བདེན་པའི་ཨུ་ཚུགས། ངོ་སྤྲོད།

༄༅། །བོད་རྒྱ་དམར་གྱིས་དྲག་གནོན་བཙན་བཟུང་བྱས་པ་ནས་བཟུང་ད་བར་རྒྱ་མིས་བོད་དུ་སྲིད་སྐྱོང་ཚུལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་བོད་མིའི་མངོན་འདོད་གཉིས་དང་འགལ་བའི་སྤྱོད་ངན་ལོ་རྒྱུས་སུ་མ་གྲགས་པ་ཞིག་བྱས་དང་བྱེད་བཞིན་པ་རེད།འཇིག་རྟེན་འདིར་བོད་མི་རིགས་དང་དེའི་ངོས་འཛིན། བོད་ཀྱི་ཐུན་མིན་ནང་དོན་རིག་པ་དང་ལེགས་བྱང་གི་སྲོལ་རྒྱུན་བཅས་འགྲོ་བ་མིར་དགོས་མཁོ་ཡོད་པ་ཞིག་དང༌། མིའི་སྤྱི་ཚོགས་སུ་བཟང་སྤྱོད་དང་དྲང་བདེན་གྱི་སྲོལ་རྒྱུན་གནས་དགོས་པ་ཞིག་ཡིན་ན་བོད་ཀྱི་རང་དབང་བསྐྱར་གསོ་མ་བྱས་པར་བཞག་ཐབས་མེད། བོད་ཀྱི་རང་དབང་ནི་བོད་མིའི་ནོར་འཁྲུལ་ལ་བརྟེན་ནས་ཤོར་བ་དང༌། ད་ལྟའི་བར་རྒྱ་མིས་ཁྲིམས་འགལ་གྱི་དབང་བསྒྱུར་ཐུབ་པའང་བོད་མིའི་ནོར་འཁྲུལ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རང་དབང་བསྐྱར་གསོ་ཡང་བོད་མི་རང་ཉིད་ཀྱིས་བྱེད་རྒྱུ་མ་གཏོགས་གཞན་གྱི་རོགས་རམ་དང་རང་བཞིན་གྱི་འགྱུར་བ་ལ་བརྟེན་ནས་ཡོང་རྒྱུའི་རེ་སྒུག་བྱེད་རྒྱུ་མེད་ཅིང༌། རྒྱལ་ཁབ་གཞན་གྱི་རང་དབང་འཐབ་རྩོད་ལྟར་ལོ་གྲངས་མང་པོའི་རིང་ངང་སྒུག་ཀྱང་ཐུབ་ཐབས་མེད་པའི་ཛ་དྲག་གི་གནས་སུ་གྱར་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ཀྱི་འོག་བོད་བཙན་བྱོལ་གཞུང་མང་གིས་ད་བར་ལས་འགུལ་རྣམ་གྲངས་མང་པོ་སྤེལ་ཏེ། རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་རུང༌། རྒྱ་བོད་ཞི་མོལ་གྱི་ལས་དོན་ལོ་མང་འབད་བརྩོན་གནང་བ་དེ་ལམ་ལྷོང་མ་བྱུང་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མ་འོངས་པའི་བྱེད་ཕྱོགས་སྐོར་བོད་མི་མང་ཚོགས་ལ་འདྲི་བརྩད་གནང་རྒྱུའི་དགོངས་བཞེད་ཡོད་ལུགས་སྔ་རྗེས་ཕེབས་པ་བཞིན་རིང་མིན་བཀའ་བརྩད་ཕེབས་རྒྱུར་ངེས་ཤིང༌། སྐབས་དེར་མང་ཚོགས་ཀྱིས་བསམ་ཚུལ་གང་ཞུས་ད་ལྟ་ནས་གོ་སྒྲིག་དགོས་གལ་མ་ཟད། བོད་ནང་གི་གནས་སྟངས་ཀྱང་ཉིན་འགྱངས་ཞག་འཕུལ་བྱ་བློས་བཟོད་བྲལ་གྱི་ཛ་དྲག་ཅན་དུ་གྱུར་ཡོད་པས། གྲུབ་འབྲས་ཐོན་མིན་གྱི་རྟོག་ཞིབ་དང་བགྲོ་གླེང་ལ་མགོ་མ་འཁོར་བར་འགྱོད་པ་མེད་པའི་ལས་འགུལ་བཟང་ཐག་ངན་ཐག་ཆོད་པ་ཞིག་གང་མྱུར་བྱ་རྒྱུ་གལ་ཆེ་བར་མཐོང༌། དེར་བརྟེན་ཁོ་བོས་འདས་པའི་མི་ལོ་ ༣༥ ཙམ་གྱི་རིང་བསམ་ཞིབ་ཉམས་མྱོང་རིང་བསགས་ཀྱིས་མཐའ་དོན་འཚེ་མེད་ཞི་བའི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་གྱི་བྱ་རིམ་སྙིང་དོན་མདོར་བསྡུས་ཤིག་བྱ་གཏོང་སྙན་སྒྲོན་དང་ཁ་ཆེམས་རླུང་བསྐུར་གྱི་ཚུལ་དུ་འདིའི་ནང་བཀོད་ཡོད། འདི་ནི་རང་ཉིད་སྒེར་གྱི་རྨོངས་འཆར་ཞིག་ཡིན་སྟབས། སུ་ལའང་བསམ་ཚུལ་འདིར་མོས་མཐུན་ཡོང་བའི་བསྐུལ་མ་ཞུ་རྒྱུ་མིན་ལ། འཐད་སྒྲུབ་ཀྱི་རིགས་པ་བཀོད་དེ་གཞན་བློ་འགུག་ཐབས་ཀྱི་འབད་བརྩོན་ཡང་ཞུ་རྩིས་མེད། འོན་ཀྱང་བོད་ལྗོངས་རང་དབང་བསྐྱར་གསོའི་དགོས་པ་གཟིགས་ཤིང༌། བདེན་པ་དང་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་ཡོད་པའི་གཟུར་གནས་ཀྱི་སྐྱེ་བོ་རེ་ཟུང་གི་ཐུགས་ལ་འཐད་པ་ཤར་ཚེ་ཐུགས་སྣང་གནང་ན་དགའ་བསུ་ཞུ་རྒྱུ་མ་ཟད། བདེན་པའི་ལས་འགུལ་གྱི་ནང་དངོས་བརྒྱུད་གང་རུང་ནས་ཞུགས་པའི་རེ་བའང་ཞུ་རྒྱུ་ཡིན།

གཞན་ཕན་ལྷག་བསམ་ནུས་པ་མ་སྨིན་ཡང༌།།

གཞན་གནོད་གཞི་ལ་གྱ་ཚོམ་མི་འཇུག་པར།།

གཞན་དོན་བོད་ཀྱི་རང་དབང་སྒྲུབ་པའི་ཐབས།།

གཞན་ལ་མ་རེ་རང་གིས་བྱ་དགོས་སྙམ།།

ལུས་ཀྱི་ལྟེ་ཁྲག་གངས་ཅན་ལྗོངས་སུ་འཕོས།།

མི་ཚེ་ཕལ་ཆེར་འཕགས་པའི་ཡུལ་དུ་བསྐྱལ།།

ཆོས་སྒོར་ཞུགས་ཀྱང་ལས་སྐལ་སྲིད་ལ་བསྐོས།།

དེ་འདྲའི་ཐ་ཤལ་དེ་ཡི་བསམ་ཚུལ་ལགས།།

དབང་དང་མིང་གི་རེ་བ་མ་མཆིས་ཤིང༌།།

འདུལ་རྒྱུའི་དགྲ་དང་སྐྱོང་རྒྱུའི་གཉེན་ཡང་མེད།།

སྤྲང་འཁྱམས་བདག་ལ་ཆབ་སྲིད་མི་མཁོ་ཡང༌།།

འཇིག་རྟེན་ཞི་བདེ་འདོད་པས་ཚིག་འདི་ཐལ།།

༄༅། །བྱམས་བརྩེའི་སེམས་མཆོག་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །བོད་ནི་རང་བཞིན་གྱིས་མི་རྣམས་རྒྱུད་འཇམ་ཞིང་སྡང་སེམས་ཆུང་བ། སྙིང་རྗེ་ལྡན་པ་ཤས་ཆེ་བ་དང༌། ཆོས་དང་ལེགས་བྱང་བཟང་པོ་ཡོད་པ་མ་ཟད། སྣོད་ཀྱི་བཀོད་པའང་ས་མཐོ་རི་གཙང༌། ཆུ་དྭངས་རླུང་བསིལ། རྩི་ཤིང་ནགས་ཚལ་གྱིས་གཏམས་པ་སོགས་ཁོར་ཡུག་བཟང་པོ་དང་ལྡན་པ་ཞིག་ཡིན་པ་དང༌། སྲིད་དོན་གྱི་ཆ་ནས་ཡིག་ཐོག་ཏུ་འཁོད་པའི་ལོ་རྒྱུས་བྱུང་བ་ནས་བཟུང་ཕྱི་ལོ་ ༡༩༥༡ བར་སྲིད་ཀྱི་མངའ་དབང་ཡོངས་རྫོགས་ལྡན་པའི་རང་དབང་རྒྱལ་ཁབ་ཏུ་གནས། ཕྱིའི་མཐོང་སྣང་ལ་རྒྱ་ནག་གི་ཁྱབ་དབང་ཡོད་པ་ལྟ་བུའི་སྐབས་རེ་ཟུང་བྱུང་བ་ནི་བོད་མི་རྣམས་ཆབ་སྲིད་ཀྱི་ཤེས་ཡོན་དང་བསམ་ཚུལ་དམའ་བ་དང༌། རྒྱ་ནག་རྒྱ་བསྐྱེད་རིང་ལུགས་རྒྱུན་ལྡན་ཡོད་དབང་གིས་བོད་མིའི་སྲིད་དོན་གྱི་བསམ་བློ་དམའ་བའི་ཁེ་ཕན་བླངས་ཏེ་རྒྱ་མིའི་གཡོ་སྒྱུ་ངན་བྱུས་ཀྱིས་མགོ་བསྐོར་བ་མ་གཏོགས། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་ཆོས་རྒྱལ་འཕགས་པས་བོད་ཀྱི་སྲིད་དབང་འཛིན་པ་ནས་བཟུང་ ༡༩༩༡ ལོར་རྒྱ་དམར་གྱིས་དྲག་པོའི་བཙན་འཛུལ་འོག་གྲོས་མཐུན་དོན་ཚན་བཅུ་བདུན་དབང་མེད་དུ་འཇོག་དགོས་བྱུང་བའི་བར། རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་པར་བོད་རྒྱ་མིའི་སྲིད་དབང་འོག་ཚུད་པའམ། རྒྱ་ཁོངས་སུ་གཏོགས་པའི་དུས་ནམ་ཡང་བྱུང་མེད།

རྒྱ་ནག་ཏུ་གུང་བྲན་གྱི་སྲིད་གཞུང་བྱུང་མ་ཐག་བོད་དུ་ཁྲིམས་འགལ་བཙན་འཛུལ་བྱེད་པའི་དྲག་ཤུགས་ཀྱི་གདོང་ལེན་བོད་མིས་མ་ཐུབ་པར་བོད་རྒྱ་འོག་ཏུ་ཤོར་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་མི་རྣམས་ཀྱི་རྒྱུད་ལ་ཡ་རབས་ཀྱི་བསམ་ཚུལ་ཉམས་ཏེ་འཚེ་མེད་ཞི་བའི་ལམ་དང༌། ལས་འབྲས་ལ་ཡིད་ཆེས་ཇེ་ཆུང་དུ་ཕྱིན། རབ་བྱུང་རྣམས་འདུལ་ཁྲིམས་འཆལ་ཏེ་སྤྱི་སྒེར་ཕལ་ཆེར་འཚོང་ཁེ་བུན་གཏོང༌། དཔལ་འབྱོར་འདུ་འགོད་སོགས་ཆོས་མིན་གྱི་བྱ་བས་བྲེལ་ཞིང༌། ཆོས་ལྡན་གྱི་གང་ཟག་དབུ་འཕང་དམའ་བ། སྒྲིག་འཛུགས་ཡོངས་ཀྱི་འགན་དབང་ཕལ་ཆེར་ཆོས་མིན་སྤྱོད་པ་དག་གིས་འཛིན་པ་སོགས་མདོར་ན། ཆོས་མཐུན་གྱི་རྒྱལ་ཁྲིམས་དང༌། ཆོས་ཁྲིམས་ཞིག་སྟེ་ཆབ་སྲིད་དབང་འཛིན་པ་དང༌། ལས་ཀྱི་སྣེ་མོ་བ་མང་ཆེ་བས་རང་དོན་འབའ་ཞིག་སྒྲུབ་པའི་སྤྱོད་ངན་གྱི་དབང་གིས་ཆབ་འབངས་རྣམས་ཀྱང་རང་གི་རྒྱལ་ཁབ་དང༌། སྲིད་གཞུང་ལ་ཡིད་ཆེས་བརྩེ་གདུང་བརླགས་ཤིང༌། ཆོས་ལྡན་ཞིང་དུ་གྲགས་ཀྱང་དགོན་སྡེ་དམག་གིས་བཅོམ་པ་དང༌། རབ་བྱུང་སེར་དམག་ཏུ་བཀོལ་བ་སོགས་ཆོས་ཚུལ་ཤེས་པའི་མི་རྣམས་ཧོན་འཐོར་དགོས་པའི་གནས་ཚུལ་ཇི་སྙེད་ཅིག་བྱུང་བ་དེས་ལན་པ་ལས་ཕ་རོལ་དམག་གི་སྟོབས་ཤུགས་རྐྱང་པའི་དབང་གིས་མ་ཡིན་པ་ནི་ཞིབ་མོར་བསམས་ན་དངོས་ར་འཕྲོད་ཐུབ། དེ་ལྟར་སྤྱི་མཐུན་ལས་ངན་གྱི་འབྲས་བུ་དུས་སུ་བདོ་བས་འདས་པའི་ལོ་བཞི་བཅུ་བརྒལ་བའི་རིང་བོད་མི་རྣམས་ལོ་རྒྱུས་སུ་མ་གྲགས་ཤིང༌། འཇིག་རྟེན་དུ་དཔེ་མཚོན་མི་རྙེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་དགོས་བྱུང་ཞིང༌། བོད་མི་འབུམ་ཕྲག་བཅུ་གཉིས་བརྒལ་བ་རྒྱ་དམར་གྱི་དྲག་གནོན་འོག་མནར་གཅོད་སྣ་ཚོགས་ཀྱི་ལམ་དུ་རང་སྲོག་འདོར་དགོས་བྱུང་བ་དང༌། ཆོས་སྡེ་སྟོང་ཕྲག་མང་པོ་དང༌། རིན་བྲལ་གནའ་རབས་ཀྱི་དངོས་རྫས། ཆོས་དང་ལེགས་བྱང་ཡུལ་གོམས་གཤིས་ལུགས་བཅས་རྩ་སྟོར། ཤིང་ནགས་གཏེར་ཁ་སོགས་རྩ་མེད་དུ་བཟོས་ཏེ། འབྱུང་ཁམས་ཆ་མ་མཉམ་པའི་གནས་སྟངས་ཧ་ཅང་སྐྱོ་པོར་གྱུར་པ་བཅས་མདོར་ན། བོད་མི་ཡོངས་རྫོགས་སྡུག་བསྔལ་ཉིན་མཚན་མི་འཁྱོལ་བ་མྱོང་དགོས་བྱུང་བ་འདི་རང་ཅག་གི་སྤྱི་མཐུན་ལས་ཀྱི་འབྲས་བུ་ཡིན་པ་ལས་གཞན་ལ་ལེ་ལན་བདའ་རྒྱུ་མེད་ཅིང༌། སྲིད་རྐྱང་པའི་བསམ་ཚུལ་གྱིས་བལྟས་ཀྱང༌། བོད་མི་སྤྱི་དང་ཁྱད་པར་སྲིད་དབང་འཛིན་མཁན་རྣམས་སྲིད་དོན་གྱི་ཤེས་ཡོན་དམན་པས།

༡ བོད་དུ་སྲིད་ལུགས་འགྱུར་བ་དུས་བསྟུན་བཏང་མ་ཐུབ་པ་དང༌།

༢ རྒྱལ་སྤྱིའི་ནང་རང་དབང་གི་གནས་ཚད་གསལ་བའི་ཕྱི་འབྲེལ་གྱི་ལས་དོན་བྱས་མ་ཐུབ་པ།

༣ ༡༩༡༣ ནས་ ༡༩༤༩ བར་གྱི་གོ་སྐབས་བཟང་པོ་ཆུད་བསན་ཏེ་རྒྱལ་སྤྱིའི་ནང་ཟུར་གབ་ཏུ་བསྡད་པ།

༤ ནང་སྲིད་ཚུལ་བཞིན་བསྐྱངས་མ་ཐུབ་པས་མང་ཚོགས་ཀྱི་ཆིག་བསྒྲིལ་དང་རྒྱལ་ཞེན་གྱི་ནུས་པ་དམན་པ། ༢༨༩

༥ རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་མཐུན་འགྱུར་བྱེད་འདོད་ཡོད་མཁན་ཚོར་བོད་མིས་རང་སྲིད་རང་འཛིན་ཐུབ་པའི་ཡིད་ཆེས་སྦྱིན་མ་ཐུབ་པ་སོགས་སྔོན་འགྲོའི་བྱུང་རྐྱེན་དེ་དག་དང༌།

ལྷག་པར་རྒྱ་དམག་འབྱོར་སྐབས་རང་ས་བསྲུང་རྒྱུ་ཕར་བཞག རྒྱ་དམག་ལ་སྡོད་ཁང་ཟ་འབྲུ་རྟ་ཁལ་སོགས་ཀྱི་མཐུན་འགྱུར་མ་བྱས་ཤིང་རྒྱ་མིའི་དངོས་དངུལ་མ་ལེན་པར་བསྡད་པ་ཙམ་ཡང་མ་ཐུབ་པར། དངོས་དངུལ་རྗེས་འབྲང་དང་འཕྲལ་སེལ་རང་དོན། ནང་འཁོན་གནོད་ལན་འཇལ་རྒྱུ་ཡན་གྱི་ཆེད་རྒྱལ་ཁབ་བཙོང་བར་བག་མི་ཚ་བའི་ཁྲེལ་མེད་ཀྱི་བྱ་སྤྱོད་དེ་དག་ལ་བརྟེན་ནས་རྒྱ་དམར་གྱིས་བཙན་འཛུལ་ལས་སླ་པོའི་ངང་བྱས་ཐུབ་པ་དང༌། རྒྱ་གར་གྱིས་མཚོན་རྒྱལ་སྤྱིའི་ནང་སུས་ཀྱང་དངོས་སུ་བོད་པར་རྒྱབ་སྐྱོར་བྱས་མ་ཐུབ་པ་བཅས་བོད་མི་རང་གིས་བཟོས་ཤིང༌། ད་བར་རྒྱ་མིས་བོད་བཙན་བཟུང་ཐུབ་པ་དང་རྒྱ་རིགས་མང་པོ་བོད་དུ་གཞིས་ཆགས་ཐུབ་པའང་དངོས་ཤུགས་ཅི་རིགས་ནས་བོད་པས་མཐུན་འགྱུར་སྒྲུབ་བཞིན་པ་འདི་ལ་བརྟེན་པ་ཡིན་པས། འདི་ལས་ཐར་ཐབས་ཀྱང་བོད་མི་རང་གིས་བསྒྲུབ་རྒྱུ་མ་གཏོགས་གཞན་གྱི་རོགས་རམ་དང༌། ཕྱིའི་འགྱུར་བ་ཁོ་ན་ལ་བརྟེན་ནས་ཡོང་རེ་མེད། དེར་བརྟེན་བོད་མི་ཡོངས་ཀྱིས་བསམ་འདུན་གཅིག་བསྒྲིལ་གྱི་སྒོ་ནས་རང་གི་བདེན་པ་རང་ལ་འཐོབ་ཐབས་ཀྱི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་སྙིང་སྟོབས་ཆེན་པོས་ཞུགས་དགོས།

རང་ཅག་ཙམ་མ་ཟད། འཇིག་རྟེན་ཡོངས་ཀྱི་སྤྱི་ཚོགས་ལ་བརྟེན་པའི་སྡུག་བསྔལ་མཐའ་དག་ནི་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་ཀྱིས་ཉམས་ལེན་མ་ནུས་པའི་དབང་གིས་ཡིན་པ་རིགས་པས་གྲུབ་ཅིང༌། བོད་མི་རྣམས་ཀྱི་གནས་སྐབས་མགོ་ན་བ་ལྟ་བུའི་སྡུག་བསྔལ་ནས་བཟུང༌། རྒྱལ་ཁབ་ཀྱི་རང་དབང་ཤོར་བའི་བར་གྱི་ཉེས་སྐྱོན་མཐའ་དག་འཚེ་བའི་ལས་ཀྱི་འབྲས་བུ་ཡིན་པ་གདོན་མི་ཟ་བས། འདི་ལས་ཐར་བའི་ཐབས་དེའི་ལྡོག་ཕྱོགས་འཚེ་མེད་ཀྱི་ལམ་ཉག་ཅིག་ལ་བརྟེན་ན་མ་གཏོགས་ད་དུང་སྡང་སེམས་དང༌། ཁོང་ཁྲོས་འཚེ་བའི་བྱ་བར་ཞུགས་པ་ནི་སྡུག་བསྔལ་གྱི་རྒྱུའི་སྣོན་མ་མ་གཏོགས། དེ་སྤོང་མི་ཐུབ་པ་སྨོས་ཅི་དགོས། རྒྱ་དམར་གྱིས་བོད་མིར་གནོད་འཚེ་བྱེད་པར་སྐྱོན་བརྗོད་བྱེད་བཞིན་རང་ངོས་ནས་ཀྱང་གཞན་ལ་གནོད་འཚེ་བྱེད་ན་རྒྱ་མིར་སྐྱོན་ཇི་ལྟར་བརྗོད། དེས་ན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོས་ཡང་ཡང་ཇི་ལྟར་གདམས་པ་ལྟར་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ལམ་ལ་སྙིང་ནས་ཡིད་ཆེས་དང་ཉམས་ལེན་བྱེད་ཐུབ་པ་ཞིག་བྱུང་ན་བོད་ལྗོངས་རང་དབང་སླར་གསོ་བྱ་རྒྱུར་དཀའ་ཚེགས་མེད། དེས་ན་བོད་མི་གཞིས་བྱེས་ཡོངས་μོགས་གདུང་ཤུགས་གཅིག་བསྒྲིལ་གྱིས་འཚེ་མེད་ཞི་བའི་ལམ་ནས་བོད་རང་དབང་བསྐྱར་གསོའི་བདེན་པའི་ལས་འགུལ་ལ་འཕྲལ་དུ་ཞུགས་དགོས། དེ་འདྲའི་ལས་འགུལ་གྱི་ནང་གོ་རིམ་ལྡན་པའི་འཆར་གཞི་ཞིག་གི་སྒོ་ནས་ཞུགས་དགོས་པས་དེའི་སླད་ལས་རིམ་གྱི་རྣམ་གྲངས་དང་གོ་རིམ་མ་འཆོལ་བའི་འཆར་གཞི་མདོར་བསྟན་དུ་བཀོད་པ་གཤམ་གསལ།

༡ བོད་རང་དབང་བསྐྱར་གསོའི་དགོས་པ།

བོད་རང་དབང་བསྐྱར་གསོ་དགོས་པའི་བསམ་ཚུལ་འདི་སྲིད་དོན་ནམ། མི་རིགས་རྒྱལ་ཁབ་ཀྱི་གྲུབ་མཐའ་ལ་བརྟེན་པ་ཞིག་མིན་ལ། རང་རེའི་འཐབ་རྩོད་ནི་མི་རིགས་དང༌། ཆབ་སྲིད་ལམ་སྲོལ་གྱི་འཐབ་རྩོད་གཙོ་བོར་གྱུར་པ་ཞིག་ཀྱང་མིན། བོད་ཆོས་ལྡན་ཞིང་དུ་སྐྱེས་པའི་སྐྱེ་འགྲོ་ཡོངས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་བསལ་གྱི་ལས་འགན་ (Universal Responsibility) ཆེན་པོ་ཞིག་འཁྲི་ཡོད་པ་དེ་བསྒྲུབ་དགོས་པ་རང་ཅག་ཚང་མའི་སྐྱེས་ཐོབ་ཀྱི་ལས་འགན་ (Birth Duty) ཞིག་ཡིན། དེ་བསྒྲུབ་མ་ཐུབ་ན་བོད་རིགས་སུ་སྐྱེ་གོ་མ་ཆོད་པ་དང༌། རིགས་དང་མཐུན་པའི་ལས་བརྩམ་མ་ཐུབ་པ་ཡིན་པས། དེ་ལས་ལྷག་པའི་མ་རབས་དང་ཐ་ཆད་མེད་པ་མ་ཟད། འཇིག་རྟེན་གྱི་ཕྱོགས་ནས་བསམས་ཀྱང་མི་ལུས་ལེན་གོ་མ་ཆོད་པ་ཞིག་བྱུང་བ་རེད། ལས་འགན་དེ་གང་ལགས་ཤེ་ན། བོད་ཀྱི་མི་རབས་གོང་མ་རྣམས་ཀྱིས་མི་ལོ་སྟོང་ཕྲག་འགའ་ཤས་རིང་སྲོག་ལས་གཅེས་པར་བཟུང་སྟེ་བདག་གཉེར་དང༌། ཡར་རྒྱས་གཏོང་བའི་ནང་དོན་རིག་པ་དང་ལེགས་བྱང་གི་སྲོལ་རྒྱུན་ཐུན་མོང་མ་ཡིན་པ་དེ་སྲུང་སྐྱོབ་དང༌། ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། སྲོལ་རྒྱུན་དེ་དེང་སྐབས་འགྲོ་བ་མི་རིགས་སྤྱིའི་ཁེ་ཕན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད།

གལ་སྲིད་བོད་མི་རྣམས་ཀྱིས་སྲོལ་རྒྱུན་དེ་སྲུང་སྐྱོབ་བྱས་མ་ཐུབ་པར་རྒྱ་མིའི་བཙན་དབང་གིས་རྐྱེན་པས་ཤུལ་མེད་དུ་ཕྱིན་པ་ཡིན་ན་བོད་མི་ཙམ་མ་ཡིན་པར་སྐྱེ་རྒུ་ཡོངས་ལ་གྱོང་གུན་ཆེན་པོ་ཡོང་ངེས། དེ་འདྲའི་སྲོལ་རྒྱུན་དེའི་སྲུང་སྐྱོབ་ཆ་ཚང་བོད་མི་རྣམས་ལ་རང་དབང་དང༌། བོད་ལྗོངས་ཀྱི་ཕྱི་སྣོད་ལའང་བཙན་དབང་བཤུ་གཞོག་མེད་པར་རང་བཞིན་གྱིས་འབྱུང་ཁམས་ཆ་མཉམ་གནས་ཐུབ་པ་ཞིག་མ་བྱུང་བར་བྱེད་མི་ཐུབ། དེའི་ཕྱིར་བོད་མིའི་སྲིད་ཀྱི་རང་དབང་ཙམ་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་མིན་ཡང༌། མཐར་ཐུག་གི་བསྒྲུབ་བྱ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུན་མིན་ནང་དོན་རིག་པའི་ཚང་ལ་མ་ནོར་བའི་སྲོལ་རྒྱུན་བཟང་པོ་དེ་སྲུང་སྐྱོབ་དང༌། འཛིན་སྐྱོང༌། ཁྱབ་སྤེལ་བྱ་རྒྱུའི་ལས་འགན་དེའི་ཐབས་ལམ་དང་བདག་རྐྱེན་མེད་དུ་མི་རུང་བ་ཡིན་པས། ཐོག་མ་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་ལ་ཕྱི་བཤོལ་མེད་པར་ཞུགས་དགོས།

སྲིད་དོན་རྐྱང་པའི་ཐོག་ནས་བསམ་ནའང༌། བོད་ནི་མི་རིགས་དང༌། སྐད་ཡིག རིག་གཞུང༌། ལེགས་བྱང་གང་གི་ཆ་ནས་རྒྱ་རིགས་ལས་ཐ་དད་ཡིན་ཞིང༌། ལོ་རྒྱུས་སུའང་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་བར་རང་བཙན་གཙང་མར་གནས་པ་དང༌། ད་ལྟའང་བོད་མི་ཚང་མས་རྒྱ་མིའི་འོག་བསྡད་འདོད་མེད་པས་རང་དབང་ལེན་པའི་ཐོབ་ཐང་ཡོད་ཁར། རྒྱལ་སྤྱིའི་ནང་ཤར་གླིང་གི་མི་འབོར་ཆེ་ཤོས་རྒྱ་དཀར་ནག་གཉིས་དབར་བར་འཚངས་ཀྱི་རྒྱལ་ཁབ་ཅིག་ཡོད་ན་ས་ཁུལ་གྱི་ཞི་བདེར་ཕན་ཐོགས་དང༌། ས་བབས་ཀྱི་ཆ་ནས་བོད་འཇིག་རྟེན་གྱི་ཡང་ཐོག་དང༌། ཤར་གླིང་གི་ཆུ་བོ་ཆེ་ཤོས་མང་ཆེ་བའི་འབྱུང་ཁུངས་ཡིན་པས་བོད་ཀྱི་ཁོར་ཡུག་ནི་རྒྱལ་སྤྱིའི་ནང་གནད་ཆེ་ཡིན་པ་མ་ཟད། ལྷག་པར་རྒྱ་གར་བལ་ཡུལ་འབྲུག་དང་འབར་མ་སོགས་ཁྱིམ་མཚེས་ཁག་གི་སྲུང་སྐྱོབ་དང་བདེ་འཇགས་ལ་འབྲེལ་བ་ཡོད་ཅིང༌། རྒྱ་ནག་རང་ལའང་བོད་རང་དབང་ཡོད་ན་ཕན་ཐོགས་ཆེ། མདོ་དོན་ཀུཝེཏ་ (Kuwait ) ཨི་རག་ (Iraq) གི་བཙན་འོག་ཏུ་བཞག་མ་འོས་ན་བོད་རྒྱ་མིའི་བཙན་འོག་ཏུ་བཞག་འོས་པའི་རྒྱུ་མཚན་གང་ཡང་མེད། བོད་རྒྱ་མིའི་བཙན་འོག་ནས་མ་ཐར་བར་དེང་རབས་ཡུལ་མིའི་རིག་གནས་ (Modern Civilization) ཀྱི་འཕེལ་རིམ་ལ་གོས་པའི་ནག་ཐིག་དེ་བསུབ་མི་ཐུབ་ཅིང༌། ཤིང་ནགས་ཀྱི་ཁྲིམས་སྲོལ་དུས་རབས་ཉེར་གཅིག་པར་ཡང་མ་རྫོགས་པར་བསྡད་རྒྱུ་གདོན་མི་ཟ་བས། བོད་ཀྱི་རང་དབང་བསྐྱར་གསོའི་དགོས་གལ་ནི་བོད་པ་ཙམ་མིན་པར་འཇིག་རྟེན་མི་རིགས་སྤྱི་ལ་ཁེ་ཕན་ཡོད་པ་ཞིག་ཡིན། དེ་ཡང་རྒྱལ་ཁབ་གཞན་གྱི་རང་དབང་འཐབ་རྩོད་ལྟར་མི་རབས་མང་པོའི་དུས་ཡུན་སྒུག་ལོང་མེད་པར་ཛ་དྲག་གིས་བྱེད་དགོས། སྐབས་འདིར་ཉི་མ་རེ་རེ་བཞིན་དུ་ང་ཚོའི་ཧ་ཅང་གལ་ཆེའི་དུས་ཚོད་μོགས་འགྲོ་བ་དེ་ཤེས་དགོས་པའི་རྒྱུ་མཚན་གཤམ་གསལ།

ཀ རང་དབང་བསྐྱར་གསོ་མགྱོགས་མྱུར་མ་བྱུང་ན། རིན་མིན་བོད་ཡུལ་རྒྱ་ཡུལ་དུ་འགྱུར་ཏེ་བོད་རིགས་བོད་ནང་ཆེས་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུ་དང༌། བོད་ཀྱི་རིག་གཞུང་དང༌། ལེགས་བྱང༌། ནང་དོན་རིག་པའི་ལྟ་སྤྱོད་སོགས་དགོས་དམིགས་གང་གི་ཆེད་དུ་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་བྱ་རྒྱུ་དེ་སླར་གསོ་མི་རུང་བའི་རྩ་བརླག་ཏུ་འགྲོ་ཉེན་ཡོད་ཅིང༌། དེ་ལྟར་སོང་རྗེས་བོད་རང་དབང་བྱུང་ཡང་ཆབ་སྲིད་ཀྱི་རང་དབང་རྐྱང་པ་ཞིག་ལས་དགེ་མཚན་གཞན་མེད།

ཁ རང་དབང་བསྐྱར་གསོ་བྱུང་རྗེས་དུས་ཡུན་གང་མཚམས་ཤིག་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདིས་དབུ་ཁྲིད་གནང་རྒྱུའི་གོ་སྐབས་མ་བྱུང་ན། བོད་གསར་པའི་འཛུགས་སྐྲུན་དགོས་དམིགས་དང་མཐུན་པ་ཞིག་བྱེད་མི་ཐུབ་པ་ངེས་པ་མ་ཟད། བསྐྱར་གསོ་བྱུང་བའི་རང་དབང་འཛིན་སྐྱོང་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་འགྱུར་སྲིད།

ག ལོ་ཤས་ནང་བོད་ཀྱི་རང་དབང་བསྐྱར་གསོ་མ་བྱུང་བར་གལ་ཏེ་རྒྱ་དམར་གྱི་ཆབ་སྲིད་དང༌། ནོར་སྲིད་ཀྱི་ཡར་རྒྱས་བར་ཆད་མེད་པར་ཕྱིན་པ་ཡིན་ན། ལོ་གྲངས་བཅུ་སྐོར་གྱི་རྗེས་རྒྱ་ནག་འཛམ་གླིང་ནང་ཁ་གཏད་མེད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ཆགས་སྲིད་ཅིང༌། གལ་སྲིད་རྒྱ་ནག་མང་གཙོ་ཅན་དུ་གྱུར་ཏེ་ལྷིང་འཇགས་པ་ཡིན་ནའང༌། བོད་རང་དབང་བསྐྱར་གསོའི་ལས་དོན་དཀའ་རུ་འགྲོ་སྲིད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོའི་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་འདི་ཕྱི་ལོ་ ༡༩༩༧།༩༨ ནས་མ་འགྱངས་པར་གསལ་ཁ་ཐོན་པའི་གྲུབ་འབྲས་ཡོང་ཐབས་དམིགས་ཡུལ་དུ་བཞག་ནས་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་དགོས་པ་ཡིན།

༢ མ་འོངས་རང་དབང་བོད་ཀྱི་གནས་སྟངས།

རང་དབང་བསྐྱར་གསོ་བྱུང་རྗེས་ཀྱི་རང་དབང་བོད་ཀྱི་གནས་སྟངས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་གོ་མཚོན་དང༌། དུག་རླངས་སོགས་མེད་ཅིང༌། དམག་དང་བྲལ་བའི་འཚེ་མེད་ཞི་བའི་བསྟི་གནས། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ། མཐའ་གཉིས་སུ་མ་ལྷུང་བའི་ནང་པའི་དཔལ་འབྱོར་གྱི་ལམ་སྲོལ་ཅན། ཐུན་མིན་ནང་དོན་རིག་པའི་ལེགས་བྱང་གི་འབྱུང་གནས། དེང་རབས་སྤྱི་ཚོགས་ཀྱི་སྡུག་བསྔལ་དུ་མས་མནར་བའི་སྐྱེ་བོ་རྣམས་ལ་ངལ་གསོ་སྟེར་བའི་ཡུལ། བྱམས་བརྩེའི་སྙིང་པོ་ཅན་གྱི་ལྟ་བ་ལ་བརྟེན་པའི་བོད་ཀྱི་གནའ་བོའི་ཁྱད་ཆོས་ཚང་ཞིང༌། དེ་དང་མི་འགལ་བའི་དེང་རབས་ཀྱི་ལེགས་ཆ་རྣམས་ཀྱིས་བརྒྱན་པའི་མང་གཙོའི་རིང་ལུགས་ཚད་ལྡན་ཡོད་པའི་ཆོས་ལྡན་གྱི་རྒྱལ་ཁབ་ཁྱད་པར་ཅན། འཇིག་རྟེན་དུ་ཆབ་སྲིད་ལམ་སྲོལ་མིག་དཔེར་འོས་པ་ཞིག་བསྐྲུན་ཏེ་འཇིག་རྟེན་སྤྱི་དང་ཁྱད་པར་ཤར་གླིང་གི་ཞི་བདེ་དང་ལྷིང་འཇགས་ལ་སྨན་པ་ཞིག་བཟོ་རྒྱུ།

༣ ཐབས་ལམ།

བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་གྱི་ཐབས་ལམ་ནི་འཚེ་མེད་ཞི་བའི་ལམ་ཉག་ཅིག་ཡིན། དེར་བརྟེན་གཞིས་བྱེས་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་རྙེད་ཐབས་དང༌། ལག་ལེན་གོམས་གཤིས་ཡོང་ཐབས་ལ་འབད་དགོས། འཚེ་མེད་ཞི་བའི་ཐབས་ལམ་ནི་སྙིང་སྟོབས་ཁྱད་པར་འཕགས་པ་རྣམས་ཀྱི་ཐབས་ལམ་ཞིག་ཡིན་སྟབས། དཔའ་མཛངས་རྟུལ་ཕོད་མེད་པའི་བློ་ཁོག་ཆུང་བའི་སྐྱེ་བོ་རྣམས་ཀྱི་བློ་ཡུལ་དུ་ཤོང་དཀའ་བ་མ་ཟད། ནང་དོན་རིག་པའི་བསླབ་བྱ་དང༌། ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་བརྟན་པོ་མེད་མཁན་རྣམས་ཀྱིས་འདིའི་གནད་དོན་རྟོགས་དཀའ། བློ་དམན་མང་པོའི་བསམ་པར་ང་ཚོས་འཚེ་མེད་ཞི་བའི་ལམ་ལ་འབད་པ་ནི། རྒྱ་ནག་གི་མི་འབོར་སྟོབས་ཤུགས་ཆེ་དྲགས་པ་དང༌། བོད་མི་ཉུང་ཞིང་དམག་འཐབ་ཀྱི་མཐུན་རྐྱེན་ཞན་པས་འཚེ་མེད་ཞི་བའི་ཐབས་ལམ་ལ་མ་བསྟེན་ཐབས་མེད་བྱུང་བ་མ་གཏོགས།

ང་ཚོར་རྒྱ་ནག་དང་དམག་འཐབ་ནུས་པའི་སྟོབས་ཤུགས་ཤིག་ཡོད་ན་དམག་འཐབ་ཀྱི་སྒོ་ནས་རང་དབང་བསྐྱར་གསོ་བྱེད་ཆོག་སྙམ་པའི་བསམ་ཚུལ་ཡོད་མཁན་མང་པོ་འདུག དེ་ནི་ནོར་འཁྲུལ་ཧ་ཅང་ཆེན་པོ་རེད་ལ། འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་མེད་པའི་རྟགས་མཚན་ཞིག་ཀྱང་རེད། རང་རེས་དགེ་སྡིག་ལས་བདེ་སྡུག་མི་འཆོལ་བར་འབྱུང་བའི་ལས་འབྲས་ཀྱི་ཚུལ་ལ་ཡིད་ཆེས་པའམ། སྲིད་རྐྱང་པ་ནས་བསམ་རུང༌། དམིགས་ཡུལ་ཡང་དག་བསྒྲུབ་པ་ལ་ཐབས་ལམ་ཡང་དག་ཅིག་ལ་མ་བསྟེན་ན་མ་འོས་པའི་ལྟ་གྲུབ་ཀྱི་དབང་གིས་འཚེ་མེད་ཞི་བའི་ལམ་ལ་འཇུག་པ་ཡིན་ཙང༌། གནས་སྐབས་ཇི་འདྲ་ཞིག་ཏུའང་འཚེ་བ་མེད་པའི་ལམ་ལས་མ་འདས་པ་ཞིག་དགོས་རྒྱུ་མ་གཏོགས། གཡོ་སྒྱུའི་བསམ་པས་ལམ་དེ་ལ་འཇུག་པ་ལས་མ་འཇུག་པ་རང་ལེགས་པ་ཡིན། འཚེ་བའི་ལམ་ནས་སང་ཉིན་བོད་རང་དབང་བསྐྱར་གསོ་ཐུབ་པའི་འགན་ལེན་བྱེད་མཁན་ཞིག་ཡོད་ཀྱང༌། ལམ་དེ་ལ་མི་འཇུག་པའི་དམ་བཅའ་བརྟན་པོ་ཞིག་མ་བྱུང་གི་བར་ང་ཚོའི་འཚེ་མེད་ཞི་བའི་ལམ་དེ་ཡོངས་སུ་རྫོགས་པ་དང་ནུས་པ་ཐོན་པ་ཞིག་ཡོང་མི་ཐུབ།

༤ ཐབས་ལམ་ལག་ལེན་བསྟར་ཚུལ།

འཚེ་མེད་ཞི་བའི་ལས་འགུལ་ཚད་ལྡན་ནི་བདེན་པའི་གཞི་རྟེན་མེད་ན་མི་ཡོང་ཞིང༌། བདེན་པ་དང་འཚེ་མེད་ནི་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཡིན། བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་འཚེ་མེད་ཞི་བའི་ལམ་ནས་ཇི་ལྟར་བྱེད་དགོས་སྙམ་ན། རང་རེར་ཡོད་པའི་བདེན་པ་རྣམས་ངོས་ཟིན་པའི་ཐོག་ནས་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་ཞུགས་དགོས། རང་རེར་ཡོད་པའི་བདེན་པ་རྣམས་རགས་རིམ་དུ་བསྡུ་ན་གཤམ་གསལ།

ཀ བོད་ནི་ཆོས་ལྡན་གྱི་ལྗོངས་སྐྱེ་རྒུ་རྣམས་ཆོས་དང་བཟང་སྤྱོད་ཀྱིས་འཚོ་བས་འཚོ་བ་ཞིག་ཡིན་པ་དེ་བདེན་པ་རེད།

ཁ དེ་འདྲའི་ཡུལ་དེར་མིའི་སྤྱི་ཚོགས་བྱུང་ནས་ཕྱི་ལོ་ ༡༩༥༡ བར་དུས་ཚོད་མང་ཆེ་བ་རང་དབང་གི་མངའ་ཐང་ཡོངས་སུ་རྫོགས་པའི་རྒྱལ་ཁབ་ཅིག་ཡིན་པའང་བདེན་པ་རེད།

ག ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་དམག་གིས་བཙན་འཛུལ་གྱིས་བོད་རྒྱ་མིའི་མི་སེར་སྤེལ་ཡུལ་དུ་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་ཡིན་པའང་བདེན་པ་རེད།

ང བཙན་འཛུལ་རྗེས་དྲག་གནོན་འོག་དབང་མེད་དུ་བཞག་དགོས་བྱུང་བའི་གྲོས་མཐུན་དོན་ཚན་ ༡༧ རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་ཚད་འཛིན་མི་འོས་ཤིང༌། ཚད་འཛིན་མི་དགོས་པ་ཞིག་ཡིན་པ་མ་ཟད། རྒྱ་མི་རང་ངོས་ནས་དོན་ཚན་གང་ལའང་ཆ་འཛིན་མ་བྱས་པར་བརྡལ་བཤིག་བཏང་སྟབས། དེ་ལ་བོད་རྒྱ་ཁོངས་སུ་ཆུད་པའི་བདེན་རྟགས་སུ་ཁས་བླང་མི་འོས་པའང་བདེན་པ་རེད།

ཅ རྒྱ་མིས་བཙན་བཟུང་བྱས་པ་ནས་བཟུང༌། འདས་པའི་ལོ་ ༤༠ ལྷག་པའི་རིང་བོད་མིའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག་དང༌། ཆོས་དང་རིག་གཞུང་ལ་གནོད་འཚེ། དཔལ་འབྱོར་གྱི་བཤུ་གཞོག གཉའ་གནོན་མནར་གཅོད་ཚད་མེད། རྒྱ་རིགས་མི་འབོར་སྤོ་ཤུགས་ཀྱིས་བོད་མི་གྲངས་ཉུང་དུ་བཏང་བ་དང༌། རིག་གཞུང་དང་ངོས་འཛིན་བརླག་ཏུ་བཅུག་པ། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་སོགས་ཉེས་སྤྱོད་སྣ་ཚོགས་ཀྱིས་བོད་མི་རྣམས་ལ་བདེ་བའི་གོ་སྐབས་ཕྲ་མོའང་མེད་པར་སྡུག་བསྔལ་གྱིས་མནར་ཞིང༌། ཆབ་སྲིད་ཀྱི་འཛིན་སྐྱོང་བོད་མིའི་མངོན་འདོད་དང་ནམ་ཡང་མ་མཐུན་པ་ཞིག་ཡིན་པའང་བདེན་པ་རེད།

ཆ ད་ལྟ་བོད་མི་ཕལ་ཆེ་བ་རྒྱ་མིའི་བཙན་འོག་ཏུ་བསྡད་འདོད་མེད་པར་བོད་ཀྱི་རང་དབང་བསྐྱར་གསོ་བྱ་རྒྱུའི་མངོན་འདོད་ཤུགས་ཆེན་ཡོད་པའང་བདེན་པ་རེད།

ཇ བོད་རྒྱ་ནག་གི་ཆ་ཤས་མ་ཡིན་ཞིང༌། རྒྱ་མིས་ཁྲིམས་འགལ་གྱི་བཙན་བཟུང་བྱས་པ་མ་གཏོགས་བོད་རྒྱ་ནག་དང་མཉམ་དུ་ཟླ་བསྒྲིལ་བྱ་རྒྱུའི་ཁྲིམས་མཐུན་གྱི་མོས་མཐུན་བོད་ཀྱི་ཆབ་སྲིད་དབང་འཛིན་པའམ། བོད་མིས་ནམ་ཡང་བྱས་མེད་སྟབས། ཁྲིམས་འགལ་བཙན་བཟུང་གི་འོག་ནས་རང་དབང་བསྐྱར་གསོ་བྱ་རྒྱུའི་ལས་འགུལ་ནི་རྒྱ་ནག་གི་ས་ཁྱོན་གྱི་ཆིག་བསྒྲིལ་(Territorial Integrity)ལ་གནོད་པའི་ལས་དོན་ཞིག་མ་ཡིན་པའང་བདེན་པ་རེད།

ཉ བོད་མི་རྣམས་ནི་རིགས་རུས་དང༌། སྐད་ཡིག ཆས་གོས་གཤིས་ལུགས། ལེགས་བྱང་ཐ་དད་པའི་མང་ཚོགས་ཤིག་ཡིན་པ་དང༌། དེ་ལ་བརྟེན་ནས་འཛམ་གླིང་རྒྱལ་ཚོགས་ཀྱི་ ༡༩༦༡ ༡༩༦༥ སོ་སོའི་གྲོས་ཆོད་དང༌། མི་མང་གཏན་འཇགས་ཁྲིམས་ཞིབ་པའི་ ༡༩༩༢ ལོའི་བོད་དོན་ཚོགས་དུས་ཀྱི་བཀོད་ཁྱབ། ༡༩༩༣ ལོའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གི་ཚོགས་འདུ། ༡༩༩༤ ལོའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་བཅས་ནས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་གཏན་འབེབས་གསལ་བསྒྲགས་བྱས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དོན་ལ་མཁས་པའི་གང་ཟག་བྱེ་བྲག་པ་མང་པོས་ཀྱང་དེའི་སྐོར་ཉམས་ཞིབ་གསལ་བཤད་ལན་མང་བྱས་པ་གཞིར་བཟུང་བོད་མི་རྣམས་རྒྱལ་སྤྱིའི་ཁྲིམས་ལུགས་འོག་མི་མང་གི་མཚན་ཉིད་ཚང་བ་དང༌། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའང་བདེན་པ་རེད།

ཏ བོད་མི་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཁྲི་བའི་རང་གི་ཐུན་མིན་གྱི་བཟང་སྤྱོད་དང༌། ནང་དོན་རིག་པའི་སྲོལ་རྒྱུན་སྲུང་སྐྱོབ་དང༌། འཛིན་སྐྱོང༌། ཁྱབ་སྤེལ་བྱ་རྒྱུའི་ལས་འགན་ཞིག་ཡོད་པའང་བདེན་པ་རེད།

ཐ དེ་འདྲའི་ལས་འགན་དེ་ཆ་ཚང་བ་ཞིག་བོད་མིར་ཆབ་སྲིད་ཀྱི་རང་དབང་བསྐྱར་གསོ་མ་བྱུང་བར་བསྒྲུབ་མ་ཐུབ་པའང་བདེན་པ་རེད།

ད དེ་འདྲའི་རང་དབང་བསྐྱར་གསོ་བྱ་རྒྱུ་དེའང་བོད་མི་ཡོངས་ཀྱི་སྐྱེས་ཐོབ་ཀྱི་འགན་ཁུར་ཞིག་ཡིན་པའང་བདེན་པ་རེད།

གོང་སྨོས་བདེན་པའི་གནས་ཚུལ་དེ་དག་རྟོག་བཟོ་དང༌། སྲིད་དོན་གྱི་དྲིལ་བསྒྲགས་ལྟ་བུ་ནམ་ཡང་མ་ཡིན་པར་མངོན་སུམ་དང༌། དན་རྟགས་ཀྱིས་ར་སྤྲོད་ནུས་པའི་བདེན་པའི་གནས་ཚུལ་ཞིག་ཡིན་སྟབས། རྒྱུ་མཚན་མེད་ཅིང་ཁྲིམས་དང་འགལ་བའི་བཙན་ཤུགས་ཀྱིས་བསུབ་མི་ཐུབ་པ་དང༌། བདེན་པ་མ་ཡིན་པར་བཟོ་མི་ཐུབ་པ་ནི་ཆོས་ཉིད་ཀྱི་ཁྲིམས་སྲོལ་ཞིག་ཡིན་རུང༌། ད་ལྟ་བདེན་པའི་གནས་ཚུལ་དེ་དག་རྩིས་མེད་རྡོག་རོལ་གྱིས་རྒྱ་མིས་བོད་ལ་བཙན་ཤུགས་ཀྱིས་དབང་སྒྱུར་བྱེད་བཞིན་པ་དེ་ནི་བོད་མི་རྣམས་ལ་གོང་དུ་འཁོད་པའི་བདེན་པའི་གནས་ཚུལ་རྣམས་བདེན་པ་ཡིན་པའི་ཡིད་ཆེས་བརྟན་པོ་མེད་པའམ། ཡོད་ཀྱང་བདེན་པ་བདེན་མཐའ་འཁྱོལ་བའི་ཆེད་དུ་ཨུ་ཚུགས་ཀྱི་བརྩོན་འགྲུས་བྱ་རྒྱུའི་སྙིང་སྟོབས་མ་བྱུང་བའི་དབང་གིས་ལུས་པ་རེད། ད་ནི་གཞིས་བྱེས་བོད་མི་ཚང་མས་གོང་གི་བདེན་པའི་གནས་ཚུལ་རྣམས་ངོས་ཟིན་ཞིང༌། ཡིད་ཆེས་པའི་སྒོ་ནས་བདེན་པ་བདེན་མཐར་འཁྱོལ་ཐབས་ཀྱི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་ཐེ་ཚོམ་མེད་པར་བློ་རྩེ་གཅིག་བསྒྲིལ་གྱིས་ཞུགས་དགོས།

༥ བདེན་པའི་ཨུ་ཚུགས་ཀྱི་ལས་རིམ་འཆར་གཞི།

ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་རང་དབང་བསྐྱར་གསོའི་སླད་དུ་རྒྱལ་སྤྱིའི་ནང་བདེན་པའི་གསལ་བསྒྲགས་དང༌། འཛམ་གླིང་རྒྱལ་ཚོགས་སུ་སྙན་ཞུ་སྔ་རྗེས། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་མང་གཙོའི་ངོ་བོར་སྒྱུར་ཐབས་སོགས་ལས་དོན་མང་པོ་ཞིག་གནང་བ་མ་ཟད། ཕྱི་ལོ་ ༡༩༧༩ ལོར་རྒྱ་མིའི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་རང་དབང་གཙང་མའི་མངའ་ཐང་མ་གཏོགས་པའི་གནད་དོན་གཞན་དག་ཡོངས་རྫོགས་ཞི་མོལ་གྱི་ཐོག་ནས་ཐག་གཅོད་ཆོག་ལུགས་ཞུས་པ་བཞིན་བོད་དང་རྒྱ་ནག་ཏུ་སྐུ་ཚབ་སྔ་རྗེས་རིམ་གཏོང་མཛད་པས་མཚོན་བོད་རྒྱ་ཞི་མོལ་འགྲིགས་ཆགས་ཡོང་ཐབས་སུ་ ༡༩༨༧ ལོར་ཞི་བའི་དོན་ཚན་ལྔ་དང༌། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་གྲོས་འཆར་བཅས་སྔ་རྗེས་རིམ་གནང་གིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་མཛད་ནའང༌། རྒྱ་དམར་གྱི་ངོས་ནས་ཁ་དོན་ཚིག་གནས་ཀྱི་བཀའ་མོལ་གང་ཡང་མ་ཞུས་སྟབས། ད་ཆ་རྒྱ་ནག་དང་ཐད་ཀར་འབྲེལ་ལམ་བཀའ་བསྡུར་གནང་རྒྱུ་མཚམས་འཇོག་གནང་སྟེ། རྒྱལ་སྤྱིའི་ཤུགས་གནོན་གྱི་བརྒྱུད་རྒྱ་མིར་གོ་བསྐོན་ཡོང་ཐབས་འབོད་བསྐུལ་མཛད་པ་དང༌། འབོད་བསྐུལ་དེའི་གྲུབ་འབྲས་ཐུགས་བློ་ཁེངས་པ་ཞིག་དུས་ཡུན་འོས་འཚམས་ནང་མ་བྱུང་ཚེ། བོད་མི་མང་ཚོགས་ལ་མ་འོངས་པའི་བྱེད་ཕྱོགས་ཇི་དགེའི་བཀའ་འདྲི་གནང་རྒྱུ་ཡིན་པ་བཅས་ ༡༩༩༤ ལོའི་གསུམ་དུས་ཀྱི་གསུང་འཕྲིན་ནང་གསལ་བསྒྲགས་མཛད་པ་དེ་ལྟར་ཡང༌། ད་ལྟ་རྒྱ་མིའི་བྱེད་ལུགས་ལ་གཞིགས་ན་རྒྱལ་སྤྱིའི་ཤུགས་གནོན་གྱིས་དོན་ཕན་ཡོད་པའི་ཞི་མོལ་ཡོང་ཐབས་དཀའ་ཚོད་དུ་སྣང་བ་མ་ཟད། ལར་ནས་བོད་ཀྱི་རང་དབང་བསྐྱར་གསོའི་སླད་བོད་མི་སྤྱི་དང༌། ལྷག་པར་བོད་ནང་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་མངོན་འདོད་གསལ་བར་མཚོན་པའི་ལས་འགུལ་ཚད་ལྡན་ཞིག་མ་བརྩམས་བར་རྒྱལ་སྤྱིའི་རྒྱབ་སྐྱོར་དང༌། ཤུགས་གནོན་རྐྱང་པས་གྲུབ་འབྲས་ཐོན་དཀའ་བའི་གནས་ཚུལ་ལ་བརྟེན། ནམ་ཞིག་ྋགོང་ས་ཆེན་པོས་མང་ཚོགས་ལ་བཀའ་འདྲི་གནང་དགོས་ཀྱི་དུས་སྐབས་ཤར་ཚེ། མང་ཚོགས་ཀྱི་ངོས་ནས་གོ་རིམ་ལྡན་པའི་ལས་རིམ་འཆར་གཞི་སྙན་སྒྲོན་ཞུ་རྒྱུ་ཞིག་ད་ལྟ་ནས་གོ་སྒྲིག་བྱ་གལ་ཆེ་བས། དེའི་སླད་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་གྱི་ལས་རིམ་མང་ཚོགས་ཀྱི་དགོངས་པའི་དཔྱད་གཞིའི་ཆེད་དུ་བཀོད་པ་འདེའི་མདོ་དོན་ནི། ༡༩༩༥ ལོ་མཇུག་ཚུན་རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་འོས་ཤིང་འཚམས་པའི་བསམ་ཞིབ་ཀྱི་སྒོ་ནས་བོད་དོན་ཞི་འགྲིགས་ཡོང་ཐབས་ཀྱི་ལས་དོན་ཐོག་མི་མང་གི་འདོད་བློ་ཁེངས་པའི་ཡར་རྒྱས་ཤིག་མ་བྱུང་ཚེ། ༡༩༩༦ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་ནས་བཟུང་གཞིས་བྱེས་བོད་མི་ཡོངས་རྫོགས་གདུང་སེམས་གཅིག་བསྒྲིལ་གྱི་སྒོ་ནས་ཡོངས་རྫོགས་བདེན་པའི་ཨུ་ཚུགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་ནང་ (Non-violent Total Satyagraha) ཞུགས་རྒྱུ་ཐག་གཅོད་བྱེད་དགོས།

༦ བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་མཁན་གང་ཟག་གི་འོས་ཆོས།

ཀ བདེན་པ་དང་འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག་རྒྱུན་དུ་བདེན་པ་མ་ཡིན་པའི་ཚིག་མི་སྨྲ་ཞིང༌། གཞན་ལ་གནོད་འཚེ་སྤོང་བའི་ཚུལ་ཁྲིམས་ ཞིབ་ཆ་ཟུར་དུ་གསལ་བ་ལྟར་ རྣམ་དག་བསྲུངས་ནས་ཟླ་བ་གསུམ་ལས་མ་ཉུང་བའི་དུས་ཡུན་སོང་ཟིན་པ།

ཁ ངོ་རྒོལ་བྱ་ཡུལ་རྒྱ་དམར་ཆབ་སྲིད་ཀྱི་ལས་བྱེད་པ་དང༌། རྒྱའི་མི་རིགས་ཕྱོགས་གཏོགས་དང་བཅས་པར་ཁོང་ཁྲོ་དང༌། སྡང་སེམས། གནོད་སེམས་ཀྱི་བསམ་པ་མེད་པ།

ག བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་སྐབས་ཉེས་རྡུང་དང༌། བཙོན་འཇུག སྡུག་སྦྱོང་མནར་གཅོད་ཇི་ཙམ་བྱུང་ཡང་རང་ངོས་ནས་གནོད་ལན་གནོད་པས་འཇལ་བ་དང༌། རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་འཚེ་བ་བཅས་ནམ་ཡང་མི་བྱེད་པའི་བློ་སྟོབས་ཡོད་པ།

ང བོད་ཀྱི་རང་དབང་བསྐྱར་གསོའི་ཆེད་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་འདི་སྲིད་དོན་གྱི་བྱ་བ་དང༌། འདི་སྣང་འཇིག་རྟེན་གྱི་བྱ་བ། རྒྱ་མིར་གནོད་པའི་ལས་འགུལ་སོགས་ཡིན་པར་ངོས་འཛིན་མི་བྱེད་པར་སེམས་ཅན་སྤྱིའི་དོན་དུ་བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་ཞིག་ཡིན་པ་ངོ་འཕྲོད་ཡིད་ཆེས་ཡོད་པ།

ཅ ལས་དོན་འདིའི་ཐོག་ཞུགས་ཏེ་མིང་དང༌། སྙན་གྲགས། སྲིད་དོན་དང་དངོས་པོའི་ཁེ་ཕན། བྱས་རྗེས་ཡོང་རེ་སོགས་རྩ་བ་ནས་མེད་པ།

ཆ མང་ཚོགས་དང་མི་གཞན་སུ་ལའང་རང་གི་བློས་བཏང་བྱས་པའི་བྱས་ཡུས་དང་ངོ་སོ་ཐོབ་ཐབས། ཁྱད་པར་བོད་རང་དབང་བྱུང་རྗེས་རང་ཉིད་ལྟོས་བཅས་རྣམས་ཆབ་སྲིད་དང༌། གོ་གནས། མཐུན་རྐྱེན་སོགས་ཀྱི་ཁེ་ཕན་ལ་ནམ་ཡང་མི་རེ་བ་དང༌། དེ་རིགས་བྱུང་ཡང་དགོས་པ་དམིགས་བསལ་མེད་ན་ངོས་ལེན་མི་བྱེད་པའི་དམ་བཅའ་བརྟན་པོ་ཡོད་པ།

ཇ རྒྱུན་དུ་ཟས་གོས་གནས་མལ་གང་ཡང་མཐའ་གཉིས་སུ་མ་ལྷུང་བས་འཚོ་བ་དང༌། ལོག་འཚོ་ལ་མི་སྤྱོད་ཅིང༌། ནོར་ལ་དགའ་སྲེད་ཆུང་བ།

ཉ སྤྱི་སྒེར་གྱི་རྒྱུན་དུས་གནས་སྐབས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ཡང་དྲང་བདེན་མ་ཡིན་པའི་བྱ་བ་ལ་ནམ་ཡང་མི་འཇུག་པ།

ཏ ནང་མི་བུ་ཕྲུག་དང༌། ཕ་མ་རྒན་རྒོན་ལྟ་བུ་རང་ལ་ལྟོས་པའི་གསོ་སྐྱོང་བྱ་དགོས་མེད་པའམ། ཡོད་ཀྱང་ཁོ་ཚོས་གནང་བ་ཐོབ་པ།

ཐ བུ་ལོན་སྤྲོད་བསྡད་དང༌། སྤྱི་པའི་ལས་དོན་གང་རུང་རྩིས་རྒྱག་གམ། རྩིས་སྤྲོད་བྱ་རྒྱུར་བསྡད་པ་དང་འགན་ཁུར་འཕྲོས་ལྷག་ཡོད་པ་མ་ཡིན་པ།

ད བདེན་པ་དང་འཚེ་བ་མེད་པའི་དམ་བཅའ་སྲོག་གི་ཕྱིར་ཡང་མི་གཏོང་བ།

ན དུས་ནས་དུས་སུ་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་རྐང་འཛིན་བྱེད་པོས་ཚུལ་མཐུན་གཏན་འབེབས་བྱས་པའི་སྒྲིག་གཞི་ཁག་དང་འགལ་འཛོལ་མི་བྱེད་པ་བཅས་དགོས།

༧ བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་མཁན་རྣམས་ཀྱི་ཐག་གཅོད།

བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་པ་ནས་བཟུང་ལས་འགུལ་དེའི་དམིགས་བསལ་བསྒྲུབ་བྱ་གསལ་བསྒྲགས་བྱས་པ་དེ་གྲུབ་པའམ། ལས་འགུལ་དུ་ཞུགས་མཁན་མི་གཅིག་ཀྱང་མ་ལུས་པར་རྫོགས་པ་གང་རུང་གི་དུས་ཚོད་མ་བྱུང་བར་ལས་འགུལ་མཚམས་འཇོག་མི་བྱེད་པ་དང་གཅིག ལས་འགུལ་དུ་ཞུགས་རྗེས་ལུས་སེམས་ལ་བཟོད་པར་དཀའ་བའི་དཀའ་སྡུག་ཇི་ཙམ་བྱུང་ཡང་བཟོད་བསྲན་གྱིས་ཇི་སྲིད་འཚོ་བའི་བར་དུ་ལས་འགུལ་འཕྲོ་མི་བཤོལ་བ་དང་གཉིས། རང་གི་ལྷག་བསམ་ལ་ཉེས་སྐྱོན་མེད་ན་གཞན་གྱི་བསྟོད་སྨད་དང༌། འགྲེལ་བརྗོད་ཇི་འདྲ་ཞིག་བྱུང་ཡང་བློ་མི་འགྱུར་བ་གསུམ་གྱི་ཐག་གཅོད་བརྟན་པོ་བྱ་རྒྱུ་མེད་དུ་མི་རུང་བ་ཡིན། ལས་འགུལ་འདིའི་ནང་ཞུགས་ཏེ་རིང་པོ་མ་ལོན་པར་སྲོག་འདོར་དགོས་པ་ཧ་ཅང་འབྱུང་ཉེ་མ་ཟད། ལས་འགུལ་དུ་ཞུགས་མཁན་ཚང་མ་ཤི་བའམ། ལས་འགུལ་གྱི་གྲུབ་འབྲས་མ་ཐོན་པ་ཡང་ཡོང་སྲིད་པ་ཡིན་པ་དེ་དང་པོ་ནས་ཤེས་དགོས། ལས་འགུལ་དུ་ཞུགས་མཁན་གྱི་མི་ཡོངས་རྫོགས་ཇི་ཙམ་རིང་ཡང་ལོ་བདུན་ཅུ་སྐོར་ཞིག་ནང་འཆི་རྒྱུ་ཡིན་པ་ཐག་ཆོད་པ་ཡིན་སྟབས། མ་ཤི་བར་བསྡད་ས་མེད་པ་མཚུངས་པ་ལ། རང་ལ་སྐྱེ་བས་ཐོབ་པའི་ལས་འགན་མ་བསྒྲུབས་པར་ལོ་ཁ་ཤས་རྗེས་སུ་ཤི་བ་ལས། སྐྱེས་ཐོབ་ཀྱི་ལས་འགན་སྒྲུབ་ཞོར་དུ་ལོ་ཤས་སྔོན་ལ་འཆི་རྒྱུ་ཅི་ནས་ཀྱང་འདེམས་འོས་པ་མ་ཟད། ལར་ནས་ད་རེས་འཆི་རྒྱུར་མ་འདེམས་ཀྱང་ལོ་གྲངས་ཇི་ཙམ་འཚོ་བའི་གདེང་ཚོད་སུ་ལ་ཡོད། དེ་བཞིན་དུ་ལས་འགུལ་དུ་ཞུགས་མཁན་ཡོངས་རྫོགས་མེད་པར་སོང་ཡང་དམིགས་ཡུལ་མ་གྲུབ་པ་ཡོང་སྲིད་མོད། བདེན་པའི་ལས་འགུལ་མ་བྱས་པར་བསྡད་ནའང༌། ད་ཡོད་བོད་མི་རྣམས་ཆ་ཚང་ཉིན་གཅིག་འཆི་རྒྱུར་ངེས་པ་མ་ཟད། རིག་གཞུང་དང་མི་རིགས་ཀྱི་ངོས་འཛིན་ཐམས་ཅད་དེ་མུར་རྩ་བརླག་འགྲོ་རྒྱུ་ཐག་ཆོད་པ་མཐོང་བཞིན་དུ་འབད་རྩོལ་གང་ཡང་མ་བྱས་པར་རང་བཞིན་གྱིས་རྩ་སྟོང་འགྲོ་བ་ལ་སྒུག་པ་ལས་རྩ་སྟོང་འགྲོ་རྒྱུར་མཚུངས་པ་ལ་སྐྱེས་ཐོབ་ཀྱི་ལས་འགན་སྒྲུབ་ཞོར་དུ་རྩ་སྟོང་འགྲོ་རྒྱུ་འདེམས་པ་རྒྱུ་མཚན་གང་ལ་བལྟས་ཀྱང་འོས་ཤིང་འཚམས་པ་ཡིན་པའི་གནས་ཚུལ་འདི་གཉིས་གསལ་པོ་མཁྱེན་དགོས།

༨ ལས་འགུལ་གྱི་རང་བཞིན།

བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་སྐྱེ་བོ་སྒེར་དང༌། མང་ཚོགས་ཀྱི་ལས་འགུལ་གྱི་རང་བཞིན་གཉིས་ལས། དང་པོ་ནི། ལས་འགུལ་དུ་ཞུགས་འདུན་ཅན་རང་ཉིད་དོན་ཚན་དྲུག་པར་གསལ་བའི་འོས་ཆོས་རྣམས་ཚང་ཉིན་ནས་ཡུལ་དུས་གནས་སྐབས་དང་འཚམས་པའི་ལས་འགུལ་གྱི་རྣམ་གྲངས་ཇི་འོས་ཇི་འགྲུབ་བྱ་རྒྱུ་ལས་མང་ཚོགས་ཀྱི་བསྒྲིགས་བཀོད་ལ་ལྟོས་མ་དགོས་པ་དང༌། བོད་ཕྱི་ནང་གང་དུ་ཡོད་རུང་བྱེད་ཐུབ་ཅིང༌། ལས་འགུལ་གྱི་རྣམ་གྲངས་མང་ལ་བྱེད་བདེ་བས་ཚང་མས་རྒྱུན་དུ་བྱ་དགོས་ཐོག མང་ཚོགས་ལས་འགུལ་གྱི་དུས་ཚོད་མ་སྨིན་སྐབས་ལྷག་པར་རྩལ་འདོན་བྱེད་དགོས། གཉིས་པ་ནི། གང་ཟག་ལྔ་ཡན་མཉམ་རུབ་ཀྱིས་བྱེད་དགོས་པའི་འཆར་གཞི་ཅན་གྱི་ལས་འགུལ་ཡིན་པས་ཡུལ་དུས་དང་བསྟུན་པའི་བསྒྲིགས་བཀོད་འཆར་གཞི་བཞིན་བྱེད་རྒྱུ།

༩ ལས་འགུལ་གྱི་གོ་རིམ།

ཀ སྒེར་གྱི་བདེན་པའི་ཨུ་ཚུགས་ནི་གནས་དུས་ངེས་མེད་དུ་བྱེད་ཐུབ་པས་གོ་རིམ་ངེས་ཅན་མ་དགོས།

ཁ མང་ཚོགས་ཀྱི་བདེན་པའི་ཨུ་ཚུགས་ནི་སྔོན་ཚུད་ཐག་ཆོད་གསལ་བསྒྲགས་ལྟར་གྱི་དུས་ཚེས་ངེས་ཅན་ནས་བཟུང་བཙན་བྱོལ་དུ་ཡོད་པའི་བོད་མི་བདེན་པའི་ལས་འགུལ་ལ་ཞུགས་འདོད་ཡོད་ཅིང༌། འོས་ཆོས་ཚང་བ་རྣམས་བདེན་པའི་ལས་འགུལ་ཆེད་བོད་དུ་ཕྱིར་ལོག་བྱ་རྒྱུ།

ག བོད་ནང་ཡོད་པའི་བདེན་པའི་ལས་འགུལ་དུ་ཞུགས་མཁན་གྱི་བོད་མི་ཡོངས་རྫོགས་དུས་ཚེས་དེ་ཉིན་ནས་བཟུང་སྡེབ་ལངས་ཀྱིས་སོ་སོའི་གནས་ཡུལ་ས་གནས་རང་དུ་བདེན་པའི་ལས་འགུལ་འགོ་འཛུགས་བྱ་རྒྱུ།

ང བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་མཁན་གྱི་ཚོ་ཁག་སྔོན་མ་རྣམས་བསད་རྨས་བཙོན་འཇུག་གིས་རྫོགས་པ་དང༌། བར་མཚམས་ཉི་མ་རེ་ཟུང་རྗེས་ཚོ་ཁག་གཉིས་པ་ཐོན་དགོས་ཤིང༌། བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་ཞུགས་མཁན་མི་འབོར་མང་ཉུང་ལ་གཞིགས་པའི་ཚོ་ཁག་བགོ་ཕྱོགས་གཏན་འབེབས་ཀྱིས་ལས་འགུལ་མུ་མཐུད་གནས་ཐུབ་ཐབས་བྱ་རྒྱུ་བཅས།

༡༠ ལས་འགུལ་གྱི་རྣམ་གྲངས།

ཡོངས་རྫོགས་བདེན་པའི་ཨུ་ཚུགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་གྱི་རྣམ་གྲངས་ནི། སྐབས་དུས་སོ་སོར་དངོས་དོན་དང་དགོས་མཁོར་བསྟུན་པའི་ཐག་གཅོད་བྱ་རྒྱུ་ལས་ཡོངས་རྫོགས་འདིར་ཁ་ཚོན་བཅད་དཀའ་ཡང༌། ཆེ་ལོང་དུ་བསྡུས་ན་གུས་པ་དང་བཅས་ཏེ་བཀའ་ཁྲིམས་ལ་བརྩི་མེད་ (Civil Disobedience) དང༌། མཐུན་ལམ་མི་བྱེད་པ། (Non-Cooperation) ཞི་བའི་ངོ་རྒོལ་དང་མཁྲེགས་བཟུང་ (Passive Resistance) བཅས་སུ་འདུས་ཤིང༌། རྣམ་གྲངས་འགའ་ཤས་དཔེ་མཚོན་ཙམ་གཤམ་གསལ།

བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས།

ཀ རྒྱ་ནག་དབུས་གཞུང་དང༌། རྒྱ་མིའི་བཀོད་བསྒྲིགས་འོག་ཡོད་པའི་བོད་ཀྱི་ས་གནས་སྲིད་གཞུང་ཁག་དང༌། མངའ་སྡེ་གཞུང་གི་འོས་འཚམས་མིན་པའི་བཀའ་དང་ལམ་སྟོན་རྣམས་རྩིས་མེད་བྱ་རྒྱུ།

ཁ རྒྱ་དམར་གྱི་དབུས་དང༌། ས་གནས་སྲིད་གཞུང་ཁག་གི་བཀོད་བསྒྲིགས་ལས་འཆར་འོག་རྩོམ་བཞིན་པའི་སྲིད་གཞུང་དང༌། སྤྱི་ཚོགས་ཀྱི་ལས་དོན་ཐམས་ཅད་ལ་མཐུན་ལམ་མི་བྱེད་པ་དང༌། ལས་དོན་དུ་མི་ཞུགས་པ།

ག རྒྱ་དམར་གྱི་དབུས་དང༌། ས་གནས་སྲིད་གཞུང་ཁག་གི་ལས་ཁུངས་དང༌། སྲིད་གཞུང་གི་བཀོད་བསྒྲིགས་འོག་ཡོད་པའི་ལས་ཁུངས་དང༌། སློབ་གྲྭ བཟོ་གྲྭ ལས་རིགས་སྡེ་ཚན་ཁག་ཏུ་ཡོད་པའི་ལས་བྱེད་པ་རྣམས་ལས་ཁུར་ནས་རྩ་དགོངས་ཞུ་རྒྱུ།

ང རྒྱ་དམར་སྲིད་གཞུང་ཁག་དང༌། རྒྱའི་མི་རིགས་ཀྱིས་ཐོན་སྐྱེད་བྱས་པའི་དངོས་μས་ཁག་ཉོ་འཚོང་དང༌། བདག་གཉེར་བེད་སྤྱོད་མི་བྱེད་པ།

ཅ རྒྱ་དམར་གྱི་སྲིད་གཞུང་ཁག་དང༌། རྒྱའི་མི་རིགས་ཀྱིས་འཛིན་སྐྱོང་བྱས་པའི་ཟ་ཁང་དང༌། ཚོང་ཁང༌། མགྲོན་ཁང་བཅས་སུ་འགྲོ་བསྐྱོད་དང༌། ཉོ་འཚོང་མི་བྱེད་པ།

ཆ སློབ་གྲྭ་ཁག་ཏུ་དགེ་སློབ་སུས་ཀྱང་རྒྱ་སྐད་དང༌། རྒྱ་མིའི་རིག་གཞུང་སློབ་སྦྱོང་མི་བྱེད་པ།

ཇ ཨར་ལས་དང༌། འཚེམ་བཟོ། སྐྲ་བཞར་ཡན་གྱི་ལས་རིགས་གང་ལའང་རྒྱའི་མི་རིགས་གླ་བཀོལ་མི་བྱེད་པ།

ཉ ཚོང་དང༌། ཞིང་ལས། མཁར་དབང་ལས་རིགས་སོགས་གང་གི་ནང་དུའང་རྒྱའི་མི་རིགས་དང་མཉམ་ལས་མི་བྱེད་པ།

ཏ མདོར་ན་རྒྱ་དམར་གྱིས་བོད་དུ་ཆབ་སྲིད་ཀྱི་དབང་བསྒྱུར་དང༌། མི་འབོར་སྤོ་ཤུགས། ཁོར་ཡུག་གཏོར་བཤིག་བཅས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ལས་དོན་གང་གི་ཐོག་ཏུའང་འབྲེལ་བ་དང་མཐུན་འགྱུར་མི་བྱེད་པར་མཐའ་གཅིག་ཏུ་ཟུར་བསྡད་བྱ་རྒྱུ།

ཐ ཉིན་རེ་བཞིན་ཡུལ་གྲོང་ས་ཁུལ་སོ་སོའི་སྲང་ལམ་ཁག་ཏུ་ལས་འགུལ་བ་འདུ་འཛོམས་ཀྱིས་གོ་མཚོན་ལྟ་ཞོག དར་ཆ་དང་རས་བྱང་གི་དར་ཤིང་ཙམ་གྱི་རྡོ་དབྱུག་སོགས་གང་ཡང་མེད་པར་ཞི་བའི་ངོ་རྒོལ་སྐད་འབོད་དང༌། སྐབས་བབས་བསྒྲུབ་བྱའི་རེ་འདུན་ཡིག་ངག་གཉིས་ཐོག་ནས་གསལ་བཤད་རྒྱུན་མ་ཆད་པར་མུ་མཐུད་བྱེད་ཐབས་བྱ་རྒྱུ།

ད གཞན་ཡང་འཚེ་མེད་ཞི་བའི་ངོ་རྒོལ་དང༌། མཐུན་ལམ་མི་བྱེད་པའི་བདེན་པའི་ཨུ་ཚུགས་ཀྱི་རྣམ་པ་ཐོན་པའི་ལས་རིགས་གང་ལ་ཇི་འོས་སྐབས་འཚམས་སོ་སོར་ཡུལ་དུས་གནས་སྐབས་དང་བསྟུན་ཏེ་འཆར་འགོད་ལྟར་ལག་བསྟར་བྱ་རྒྱུ། བཙན་གནོན་དབང་གིས་ཟས་མ་རྙེད་པ་སོགས་ལ་ཇི་མི་སྙམ་པར་བསྡད་རྒྱུ་སྨོས་མེད་ཀྱང་རང་ངོས་དང་བླངས་ཀྱིས་ཟས་བཅད་དང་རང་བསྲེག་ལྟ་བུ་རང་སྲོག་འདོར་བའི་ལས་དོན་མི་བྱེད་པ་བཅས།

༡༡ བདེན་པའི་ཨུ་ཚུགས་བྱ་རྒྱུའི་དགོས་འདུན་ཁག

བདེན་པའི་ཨུ་ཚུགས་ཀྱི་སྒོ་ནས་བསྒྲུབ་རྒྱུའི་དགོས་འདུན་ཐོག་མ་རྣམས་བསྒྲུབ་མི་ནུས་པའམ། ཆེས་བསྒྲུབ་དཀའ་བ་ཞིག་མ་ཡིན་པར་རྒྱུ་མཚན་གྱི་སྒོ་ནས་བསམ་ན་བསྒྲུབ་ནུས་པ་ཞིག་ནས་འགོ་འཛུགས་བྱ་གལ་ཆེ་བས། ལས་འགུལ་འགོ་འཛུགས་སྐབས་འདོན་རྒྱུའི་དགོས་འདུན་གྱི་དཔེ་མཚོན་ཁག་གཤམ་གསལ།

ཀ བོད་དུ་རྒྱ་རིགས་མི་འབོར་སྤོ་ཤུགས་འཕྲལ་དུ་མཚམས་འཇོག་བྱ་དགོས།

ཁ བོད་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་མི་གཏོང་བ།

ག བོད་ཀྱི་ཆབ་སྲིད་ཀྱི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་རྒྱུ།

ང བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང༌། ལྷག་པར་རྡུལ་མཚོན་ཚོད་བལྟ་དང༌། དེའི་གཞི་རྟེན་འཛུགས་པ། རྡུལ་མཚོན་གད་སྙིགས་གཡུག་སྦས་མཚམས་འཇོག་དགོས་རྒྱུ།

ཅ སྲིད་ཀྱི་ལམ་སྲོལ་མང་གཙོ་ཅན་དུ་བསྒྱུར་དགོས་པ་བཅས་ཀྱི་གོང་གསལ་དགོས་འདུན་གང་རུང་ངམ། ཁ་ཤས་བཏོན་ཏེ་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་འགོ་འཛུགས་ཀྱིས་གྲུབ་འབྲས་འོས་འཚམས་ཤིག་ཐོན་པ་ཡིན་ན་རིམ་པ་གཉིས་པར་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བེད་སྤྱོད་བྱ་རྒྱུའི་གོ་སྐབས་དགོས་པའི་རེ་འདུན་འདོན་རྒྱུ། དེའི་རྗེས་ཀྱི་ལས་རིམ་ལས་དོན་སྔ་མའི་གྲུབ་འབྲས་ལས་རང་བཞིན་གྱིས་འབྲེལ་ཆགས་སུ་ཡོང་ངེས།

༡༢ བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་འབྱུང་ངེས་པའི་བར་ཆད།

བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་འགོག་རྐྱེན་དང༌། བར་ཆད་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་ཡོང་སྲིད་ཀྱང༌། དེ་ནི་ཧ་ཅང་འཇིགས་སྣང་དགོས་པ་མ་ཡིན། འོན་ཀྱང་ངེས་པར་འཇིགས་སྣང་དགོས་པའི་བར་ཆད་ཆེ་ཤོས་གཉིས་ཤིག་ཡོང་སྲིད་པ་ནི།

ཀ བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་ཞུགས་མཁན་རྣམས་ལ་ཚད་ལས་བརྒལ་བའི་སྡུག་རྩུབ་མནར་གཅོད་ཆེན་པོ་བཏང་སྟེ་ཁོང་ཁྲོ་སློང་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་སྒོ་ནས་བྱས་ཏེ་བདེན་པའི་ལས་འགུལ་བ་རྣམས་འཚེ་བ་དང༌། བདེན་པ་མ་ཡིན་པའི་ལམ་དུ་ལྷུང་དུ་འཇུག་རྒྱུའི་འབད་རྩོལ་བྱེད་སྐབས་འཚེ་བ་མེད་པའི་དམ་བཅའ་ཤོར་སྲིད། ཡང་ན་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་བ་ཚོ་དང་མཉམ་དུ་ཕ་རོལ་པོས་བརྒྱུད་བསྐུལ་བཀོད་མངགས་ཡོད་པའི་མི་རྣམས་ཞུགས་ཏེ་འཚེ་བའི་བྱ་བ་སློང་ཐབས་བྱེད་སྲིད།

ཁ འགན་ལེན་མེད་པའི་རྫུན་གཏམ་སྣ་ཚོགས་ཀྱིས་འགྲིགས་ཆགས་ཐབས་ལམ་འཚོལ་བའི་ཟོལ་ལ་བརྟེན་ནས་བདེན་པའི་ལས་འགུལ་འགོག་ཐབས་ཀྱི་སྙིང་པོ་མེད་པའི་གྲོས་བསྡུར་གྱི་ངང་དུས་ཚོད་བསྐྱལ་སྲིད་པས་དོན་གནད་འདི་གཉིས་ལ་ངེས་པར་ཐབས་བྱུས་ཟབ་མོའི་སྒོ་ནས་གདོང་ལེན་བྱེད་དགོས།

༡༣ བདེན་པའི་ཨུ་ཚུགས་ལས་འགུལ་གྱི་དྲིལ་བསྒྲགས།

བདེན་པའི་ལས་འགུལ་ནི་དྲིལ་བསྒྲགས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་ཐབས་ལ་ཆེད་དུ་དམིགས་པ་མིན་སྟབས། ལས་འགུལ་གང་དུ་བྱེད་ཡུལ་གྱི་ས་གནས་གཞུང་དང་རྒྱ་དམར་དབུས་གཞུང་གི་འགན་འཛིན་དབང་ལྡན་རྣམས་ལ་ཞིབ་ཆའི་མངོན་འདོད་ཀྱི་ཡིག་ཆ་སྔོན་ཚུད་སྤྲད་དགོས་པ་ལས། བརྒྱུད་ལམ་ཁག་ལ་རང་ངོས་ནས་དྲིལ་བསྒྲགས་མི་བྱེད། འོན་ཀྱང་ལས་འགུལ་འདི་གསང་བ་བྱ་དགོས་ཀྱང་མིན་སྟབས་བརྒྱུད་ལམ་ཁག་དང༌། དེ་མིན་དོ་སྣང་ཡོད་པའི་སྤྱི་སྒེར་སུས་ཀྱང་ཚུར་འདྲི་བརྩད་བྱུང་ན་གནས་ཚུལ་ཞིབ་གསལ་དུས་ཐོག་སོ་སོར་བཤད་རྒྱུ།

༡༤ བདེན་པའི་ལས་འགུལ་གྱི་དཔལ་འབྱོར་མཐུན་རྐྱེན།

བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་ལས་འགུལ་བ་སོ་སོས་ཚུལ་མཐུན་གྱིས་བསྒྲུབ་པའི་ལོག་འཚོ་དང་མ་འདྲེས་པའི་དཔལ་འབྱོར་འདུ་འགོད་བྱ་ཐབས་ཀྱི་ལས་རིམ་གཏན་འབེབས་བྱ་རྒྱུ་དང༌། ལོག་འཚོས་མ་སྦགས་ཤིང་ལན་དང་གྲགས་པ་ལ་མི་རེ་བའི་ཞལ་འདེབས་ཁག་ལེན་ཆོག

༡༥ བདེན་པའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན།

དངོས་སུ་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་དུ་མ་ཞུགས་ཀྱང༌། དེའི་ཆེད་དཔལ་འབྱོར་འདུ་འགོད། མང་ཚོགས་འབྲེལ་ལམ། སྦྱོང་བདར། ཡིག་ཆ་དཔར་བསྐྲུན་ལྟ་བུའི་ལས་དོན་ཅི་རིགས་ཐོག་གཏན་འཇགས་སམ། དུས་ཚོད་ངེས་ཅན་དུ་ཞུགས་འདོད་ཡོད་རིགས་གོང་དུ་དོན་ཚན་དྲུག་པའི་ནང་གསལ་འོས་ཆོས་ ཀ ཁ ང ཅ ཆ ཇ ཉ ད ན བཅས་ཚང་བ་བྱུང་ན་ཞུགས་ཆོག་པ་ཡིན།

༡༦ བདེན་པའི་ཨུ་ཚུགས་ལས་འགུལ་སྐོར་དྭོགས་སེལ།

གཱཾདྷཱིས་དབྱིན་ཇིའི་འོག་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་སྤེལ་བ་དང༌། མང་གཙོ་ཁྲིམས་ཡོད་ཀྱི་རྒྱལ་ཁབ་ཁག་ཏུ་བྱས་པའི་ལས་འགུལ་རྣམས་དང་གཏན་ནས་མི་འདྲ་བར། རྒྱ་ནག་ནི་མི་འབོར་དང་དམག་འབོར་ཆེ་ཞིང༌། ཁྲིམས་སྲོལ་མེད་པ། འགྲོ་བ་མིའི་ཐོབ་ཐང་དང༌། རྒྱལ་སྤྱིའི་མང་ཚོགས་ཀྱི་བསམ་ཚུལ་གང་ལའང་དོ་སྣང་རྩ་བ་ནས་མི་བྱེད་པའི་ཁྲིམས་མེད་ཁྲེལ་མེད་ཀྱི་སྲིད་གཞུང་ཅན་ཞིག་ཡིན་སྟབས། བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་འགོ་འཛུགས་ཐུབ་ཐབས་དཀའ་བ་མ་ཟད། བྱས་ཀྱང་རང་ཤི་བརྒྱབ་པ་ཙམ་ལས་མེད་ཚུལ་དགོངས་མཁན་མང་རུང༌། སྤྱིར་བདེན་པ་དང་འཚེ་མེད་ཀྱི་ལམ་ལ་ནུས་པ་ཞིག་ཡོད་ན་ནི་ཁ་གཏད་སུ་འདྲ་ཞིག་ལ་ཐུག་ཀྱང་ནུས་པ་ཡོད་དགོས་ཤིང༌། ཁྲིམས་མེད་གདུག་རྩུབ་ཅན་ལ་དེ་བས་ཀྱང་ནུས་པ་ཆེ་བ་འཐོན་དགོས། བདེན་པ་རྫུན་པའི་ཁ་གཏད་དང༌། འཚེ་མེད་ཀྱིས་འཚེ་བའི་ཁ་གཏད་བཅའ་སྐབས་བདེན་པ་དང༌། འཚེ་མེད་དེ་ཡང་དག་ཡིན་མིན་གྱིས་ནུས་ཤུགས་ཆེ་ཆུང་འགྲོ་རྒྱུ་ལས། ཕ་རོལ་སྟོབས་ཤུགས་ཆེ་ཆུང་གིས་མི་འགྲོ ཤཱཀྱ་ཐུབ་པས་བདུད་དམག་བྱེ་བ་དུང་ཕྱུར་བྱམས་པའི་ཏིང་ངེ་འཛིན་གཅིག་གིས་བཏུལ་བའི་ཚུལ་ཡང་སྒྲུང་གཏམ་ཙམ་མིན་པར་རིགས་པའི་རྒྱབ་རྟེན་ཡོད་པའི་མཚོན་རྟགས་ཤིག་ཡིན་སྙམ། ཅི་སྟེ་རང་ཤི་བརྒྱབ་པའི་ངང་ཚུལ་དུ་སོང་ནའང༌། གོང་སྨོས་ལྟར་ཤི་རྒྱུར་མཚུངས་པ་ལ་མི་ཚེ་སྟོང་ཟད་ཀྱིས་ཤི་བ་ལས་བསྟན་སྲིད་ཀྱི་དོན་དུ་བདེན་པ་དང༌། འཚེ་བ་མེད་པའི་སྒྲུབ་པ་ཉམས་ལེན་གྱིས་ཤི་ན་དོན་ཆེ་ཞིང༌། ལོ་རྒྱུས་ཀྱི་དགོས་མཁོ་དང་འཚམས་པ་ཡིན།།

གསུང་རྩོམ་འདི་ནི་ ༡༩༩༥ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བྲིས་པ་ཞིག་གོ།