ཆེད་དུ་བརྗོད་པ། གསང་གླིང་ཚེ་རིང་རྡོ་རྗེ་ལགས་ནས་རང་གི་དཔེ་དེབ་བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་ཆེད་
༄༅།། མིའི་འགྲོ་བ་རྣམས་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་གཙོ་བོ་ནི་སྨྲ་བརྗོད་སྐད་ཀྱི་རང་བཞིན་ཉིད་ཡིན་པ་དང༌། སྐད་ནི་མིའི་རྣམ་རྟོག་གི་འགྱུ་བ་ཕན་ཚུན་བརྡ་སྤྲོད་པའི་བརྒྱུད་ལམ་ཁྱད་པར་བ་ཞིག་ཡིན་པ་མ་ཟད། བརྡའི་ཐ་སྙད་ལ་བརྟེན་ནས་བསམ་ཞིབ་དང་རྣམ་དཔྱོད་ཀྱིས་ཤེས་བྱའི་གནས་ལ་སྤུ་རིས་འབྱེད་པའི་རྟོག་དཔྱོད་བྱེད་ཐུབ་པ་དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་གནས་ལུགས་ཟབ་ཅིང་རྒྱ་ཆེ་བ་རྣམས་ལ་རང་བློས་འཇུག་ཅིང༌། གཞན་ལ་སྟོན་པ་དང༌། ངག་རིག་གི་སྒྱུ་རྩལ་ཕུན་སུམ་ཚོགས་པ་བསྐྲུན་ཐུབ་པ་འདི་དག་བྱུང་ཞིང༌། ཡུལ་ལུང་དང་རིགས་རུས་ཀྱི་དབྱེ་བས་འཇིག་རྟེན་གྱི་ཁྱོན་འདིར་སྐད་དང་ཡི་གེའི་རྣམ་གྲངས་མཐའ་ཡས་པ་ཞིག་དར་ཁྱབ་བྱུང་བ་དང༌། སྐད་ཡིག་དེ་དག་གི་དཔལ་ཡོན་དང་ནུས་པའི་ཁྱད་པར་ཡང་སྒྲ་དང་དོན་གྱི་ཚིག་རྒྱན་གྱི་རྣམ་གཞག་ཕྱུག་དབུལ་དབང་གིས་རྣམ་གྲངས་ཧ་ཅང་མང་པོ་ཡོད།
སྒྲ་དང་བློའི་ཐ་སྙད་དོན་ལ་འཇུག་པའི་སྐབས་མཚོན་དཔེ་ནི་མེད་དུ་མི་རུང་བའི་ཡན་ལག་ཅིག་ཡིན་ཞིང༌། དེ་ཡང་ལྐོག་ཏུ་གྱུར་པའམ་གཏིང་ཟབ་ཀྱི་དོན་དཔོག་དཀའ་བ་རྣམས་སྒྲུབ་པར་བྱེད་པའི་ཚད་མ་རིག་པའི་གཏན་ཚིགས་ལ་མཐུན་དཔེ་དང་མི་མཐུན་པའི་དཔེས་བསྒྲུབ་བྱ་འཇལ་བའི་གྲོགས་བྱེད་པ་དང༌། སྒྲ་རིག་པའི་ཚིག་རྒྱན་གྱི་སྐབས་དོན་གྱི་ངོ་བོ་ལ་བསྟོད་སྨད་ཀྱི་རྣམ་པ་ཤུགས་ཆེར་སྟོན་སླད་དཔེ་ལ་བརྟེན་ཏེ་དཔེ་རྒྱན་དང༌། གཟུགས་ཅན་གྱི་རྒྱན། རབ་བཏགས་སོགས་འཁྱོག་བརྗོད་ཀྱི་རྣམ་གྲངས་མཐའ་ལས་འདས་པ་རྩོམ་རིག་གི་དཔལ་ཡོན་དུ་གནས་ཤིང༌། བོད་ཀྱི་རྩོམ་རིག་གི་ནང་དཔེ་གཙོ་བོར་བྱས་ནས་བསྟན་པའི་གཞུང་དཔེ་ཆོས་རིན་ཆེན་སྤུངས་པ་དང༌། ས་དགེའི་ལེགས་བཤད་ཁག ཆུ་ཤིང་གི་བསྟན་བཅོས་ལྟ་བུ་ཧ་ཅང་མང་པོ་ཡོད།
ཡང་དཔེའི་བྱེད་ལས་གཞན་ཞིག་ནི་མཚུངས་དོན་སྦྱར་བ་མ་ཡིན་པར་འདྲ་བཤུས་བྱ་གཞིའི་མ་དཔེའམ་མིག་དཔེ་བལྟ་ཡུལ་ལྟ་བུའི་དཔེ་དང༌། ཡང་འགྲན་ཟླ་བྲལ་བའི་དངོས་པོའམ་ཧ་ལས་པའི་ཡུལ་ལ་དཔེ་མེད་པའམ་དཔེ་མི་སྲིད་པ་སོགས་ཀྱི་བརྡ་སྦྱོར་བྱེད་ཚུལ་མཐའ་ལས་འདས་པ་ཞིག་ཡོད་པས།༼དཔེ་བྱབྱཞེས་བྱ་བ་ནི་རིག་པའི་གནས་མང་པོའི་མེད་དུ་མི་རུང་བའི་ཡན་ལག་ཅིག་ཡིན།
གོང་དུ་སྨོས་པའི་དཔེའི་རྣམ་གཞག་དེ་དག་ལས་ལོགས་སུ་ཡུལ་མིའི་རང་བཞིན་སྨྲ་བརྗོད་ཀྱི་གཤིས་ལ་གནས་པའི་༼གཏམ་དཔེ་༽ཞེས་པ་ནི་རྩོམ་རིག་ཙམ་མ་ཟད། རྒྱུན་སྤྱོད་གཏམ་གླེང་གི་ནང་དུའང་རྗོད་བྱེད་ཉམས་འགྱུར་དང་ལྡན་ཞིང༌། བརྗོད་བྱའི་བསྟན་ཤུགས་ལ་ནུས་པ་སྟེར་བ་དང༌། འཕྲལ་དུ་གོ་བདེ་ཞིང༌། ཕུགས་སུ་ཡང་ཡང་བརྟག་ཞིབ་བྱེད་སྐབས་གོ་བ་སྟེར་ཕུལ་ཆེ་བའི་བརྡ་སྤྲོད་ཀྱི་ཡོན་ཏན་ཁྱད་པར་བ་ཞིག་ཡིན་ཞིང༌། སྐད་རིགས་གང་དུ་དེ་འདྲའི་གཏམ་དཔེས་ཇི་ཙམ་གྱིས་ཕྱུག་པ་དེ་ཙམ་གྱིས་སྐད་ཀྱི་གནས་ཚད་མཐོ་ཞིང༌། བརྗོད་བྱ་སྟོན་པའི་ནུས་པ་ཆེ་རུ་འགྲོ་བ་མཐུན་སྣང་དུ་གྲུབ།
བོད་ཀྱི་སྐད་ནི་སྐད་རིགས་གཞན་ལས་གཏམ་དཔེ་ཧ་ཅང་མང་ཞིང་བཟང་བ་ཡོད་པ་དང༌། དེ་དག་ལ་བྱབྱགཏམ་དཔེ་བྱབྱདང༌།༼འཇིག་རྟེན་གྱི་ཁ་དཔེ།བྱབྱ༼གནའ་བོའི་བོད་ཀྱི་གཏམ་དཔེ་བྱབྱསོགས་ཐ་སྙད་འདོགས་ཚུལ་དུ་མ་ཡོད་ཅིང༌། བོད་ཀྱི་དམིགས་བསལ་རྩོམ་རིག་གེ་སར་གྱི་སྒྲུང་གི་ནང་བརྗོད་ཚིག་ཕལ་ཆེ་སྐབས་བསྟུན་གཏམ་དཔེ་དང་སྦྲེལ་ནས་ཚིག་བརྗོད་ཀྱི་ཉམས་དང་འགྱུར་བ་ཆེས་ཕུན་སུམ་ཚོགས་པ་ཡོད་པའི་དབང་གིས་འཇིག་རྟེན་འདིར་རྩོམ་རིག་ཕུལ་བྱུང་ཞིག་ཏུ་གཟེངས་ཐོན་བྱུང་ཡོད།
བོད་མིའི་སྲོལ་རྒྱུན་གོམས་གཤིས་སུ་གདན་སའི་རིགས་ལམ་པ་དང༌། ཆབ་སྲིད་ཀྱི་སྣེ་མོ་བ། ཚོང་པ། སོ་ནམ་པ། འབྲོག་པ། བཟོ་པ་སོགས་འཚོ་ཐབས་དང་ལས་རིགས་མི་འདྲ་བའི་མི་ཚོགས་སོ་སོའི་ནང་གཏམ་བཤད་གླེང་མོལ་བྱེད་ཕྱོགས་ཐུན་མོང་མ་ཡིན་པ་རེ་ཡོད་པ་དེ་དག་ཀྱང་གཙོ་ཆེར་སྐབས་སོ་སོར་འཚམས་པའི་གཏམ་དཔེ་བེད་སྤྱོད་བྱེད་སྟངས་ལས་བྱུང་བ་ཞིག་ཡིན།
དེ་འདྲའི་གཏམ་དཔེ་རྣམས་གེ་སར་གྱི་སྒྲུང་དང༌། གཞུང་འབྲེལ་ཆབ་སྲིད་ཀྱི་ཡིག་ཆ་ཁག་ཏུ་ཐར་ཐོར་གསལ་བ་ཙམ་ལས་གཏམ་དཔེ་རྐྱང་པའི་དཔེ་དེབ་བལྟ་བདེ་ཟུར་དུ་མེད་པར། སྤྱི་ཚོགས་ཀྱི་ངག་རྒྱུན་འབའ་ཞིག་ཏུ་གནས་པ་ཞིག་ཡིན་སྟབས། འདས་པའི་མི་ལོ་ལྔ་བཅུ་བརྒལ་བའི་རིང་བོད་དུ་དུས་འགྱུར་མི་བཟད་པ་བྱུང་བའི་དབང་གིས་རྒྱུན་སྤྱོད་སྨྲ་བརྗོད་ཀྱི་གོམས་གཤིས་ལ་འགྱུར་བ་ཤུགས་ཆེ་ཕྱིན་པ་དང༌། ལྷག་པར་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་ཆེད་དམིགས་བོད་ཀྱི་གནའ་སྲོལ་གཏམ་གླེང་བྱེད་སྲོལ་ལ་དོ་ཕོག་བྱུང་བ། སྐད་རིགས་གཞན་གྱི་ཤན་ཤུགས་ཐེབས་པ་སོགས་ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་བོད་ཀྱི་ངག་རིག་གི་དཔལ་ཡོན་བྱབྱགཏམ་དཔེ་བྱབྱརྣམས་ཀྱང་འཇའ་ཡལ་བ་བཞིན་དུ་བོད་མིའི་དྲན་ཡུལ་ནས་མི་མངོན་པ་གྱུར་ལ་ཉེ་བའི་སྐབས་འདིར། མཁྱེན་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པའི་རྩོམ་པ་པོ་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་གིས་བོད་ཀྱི་གྲགས་ཆེའི་བྱབྱགཏམ་དཔེ་༽རྣམ་གྲངས་མང་པོ་ཕྱོགས་བསྡུས་ཀྱིས་བྱབྱབོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་༽ཞེས་པའི་དཔེ་དེབ་གསར་བསྒྲིགས་གནང་འདུག་པ་དེ་ནི་བོད་ཀྱི་རིག་གཞུང་སྤྱི་དང༌། ཁྱད་པར་ཐུན་མིན་ངག་རིག་གི་དཔལ་ཡོན་འཛིན་སྐྱོང་སྤེལ་གསུམ་ལ་ཕན་རླབས་བླ་མེད་བྱུང་འདུག་པས་སྙིང་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། གཞོན་སྐྱེས་ཀློག་པ་པོ་མང་པོར་ཕན་ཐོགས་རླབས་ཆེན་ཡོང་བའི་ཡིད་ཆེས་ཡོད།
དཔེ་དེབ་འདིར་ཕྲན་ལ་ཆེད་བརྗོད་འབྲི་དགོས་ཀྱི་སྐུལ་མ་གནང་བ་བཞིན་འཕྲལ་དུ་བྲིས་མ་ཐུབ་པའི་རྐྱེན་གྱིས་དཔེ་དེབ་པར་སྐྲུན་ནར་འགྱངས་གྱུར་འདུག་པར་ཡིད་གདུང་དྲག་པོས་འགྱོད་བཤགས་དང་བཅས་ཤཱཀྱའི་དགེ་སློང་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ཤར་མར་སྨྲས་པ་དགེ་བར་གྱུར་ཅིག ། ཇཡཇགཏ྄།།
གསང་གླིང་ཚེ་རིང་རྡོ་རྗེ་ལགས་ནས་རང་གི་དཔེ་དེབ་བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་ཆེད་བསྐུལ་ངོར་བྲིས་གནང་བ་ཞིག་ཡིན།