༈ སི་ཏུ་རིན་པོ་ཆེ་མཆོག་དགུང་གྲངས་ལྔ་བཅུའི་འཁྲུངས་ཚེས་ཉིན་གནང་བའི་བཀའ་ཤག་གི་གསུང་བཤད།

༄༅།། ཨོཾ་བདེ་ལེགས་སུ་གྱུར་ཅིག།།བཀྲ་ཤིས་གཡང་ཆགས་གཟའ་སྐར་འཕྲོད་སྦྱོར་དགེ། ཕྱོགས་བཅུའི་སངས་རྒྱས་མདུན་གྱི་ནམ་མཁར་བྱོན།། ལྷ་རྣམས་ཆར་འབེབས་དྲང་སྲོང་ཤིས་པ་བརྗོད།། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ལོ།། ཞེས་བཀྲ་ཤིས་ལེགས་ཚོགས་ཀྱི་དགེ་མཚན་མཐའ་དག་གཡང་དུ་ཆགས་པའི་གཟའ་སྐར་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་འདིར།

ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་རང་ཉིད་ཀྱི་གདུང་ཚུགས་པའི་ཞལ་བསྐྱིན་དམ་པར་འོད་ཟེར་ཆེན་པོས་མངོན་པར་དབང་སྐུར་བའི་སླད་མདུན་གྱི་ནམ་མཁར་ཏིལ་གྱི་གང་བུ་ཁེངས་པ་ལྟར་དཀྲིགས་ཤིང་། ལྷའི་བུ་དང་བུ་མོ་དག་གིས་མནྡ་ར་བ་དང་ཀུ་མུཏ་ལ་སོགས་མེ་ཏོག་གི་ཆར་རྒྱུན་ཞིང་ཁམས་འགེངས་པར་འབེབས་པ་དང་ཆབས་ཅིག། ངག་གི་རིག་བྱེད་གྲུབ་པའི་དྲང་སྲོང་རྣམས་ཀྱིས་ཤིས་པའི་བདེན་ཚིག་དབྱར་རྔ་རྒོད་པ་བཞིན་དུ་སྒྲོགས་བཞིན་པར་བྱམས་མགོན་མིའི་རྣམ་རོལ་ཏཱའི་སི་ཏུ་སྐུའི་ཕྲེང་བ་བཅུ་གཉིས་པ་༧སྐྱབས་མཆོག་པདྨ་དོན་ཡོད་གྲུབ་པའི་མཚན་གྱི་གཟི་བྱིན་མཆོག་ཏུ་འབར་བའི་མགོན་པོ་གང་ཉིད་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་རྣམ་པར་འདྲེན་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངོན་པར་མངའ་གསོལ་བའི་དུས་ཚེས་ཁྱད་པར་ཅན་འདིའི་ཉིན་གང་གསོལ་བར་བྱ་བ་ནི།  ཇི་སྐད་དུ།  དཔལ་ལྡན་ཟླ་བས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར།། སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱེད་ཀྱིས་སླར་ཡང་འབད་གྱུར་ཅིང་།། འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ།། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱེད་ཀྱིས་བརྙེས།། ཞེས་གསུངས་པ་ལྟར་ཁམས་གསུམ་འགྲོ་བའི་བླ་མ་གང་ཉིད་ནི་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་འགྲོ་བ་ཀུན་ལ་ཡོངས་སུ་བརྩེ་བའི་ཐུགས་རྗེ་ཆེན་པོས་ཉེ་བར་དྲངས་པའི་ཐེག་པ་མཆོག་གི་སེམས་བསྐྱེད་རི་དབང་ལྟར་བརྟན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བསླབས་པར་མཛད་དེ་ཚོགས་གཉིས་རྫོགས་སྨིན་སྦྱངས་གསུམ་གྱི་སྒོ་ནས་མཆོག་ཏུ་ཞི་བའི་གོ་འཕང་མཐར་ཐུག་མཚུངས་པ་མེད་པ་མངོན་དུ་མཛད་ཟིན་པ་དེ་ལྟར་ནའང་།  རིང་ནས་གོམས་པའི་ཐུགས་རྗེའི་འཇུག་པ་དེ་ཉིད་ཀྱིས་འབྲས་བུའི་གནས་སྐབས་སུའང་ཞི་བའི་རོ་ལ་གཅིག་ཏུ་རོལ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མི་མངའ་བ་ནི།  དཔལ་ལྡན་ཟླ་བས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར།། འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ།། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱེད་ལ་ཐུགས་བརྩེ་མ་མ་ཡིས།། ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ།། ཞེས་གསུངས་པ་ལྟར། ཇི་སྲིད་འགྲོ་བའི་རྒྱུད་དང་ནམ་མཁའི་ཁམས་གནས་པ་དེ་སྲིད་དུ་བརྩེ་བའི་དབང་གིས་ཞིང་ཁམས་རབ་འབྱམས་ཀྱི་རྒྱུད་དུ། སླར་ཡང་མི་གཡོ་སྐུ་མངའ་ཁྱེད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས།། གཤེགས་པ་དང་ནི་བལྟམ་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པ་མཛད།། ཅེས་པའི་དོན་དང་མཐུན་པར་སྤྲུལ་པའི་སྐུའི་རྣམ་འགྱུར་གསུམ་པོ་ཅི་རིགས་པའི་ལམ་ནས་བསམ་བརྗོད་ལས་འདས་པའི་གཟུགས་སྐུའི་བཀོད་པ་མཐའ་མེད་དུ་སྟོན་པའི་སྒོ་ནས་གཉིས་ལྷག་བཅུ་ཕྲག་གཅིག་གི་མཛད་པ་གཅིག་ཅར་དང་རིམ་ཅན་དུ་སྟོན་པའི་གསང་བ་བསམ་གྱིས་མ་ཁྱབ་པའི་རྣམ་པར་ཐར་པ་སྤྱི་དང་། ཁྱད་པར་རྣམ་འདྲེན་བཞི་པའི་བསྟན་པ་འདིའི་དབང་དུ་བྱས་ནའང་འཕགས་པའི་ཡུལ་དུ་གྲུབ་པའི་དབང་ཕྱུག་ཌོམ་བྷི་པ་དང་། རིན་འཛིན་ཤྲཱི་སིང་ཧ། དཔལ་ད་རི་ཀ་པ་ལ་སོགས་ཟབ་གསང་རྡོ་རྗེ་ཐེག་པའི་ལམ་བཟང་སྤེལ་བའི་སྒྱུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས་པ་སྟོན་པ་མཛད་པ་དང་། གངས་རི་ལྗོངས་སུ་དམ་པ་ཆོས་ཀྱི་ཉི་མ་གསར་དུ་བཞད་པའི་སྐབས་སྐད་གཉིས་སྨྲ་བ་འདན་མ་རྩེ་མང་དང་། མར་པ་ཆོས་ཀྱི་བློ་གྲོས།  སྤང་མཁན་ཆེན་འོད་ཟེར་བླ་མ། ཀུན་མཁྱེན་ཏཱ་ར་ནཱ་ཐ།  རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས། རིན་སྤུངས་འཇིག་རྟེན་དབང་ཕྱུག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པའི་སྐུ་ཕྲེང་ཚར་དུ་དངར་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པའི་རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་རླབས་པོ་ཆེ་མཛད་པ་དང། ཁྱད་པར་དབང་ཕྱོགས་ས་ཡི་ཚངས་པ་ཏཱ་མིང་གོང་མ་ཆེན་པོས་ཀྭན་ཏིང་ཏཱའི་སི་ཏུའི་མཚན་གྱི་ཆོ་ལོས་མངོན་པར་གཟེངས་སུ་བསྟོད་པའི་གྲུབ་མཆོག་ཆོས་ཀྱི་རྒྱལ་མཚན་ནས་ཉེར་བ་བཟུང་བྱམས་མགོན་པདྨ་དོན་ཡོད་གང་ཉིད་ཀྱི་བར་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྐུའི་ཕྲེང་བ་བཅུ་གཉིས་རིམ་གྱིས་བྱོན་པ་རྣམས་ཀྱིས་གངས་ལྗོངས་ཆོས་ཀྱི་ཞིང་དང་མ་ཧཱ་ཅི་ནའི་རྒྱལ་ཁམས་གཉིས་ཀར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་བསྐྱངས་ཤིང་། ཁྱད་པར་སི་ཏུ་སྐུ་ཕྲེང་བརྒྱད་པ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་བ་དེས་གངས་ཅན་མཁས་པ་ཡོངས་ཀྱི་གཙུག་གི་ནོར་བུར་ཞབས་སེན་གྱི་ཕྲེང་བ་ངལ་གསོས་ཏེ་བཅུ་ཕྲག་རིག་པའི་གནས་ཀུན་ལ་ནང་བྱན་ཆུད་པའི་མཁྱེན་རླབས་གཞན་འགྲན་བྲལ་བའི་གྲགས་སྙན་ཕྱོགས་སུ་རྒྱས་ཤིང་། འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་མུ་མཐའ་མེད་པའི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་དང་མཚུངས་པའི་བཀའ་དྲིན་མཛད་ཅིང་། ཁྱད་པར་ཐུན་མོང་བའི་རིག་པའི་གནས་སྤྱི་དང་། བྱེ་བྲག་རིག་གནས་ཀུན་གྱི་ཕྱི་མོ་སྒྲ་རིག་པ་ཡན་ལག་དང་བཅས་པ་ལ་བྱང་ཆུབ་པའི་ཚུལ་གྱིས་གངས་རིའི་ལྗོངས་སུ་ལེགས་སྦྱར་ལྷ་ཡི་སྐད་ཀྱི་ལུང་དུ་སྟོན་པ་དང་། རྩོམ་རིག་གི་སྲོལ་རྒྱུན་འཕགས་པའི་ཡུལ་ལས་ཀྱང་ལྷག་པ་ལྟ་བུ་མཛད་པ་ནི་སྐྱེ་བོ་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བའི་འཕྲིན་ལས་ཀྱི་རོལ་པ་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་པ་དང་། ཁྱད་པར་སྡེ་དགེ་ཆོས་ཀྱི་རྒྱལ་པོས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ཆོས་རྒྱུན་མི་ཉམས་རྒྱུན་འཛིན་སླད་པར་དུ་སྒྲུབ་པའི་ཚེ་ཚིག་དོན་གཉིས་ཀར་ཆད་ལྷག་ནོར་གསུམ་གྱི་དྲི་མ་ཕྲ་མོས་ཀྱང་མ་སྦགས་པའི་དག་ཐེར་རྨད་དུ་བྱུང་བ་མཛད་པའི་བཀའ་དྲིན་ལས་དེང་སྐབས་འཇིག་རྟེན་གྱི་ཁྱོན་འདིར་བཀའ་འགྱུར་པར་མ་ཀུན་གྱི་ཕྱི་མོ་དག་པའི་ཚད་དུ་འཛིན་འོས་སྡེ་དགེ་པར་མ་ཞེས་གྲགས་པ་འདི་བསྐྲུན་པར་མཛད་པ་དང་། དེ་བཞིན་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཆེན་པོ་ཕྱག་འདེབས་པར་མཛད་པ་སོགས་རྣམ་པར་དཀར་བའི་མཛད་བཟང་རྒྱ་མཚོ་ལྟ་བུ་ནི་བདེ་བར་གཤེགས་པ་རྣམས་ཀྱི་དག་པ་ཡེ་ཤེས་ཀྱི་གཟིགས་པའི་སྤྱོད་ཡུལ་ཉག་ཅིག་ལས་སར་གནས་སེམས་དཔའ་ཆེན་པོ་དག་གིས་ཀྱང་བརྗོད་པར་མི་སྤོབས་ན་ཚུར་རོལ་མཐོང་བའི་སྐྱེ་བོ་བདག་ལྟ་བུས་ཆ་ཤས་ཙམ་ཡང་བརྗོད་པ་ག་ལ་སྤོབས། ལྷག་པར་རྩོད་ལྡན་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་དུས་འགྱུར་མི་བཟད་པའི་དབང་གིས་གངས་རིའི་ལྗོངས་སུ་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་སོ་མཚམས་སུ་གྱར་བའི་སྐབས་འདིར་ཞུམ་པ་མེད་པའི་ཐུགས་བསྐྱེད་དང་སྙིང་སྟོབས་རླབས་པོ་ཆེས་ཉེ་བར་དྲངས་ཏེ་སི་ཏུ་སྐུའི་ཕྲེང་བ་བཅུ་གཉིས་པ་རྗེ་བཙུན་པདྨ་དོན་ཡོད་མཆོག་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིིམ་དུ་སྐུའི་བཀོད་པ་བཟུང་ཞིང་། དུས་གསུམ་མཁྱེན་པ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གི་སླུ་མེད་རྡོ་རྗེའི་ལུང་གི་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་གོང་མའི་གདན་ཁྲིར་ཞབས་སོར་འཁོད། གཞོན་ནུའི་དུས་ནས་དམ་པའི་རང་རྟགས་འགོག་ཏུ་མེད་པས་ཡི་གེའི་ཕྱི་མོ་འབྲི་ཀློག་ནས་བཟུང་ཐ་སྙད་ཀྱི་རིག་གནས་རྣམས་ཚེགས་མེད་དུ་ཐུགས་སུ་ཆུད་ཅིང་། དགུང་གྲངས་ཤིན་ཏུ་ཕྲ་བ་ནས་འཕགས་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ནའང་། རྒྱལ་བ་ཀརྨ་པ་རིག་པའི་རྡོ་རྗེ་སོགས་ཚད་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་གི་ཞབས་སོར་བསྟེན་ཏེ་ཕྱི་ནང་གི་རིག་པའི་གནས་སྤྱི་དང་། ཁྱད་པར་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་ཆོས་རྒྱུད་མ་ཚང་བ་མེད་པ་ལ་གསན་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ལེགས་པར་བཅད་དེ་མཁས་བཙུན་བཟང་གསུམ་གྱི་རྣམ་པར་ཐར་པ་བདག་གིར་བཞེས་ཤིང་། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པའི་བཀའ་དྲིན་མཛད་པ་དང་། ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་དེང་རབས་ཀྱི་གདུལ་བྱ་མང་པོའི་བློ་དང་འཚམས་པའི་གདམས་ངག་གིས་མཐོང་ཐོས་དྲན་རེག་གི་སྐྱེ་བོ་བགྲང་ལས་འདས་པ་འདི་དང་གཏན་གྱི་ཕནབདེ་ལ་སྦྱོར་བར་མཛད་ཅིང་། ཐོས་བསམ་སྒོམ་སྒྲུབ་བྱ་ཡུལ་གྱིི་ཆོས་ཚོགས་མང་པོ་གསར་འཛུགས་མཛད་དེ་རྒྱལ་བའི་བསྟན་པ་དང་བོད་ཀྱི་རྩ་དོན་གཉིས་ཀར་ཕན་པའི་མཛད་རྗེས་རླབས་ཆེན་འཇོག་པ་དང་། ལྷག་པར་སྐྱེ་བོ་གཞན་གྱིས་སྒྲུབ་པར་དཀའ་བའི་རླབས་ཆེན་གྱི་མཛད་པ་ཕྱི་ནང་མཆོག་དམན་སྐྱེ་བོ་ཀུན་གྱི་ཡི་རངས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཅིང་། བོད་མི་རིགས་ཀྱི་བྱུང་བའི་ནང་གསེར་ཡིག་འབུར་དོད་ཀྱིས་བཀོད་པར་འོས་པའི་གནས་ཚུལ་འགའ་ཤས་ཆེད་དུ་བརྗོད་ན། མགོན་པོ་གང་ཉིད་ཀྱིི་རིགས་ཀྱི་ཅོད་པཎ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་འདའ་ཁའི་ཞལ་ཆེམས་རིན་པོ་ཆེ་གཞིར་བཟུང་ཡང་སྤྲུལ་འཁྲུལ་བྲལ་ངོས་འཛིན་བྱ་ཐབས་སུ་བོད་དང་རྒྱ་ནག་གི་ཡུལ་གྲུ་མང་པོར་སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་ཡང་ཡང་ཞབས་ཀྱིས་བཅགས་ཤིང་། མཐའ་མར་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གོང་མའི་ཞལ་ཆེམས་དང་། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་ལུང་རྩེ་མཐུན་གྱི་ཐོག་ནས་ངོས་འཛིན་གྱིས་རྒྱ་དམར་གཞུང་གི་དབང་འཛིན་པ་རྣམས་ཀྱིས་ཀྱང་ངོས་ལེན་མ་ཞུས་ཐབས་མེད་ཀྱི་ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་བཟང་རྣམ་མང་ལ་བརྟེན་ནས་མཚུར་ཕུ་ཆོས་ཀྱི་གདན་སར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་ཐུབ་པ་བྱུང་བ་དང་། དེལས་ཀྱང་ངོ་མཚར་དང་གཟི་བརྗིད་ཆེ་བ་ཞིག་ལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་གདན་ཞུས་མཛད་ཐབས་ཀྱི་འཆར་འགོད་དང་དངོས་དོན་ལག་བསྟར་གྱི་རིམ་པ་མཐའ་དག་མགོན་པོ་གང་ཉིད་ཀྱིས་ཐུགས་འགན་གཙང་བཞེས་མཛད་དེ་བགྲོད་དཀའི་ལམ་དུ་གསང་གསུམ་ལ་ཉེ་ཞོ་ཕྲ་མོ་ཙམ་མེད་པར་བདེ་ཕེབས་ཀྱིས་དེང་སྐབས་འཕགས་པའི་ཡུལ་དུ་སྐུའི་མཚན་དཔེའི་གཟི་བྱིན་འབར་བཞིན་པར་གསན་བསམ་ཐུགས་གཉེར་གྱི་བྱ་བ་ལ་རང་དབང་གིས་འཇུག་སྟེ་གོང་མའི་རྣམ་ཐར་བཟང་པོ་བདག་གིར་མཛད་པ་ལ་ཕྱི་ནང་གི་བར་ཆད་ཀྱིས་བརྫི་བའི་དྭོགས་གནས་མི་དགོས་པར་མཛད་པ་འདི་ནི་རང་བྱུང་རིག་པའི་རྡོ་རྗེའི་སྐུ་དྲིན་ཡོངས་སུ་གསབ་བའི་ཐབས་ཚུལ་འགྲན་མེད་ཅིག་ཡིན་པ་བརྗོད་མ་དགོས་ཤིང་། ད་ལྟའི་གནས་སྐབས་སུ་ཀརྨ་པ་ཆུང་གཟིགས་རིན་པོ་ཆེར་མདོ་རྒྱུད་དབང་ལུང་མན་ངག་གི་ཆོས་རྒྱུན་རྣམས་བུམ་པ་གང་བྱོའི་ཚུལ་དུ་འབུལ་བཞིན་པ་དང་། དེ་བཞིན་གངས་ལྗོངས་ཆོས་ཀྱི་ཞིང་སར་རྒྱ་དམར་ཀླ་ཀློའི་དཔུང་གིས་ཉམས་དམས་སུ་བཏང་བའི་དཔལ་སྤུངས་ཆོས་སྡེ་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་དང་བཤད་སྒྲུབ་ཀྱི་རྒྱུན་བཟང་བསྐྱར་འཛུགས་མཛད་པ་དང་། དེ་བཞིན་འཕགས་ཡུལ་དུ་དཔལ་སྤུངས་གཉིས་པ་ཤེས་རབ་གླིང་གསར་འཛུགས་ཀྱིས་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བའི་བསྟི་གནས་ཆེན་པོ་བསྐྲུན་པ་མ་ཟད། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་པོ་དང་དཔལ་སྤུངས་པར་ཁང་ཆོས་མཛོད་གཉིས་སུ་བཞུགས་པའི་གསུང་རབ་པར་ཤིང་ཡོད་དོ་ཅོག་གི་པར་མ་ཆ་ཚང་ཤེས་རབ་གླིང་དུ་གདན་འདྲེན་བདག་གཉེར་མཛད་པ་བཅས་ནི་མི་རབས་ནས་མི་རབས་བརྒྱུད་དེ་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་བརྟན་གནས་ཐུབ་ཐབས་ལ་ཤིན་ཏུ་སྨན་པའི་མཛད་བཟང་རླབས་པོ་ཆེ་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། དེ་བཞིན་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་ཁག་ནང་ཕན་ཚུན་མཐུན་འབྲེལ་ཡར་རྒྱས་འབྱུང་ཐབས་སོགས་འཁོར་ལོ་གསུམ་གྱི་མཛད་བཟང་རླབས་པོ་ཆེས་དུས་འདའ་བར་མཛད་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ནི་བརྗོད་ཀྱིས་ག་ལ་ལངས་ཏེ། སླར་ཡང་དཔལ་ལྡན་ཟླ་བས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི།། འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།། སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།། ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར།། ཞེས་གསུངས་པ་ལྟར་ལགས་ནའང་དེང་ཏཱའི་སི་ཏུ་བྱམས་མགོན་པདྨ་དོན་ཡོད་གྲུབ་པ་གང་ཉིད་གསང་བ་བསམ་གྱིས་མི་ཁྱབ་པའི་འཕྲིན་ལས་ཆར་སྤྲིན་ལས་ཆུ་ཆར་བཞིན་འབད་མེད་ལྷུན་འགྲུབ་ཏུ་སྐྱོང་བཞིན་པའི་ངང་ཐུན་མོང་གདུལ་བྱའི་སྣང་ངོར་དགུང་གྲངས་ལྔ་བཅུར་ཕེབས་པའི་སྐུའི་འཁྲུངས་ཚེས་ཀྱི་དུས་སྟོན་ཆེན་པོ་འདིར་གོང་དུ་སྨོས་པའི་མཛད་བཟང་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ཆབས་ཅིག་སླད་མའི་ཆར་ཡང་སྙིགས་དུས་ཀྱི་གདུལ་བྱ་ཉམ་ཐག་པ་སྤྱི་དང་། ཁྱད་པར་སྐྱོང་འོས་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེས་འདོར་བ་མེད་པར་ཞབས་ཟུང་རྡོ་རྗེའི་བདུན་གྱི་ངོ་བོར་སྲིད་མཐར་བརྟན་ཅིང་། བསྟན་དང་འགྲོ་ལ་སྨན་པའི་ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་རྒྱུན་མ་ཆད་པར་སྐྱོང་བའི་གསོོལ་བ་ཕུར་ཚུགས་སུ་བཏབ་པ་དང་ཆབས་ཅིག་དེ་རིང་སྐལ་བཟང་གི་དགའ་སྟོན་བཟང་པོ་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་ཕྱག་སྔོན་དུ་འགྲོ་བའི་འཚམས་ཞུ་དང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཟང་པོ་སྙིང་ཐག་པ་ནས་ཞུ་རྒྱུ་ལགས།།