བརྩེ་ལྡན་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ནང་གཞུང་གི་འཛིན་སྐྱོང་ཞབས་ཞུ་བ་བཀའ་བློན་ཁྲི་པ་འོས་འདེམས་བྱ་རྒྱུའི་ལམ་སྲོལ་ཚུགས་ཏེ་འོས་ཐོན་བཀའ་ཁྲིའི་ལས་འགན་དང་པོ་ཟམ་གདོང་བློ་བཟང་བསྟན་འཛིན་ལ་བབས་པ་ལྟར་ལས་ཁུར་བླངས་ཏེ་ལོ་གཉིས་སོང་བའི་

སྐབས་འདིར་བོད་རིགས་ཡོངས་ལ་གཏམ་གླེང་མདོར་བསྡུས་ཤིག་བྱ་འདོད་བྱུང༌། དེ་ནི་གྲུབ་འབྲས་ལས་བསྡོམས་མིན་པར་ལས་རིམ་རྣམ་བཤད་ཙམ་ཡིན། གྲུབ་འབྲས་དང་འཐུས་ཤོར་མང་ཚོགས་ཀྱིས་བསྡོམས་བརྒྱབ་རྒྱུ་ལས་ངེད་ཀྱིས་ཞུ་འཚམས་བྲལ།

༢༠༠༡ ཟླ་ ༩ ཚེས་ ༥ ཉིན་ལས་ཁུར་དམ་འབུལ་སྐབས་ྋགོང་ས་མཆོག་གིས་གང་ཅིའི་ཐད་འགྱུར་བ་གང་ཐུབ་གཏང་རྒྱུའི་འབད་རྩོལ་བྱ་དགོས་ཀྱི་བཀའ་སློབ་ཕེབས་པ་ལྟར། ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་གང་ཐུབ་གཏང་རྒྱུའི་བློ་སྤོབས་བསྐྱེད་པ་ཡིན་ཡང༌། ཕྱི་ནང་གི་མཐུན་རྐྱེན་ཞན་པས་བསམ་ཐོག་དོན་འཁེལ་དཀའ་མོད། ཕྱིར་ལོག་ཐབས་མེད་པའི་ས་མཚམས་སུ་སླེབས་ཟིན་པར་བརྟེན། བསམ་དོན་འགྲུབ་མིན་ལ་མ་ལྟོས་པར། ལྷག་བསམ་དང༌། ཆོད་སེམས། འབད་རྩོལ་མུ་མཐུད་བདེན་པའི་ཨུ་ཚུགས་ཀྱིས་མདུན་བསྐྱོད་བྱས་པ་ཡིན། མཐར་ཐུག་བསྒྲུབ་བྱའི་འཆར་སྣང་ཤིན་ཏུ་གསལ་ཡང༌། འཕྲལ་གྱི་དམིགས་ཚད་དང༌། ཐབས་བྱུས། ལས་རིམ་བཅས་གསལ་ཁ་མེད་པ་མུན་ནག་སྦར་སྙོབ་ལྟ་བུའི་འོག་རེ་བ་དང་ཡི་ཆད་སྤེལ་མའི་ངང་ལོ་གཉིས་རྨི་ལམ་ལྟར་ཡུད་ཙམ་ལ་རྫོགས། ད་ཆ་དམིགས་ཚད་དང༌། ཐབས་བྱུས། ལས་རིམ་བཅས་ལ་གསལ་སྣང་རགས་ཙམ་ཐོན་ཏེ་རིག་པའི་གཞུང་ལུགས་དང་བྱེད་སྒོ་ལམ་སྟོན་ཕལ་ཆེ་བ་གཏན་འབེབས་ཟིན་ནས་ལས་གཞི་གང་འཚམས་ལག་བསྟར་གྱི་མཚམས་སུ་སླེབས་ཡོད།
ལས་ཁུར་དུ་ཞུགས་མ་ཐག་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་གཞི་རིམ་གྱི་ལྟ་བར་བཟུང་བ་བཞིན་འདི་གསུམ་དང་འགལ་བའི་ལས་དོན་གསར་རྩོམ་བྱ་དགོས་མ་བྱུང་ཙམ་འདི་རང་སེམས་གཞག་ས་ཞིག་ཡིན།
བཙན་བྱོལ་གཞུང་གི་ལས་འགན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མིའི་བདེ་དོན་སྒྲུབ་ཐབས་གཉིས་སུ་ངེས་པ་ནས། དང་པོའི་ཆེད་སྔོན་ནས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱ་ཞི་མོལ་ཡོང་སླད་ཐད་ཀའི་འབྲེལ་ལམ་བསྐྱར་གསོའི་རྗེས། ཞི་མོལ་དོན་ལྡན་ཞིག་འགོ་འཛུགས་ཐབས་སུ་རྒྱལ་སྤྱི་དང༌། བོད་རྒྱ་གཉིས་དབར། བོད་མིའི་ནང་བཅས་སུ་ལས་འགུལ་རྩོམ་བཞིན་ཡོད།
བོད་མིའི་བདེན་དོན་ཆེད་ ཀ༽ ཆོས་རིག་རྒྱུན་འཛིན། ཁ༽ ཤེས་ཡོན་ཚད་ལྡན། ག༽ དཔལ་འབྱོར་ཕུགས་འཕེར། ང༽ གཞིས་ཆགས་བརྟན་ལྷིང༌། ཅ༽ འཕྲོད་བསྟེན་ཆ་ལག་ཚང་བ། ཆ༽ ཕྱི་འབྲེལ་གཡོ་སྒྱུ་མེད་པ་བཅས་དགོས་གལ་དང༌། ཇ༽ དེ་དག་གི་འཆར་གཞིའ་ཚད་ལྡན་དང༌། ཉ༽ ལག་བསྟར་གནད་སྨིན་ཡང་དགོས་གལ་མཐོང་སྟེ། སྤྱི་འཐུས་སྐབས་བཅུ་གསུམ་པའི་ཚོགས་དུས་རིམ་པར་ལས་འཆར་སྙན་འབུལ་ཞུས་པར་བཀའ་ཁྲོལ་ཐོབ་པ་གཞིར་བཟུང༌།
ཀ༽ ཆོས་རིག་ལས་ཁུངས་ཀྱི་སྒྲིག་འཛུགས་བསྐྱར་བཅོས་ལས་རིམ་གྲོས་བསྡུར་འགོ་འཛུགས་དང༌།
ཁ༽ ད་ཡོད་སློབ་གྲྭ་ཁག་གི་གནས་ཚད་དང་སྒྲིག་འཛུགས་ཡར་རྒྱས་གཏོང་ཐབས་ཐོག བོད་མིའི་དགོས་མཁོར་འཚམས་པའི་ཤེས་རིག་སྲིད་བྱུས་བཟོ་རྒྱུ།
ག༽ དཔལ་འབྱོར་ཕུགས་འཕེར་ཡོང་སླད་བུ་ལོན་འཇལ་སྤྲོད་དང་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་རྒྱུ། ཕུགས་བརྟན་མ་འཛུགས། དཔལ་འབྱོར་གྱི་ལམ་སྲོལ་སྤྱི་དང༌། ཁྱར་པར་སྔོན་རྩིས་སྒྲིག་གཞི་རྣམས་ལག་བསྟར་ཡོང་ཐབས་སོགས་དང༌།
ང༽ གཞིས་ཆགས་བརྟན་ལྷིང་ཡོང་ཆེད་སྐྱེ་ལྡན་དང་རང་བཞིན་གྱི་སོ་ནམ། ཕྱགས་གསོ། སྦྱར་ལུད་དང༌། རིགས་གཟང་སོན་འབྲུ་གསོག་འཇོག ས་ཆུ་བདག་གཅེས་བཅས་ལ་རླབས་ཆེའི་གསར་བརྗེ་དང༌། སྟོན་འབྲས་ཕྱིར་འཚོང༌། འོས་འཚམས་བཟོ་ལས་སོགས་ཀྱི་ཆེད་དུ་མཉམ་འབྲེལ་སྲ་བརྟན་དང་ཡར་རྒྱས་གཏོང་ཐབས། གཞིས་ཅགས་ཀྱི་འཛིན་
སྐྱོང་ཆ་ཚང་གཞིས་མི་རང་གི་ཐུབ་པ་བཟོ་ཐབས། ཉམ་ཐག་ལྟ་སྐྱོང༌། ལས་མེད་ལས་འཚོལ་བྱ་རྒྱུ་སོགས་དང༌།
ཅ༽ འཕྲོད་བསྟེན་ཆ་ལག་ཚང་བ་ཡོང་ཆེད་རང་བཞིན་དང་སྲོལ་རྒྱུན་གྱི་གསོ་རིག་ལ་དོ་སྣང་དང༌། ནད་རིགས་སྔོན་
འགོག ཁོར་ཡུག་སྲུང་སྐྱོབ། བཟའ་བཏུང་དུག་མེད་ཡོང་ཐབས། ལྷག་པར་མི་རབས་རྗེས་མའི་ལུས་སེམས་སྟོབས་ལྡན་ཡོང་སླད་ཕ་མ་དང་སྦྲུལ་མའི་འཕྲོད་བསྟེན་དང༌། བཙའ་ཐབས། བྱིས་པ་ཉེར་སྤྱོད། ཤེས་རབ་བློ་
འཕེལ་བཅས་ཀྱི་ཐབས་ཤེས། དབང་པོ་སྐྱོན་ཅན་སྔོན་འགོག་དང་ལྟ་སྐྱོང་བཅས་ཀྱི་ཐབས་ལམ་བསྟེན་ཡོད།
ཆ༽ ཕྱི་འབྲེལ་གཡོ་སྒྱུ་མེད་པ་ཡོང་ཆེད་དྲང་བདེན་གཞི་རྩར་བཟུང་སྟེ་རྒྱལ་ལཁབ་དང་མི་རིགས་ཡོངས་ལ་གཅིག་གྱུར་དུ་
མཛའ་བརྩེའི་འབྲེལ་ལམ་སྤེལ་ཐབས་དང༌། དེའི་ཆེད་དྲིལ་བསྒྲགས་དང་གསར་འགོད་ཀྱདྲི་སྤུས་ཚད་བཟང་དུ་གཏོང་
བཞིན་ཡོད།
ཇ༽ གོང་གསལ་ལས་དོན་ཕལ་མོ་ཆེ་འགྲུབ་ཐབས་སུ་འཆར་འགོད་ཚད་ལྡན་དགོས་ངེས་སྟབས། འཆར་འགོད་སྒྲིག་འཛུགས་
བསྐྱར་བཅོས་དང་འབྲེལ་ལས་གཞི་ཡོངས་ཀྱི་འཆར་གཞི་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ། རྒྱུན་
གནས་ཐུབ་པ། དབུལ་ཕོངས་ལ་སྨན་པ་བཅས་རྩ་དོན་བཞི་དང་མི་འགལ་བ་བཟོ་བཞིན་ཡོད།
ཉ༽ སྲིད་བྱུས་དང་ལས་གཞི་ལག་བསྟར་ཐུབ་མིན་ལས་བྱེད་པའི་ལྷག་འཇོན་བརྩོན་གསུམ་ལ་རག་ལུས་སྟབས། ལས་
བྱེད་པའི་གནས་ཚད་གོང་མཐོར་སྤེལ་སླད་རང་ཁུངས་ལས་བྱེད་གསར་བསྐོ་མཚམས་འཇོག་དང༌། ལས་བྱེད་སྦྱོང་
བདར་དང་སྒྲིག་གྲལ་ཟུར་དབྱེའི་ལམ་ནས་འབྱུང་འགྱུར་ལས་བྱེད་མང་བ་ཁྱད་ལས་པའི་ངོ་བོར་སྒྱུར་ཐབས་ཐོག་ཕོགས་
དང་ཁེ་ཕན་ལས་འབོར་བཅས་བསྐྱར་ཞིབ་བྱེད་བཞིན་ཡོད།
མདོར་ན་ལས་དོན་མཐའ་དག་ལམ་སྲོལ་དང་ཁྲིམས་སྒྲིག་ལ་བརྟེན་པའི་ཁྲིམ་སཀྱི་དབང་སྒྱུར་ཚད་ལྡན་ཡོང་བའི་ཕྱོགས་སུ་འགྲོ་བཞིན་ཡོད་ཐོག བོད་མི་རྣམས་ཁྲིམས་ལ་བརྩི་ཞིང༌། གཞན་བསྟེན་གྱི་བསམ་བློ་དོར་ནས་རང་ཁ་རང་གསོ་ཡོང་ཐབས་ལ་ཤུགས་རྒྱག་གི་ཡོད།
ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བྱམས་བརྩེའི་ལམ་སྟོན་ལ་སྙིང་ནས་བཀའ་དྲིན་རྗེས་དྲན་དང༌། མང་ཚོགས་དང༌། གྲོས་ཚོགས། ལས་བྱེད་བཅས་ཀྱི་མཐུན་འགྱུར་བླ་མེད་ཐོབ་པར་བཀྲིན་ཆེ་ཞུ་རྒྱུ་དང༌། ལས་དོན་མང་པོར་རྟོགས་ཞིབ་མཐིལ་ཕྱིན་བྱེད་ལོངས་མེད་པ་དང༌། ཤེས་ཡོན་ཉམས་མྱོང་གིས་མ་ལྡེང་བ། སྔོན་གྱི་ནོར་འཁྲུལ་མཇུག་སྐྱོང་བྱ་དགོས་སོགས་ཀྱི་རྐྱེན་པས་རྗེས་ལུས་དང༌། ནོར་འཁྲུལ། འཐུས་ཤོར་ཇི་སྙེད་ཅིག་བྱུང་སོང་བ་དེ་དག་ངོས་ལེན་དང་ནོར་བཅོས་བྱེད་བཞིན་ཡོད། རྨོངས་དང་བག་མེད་དབང་གིས་སྐྱོན་ངོས་མ་ཟིན་པ་སྲིད་ཚེ་མང་ཚོགས་དང་གྲོས་ཚོགས་ནས་མཛུབ་སྟོན་གནང་བའི་ཡིད་ཆེས་ཡོད། བཀའ་ཁྲི་ཟམ་གདོང་པས་ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༥ ལ་བྲིས།།