ་ྋགོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་སྙན་གསན་ཞུས་པར། ྋགོང་ས་མཆོག་གིས་༼བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང༌། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།༽ཞེས་གསུངས་པ་ལྟར། དབུ་མའི་ལམ་ནི་ྋགོང་ས་མཆོག་གི་ལམ་སྟོན་ལ། གཞིས་བྱེས་མི་མང་གི་བསམ་འཆར་དང༌། གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་བཅས་མང་གཙོའི་བརྒྱུད་ལམ་མཐར་ཐུག་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན།

༈ འབྲེལ་ལམ་བསྐྱར་གསོ།
ཕྱི་ལོ་ ༢༠༠༢ ནས་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་རྒྱ་ཕྱོགས་ནས་ཞི་བའི་དོན་ཚན་ལྔ་དང༌། སི་ཏྲས་སྦག་གི་གསུང་བཤད་ཀྱི་སྔོན་གླེང་སོགས་ལ་བསྙད་དེ་དྭོགས་པ་རྣམ་རྟོག་ཤུགས་ཆེར་བྱས་སྟབས་དྭོགས་གཞི་དེ་དག་སེལ་སླད་ཞི་བའི་དོན་ཚན་ལྔ་ནི་བོད་དོན་འགྲིག་ཆགས་བྱུང་མིན་ལ་མ་ལྟོས་པར་བོད་རྒྱས་དབུས་འཇིག་རྟེན་སྐྱེ་འགྲོ་སྤྱི་ལ་སྨན་པའི་འབྱུང་འགྱུར་གྱི་འཆར་སྣང་ཞིག་ཡིན་པ་དང༌། སི་ཏྲས་སྦག་གསུང་བཤད་ཀྱི་སྔོན་གླེང་དང་འགྲེལ་བརྗོད་སོགས་ནི་གྲོས་གཞིའི་ཆ་ཤས་མིན་པ། དེར་གསལ་རང་སྐྱོང་གི་སྒྲོམ་གཞི་ཁག་ཀྱང་གྲོས་གཞི་ཙམ་ལས་མཐའ་མའི་གཏན་འབེབས་མིན་པ་འགྲེལ་བརྗོད་བྱས་ཡོད། འབྱུང་འགྱུར་ཕྱོགས་གཉིས་ཀ་ནས་དྭོགས་གཞི་མི་འབྱུང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོངས་རྫོགས་མིང་དོན་མཚུངས་པ་ལག་བསྟར་བྱེད་དགོས་ཞེས་སྐུ་ཚབ་རྣམ་པས་ཚིག་ཚོགས་བསྐྱུངས་ཏེ་འགྲེལ་བརྗོད་བྱས་ཡོད། གནད་དོན་དེ་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་རྒྱ་ཁྱབ་ཏུ་ལན་མང་བཀའ་གནང་ཡོད་པའི་ནང་ནས་རེ་ཟུང་དྲངས་ན། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༡༨ ཉིན་འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་ྋགོང་ས་མཆོག་གིས་༼ཀུན་གྱིས་མཁྱེན་གསལ་ལྟར། ང་ཚོས་རང་བཙན་ཐབས་འཚོལ་བྱེད་ཀྱི་མེད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་དོན་དང་ལྡན་པའི་རང་སྐྱོང་ཚད་ལྡན་ཡོང་བའི་ཐབས་འཚོལ་བྱེད་ཀྱི་ཡོད།༽ཅེས་དང༌། སླར་ཡང་ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གསུང་འཕྲིན་ནང་༼ངོས་ནས་ཡང་ནས་ཡང་དུ་འདས་པའི་ལོ་རྒྱུས་ཇི་ལྟར་ཡང་མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་ཐབས་བྱ་རྒྱུ་ཡིན་ཞེས་ཕྱི་ནང་གང་སར་རྒྱ་ཁྱབ་གསལ་བསྒྲགས་བྱས་དང་བྱེད་བཞིན་པ་ཡིན་སྟབས། རང་ཁྱིམ་རང་བདག་གི་གནས་བབ་དོན་དམ་པའི་སྒོ་ནས་ལག་བསྟར་ཡོང་ཐབས་ཀྱི་སྐོར་དགོས་འདུན་གང་འདྲ་ཞིག་བཏོན་ཡང་ཁ་བྲལ་གྱི་ཕྱོགས་སུ་མི་འགྲོ་བ་ནི་དྭོགས་པས་བདེན་དོན་མ་བསྒྲིབ་ན་སུས་ཀྱང་གསལ་རྟོགས་ཐུབ་པ་ཞིག་རེད།༽ཅེས་གསུངས་ཡོད།

༈ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་ཁག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་བཀོད་དགོས་དོན་རྒྱ་ནག་ནི་མི་རིགས་དུ་མ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཧན་གྱི་མི་རིགས་ཆེན་པོའི་རིང་ལུགས་དང༌། གྲངས་ཉུང་མི་རིགས་རྣམས་ཀྱི་ས་གནས་མི་རིགས་རིང་ལུགས་མ་དོར་ན་མི་རིགས་འདྲ་མཉམ་དང་མི་རིགས་ཆིག་བསྒྲིལ་ཡོང་ཐབས་མེད་པ་དང༌། འདས་པའི་གོང་མ་ཁག་དང༌། གུང་མིན་ཏང་གཞུང་གིས་མི་རིགས་གཉའ་གནོན་རིང་ལུགས་ལག་བསྟར་བྱེད་པའི་དབང་གིས་གྲངས་ཉུང་མི་རིགས་ལ་བཤུ་གཞོག་དང༌། མི་རིགས་ཁ་བྲལ་འགྲོ་ཉེན་བཟོ་བའི་སྐྱོན་བརྗོད་ཀྱིས་མར་ཁེ་སི་ལེ་ནིན་རིང་ལུགས་ཀྱི་ལྟ་གྲུབ་དང་མཐུན་པར་མི་རིགས་འདྲ་མཉམ་དང་མི་རིགས་ཆིག་བསྒྲིལ་གྱི་གཞི་རྩ་བརྟན་ལྷིང་ཡོང་ཆེད་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་གཏོད་ཚུལ་བཤད་ཀྱི་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གླེང་བརྗོད་དུ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང༌། འདྲ་མཉམ་དང༌། མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཚུགས་ཟིན་པར་མ་ཟད། མུ་མཐུད་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དུ་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང༌། གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་བསྐུལ་འདེད་བྱེད་ངེས་ཡིན།༽ཞེས་འཁོད་ཡོད།
དེ་བཞིན་རྩ་ཁྲིམས་ལེའུ་དང་པོ་སྤྱིའི་རྩ་འཛིན་དོན་ཚན་བཞི་པར་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་ཞིང༌། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང༌། མི་རིགས་ཁག་བར་གྱི་འདྲ་མཉམ་དང༌། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་རིགས་བཀག་སྡོམ་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་བཀག་སྡོམ་བྱེད་རྒྱུ།
རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་རྒྱུ།
གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་འབྲལ་དུ་མི་རུང་བ་ཞིག་ཡིན།
མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང༌། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཉར་འཇོག་གམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།བྱ༽ཅེས་བཀོད་ཡོད།
རྩ་ཁྲིམས་ས་བཅད་དྲུག་པ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་སྐོར་དོན་ཚན་ ༡༡༢ ནས་ ༡༢༢ བར་ཞིབ་བཀོད་ཡོད་ཅིང༌།
དོན་ཚན་ ༡༡༦ པའི་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་ཁྲིམས་བཟོའི་དབང་ཚད་སྤྲད་ཡོད་པ་དང༌།
དོན་ཚན་ ༡༡༧ དང་ ༡༡༨ པའི་ནང་དཔལ་འབྱོར་དང༌། ནོར་སྲིད་འཛུགས་སྐྲུན་བཅས་ཀྱི་རང་སྐྱོང་གི་ཆ་རྐྱེན།
དོན་ཚན་ ༡༡༩ པའི་ནང་ཤེས་ཡོན་དང་ཚན་རིག ལེགས་བྱང༌། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་རང་སྐྱོང་གི་ཆ་རྐྱེན།
དོན་ཚན་ ༡༢༠ པའི་ནང་ས་གནས་བདེ་སྲུང་དང༌། སྐོར་རྒྱག་པ་ཟུར་བཙུགས་ཀྱི་ཆ་རྐྱེན་དང༌།
དོན་ཚན་ ༡༢༡ པའི་ནང་མི་རིགས་སོ་སོའི་སྐད་ཡིག་གཞུང་སྐད་དུ་བེད་སྤྱོད་གཏོང་རྒྱུའི་ཆ་རྐྱེན་བཅས་བསྐྲུན་ཡོད་པ་མ་ཟད།
རྩ་ཁྲིམས་ས་བཅད་བདུན་པའི་ཁྲིམས་ཁང་གི་ཆ་རྐྱེན་འོག་དོན་ཚན་ ༡༣༤ པའི་འོག་ཁྲིམས་ཁང་ཁག་ཏུ་མི་རིགས་སོ་སོའི་སྐད་ཡིག་ཐོག་གཏུགས་བཤེར་བྱེད་རྒྱུའི་ཆ་རྐྱེན་བཅས་བསྐྲུན་ཡོད།
དེ་བཞིན་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་གླེང་གཞིའི་ནང་༼མི་རིགས་ཀྱི་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ནས་གཅིག་གྱུར་གྱི་འགོ་ཁྲིད་བྱས་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང༌། རྒྱལ་ཁབ་ཀྱི་མི་རིགས་ཁག་བར་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ་མཐའ་གཅིག་ཏུ་བྱེད་ཅིང༌། མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་མཐའ་གཅིག་ཏུ་བྱེད་པའི་རྩ་དོན་མཚོན་ཡོད།༽ཅེས་དང༌།
ལེའུ་དང་པོའི་སྤྱིའི་རྩ་འཛིན་དོན་ཚན་ ༡༠ པའི་ནང་སྐད་ཡིག་དང༌། སྲོལ་རྒྱུན་རྒྱུད་འཛིན་གྱི་རང་དབང༌།
དོན་ཚན་ ༡༡ པའི་ནང་ཆོས་དད་རང་དབང་བཅས་ཀྱི་ཆ་རྐྱེན་གསལ་པོ་བསྐྲུན་ཡོད།
དེ་བཞིན་ལེའུ་གསུམ་པའི་དོན་ཚན་ ༡༩ པའི་ནང་རང་སྐྱོང་ས་ཁུལ་གྱི་ཁྲིམས་བཟོའི་དབང་ཚད་དང༌།
དོན་ཚན་ ༢༠ པའི་ནང་གོང་རིམ་རྒྱལ་ཁབ་གཞུང་གི་གྲོས་ཆོད་དང༌། ཆོད་དོན། བཀའ་རྒྱ། མཛུབ་སྟོན་བཅས་ས་གནས་ཀྱི་གནས་ཚུལ་དང་མི་མཐུན་པའི་རིགས་ལག་བསྟར་མི་དགོས་པའི་བཀའ་འཁྲོལ་ཞུ་རྒྱུའི་ཆ་རྐྱེན་བསྐྲུན་ཡོད།
དོན་ཚན་ ༤༣ པའི་ནང་ཕྱོགས་མིའི་སྐོར་གྱི་དོ་དམ་བྱེད་ཐབས་བཟོ་རྒྱུའི་ཆ་རྐྱེན་ངེས་ཅན་ཡོད།
དེ་བཞིན་ལེགས་བྱང་དང༌། རིག་གནས། དཔལ་འབྱོར། རང་བྱུང་ཐོན་སྐྱེད་བེད་སྤྱོད། ཁྲལ་འབབ་བསྡུ་ལེན་དང་ཆག་ཡང༌། ཚོང་འབྲེལ། འཕྲོད་བསྟེན། ས་གནས་བདེ་སྲུང་སོགས་དང་ལྷག་པར་ཤེས་ཡོན་སློབ་གསོའི་ལམ་སྲོལ་བཅས་རང་སྲིད་རང་སྐྱོང་བྱ་རྒྱུའི་ཆ་རྐྱེན་ངེས་ཅན་ཡོད། དེ་ཙམ་མ་ཟད་རྩ་ཁྲིམས་དོན་ཚན་ ༣༡ པའི་ནང་དགོས་གལ་བྱུང་ན་དམིགས་བསལ་འཛིན་སྐྱོང་ས་ཁུལ་བསྐྲུན་རྒྱུའི་ཆ་རྐྱེན་ཡང་བཀོད་ཡོད། དེ་དག་གི་ནང་དོན་མདོར་བསྡུས་ན་ཕྱི་འབྲེལ་དང་རྒྱལ་སྲུང་ཙམ་ལས་གནད་དོན་གཞན་རྣམས་རང་སྐྱོང་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་སུ་བཞག་ཡོད།
གོང་གསལ་གྱི་ཆ་རྐྱེན་དེ་དག་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་ལག་བསྟར་བྱུང་བ་ཡིན་ན་བོད་མི་རིགས་ཀྱི་བདེ་དོན་དང༌། རང་གི་ཐུན་མིན་ཆོས་དང༌། ལེགས་བྱང༌། རིག་གཞུང༌། སྲོལ་རྒྱུན་གོམས་གཤིས་བཅས། དེ་དག་གི་གཞི་རྩ་རྩ་ཆེའི་སྐད་ཡིག་བཅས་སྲུང་སྐྱོབ་རྒྱུན་འཛིན་ཐུབ་རྒྱུ་དང༌། བོད་མི་སོ་སོར་འཁྲི་བའི་འཇིག་རྟེན་སྤྱི་ཡོངས་ཀྱི་འགན་ཁུར་སྒྲུབ་ཐུབ་པ་ཡོང་ངེས་ཡིན། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་ཚང་མའི་ནང་གོང་གསལ་ཁྲིམས་སྒྲིག་གི་འབྲུ་དོན་སྣེ་གཅིག་ལག་བསྟར་བྱས་མེད་པ་ནི་ཀུན་གྱིས་མཐོང་ཆོས་སུ་ཡོད།
བོད་མི་རྣམས་གདོད་མ་ནས་ཆོས་དང་ལེགས་བྱང༌། སྐད་ཡིག་གོམས་གཤིས། ས་ཁམས་ཁོར་ཡུག སྤྱི་ཚོགས་ཀྱི་གནས་སྟངས་གང་གི་ཆ་ནས་གཅིག་གྱུར་གྱི་མཐོ་སྒང་བོད་ཀྱི་ས་ཁུལ་དུ་གནས་ཡོད་པ་དང༌། བོད་ཀྱི་མི་རིགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་གྲངས་ཉུང་མི་རིགས་ ༥༥ ནང་ནས་གཅིག་རང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལ་ཕྱི་ནང་དང༌། ཆེ་ཆུང་གི་དབྱེ་བ་འབྱེད་དུ་མེད། དེ་འདྲའི་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་གི་འོག་རང་ཁྱིམ་རང་བདག་དང༌། རང་སྲིད་རང་སྐྱོང་གི་གནས་བབ་ལག་བསྟར་བྱེད་དགོས།

༈ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སེམས་འཚབ་དང་བསམ་ཚུལ་མི་མཐུན་པ་གཙོ་བོ།
ཕྱི་ལོ་ ༢༠༠༢ ནས་ད་བར་འབྲེལ་མོལ་ཐེངས་དྲུག་བྱུང་རིང་ང་ཚོའི་མངོན་འདོད་དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བརྗོད་གསལ་པོ་ཡང་ཡང་བྱས་ཟིན་ཡང༌། གོ་བརྡ་མ་འཕྲོད་པའམ་གོ་བརྡ་འཕྲོད་འདོད་མེད་པའི་འགལ་ཟླ་མང་པོ་ཡོད་པའི་ནང་ནས་གཙོ་ཆེ་བ་འགལ་ཟླ་གཉིས་ཀྱི་ཐོག་བབས་ཡོད། ༡། བྱུང་རབས་ལ་ལྟ་ཕྱོགས་དང༌། ༢། བོད་རིགས་ཆིག་བསྒྲིལ་གྱི་སྐོར་ཡིན།
རྒྱ་ཕྱོགས་ནས་ྋགོང་ས་མཆོག་ལ་བོད་ཀྱི་འདས་པའི་བྱུང་རབས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་བཞེས་དགོས་པའི་ཨུ་ཚུགས་བྱེད་ཅིང༌། བོད་ཕྱོགས་ནས་དེ་ནི་བདེན་དོན་ཞིག་མིན་པས་ྋགོང་ས་མཆོག་གིས་ངོས་བཞེས་གནང་རེ་བྲལ་ཚུལ་བརྗོད་ཀྱི་ཡོད། རྒྱ་ཕྱོགས་ཀྱི་སེམས་འཚབ་ནི་བོད་དེ་བྱུང་རབས་ནས་རྒྱ་མིའི་ཆ་ཤས་ཡིན་པར་ངོས་འཛིན་མ་བྱུང་ཚེ་ ༡༩༥༡ ལོའི་བཅིངས་གྲོལ་ཞེས་གྲགས་པ་དེ་བཙན་འཛུལ་དང༌། ད་ལྟའི་གནས་བབ་བཙན་བཟུང་མ་ཡིན་པ་བསྒྲུབ་དཀའ་ཞིང༌། ད་ལྟའི་དབང་སྒྱུར་ཁྲིམས་མཐུན་ཆགས་མི་ཐུབ་པར་མངོན་གྱི་ཡོད། ྋགོང་ས་མཆོག་གིས་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ཡང་ད་ལྟའི་གནས་བབ་འདས་པའི་བྱུང་རབས་དང་མཐུན་པ་མེད་ཅིང༌། དེའི་དབང་གིས་ད་ལྟའི་གནས་བབ་ཁྲིམས་མཐུན་མིན་པ་ཆགས་ཀྱི་མེད། བོད་མི་མང་ཚོགས་ཀྱིས་འབྱུང་འགྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་བསྡད་རྒྱུ་རང་འདོད་ཀྱིས་ཐག་གཅོད་བྱེད་མཚམས་ཁྲིམས་མཐུན་གྱི་ཆ་ཤས་སུ་རང་བཞིན་གྱིས་འགྱུར་རྒྱུ་མ་ཟད། དེ་འདྲ་ཡོང་རྒྱུར་ྋགོང་ས་མཆོག་གིས་འབད་རྩོལ་གནང་རྒྱུའི་ཞལ་བཞེས་ཡང་ཡང་གནང་ཡོད།
དེ་བཞིན་བོད་རིགས་ཆིག་བསྒྲིལ་ནི་བྱུང་རབས་སུ་མེད་པ་དང༌། ལྷག་པར་ད་ལྟའི་མངའ་སྡེ་ཁག་གི་ས་ཁུལ་འགྱུར་བ་གཏོང་ཐབས་མེད་པ་བཅས་རྒྱུ་མཚན་དུ་དྲངས་ནས་ཡོང་ཐབས་མེད་པར་བཤད་ཀྱི་ཡོད། དེ་ལ་ང་ཚོས་བོད་མི་རིགས་ནི་ཐོག་མ་ནས་ཁ་ཐོར་མ་ཡིན་པར་མཉམ་སྡོད་བྱེད་མཁན་ཡིན་པ་དང༌། སྔོན་ཆོས་རྒྱལ་རྣམས་ཀྱི་སྐབས་སུ་དང༌། དེ་བཞིན་ས་སྐྱའི་དབང་སྒྱུར་གྱི་འགོ་སྟོད་བཅས་བྱུང་རབས་ཀྱི་དུས་ཡུན་མང་ཆེ་བར་བོད་རིགས་ཡོངས་རྫོགས་མངའ་དབང་གཅིག་གི་འོག་ཏུ་གནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་གཅིག་ཏུ་ངོས་འཛིན་བྱས་པ་ཡིན་པས། རང་སྐྱོང་སྒྲིག་འཛུགས་གཅིག་གི་འོག་མ་བྱུང་ན། དེ་སྔོན་བཙན་རྒྱལ་རིང་ལུགས་པས་༼དུམ་བུར་བགོས་ནས་དབང་སྒྱུར་བྱེད་༽ཅེས་པ་དང་ཁྱད་མེད་དུ་འགྲོ ལྷག་པར་དེ་ནི་དགོས་འདུན་གསར་པ་ཞིག་མིན་པར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་སུའང་བོད་ཀྱི་སྐུ་ཚབ་ཚོགས་པས་བོད་རིགས་ཆིག་བསྒྲིལ་དགོས་ཚུལ་བརྗོད་སྐབས། དེ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་ཡང་ད་ལྟ་འཕྲལ་དུ་ཡོང་ཐབས་དཀའ་བས་རིམ་བཞིན་བྱེད་རྒྱུའི་ཁས་ལེན་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གསར་འཛུགས་སྐབས་བསྐྱར་དུ་གླེང་སློང་བྱས་ཏེ། དེའི་བྱེད་ཕྱོགས་འཆར་འགོད་སླད་ཏང་མི་སངས་རྒྱས་ཡེ་ཤེས་ཀྱིས་འགོ་ཁྲིད་པའི་ཚོགས་ཆུང་བཙུགས་ཏེ་གྲ་སྒྲིག་བྱེད་བཞིན་པའི་སྐབས། གཡོན་ཐལ་རིང་ལུགས་ཀྱི་སྲིད་བྱུས་ལ་བརྟེན་ནས་ལག་བསྟར་མ་བྱུང༌། དེ་བཞིན་ཞིང་ཆེན་ཁག་གི་ས་མཚམས་དགོས་མཁོར་བསྟུན་ནས་འགྱུར་བ་མང་པོ་བཏང་མྱོང་ཡོད་པ་ལྟར། མ་འོངས་པར་ཡང་གཏོང་ཆོག་རྒྱུའི་འགྲེལ་བརྗོད་བྱས་ཡོད།
གང་ལྟར་རྒྱ་ཕྱོགས་ནས་ྋགོང་ས་ཆེན་པོས་བོད་ཆེན་པོ་དང༌། ཚད་མཐོའི་རང་སྐྱོང་གི་དགོས་འདུན་གནང་གི་ཡོད་ཚུལ་བདེན་པ་མིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་དངོས་དོན་དུ་བོད་མི་རིགས་ནི་མི་རིགས་གཅིག་རང་ཡིན་པ་མ་གཏོགས། ཆེ་ཆུང་གི་དབྱེ་བ་འབྱེད་དུ་མེད་ཅིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོངས་རྫོགས་ལག་བསྟར་དགོས་རྒྱུ་མ་གཏོགས། དེ་ལས་བརྒལ་བའི་ཚད་མཐོ་དམན་གྱི་དགོས་འདུན་གང་ཡང་བཏོན་གྱི་མེད། ལྟ་ཚུལ་མ་མཐུན་པ་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་ན་དངོས་དོན་གྱི་ཐོག་ནས་སེལ་མི་ཐུབ་པ་གང་ཡང་མེད་པར་མཐོང་གི་ཡོད།།