སྐུ་ཞབས་འཇམ་དབྱངས་རྡོ་རྗེས་བརྩམས་པའི་བོད་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་དཔེ་དེབ་ཀྱི་ཆེད་བརྗོད་ཚུལ་དུ་བྲིས་པ་ཞིག
༄༅།། མིའི་འགྲོ་བ་ཕྱུགས་ལས་བྱེ་བྲག་འབྱེད་པའི་ཁྱད་ཆོས་གཙོ་བོ་ནི་བློ་ཡི་འགྱེར་བག་ཕན་ཚུན་གསལ་བར་བྱེད་པའི་བརྒྱུད་ལམ་སྨྲ་བརྗོད་སྐད་ཀྱི་རང་བཞིན་འདི་ཡིན་པས། སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ཅེས་གྲགས། འཇིག་རྟེན་འདིར་ས་ཁུལ་ཐ་དད་དུ་གནས་པའི་མི་ཚོགས་རིགས་རྒྱུད་དང་། ཡུལ་ལུང་མི་འདྲ་བ་སོ་སོར་ཧ་ཅང་མི་འདྲ་བའི་སྐད་ཡིག་སྣ་མང་ཡོད་ཅིང་། དེ་དག་ཆེད་གཉེར་གྱིས་སློབ་སྦྱོང་བྱེད་ན་ལས། རང་གི་ཕ་སྐད་ལྟར་ལྷན་སྐྱེས་སུ་ཤེས་མི་ཐུབ། སྨྲ་བརྗོད་སྐད་ཀྱི་རང་བཞིན་ནི་མི་རིགས་མི་འདྲ་བ་སོ་སོའི་ཐུན་མིན་ངོ་སྤྲོད་ཀྱི་མཚོན་རྟགས་འཕྱུག་མེད་ཅིག་ཡིན། ཡུལ་ལུང་དང་མི་རིགས་གཞི་རྩའི་སྐད་ཡིག་གཅིག་གྱུར་ཡིན་རུང་། སྒྲ་གདངས་དང་། མིང་ཚིག བརྗོད་ཚུལ་མི་མཐུན་པའི་ལུང་ཚན་སོ་སོའི་རྒྱུན་སྤྱོད་སྨྲ་བརྗོད་ཀྱི་ཚུལ་མི་འདྲ་བ་ཧ་ཅང་མང་པོའང་མཐོང་ཆོས་སུ་ཡོད། དེང་སྐབས་ས་ཡི་གོ་ལ་འདིའི་སྟེང་སྐད་ཡིག་མི་འདྲ་བ་ལྔ་སྟོང་བརྒལ་བ་ཞིག་ཡོད་པར་ཚོད་དཔག་བྱེད་ཅིང་། ཡིག་གཟུགས་མེད་པའི་སྐད་ཀྱང་ཧ་ཅང་མང་པོ་ཡོད་པར་སྣང་། སྐད་ཡིག་གི་མཐུན་རྐྱེན་ལ་བརྟེན་ནས་མིའི་རིགས་ཀྱི་ཤེས་ཡོན་རྣམས་མི་རབས་ནས་མི་རབས་བརྒྱུད་དེ་གོང་འཕེལ་དང་ལེགས་བཅོས་ཐུབ་པ་དང་། ཆེས་གནའ་དུས་སུ་བྱུང་བའི་རིག་གནས་ཁག་ཀྱང་ཉམས་མེད་རྒྱུན་གནས་ཐུབ་པ་མ་ཟད། ཡར་རྒྱས་དང་དུས་བསྟུན་གྱི་འགྱུར་འགྲོས་སུ་ཞུགས་ཐུབ་པ་ཡིན། འཇིག་རྟེན་འདིར་ཡིག་གཟུགས་འབྲི་བའི་ལམ་སྲོལ་བྱུང་མེད་ན། སྲོལ་རྒྱུན་གྱི་ཤེས་ཡོན་དང་། གནའ་བོའི་བྱུང་རབས། གཏིང་ཟབ་ཀྱི་རིག་གནས་སོགས་གང་ཡང་མེད་པར། མིའང་རུས་རྒྱུད་ཀྱི་གོམས་གཤིས་ལ་བརྟེན་པའི་དུད་འགྲོའི་ཁྱུ་ཚོགས་དང་ཁྱད་མེད་དུ་གནས་པར་ངེས།
འཇིག་རྟེན་འདིར་སྐད་ཡིག་ཐོག་མར་ཇི་ལྟར་བྱུང་བ་དང་། ཡར་རྒྱས་སམ་ཉམས་ཆག་གི་འགྱུར་འགྲོས་ཇི་ལྟར་བྱུང་བའི་ཐད་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེ་དག་ནི་གཞི་རྐང་འཇིག་རྟེན་ལ་ལྟ་ཚུལ་ (World view) མི་འདྲ་བ་གཉིས་ཡོད་པའི་དབང་གིས་ཡིན། སྲོལ་རྒྱུན་ནམ་ཤར་གླིང་པའི་འཇིག་རྟེན་ལྟ་ཚུལ་ནི་རྫོགས་ལྡན་ནས་ཉམས་རྒུད་ཀྱིས་དེང་སྐབས་རྩོད་ལྡན་ཚེ་ལོ་བརྒྱ་པར་སོན་པའི་ལྟ་ཚུལ་དང་། དེང་རབས་སམ་ནུབ་ཕྱོགས་པས་གདོད་མའི་མི་རིགས་ནས་རིམ་བཞིན་ཡར་རྒྱས་ཀྱིས་རྡོའི་དུས་རབས་དང་། ལྕགས་ཀྱི་དུས་རབས། ཚན་རིག་དང་འཕྲུལ་ཆས་ཀྱི་དུས་རབས་སོགས་ཀྱི་བརྒྱུད་ད་ལྟ་ཡར་རྒྱས་ཀྱི་རྩེ་མོར་སོན་པ་ལ་མངོན་དུ་ཕྱོགས་པར་ལྟ་བ་ཡིན། དེ་ལྟའི་ལྟ་ཚུལ་གཉིས་ཀྱི་བརྒྱུད་ཡི་གེའི་བྱུང་རིམ་གྱིས་མཚོན་པའི་སྔོན་བྱུང་རིག་པའི་ (History) འགྲེལ་བརྗོད་བྱེད་སྟངས་ཆེས་མི་འདྲ་བ་ཡོད་ནའང་། ཉེ་བའི་ལོ་གྲངས་སྟོང་ཕྲག་ལྔ་དྲུག་གི་དུས་ཡུན་གྱི་དེ་བྱུང་གི་གནས་བབ་ལ་ཁྱད་པར་ཆེན་པོ་མེད་དེ། དེ་ནི་དེ་བྱུང་གི་དུས་ཡུན་ (Historical time) ནང་དུ་ཚུད་ཅིང་། དེ་དག་དངོས་རྫས་རྙིང་པ་དང་། རྩོམ་རིག་སོགས་ཀྱི་དངོས་མཐོང་དན་རྟགས་ལ་བརྟེན་ནས་གཏན་འབེབས་བྱེད་དགོས་པས་སོ།། སྐད་དང་། ཡིག་གཟུགས། རྩོམ་རིག་སོགས་ཀྱི་འཕེལ་རིམ་སྐོར་ཤར་ནུབ་ཀྱི་གླིང་ཆེན་སོ་སོར་དེ་བྱུང་དང་། སྒྲུང་གཏམ་འདྲ་མིན་ཇི་སྙེད་ཅིག་ཡོད་པ་རྣམས་མཐའ་དག་པ་དང་། མཐའ་ཆོད་པ་ཞིག་བརྗོད་པར་དཀའ་ཞིང་། དགོས་ཚོགས་ཀྱང་མ་མཐོང་།
རྣམ་འདྲེན་བཞི་པ་འཇིག་རྟེན་དུ་བྱོན་པའི་སྐབས་འཛམ་བུའི་གླིང་ངམ་འཕགས་པའི་ཡུལ་འདིར་སྐད་ཡིག་གྲགས་ཆེ་བ་ ༦༤ ཡོད་པ་མདོ་རྒྱ་ཆེར་རོལ་པ་ནས་གསུངས་ཤིང་། ཕྱི་ནང་གི་བསྟན་བཅོས་གཞན་དག་ཏུ་སྐད་རིགས་ ༣༦༤ སོགས་ཀྱི་བཤད་སྲོལ་ཡང་ཡོད། མདོ་རྒྱ་ཆེར་རོལ་པར་གསལ་བའི་སྐད་ཡིག་མང་དག་བྱུང་རབས་སུ་ངོས་འཛིན་མི་ཐུབ་ཀྱང་། ངོས་འཛིན་ཐུབ་པའང་ཁརོཥྚཱི་ལྟ་བུ་ད་ལྟ་རྙེད་སོན་ཡོད་པ་འགའ་ཤས་ཡོད། དེ་དག་ལ་གཞིགས་ན་ཆེས་གནའ་བོའི་དུས་རབས་སུ་སྐད་དང་ཡི་གེའི་རྣམ་གྲངས་ད་ལྟ་ལས་མང་བ་ཡོད་པར་མངོན།
ཡི་གེ་ནི་མིང་ཚིག་གི་རྩོམ་གཞིར་གྱུར་པའི་སྒྲ་གདངས་ཤིག་ལ་བརྗོད་པས། གང་དུ་སྐད་ཀྱི་སྨྲ་བརྗོད་ཡོད་པ་དེར་ཡི་གེའང་ཡོད་དགོས་ཤིང་། སྐད་སོ་སོའི་རང་བཞིན་དང་། མིང་ཚིག་གི་རྣམ་གྲངས། སྒྲ་གདངས་བཅས་ལ་ལྟོས་ཏེ་ཡིག་འབྲུ་མང་ཉུང་དང་། དབྱངས་གསལ་སོགས་ཀྱི་དབྱེ་བ་བྱུང་ཞིང་། ཡི་གེ་ཡོད་ཚད་ལ་ཡིག་གཟུགས་ཡོད་པའི་ངེས་པ་མེད་པ་ནི་མཐུན་སྣང་དུ་གྲུབ། སྨྲ་བརྗོད་སྐད་ཀྱི་བྱེད་ལས་རྒྱུན་གནས་ཡོང་ཐབས་སུ་ཡི་གེའི་སྒྲ་གདངས་མཚོན་པའི་རི་མོ་“ཡིག་གཟུགས་”ཏེ་མིག་ཤེས་སམ་ལུས་ཤེས་ཀྱི་ཡུལ་དུ་གྱུར་པ་ཞིག་མེད་དུ་མི་རུང་བར་མཐོང་སྟེ། སྒྲ་གདངས་མཚོན་བྱེད་དཔེ་རིས་གཟུགས་སུ་འབྲི་བའི་སྲོལ་བྱུང་བ་གནའ་དེང་གི་ལྟ་ཚུལ་མཐུན་ཞིང་། བྱེད་པ་པོ་དང་བྱུང་བའི་རིམ་པ་ལ་བཤད་ཚུལ་མི་མཐུན་པར་སྣང་། སྲོལ་རྒྱུན་ལྟར་ན་ཡིག་གཟུགས་ཀྱི་རྣམ་གྲངས་རགས་པ་ཙམ་གསུམ་དུ་ཕྱེ་སྟེ། ཅིཏྲལིཔི་ཞེས་པ་ཡི་གེའི་སྒྲ་གདངས་མཚོན་བྱེད་མ་ཡིན་པར། དངོས་པོ་གང་ཞིག་གི་མིང་དོན་མཚོན་སླད་བརྗོད་བྱ་སོ་སོའི་གཟུགས་བརྙན་ལྟ་བུ་འབྲི་བ། རྒྱ་ནག་ཡི་གེ་ལྟ་བུ་དང་། སཾཀེཏལིཔི་ཞེས་པ་མཚོན་རྟགས་ཀྱི་ཡི་གེ་སྟེ་གཟུགས་བརྙན་དུ་མ་འབྲི་རུང་། རི་མོའི་མཚོན་རྟགས་མིང་ངམ་བརྗོད་བྱ་བྱེ་བྲག་པ་མཚོན་པར་བྱེད་པ། དེང་དུས་ཀྱི་མགྱོགས་ཡིག་ (Short hand) ལྟ་བུ། དྷྭནིལིཔི་ཞེས་པ་ཡི་གེའི་སྒྲ་གདངས་མཚོན་པའི་གཟུགས་ཏེ་ད་ལྟའི་བོད་ཀྱི་ཡིག་གཟུགས་དང་ཨིན་ཇིའི་ཡིག་གཟུགས་ལྟ་བུ་ཡིག་གཟུགས་ཕལ་མོ་ཆེ་འདིའི་ནང་འདུས། སྤྱིར་གཟུགས་བརྙན་གྱིས་སྒྲ་གདངས་མཚོན་པར་དཀའ་ཡང་། གླུ་གཞས་གཏོང་མཁན་ཚོས་སྐད་ཀྱི་འགྱུར་ཁུགས་དང་མཐོ་དམན་ལག་སྟབས་ཀྱིས་མཚོན་ཐབས་བྱེད་པ་བཞིན་དབྱངས་ཀྱི་ང་རོ་འགུགས་པ་དང་འགྲེང་བ་སོགས་དབྱངས་ཡིག་གི་གཟུགས་ཀྱིས་མཚོན་པ་ལྟ་བུའོ།།
བོད་ཀྱི་ཡིག་གཟུགས།
བོད་དུ་མིའི་འགྲོ་བ་བྱུང་བ་ནས་བཟུང་བོད་སྐད་དང་བོད་ཡིག་ཀྱང་ཡོད་མོད། ཡིག་གཟུགས་འབྲི་བའི་ཚུལ་ནི་སྐད་ཡིག་གཞན་ལ་ལྟོས་ན་ཧ་ཅང་ཕྱིས་སུ་བྱུང་སྟེ། འཇིག་རྟེན་འདིའི་ཡིག་གཟུགས་རྣམས་ཀྱི་ནང་བོད་ཀྱི་ཡིག་གཟུགས་ན་ཚོད་གཞོན་ཤོས་ལྟ་བུར་བརྩི་ཆོག བོད་ཀྱི་ཡིག་གཟུགས་ཀྱི་བྱུང་ཚུལ་ལ་བཤད་ཚུལ་མི་འདྲ་བ་གཉིས་ཏེ། ད་ལྟ་རང་རེས་རྒྱུན་སྤྱོད་བྱེད་བཞིན་པ་ཐོན་མིས་བརྩམས་པའི་ཡིག་གཟུགས་མ་བྱུང་གོང་བོད་ཀྱི་ཡིག་གཟུགས་ཡོད་པར་བཞེད་པ་དང་། ཐོན་མིའི་སྔོན་དུ་བོད་ཀྱི་ཡིག་གཟུགས་མེད་པར་བཞེད་པ་གཉིས་ཏེ། དང་པོ་ལྟར་ན་སྟག་གཟིགས་སྤུངས་ཡིག་ཅེས་པའི་ཡིག་གཟུགས་དེ་བོད་ཀྱི་ཡིག་གཟུགས་ཐོག་མ་ཡིན་པ་དང་། དེ་ནི་བོན་དང་དུས་མཚུངས་སུ་བྱུང་ཞིང་། ལྷ་བབ་ཡི་གེ གཟི་ཡིག སྨར་ཆེན། སྨར་ཆུང་སོགས་ཡིག་གཟུགས་མང་པོ་ཡོད་པ་དང་། ཐོན་མིས་སྨར་ཡིག་ལ་དཔྱད་གཞི་མཛད་དེ་ད་ལྟའི་ཡིག་གཟུགས་འདི་བཏོད་པར་བཞེད་མོད། འདི་ནི་སྔོན་རབས་ལྟ་བུ་ལས་བྱུང་རབས་ཀྱི་དན་རྟགས་གང་ཡང་ད་བར་རྙེད་སོན་མ་བྱུང་། གལ་ཏེ་ཐོན་མིའི་གོང་བོད་ཀྱི་ཡིག་གཟུགས་མེད་ན་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བརྩམས་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་དུས་འཁོར་རྩ་རྒྱུད་བོད་ཡིག་ཏུ་འབྲི་ཚུལ་གསལ་བ་ཇི་ལྟར་དྲང་ཞེ་ན། དེ་མ་འོངས་པར་བོད་ཡིག་ཏུ་འབྲི་བར་འགྱུར་བའི་ལུང་བསྟན་ལྟ་བུར་བཀྲལ་དགོས་ཏེ། ཐོན་མིའི་གོང་བོད་ཀྱི་ཡིག་གཟུགས་ཡོད་མིན་ཇི་ལྟར་ཡང་། རྒྱལ་བའི་གསུང་རབ་མདོ་རྒྱུད་གང་ཡང་བོད་དུ་མ་དར་བ་ལུང་རིགས་ཀྱིས་གྲུབ་པས་སོ།། བཞེད་ཚུལ་གཉིས་པ་ནི་དོན་དང་མཐུན་པར་སྣང་སྟེ། ཐོན་མི་རྒྱ་གར་དུ་བརྫངས་པ་དང་། དེས་དེབ་བིདྱཱ་སིཾཧ་སོགས་རྒྱ་གར་དབུས་ཀྱི་ནཱལནྡཱའི་བླ་མ་མང་པོ་བསྟེན་ཏེ་ལེགས་སྦྱར་གྱི་སྐད་ལ་སྦྱངས་བརྩོན་དང་། ཁྱད་པར་དུ་པཎྜིཏ་ལིཔི་ཀར་སྟེ་སློབ་དཔོན་ཡིག་མཁན་ལ་བསྟེན་ནས་ཡིག་གཟུགས་ལ་དམིགས་བསལ་གྱིས་ཉམས་ཞིབ་མཛད་པར་སྣང་། དེ་ཡང་ཁ་ཆེའི་ཡི་གེ་ལ་དཔེ་མཛད་པ་དང་། ཚངས་པའི་ཡི་གེ་ལ་དཔེ་མཛད་པ། དེབ་ནཱགརཱི་ལ་དཔེ་མཛད་པ། གུཔྟའི་ཡི་གེ་ལ་དཔེ་མཛད་པ་སོགས་ཚིག་རིས་མི་མཐུན་པ་སྣ་ཚོགས་ཤིག་བོད་གཞུང་རྣམས་སུ་བྱུང་མོད། དོན་དུ་འགལ་བ་མེད་དེ། སྐབས་དེར་རྒྱ་གར་དབུས་སུ་བེད་སྤྱོད་བྱེད་བཞིན་པའི་ཡིག་གཟུགས་ལ་ནཱགརཱིའམ་ཡང་ན་དེབ་ནཱགརཱི་ཞེས་འབོད་པ་དང་། དེ་ཉིད་གུཔྟའི་རྒྱལ་རབས་སུ་དར་བས་གུཔྟའི་ཡིག་གཟུགས་ཀྱང་འབོད་དེ། དེ་དག་དོན་གཅིག་མིང་གི་རྣམ་གྲངས་སུ་ཟད་ཅིང་། ཁརོཥྚཱི་ཡིག་གཟུགས་ནང་ནང་པའི་བཀའ་བསྟན་མང་པོ་བྲིས་ཡོད་པས། ཡིག་གཟུགས་དེ་ཁྱབ་བརྡལ་ཆེ་ལ། དེའི་འབྱུང་ཁུངས་རྡོ་འཇོག་ (Taxila) གམ་ཁ་ཆེའི་ཡུལ་ནས་ཡིན་པར་གྲགས་པས། དེ་ལ་ཁ་ཆེའི་ཡི་གེ་ཞེས་བརྗོད་སྲིད་པ་དང་། དེ་ནས་ཀྱང་བོད་ཀྱི་ཡིག་གཟུགས་བསྐྲུན་པ་ལ་ལེགས་ཆ་བླངས་སྲིད། མཁས་པ་འགས་ལན་ཚ་ལ་དཔེ་བླངས་ཏེ་དབུ་ཅན་དང་། ཝརྟུ་ལ་དཔེ་བླངས་ནས་དབུ་མེད་ཀྱི་གཟུགས་བསྐྲུན་ཚུལ་གསུངས་པ་ནི་ཅུང་ཟད་ཐེ་ཚོམས་ཀྱི་གནས་ཏེ། མདོ་རྒྱ་ཆེར་རོལ་པའི་ནང་ཡིག་རིགས་ ༦༤ གསལ་བའི་ནང་ཚན་གྱི་ལཉྫན་ཡིན་ན་ལས། ད་ལྟའི་ཡོངས་གྲགས་ཀྱི་བལ་པོའི་ཡིག་གཟུགས་ཁག་ཏུ་གསལ་བའི་རཉྫན་ཡིན་ན་དེ་ལས་བོད་ཀྱི་ཡིག་གཟུགས་བཟོ་ཚུལ་འཆད་དཀའ་ཞིང་། ཝརྟུ་ནི་བོད་དུ་ད་ལྟ་འབྲི་རྒྱུན་ཡོད་པ་ཙམ་ལས། རྒྱ་བལ་གཉིས་སུ་ངོས་འཛིན་དཀའ་བ་གྱུར་ཟིན། དེ་བཞིན་དབུ་ཅན་མགྱོགས་བྲིས་ཀྱིས་དབུ་མེད་བྱུང་བ་བཞེད་མཁན་ཡང་ཡོད་མོད། རྒྱ་གར་དུའང་དབུ་མཁྱུད་ཡོད་མེད་ཀྱི་ཡི་གེ་གཉིས་ཀ་འབྲི་སྲོལ་ཡོད་པ་བཞིན་ཐོག་མ་ནས་ཡིག་གཟུགས་གཉིས་ཀ་ཐོན་མིས་བསྐྲུན་པར་འདོད་པ་ལ་ཉེས་པ་མ་མཐོང་སྟེ་དབུ་ཅན་དབུ་མེད་ཀྱི་མིང་ཡང་རྒྱ་གར་ནས་དཔེ་བླངས་པར་མངོན། དེ་ལྟར་ཐོན་མིས་ཡིག་གཟུགས་བསྐྲུན་པ་ནས་བཟུང་ད་བར་གཟུགས་ལ་འགྱུར་བ་ཆེན་པོ་མ་བྱུང་བར་ཐོན་མིའི་ཡིག་ཕུད་དུ་གྲགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བསྟོད་པ་སྣང་ལྷ་ཁང་གི་ཉེ་འགྲམ་བྲག་ངོས་སུ་བརྐོས་པ་དང་། ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་དཀྱིལ་ཙམ་དུ་བཙུགས་པའི་རྩེ་ཕོ་བྲང་གི་རྡོ་རིང་ཕྱི་མ། བརྒྱ་ཕྲག་དགུ་པའི་མགོར་བཙུགས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་ཡིག དུས་ཕྱིས་རྙེད་པའི་ཏུན་ཧང་གི་ཡིག་རྙིང་སོགས་ཀྱི་ཡིག་གཟུགས་རྣམས་ད་ལྟའང་ཀློག་མ་ཐུབ་པ་མེད་པ་འདི་དགའ་སྤོབས་འོས་པ་ཞིག་ཡིན། དེ་ནི་བོད་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་དང་། ལྷག་པར་གསུང་རབ་ཤིང་པར་དུ་བསྐྲུན་པའི་ལམ་སྲོལ་དར་བ་ནས་ཡིག་གཟུགས་འགྱུར་མེད་རྒྱུན་འཁྱོང་ལ་ཕན་ཐོགས་བྱུང་ཡོད། གཞན་ཡང་བརྒྱ་ཕྲག་དགུ་པའི་མགོ་སྟོད་དུ་བྱོན་པའི་ཁྱུང་པོ་གཡུ་ཁྲིས་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་ཡིག་གཟུགས་ལ་གཞི་བཟུང་ནས་དབུ་ཅན་གྱི་ཐིག་ཚད་གཏན་ལ་ཕབ། དེའི་སློབ་མ་རོང་པོས་ “ཡི་གེ་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ་” ཞེས་པ་བརྩམས། ཕྱིས་བརྒྱ་ཕྲག་བཅུ་བདུན་པའི་ནང་སྡེ་སྲིད་སངས་རྒྱམ་གྱིས་ཐིག་རིས་རིན་ཆེན་སྒྲོམ་བུའི་འགྲེལ་བཤད་བརྩམས་པ་བཅས་དོན་དུ་དབུ་ཅན་གྱི་ཡིག་གཟུགས་ལྷ་སྐུའི་ཐིག་ཚད་བཞིན་ཐིག་རིས་ཀྱིས་བཅད་དེ་འགྱུར་བ་མེད་པར་མཛད། སྲོང་བཙན་ནས་ཁྲི་རལ་བར་རྒྱལ་རབས་བརྒྱད་ཀྱི་རིང་མཁས་པ་བརྒྱད་ཀྱིས་ཡིག་གཟུགས་ཟུར་ཐོན་བྲིས་པ་རྣམས་ལ་རིམ་བཞིན་སྦལ་ནག་བགྲད་འདྲ་དང་། སོ་ཕག་བཤིབས་འདྲ། བྱ་ཕོ་འཇོལ་འདྲ། ནས་སྔོན་ཕྱིང་དཀར་ཐོག་བཀྲམས་པ་འདྲ་བ། མུ་ཏིག་བསྟར་བརྒྱུས། སྦུར་ནག་བགྲད་འདྲ། ཉ་མོ་ཆུའི་ནང་ནས་འཁྱུར་འདྲ། སེངྒེ་གནམ་མཆོངས་བཅས་བྱུང་ཚུལ་ངག་རྒྱུན་དུ་གསལ་ཡང་། དཔེ་མི་རྙེད། བསྟན་པ་ཕྱི་དར་གྱི་སྐབས་སྒྲོ་གཉའ་ཁྲིས་རྡོ་རིང་གི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་ལེགས་བཅོས་བྱས་པ་དེ་ལ་བར་གསར་ཟེར་སྐད། དེ་མཚུངས་སྐྱོགས་ལོ་དང་། འགོས་ལོ། ཆག་ལོ་གསུམ་གྱི་ཡིག་གསར་གསུམ་དང་། ངོ་མཚར་ཡིག་གསར་དང་། བློ་ལྡན་ཡིག་གསར། དབྱངས་ལྡན་ཡིག་གསར། རྡོར་གདན་ཡིག་གསར། རིན་སྤུངས་ཡིག་གསར་སོགས་ཡོད་ཚུལ་བཤད་ཀྱང་། ཡིག་དཔེ་ནི་རྙེད་དཀའ། དབུ་མེད་ལ་ལི་ལུགས་དང་ལྡན་ལུགས་གཉིས་ཡོད་པ་ལས། ལི་ལུགས་ཀྱི་ལག་རྒྱུན་དེང་སྐབས་མེད་ཅིང་། ལྡན་ལུགས་ནི་ད་ལྟ་རང་རེས་སྤྱོད་བཞིན་པའི་ལག་རྒྱུན་འདི་ཡིན་པ་དང་། དེ་ནི་བརྒྱ་ཕྲག་བརྒྱད་པའི་དཀྱིལ་ཙམ་དུ་ལོ་ཙཱ་བ་ལྡན་མང་རྩེ་མངས་ཀྱི་ཕྱག་རྒྱུན་ཡིན་པར་གྲགས། དབུ་ཅན་ལྟར་དབུ་མེད་ལ་ཐིག་ཚད་མེད་སྟབས། བརྒྱ་ཕྲག་བཅོ་ལྔ་པའི་མགོར་རྒྱལ་རྩེ་སྡེ་པ་རབ་བརྟན་ཀུན་བཟང་གིས་ཡིག་གཟུགས་མང་པོ་བསྡུས་ཏེ་ལེགས་ཤོས་ལ་དཔེ་བྱས་ནས་དབུ་མེད་ཀྱི་ཐིག་ཚད་བརྩམས། དེའི་འགྲེལ་བཤད་གོང་ལྟར་སྡེ་སྲིད་ཀྱིས་བརྩམས་ཡོད། དེང་སང་ཐིག་ཚད་དེ་དག་གི་དཔེ་རྒྱུན་དཀོན་ཞིང་། རྒྱུས་མངའ་ཅན་ཡང་ཉུང་རུང་། ད་ཆ་ཡིག་གཟུགས་ལག་བྲིས་མ་དགོས་པར་འཕྲུལ་ཆས་ཀྱིས་པར་རྒྱུར་བརྟེན། ལག་རྩལ་ཉམས་ཀྱང་། ཡིག་གཟུགས་ཉམས་མེད་དུ་གནས་ཐུབ། གོང་གསལ་དབུ་ཅན་དབུ་མེད་གཉིས་ཀའི་ཐིག་ཚད་དང་། ཡིག་གཟུགས་ཆབས་ཅིག་ཏུ་བཀོད་པའི་དཔེ་རིས་བརྒྱ་ཕྲག་བཅུ་དགུ་པའི་ནང་སྐུ་འབུམ་དགོན་དུ་བརྐོས་པའི་ཤིང་པར་ཁུངས་ལྡན་ཞིག་ཡོད་པ་ད་ལྟའང་རྙེད་སོན་ཡོད་ཚོད་འདུག དབུ་མེད་ཡིག་གཟུགས་རྣམ་གྲངས་མང་ཡང་གཙོ་ཆེ་ཚུགས་རིང་དང་། ཚུགས་ཐུང་། ཚུགས་མ་ཁྱུག ཁྱུག་ཆེན་བཅས་ཡིན་པ་དང་། དབུ་མེད་ཁོངས་གཏོགས་འབྲུ་ཚ་ལ་སྒོ་ཞབས་མ་དང་། ཞབས་རིང་། ཞབས་ཐུང་སོགས་ཡོད་ཅིང་། དེ་དག་ལའང་གཞུང་བྲིས་དང་། བླ་བྲིས། སྙེ་བྲིས་ཀྱི་ཁྱད་པར་དང་། དབུ་ཅན་ལ་སྙེ་བྲིས་དང་ཁམས་བྲིས་ཀྱི་ཁྱད་པར་ཡོད་སྐད། དེ་ལྟར་བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་ནི་རྒྱ་ཆེ་གཏིང་ཟབ་རྣམ་གྲངས་མང་བ་ཞིག་ཡིན། བོད་ཀྱི་ཡིག་གཟུགས་གསར་གཏོད་སྐབས་བོད་ཡིག་ཙམ་མ་ཡིན་པར། དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་བཞི་ཡོད་པའི་རྒྱ་གར་གྱི་ཡི་གེའི་གཟུགས་ཀྱང་བོད་གཟུགས་སུ་བསྐྲུན་པས། གཟུངས་སྔགས་སོགས་ལེགས་སྦྱར་གྱི་སྐད་བོད་ཀྱི་ཡིག་གཟུགས་སུ་ཚེགས་མེད་དུ་ནོར་འཁྲུལ་མེད་པར་འབྲི་ཐུབ། གཞན་ཡང་བོད་ཀྱི་ཡིག་གཟུགས་ལ་དམིགས་བསལ་གྱི་ཁྱད་ཆོས་དབྱངས་བཞིའི་རྟགས་དང་། བར་ཚེག ཡིག་མགོ ཆིག་ཤད། ཉིས་ཤད། བཞི་ཤད། སྤུངས་ཤད། སྦྲུལ་ཤད། ཕུར་ཤད། གཏེར་ཚེག་བཅས་བོད་ཡིག་གི་རྐྱེན་བཅུ་གསུམ་དུ་གྲགས་པ་དེ་དག་ཡིན།
དེ་ལྟའི་ཡིག་གཟུགས་གང་ལ་ལྡན་པའི་བོད་ཀྱི་ཡི་གེ་ནི་གསལ་བྱེད་སུམ་ཅུ་དང་། དབྱངས་བཞིའི་བདག་ཉིད་ཅན་ཞིག་ཡིན་པ་དང་། དབྱངས་གསལ་དེ་དག་ནས་གསལ་བྱེད་དྲུག་མ་གཏོགས། ལེགས་སྦྱར་གྱི་དབྱངས་གསལ་ནས་བླངས་ཤིང་། བོད་སྐད་ཀྱི་རང་བཞིན་ལ་རིང་ཐུང་ལྕི་ཡང་གི་ཁྱད་པར་མེད་སྟབས། དབྱངས་བཞི་ལས་མི་དགོས་པ་དང་། མཐུག་པོ་ལྔ་དང་། ལོག་པ་ལྔ་། ཀྵ་ཡིག་བཅས་བོད་སྐད་ལ་མི་མཁོ་བས་དོར་ཞིང་། ལེགས་སྦྱར་དུ་མེད་པའི་ཙ་ཚ་ཛ་ཞ་ཟ་འ་བཅས་བོད་ཀྱི་དགོས་མཁོ་དང་བསྟུན་ནས་གསར་འཇུག་གནང་། དེ་ཡང་འོལ་ཚོད་དུ་མིན་པར། ཅ་ཆ་ཇ་གསུམ་ལ་སྒྲ་འགྱུར་བའི་ཟུར་རྟགས་བརྒྱབས་ཏེ་ཙ་ཚ་ཛ་དང་། ཤ་ཡི་སྒྲ་གདངས་མཐུག་ཏུ་བཏང་བའི་ཞ། ཇ་དང་ཛའི་བར་གྱི་སྒྲ་གདངས་ཤིག་ལ་ཟ་ཞེས་འབོད་པ་ཡིག་གཟུགས་ཇ་ལོག ཨ་ཕྱེད་བཤགས་འ་བཅས་གསར་བསྐྲུན་མཛད་དེ་དབྱངས་གསལ་དེ་དག་གིས་བརྩམས་པའི་བོད་སྐད་མིང་ཚིག་དང་། སྡེབ་སྦྱོར། ཚིག་རྒྱན་སོགས་སྒོ་ཀུན་ནས་ལེགས་སྦྱར་དང་དོ་མཉམ་པར་མཛད་པ་ནི་ངོ་མཚར་དངོས་བྱུང་ཞིག་ཡིན་ཞིང་། དེ་ལ་བརྟེན་ནས་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་དང་། ཐུན་མོང་བའི་རིག་གནས་སོགས་འཇིག་རྟེན་འདིའི་ནང་སྒྲ་སྒྱུར་གྱི་ལས་དོན་མང་ཤོས་དང་། དག་ཤོས། ཚད་དང་ལྡན་ཤོས་བྱུང་བ་དང་། དེ་ལ་བརྟེན་ནས་སྒྲ་དང་ཚད་མ། བཟོ་དང་གསོ་བའི་རིག་གནས་རྒྱ་ཆེ་གཏིང་ཟབ་བོད་སྐད་དུ་བཞུགས་པ་མ་ཟད། ལྷག་པར་ནང་དོན་རིག་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་བཀའ་བསྟན་གཞུང་ལུགས་ཚང་ལ་མ་ནོར་བ་བཞུགས་པ་འདིའང་སྐད་དང་ཡིག་གཟུགས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་འདི་ཁོ་ནའི་དྲིན་ཡིན་པར་སྣང་ངོ་།།
ཡ་མཚན་སྐྱེ་གཞི་ཞིག་ལ། བོད་ཀྱི་བརྡ་སྤྲོད་སྨྲ་བའི་གནའ་རབས་ཀྱི་མཁས་དབང་རྣམས་ནས་བཟུང་ད་ལྟའི་མཁས་དབང་རྣམས་ཀྱི་བར་མགྲིན་གཅིག་ཏུ་ཅ་ཆ་ཇ་གསར་སྣོན་ཡིན་པར་བཞེད་པ་དང་། ཡིག་ཆ་གསར་རྙིང་ཚང་མའི་ནང་ལེགས་སྦྱར་འབྲི་སྐབས་ཙ་ཚ་ཛ་འབྲི་སྲོལ་དར་འདུག་པ་དེ་ནི་དེང་སྐབས་ལེགས་སྦྱར་གྱི་ཡི་གེར་བལྟས་ན་མངོན་སུམ་ལ་བསྙོན་པ་ཉིད་དུ་མ་ཟད། བོད་ཡིག་རང་ལའང་སྡེ་ཚན་འཇོག་སྟངས་དང་། ཡིག་གཟུགས་འབྲི་སྟངས་གཉིས་ཐད་ནས་ཙ་ཚ་ཛ་གསར་སྣོན་ཡིན་པ་མཐོང་ཆོས་སུ་གྲུབ་པ་དེ་ལྟར་ཡང་། ཐོག་མའི་འཁྲུལ་གཞི་གང་ནས་བྱུང་བ་དང་། ད་བར་མ་དག་རྒྱུན་འབྱམས་དེ་དག་ཀླན་ཀ་མེད་པར་གནས་ཐུབ་པའི་རྒྱུ་མཚན་ཇི་ཡིན་བློ་ལྡན་རྣམས་ཀྱིས་དཔྱད་པར་འོས་སོ།། ཡིག་འབྲུ་དེ་དག་རྙེད་ཚུལ་ཡང་། ཟ་ཧོར། འོང་། ཞང་ཞུང་། ཇ་ཉོ། ཅི་ཆ་ཟེར་བའི་སྨྲ་བརྗོད་ལ་བརྟེན་ནས་རྙེད་ཚུལ་གསུངས་པ་ནི་བྱིས་པ་བྲིད་པའི་སྒྲུང་གཏམ་ལྟ་བུར་སྣང་ཞིང་། བརྒྱ་ཕྲག་བཅུ་གཅིག་ནང་བྲིས་པའི་ཡིག་རྙིང་ཞིག་ཏུ་ཡི་གེ་དྲུག་ཡུལ་དྲུག་གི་མིང་ཟུར་ནས་རྙེད་པར་གསལ་ཚུལ་འདུག་ཀྱང་། དེའི་ནང་དུའང་ཅ་ཆ་ཇ་གསུམ་གསར་སྣོན་ཡིན་ཤག་ཏུ་མཛད་སྣང་ངོ་།།
བོད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི་གསལ་བྱེད་སུམ་ཅུའི་ནང་ནས་སྔོན་རྗེས་མིང་གཞིའི་དབྱེ་བ་དང་། བརྩེགས་འདོགས་ཀྱི་ཆ་རྐྱེན་རྣམས་ཡིན་ཞིང་། དེ་དག་སྐད་ཡིག་གཞན་ལ་ཤིན་ཏུ་དཀོན་པར་སྣང་། སྲོག་ལྡན་སྲོག་མེད་ཀྱི་རྣམ་གཞག་མི་དགོས་པར། རྗེས་འཇུག་མ་ཞུགས་ན་ཡིག་འབྲུ་ཡན་གར་བས་དོན་སྟོན་མི་ནུས་པ་འདིས་མིང་ཚིག་ཡི་གེའི་དབྱེ་མཚམས་ཀྱང་གསལ་བར་བྱས་འདུག བོད་སྐད་ལ་བསྐྱར་ཞིབ་དང་གསར་བཅད་ཀྱི་རིམ་པ་ལན་འགའ་བྱུང་ཡང་། ཡིག་གཟུགས་ལ་ལེགས་བཅོས་དང་། རྒྱས་སྤྲོས། གཏན་འབེབས། ཡང་ན་དུས་བསྟུན་རང་བཞིན་གྱི་འགྱུར་འགྲོས་ཕྱིན་པ་ཙམ་ལས། བསྐྱར་ཞིབ་དང་གསར་བཅད་ཀྱི་ལས་རིམ་མ་བྱུང་བར་མངོན། དེ་ལྟར་ཡིག་གཟུགས་གསར་གཏོད་མཛད་པ་ཙམ་དུ་མ་ཟད། ཡིག་རིགས་དང་། གསུང་རབ་གླེགས་བམ་བསྐྲུན་པ་ལ་ཉེ་བར་མཁོ་བའི་ཤོག་བུའི་བཟོ་སྐྲུན་དང་། ཤོག་བག་སྦྱར་འདུལ་གྱིས་མཐིང་ཤོག་སོགས་གླེགས་བམ་གྱི་དཔེ་ཤོག་བཟོ་སྟངས། སྣག་ཚ་སྦྱངས་འདུལ། སྨྱུ་གུའི་སྨུག་ཚད་དང་། དབུ་ཅན་དང་དབུ་མེད་སོ་སོར་སྨྱུག་ཁ་གཅོད་ཕྱོགས་ཡན་གྱི་བཟོའི་གནས་མཐའ་དག་ཚན་རིག་དང་མཐུན་པར་དར་རྒྱས་ཁྱབ་སྤེལ་མཛད་ཅིང་། ཡིག་གཟུགས་ཀྱི་ལག་རྩལ་སྦྱོང་ཕྱོགས་ཐོག་མ་སྦྱང་ཤིང་ནས་ཚུགས་རིང་ཚུགས་ཐུང་གི་སྦྱོང་བདར་ཡུན་སྲིང་དང་། ཤོག་ཐོག་ཕབ་རྗེས་ཚུགས་མ་ཁྱུག་དང་ཁྱུག་ཆེན་སྦྱོང་བདར་ཡུན་གོམས་བྱ་དགོས་ཀྱི་ལམ་སྲོལ་གཏོད་པ་ལ་བརྟེན། བོད་ཀྱི་ཡིག་གཟུགས་ཀྱི་ལག་རྩལ་ཕུན་སུམ་ཚོགས་པ་རྒྱུན་གནས་ཐུབ་པ་བྱུང་ངོ་།།
རང་བཞིན་སྐད་ལ་གནས་པའི་ཡི་གེ་རྣམས།།
གྲངས་དང་གོ་རིམ་འཇུག་ཚུལ་ཡིག་གཟུགས་སོགས།།
གངས་ཅན་ལྗོངས་སུ་ཐོག་མར་གསལ་མཛད་པའི།།
ཐོན་མིའི་བཀའ་དྲིན་སུ་ཡིས་གཞལ་བར་ནུས།། ཞེས་ཀྱང་སྨྲས་སོ།།
བོད་ཀྱི་ཡིག་གཟུགས་དར་བ་ནས་བཟུང་དུས་རབས་ཉི་ཤུ་པའི་དཀྱིལ་སྨད་བར་ཡིག་གཟུགས་སུ་འབྲི་བའི་བྱ་བ་གཙོ་བོ་ནི་བོད་མིའི་རིན་ཐང་བྲལ་བའི་གཅེས་ནོར་བཀའ་འགྱུར་བསྟན་འགྱུར་དང་། བོད་མིས་བརྩམས་པའི་བསྟན་བཅོས་ཁག་གླེགས་བམ་དུ་བྲིས་པ་དང་། ཤིང་པར་བརྐོས་པ། མཁས་པ་རྣམས་ཀྱིས་བསྟན་བཅོས་འབྲི་རྩོམ་གྱི་བྱ་བའི་ཆེད་དུ་གཙོ་བོར་བཀོལ་བ་ལས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྒྱུན་སྤྱོད་དུ་ཡིག་འཇོག་གི་བྱ་བ་ཉུང་ཞིང་། རྒྱལ་བའི་གསུང་རབ་པོ་ཏི་བརྒྱ་ཕྲག་མང་པོ་གསེར་དངུལ་མཚལ་སྣག་སོགས་ལག་བྲིས་དང་། དེའང་རྒྱས་སྤྲོས་ལྡན་པའི་མཛེས་རྒྱན་སྣ་ཚོགས་ཀྱིས་སྤུད་དེ་འབྲི་སྲོལ་ཡོད་པ་འཇིག་རྟེན་འདིའི་ནང་ལག་བྲིས་ཀྱི་སྒྱུ་རྩལ་བཟང་ཤོས་དང་། ཡིག་ཚོགས་མང་ཤོས་བོད་དུ་ཡོད་པ་མ་ཟད། སྐད་ཡིག་གཞན་ནས་བསྒྱུར་བའི་བཀའ་བསྟན་དང་། རང་སྐད་དུ་བྲིས་པའི་རྩོམ་ཡིག་ཀྱང་ཡུལ་ལུང་གཞན་སུས་ཀྱང་འགྲན་དུ་མི་བཟོད་པའི་གྲངས་འབོར་མང་ཤོས་དང་། སྤུས་ཚད་བཟང་ཤོས་ཡིན་ནའང་། བོད་མིར་འདི་ལ་དོ་སྣང་དེ་ཙམ་མེད་པ་ནི་རང་ནོར་རང་གིས་མ་ཤེས་པའི་ཞན་ཆ་ཞིག་ཡིན། བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་བྱུང་ནས་ལོ་གྲངས་ ༡༣༠༠ ཙམ་ལས་མ་སོང་ཞིང་། དེའི་རིང་བོད་ཀྱི་མི་འབོར་ཡང་ས་ཡ་དྲུག་ལས་བརྒལ་བ་བྱུང་མེད་པས། དུས་ཡུན་ཐུང་ངུའི་ནང་མི་འབོར་ཆུང་ངུ་ཞིག་གིས་བློ་ཡུལ་ལས་བརྒལ་བའི་ལས་དོན་འབོར་ཆེན་དེ་འདྲ་ཞིག་བསྒྲུབས་པ་ནི་ཐུན་མོང་སྣང་ཚུལ་ལྟར་ན་འགྲེལ་བརྗོད་དང་གོ་རྟོགས་དཀའ་བའི་གནས་སུ་སྣང་།
རྒྱ་ནག་དང་ཉི་ཧོང་ལྟ་བུ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་དང་། ནུབ་ཕྱོགས་སུའང་ཡིག་གཟུགས་ལག་བྲིས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་ཤིས་བརྗོད་ལྟ་བུའི་ཡིག་འབྲུ་ཁ་ཤས་ཉམས་འགྱུར་ལྡན་པ་བྲིས་ཏེ་ཐང་ཀ་ལྟ་བུའམ། ཁང་ཁྱིམ་གྱི་མཛེས་རྒྱན་སོགས་སུ་བཀོད་སྲོལ་ཡོད་པ་དེ་མཚུངས་དེ་སྔོན་བོད་དུ་མ་དར་ཡང་། ད་ཆ་གོ་ལ་གཅིག་སྒྱུར་གྱི་དུས་རབས་འདིར་དེ་འདྲའི་སྒྱུ་རྩལ་ལའང་མིག་དཔེ་ཡར་བལྟ་བྱ་འོས་པས། མཁྱེན་དཔྱོད་ཡངས་པའི་སྨྱུག་འཛིན་དབང་པོ་འཇམ་དབྱངས་རྡོ་རྗེས་ན་ཚོད་ཆུང་ངུའི་དུས་ནས་སྲོལ་རྒྱུན་གཞིར་བཟུང་སྦྱང་ཤིང་ཐོག་ཡིག་གཟུགས་འབྲི་བ་སོགས་སྦྱོང་བདར་ཧུར་བརྩོན་ཐེག་པ་རིམ་འཛེགས་ཀྱིས་ཡིག་གཟུགས་ཀྱི་ལག་རྩལ་ལ་ནང་བྱན་ཆུད་པར་བྱས་རྗེས་ཡུན་རིང་འཛིན་སྐྱོང་དང་སྤྱི་ཚོགས་ཞབས་ཞུ་གཟེངས་ཐོན་མཛད་པ་དང་མཉམ་དུ་ཕྱི་ལོ་ ༢༠༡༠ ལོར་ཟླ་དྲུག་ལྷག་རིང་འབད་བརྩོན་ཆེན་པོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞབས་བརྟན་གསོལ་འདེབས་ཁག་མང་ཤོག་ཐོག་ལག་བྲིས་ཀྱིས་འཇིག་རྟེན་དུ་ཡིག་ཆ་ཤོག་དྲིལ་རིང་ཤོས་ཀྱི་ཚད་འཛིན་ཐོབ་སྟེ་བོད་དང་བོད་མིའི་རིག་རྩལ་གྱི་མཚན་ལ་གོང་འདེགས་བྱུང་བ་དང་། དེའི་རྗེས་སྲོལ་རྒྱུན་བོད་ཡིག་ལ་ཡིག་གཟུགས་ཆེ་ཆུང་གི་རྣམ་གྲངས་མང་པོ་ཡོད་པ་དག་ཆ་རྐྱེན་དུ་འཁྱེར་ཏེ་གཟུངས་སྔགས་དང་། གསོལ་འདེབས། བསྟོད་པ་སོགས་ཤིན་ཏུ་ཕྲ་བའི་ཁྱུག་ཡིག་ཏུ་རེ་ཁའི་ངོ་བོར་བྲིས་ཏེ་སྟོན་པ་ཐུབ་པའི་དབང་པོས་མཚོན་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་དུ་མའི་ཕྱག་ཚད་ལྡན་པའི་བྲིས་སྐུ་མང་པོ་དང་། དེ་བཞིན་དེང་རབས་ཀྱི་སྒྱུ་རྩལ་དང་མཐུན་པའི་བཟོ་བཀོད་ཡིད་དབང་འཕྲོག་པ་དུ་མ་བསྐྲུན་པ་འདིས་བོད་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་གཉིས་ཀར་གསར་གཏོད་ཀྱི་འགྱུར་རླབས་ཆེན་པོ་བྱུང་རབས་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་འདུག གསང་སྔགས་ཀྱི་རྒྱུད་སྡེ་ཁག་ནས་ལུས་ཀྱི་རྩ་འཁོར་སོ་སོར་སྔགས་འཁོར་བཀོད་པ་དང་། གཟུངས་སྔགས་འོད་ཀྱི་དར་ཐག་ལྟ་བུས་བདུད་རྩི་འབེབས་སྦྱང་གི་དམིགས་རྣམ་སྐྱོང་ཚུལ་སོགས་གསུངས་པ་དང་། མི་སློབ་ཟུང་འཇུག་གི་སར་སྐུ་གསུང་ཐུགས་གསུམ་དབྱེར་མེད་རོ་གཅིག་གི་ངོ་བོར་འགྱུར་བ་གསལ་བར་མཚོན་ཐུབ་པའི་ཡིག་གཟུགས་ཀྱི་ལམ་ནས་ལྷ་སྐུ་བཞེངས་པ་འདི་ནི་སྔགས་ལམ་གྱི་ཆེ་བ་འདོན་པའི་ཐབས་བཟང་པོ་ཞིག་ཏུའང་གྱུར་འདུག་པས་ཡི་རངས་བསྔགས་བརྗོད་བྱ་བའི་གནས་སུ་གྱུར། ཕུན་སུམ་ཚོགས་པའི་གསར་གཏོད་ཀྱི་སྒྱུ་རྩལ་དེབ་གཟུགས་སུ་བསྐྲུན་པ་འདིས་རྩོམ་པ་པོར་རྣམ་དཀར་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པ་དང་། ཀློག་པ་པོ་མང་པོར་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་གདོན་མི་ཟ། ཆེད་བརྗོད་འདི་འདྲ་ཞིག་འབྲི་དགོས་ཞེས་རྩོམ་པ་པོས་སྔ་མོ་ནས་སྐུལ་མ་ཡང་ཡང་བྱུང་རུང་། འགལ་རྐྱེན་དུ་མའི་དབང་གིས་ཡུན་རིང་དུས་འགྱངས་སོང་བར་འགྱོད་བཤགས་དང་། རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ལ་འཕྲལ་ཡུན་དགེ་བའི་སྨོན་འདུན་བཟང་པོ་བཅས། ཤཱཀྱའི་བཙུན་གཟུགས་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༦ ལ་དྭང་བས་སྨོན་པའོ།། ཇཡ་ཇགཏ།། །།
(སྐུ་ཞབས་འཇམ་དབྱངས་རྡོ་རྗེས་བརྩམས་པའི་བོད་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་དང་འབྲེལ་བའི་དཔེ་དེབ་ཀྱི་ཆེད་བརྗོད་ཚུལ་དུ་བྲིས་པ་ཞིག་གོ།)