ས་གནས་ཀྱི་རང་སྐྱོང་སྲིད་གཞུང་དང༌། ལེགས་བྱང་སྲུང་སྐྱོབ། མི་རིགས་མཐུན་བསྒྲིལ་བཅས་ཀྱི་སྐོར་བོད་མིའི་ཉམས་མྱོང་།

༼ས་གནས་ཀྱི་རང་སྐྱོང་སྲིད་གཞུང་དང༌། ལེགས་བྱང་སྲུང་སྐྱོབ། མི་རིགས་མཐུན་བསྒྲིལ་བཅས་ཀྱི་སྐོར་བོད་མིའི་ཉམས་མྱོང་༽ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་འགྲེམས་སྤེལ་ཞུས་པའི་ཆེད་རྩོམ། ཊི་རེན་ཊོ་རང་སྐྱོང་ཞིང་ཆེན། ཨི་ཊ་ལི། ༢༠༠༩།༡༡།༡༦ ནས་༡༧ བར།

༄༅།། བཀུར་འོས་ཚོགས་གཙོ་མཆོག་དང༌། མཁས་དབང་རྣམ་པ། འདིར་ཕེབས་པའི་སྐུ་སྐྱེ་མ་དང་སྐུ་ཞབས་རྣམ་པ།

ཐོག་མར་ངས་ཊི་རེན་ཊོ་རང་སྐྱོང་ཞིང་ཆེན་གྱིས་མནར་གཅོད་མྱོང་བཞིན་པའི་བོད་མི་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་དང༌། ཁྱད་པར་ཚོགས་འདུ་གལ་ཆེན་འདི་བསྐོང་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུ། ཚོགས་འདུའི་བགྲོ་གླེང་གིས་རང་སྐྱོང་ངམ་རང་སྲིད་རང་སྐྱོང་གི་ལྟ་གྲུབ་གོ་རྟོགས་གཏིང་ཟབ་ཡོང་བར་ཕན་ཐོགས་ཡོང་ངེས་རེད། ངོས་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽སྐོར་གསལ་བཤད་བྱེད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཁྱད་མཁས་མི་སྣའི་ཚོགས་འདུ་འདི་ལྟ་བུའི་ནང་འགྲེམས་འོས་པའི་ཉམས་ཞིབ་ཀྱི་ཆེད་རྩོམ་སྤེལ་རྒྱུ་མེད་རུང༌། དངོས་དོན་འགྲེལ་བརྗོད་ཀྱི་ཚུལ་དུ་ཆེད་རྩོམ་འདི་འབུལ་ལམ་ཞུས་པ་ཡིན།

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་བོད་རིགས་ཡོངས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གསལ་བ་རྣམས་ལག་བསྟར་བྱེད་ཕྱོགས་ཀྱི་འགྲེལ་བརྗོད་ཞིབ་ཕྲ་འཁོད་ཡོད་ཅིང༌།༼བསམ་འཆར་བྱབྱགྱི་ནང་དོན་ཁ་གསལ་གོ་བདེ་ཡིན་སྟབས་འགྲེལ་བརྗོད་དམིགས་བསལ་དགོས་གལ་མི་སྣང་ཡང༌། རང་སྲིད་རང་སྐྱོང་ངམ་རང་སྐྱོང་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་ཆ་རྐྱེན་ཁག་གི་རྒྱབ་ལྗོངས།༼བསམ་འཆར་བྱབྱལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོའི་བསམ་ཚུལ་བཅས་ཀྱི་སྐོར་འགྲེལ་བརྗོད་ཞུ་རྒྱུ་ཡིན།

རང་སྐྱོང་ངམ་རང་སྲིད་རང་སྐྱོང་གི་ལྟ་གྲུབ།

རྒྱལ་ཁབ་ནང་ཁུལ་མི་རིགས་ཕན་ཚུན་དབར་གྱི་འགལ་ཟླ་ནི་བྱུང་རབས་ནང་འགྲོ་བ་མིའི་རིགས་ཀྱི་རྩོད་པའི་འབྱུང་རྐྱེན་ཆགས་ཡོད། རྩོད་གཞི་དེའི་ཁྲོད་ནས་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་འཕེལ་རྒྱས་བྱུང་རུང༌། ད་ལྟའི་ཆར་ཡང་འཛམ་གླིང་གང་སར་མི་རིགས་མང་བའི་རྒྱལ་ཁབ་མང་པོ་ཡོད། དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་ནང་རྒྱལ་ཁབ་གཅིག་ཡིན་ནའང་མི་རིགས་དང༌། སྐད་ཡིག ཆོས་ལུགས་དུ་མ་ཡོད་པ་རྣམས་འཆམ་མཐུན་ངང་གནས་ཐབས་མེད། འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་པར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག མི་རིགས། ཆོས་ལུགས། ལེགས་བྱང་གི་ངོས་འཛིན་སྲུང་སྐྱོབ་དར་སྤེལ་བྱེད་རྒྱུའི་ནང་གི་རང་དབང་དང༌། མི་རིགས་ཆེན་པོའི་ནང་སིམ་ཡལ་དུ་མི་འགྲོ་བའི་རང་དབང་དགོས་པ་ཡིན། ཁྱད་པར་གྲངས་མང་མི་རིགས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་པར་ཡོད་སའི་རྒྱལ་ཁབ་ནང་རང་དབང་དེ་དག་དེ་བས་ཀྱང་མེད་ཐབས་མེད་པ་ཡིན།

དུས་ཡུན་རིང་པོའི་བར་འགོ་ཁྲིད་མི་སྣ་དང་བསམ་ཞིབ་པ་མང་པོས་སྤྱིར་འཛམ་གླིང་ཡོངས་དང༌། ཁྱད་པར་གྲངས་ཉུང་མི་རིགས་ཐོག་གྲངས་མང་མི་རིགས་ཀྱི་གཉའ་གནོན་ཡོད་སའི་རྒྱལ་ཁབ་ནང་མི་རིགས་ཀྱི་གནད་དོན་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་སྣ་ཚོགས་གསར་གཏོད་བྱུང་ཡོད། མང་གཙོའི་ལམ་ལུགས་ནང་ཐབས་ལམ་ཡག་ཤོས་ནི་མི་རིགས་སོ་སོའི་སྐད་ཡིག་གམ་ཆོས་ལུགས་རྒྱུན་འཛིན་བྱེད་རྒྱུའི་ནང་གི་རང་སྐྱོང་འདེང་ངེས་སྤྲོད་རྒྱུ་དེ་རེད། ལམ་ལུགས་འདི་རྒྱལ་ཁབ་མང་པོའི་ནང་རང་སྐྱོང་གི་གནས་སྟངས་འདྲ་མིན་འོག་གྲུབ་འབྲས་གཟེངས་སུ་འཐོན་པ་བྱུང་ཡོད། ཨི་ཊ་ལིའི་རང་སྐྱོང་ཞིང་ཆེན་ཁག་ནི་དཔེ་མཚོན་ཡག་ཤོས་གྲས་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དང༌། དེ་དག་གི་འཕེལ་རིམ།

མར་ཁེ་སེས་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་ནང་མི་རིགས་ཕན་ཚུན་དབར་གྱི་འབྲེལ་བ་དེ་མཐའ་གཅིག་ཏུ་འདྲ་མཉམ་ལ་བརྟེན་དགོས་པ་བཤད་ཡོད། མར་ཁེ་སིས་གྲལ་རིམ་གྱི་སྤྱི་ཚོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ནང་ཡོད་པའི་མི་རིགས་ཀྱི་གནད་དོན་ལ་ཁྱད་པར་ཕྱེ་སྟེ། གྲལ་རིམ་གྱི་སྤྱི་ཚོགས་ནང་གྲངས་ཉུང་མི་རིགས་ཁ་བྲལ་བྱེད་རྒྱུ་ཁྲིམས་མཐུན་དང་ཡང་དག་པར་བརྩིས་ཡོད། གང་ཡིན་ཟེར་ན་གྲངས་མང་མི་རིགས་ཀྱི་གཉའ་གནོན་འོག་འདྲ་མཉམ་གྱི་གནས་བབ་མེད་པས་ཡིན། འདྲ་མཉམ་མེད་ཕྱིན་རྒྱལ་ཁབ་ཀྱི་གཉའ་གནོན་ཅན་གྱི་སྲིད་བྱུས་གདོང་ལེན་བྱེད་པར་ཁ་བྲལ་འགྲོ་རྒྱུ་རྒྱུ་མཚན་ལྡན་པ་རེད། ལེ་ནན་གྱིས་དེའི་སྟེང་ཕར་སྣོན་གྱིས་༼རྒྱལ་ནང་གི་ཡུལ་མིའི་འཚོ་བའི་གོམས་གཤིས་དང་མི་རིགས་ཀྱི་འབྱུང་ཁུངས་མི་འདྲ་བའི་ས་ཁུལ་ཡིན་ཕྱིན་ཚང་མས་རྒྱ་ཁྱབ་ཀྱི་བདག་དབང་དང་རང་སྐྱོང་ལོངས་སྤྱོད་བྱེད་ཆོག༽ཅེས་གསུངས་ཡོད། ཁོང་གིས་ཆབ་སྲིད་ཀྱི་ཁ་བྲལ་རྩོད་རྒྱུའི་ཐོབ་ཐང་ཐེ་བའི་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་དར་སྤེལ་བྱས་རུང༌། ཨུ་རུ་སུའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རང་ཐག་རང་གཅོད་ལག་བསྟར་བྱེད་རྒྱུ་འཚམས་པོ་མེད་པར་བཤད་ནས་དེའི་ཚབ་ཏུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་གཏན་འབེབས་བྱས་པ་རེད།

སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ནི་མི་རིགས་ཀྱི་གནད་དོན་ཚུད་པའི་ཕྱོགས་ཚང་མའི་ཐོག་འདྲ་མཉམ་དགོས་པ་དེ་ཡིན། ཁོང་གིས་གྲངས་ཉུང་མི་རིགས་ཡར་རྒྱས་དང་འདྲ་མཉམ་ཡོང་ཆེད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གལ་ཆེན་ཡིན་པའི་ནན་བརྗོད་བྱས་ཡོད། དེ་ཡང་ལེ་ནན་གྱིས་བྱབྱསུས་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་ཡིན་པ་ཁས་མི་ལེན་པ་དང་མཐའ་འཁྱོངས་མི་བྱེད་པ། སུས་མི་རིགས་གཉའ་གནོན་ནམ་འདྲ་མཉམ་མིན་པར་འཐབ་རྩོད་མ་བྱས་ན། དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མ་ཡིན་ལ་ཐ་ན་དམངས་གཙོ་རིང་ལུགས་པ་ཙམ་ཡང་མ་ཡིན་པ་ནི་ཐེ་ཚོམ་གྱི་དོགས་པ་སྤུ་ཙམ་ཡང་བྱེད་མི་དགོས།༽ཞེས་དང༌། སི་ཊ་ལིན་གྱིས་༼མི་རིགས་རང་གི་སྐད་རིགས་བེད་སྤྱོད་བྱེད་དགོས་དོན་ཅི་ཡིན་ཞེ་ན། མི་དམངས་མང་ཚོགས་ཁྲི་སྟོང་མང་པོས་རང་གི་མི་རིགས་ཀྱི་སྐད་རིགས་དེ་བེད་སྤྱོད་བྱས་ན་གཞི་ནས་རིག་གནས་དང༌། ཆབ་སྲིད། དཔལ་འབྱོར་བཅས་དར་སྤེལ་གྱི་ཕྱོགས་སུ་མདུན་སྐྱོད་ཆེན་པོ་ཞིག་ཡོང་ཐུབ།༽ཅེས་ཀྱང་བཤད་འདུག ལྟ་གྲུབ་དེ་དག་གཞི་བཟུང་ཁ་བྲལ་འགྲོ་རྒྱུ་དང་སྐད་ཡིག་གི་ཐོབ་ཐང་སོགས་ཆ་ཚང་བའི་སྒོ་ནས་སུའུ་ཝའེ་ཨེད་སྤྱི་ཚོགས་རིང་ལུགས་གནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱུང་བ་རེད།

རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་དང་ཐོག་གྲངས་ཉུང་མི་རིགས་ཁ་བྲལ་འགྲོ་རྒྱུའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ལྟ་གྲུབ་རྒྱུན་འཛིན་བྱས་ཡོད། ཕྱི་ལོ་༡༩༣༡ ཟླ་༡༡ པའི་ནང་གཏན་འབེབས་བྱས་པའི་ཀྲུང་ཧྭ་སུའུ་ཝའེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁྱབ་བསྒྲགས་འདི་ལྟར་བྱས་ཡོད།

བྱབྱཀྲུང་ཧྭ་སུའུ་ཝའེ་ཨེད་སྲིད་གཞུང་གིས་ཀྲུང་གོའི་རྒྱལ་ཁོངས་སུ་ཡོད་པའི་མི་རིགས་ཚང་མར་རང་ཐག་རང་གཅོད་བྱེད་རྒྱུའི་ཐོབ་ཐང་ཁས་ལེན་བྱེད་རྒྱུ་མ་ཟད། གྲངས་ཉུང་མི་རིགས་རྣམས་རྒྱ་ནག་ནས་ཐ་དད་འགྲོ་རྒྱུའམ། རང་བཙན་བྱེད་རྒྱུའི་ཐོབ་ཐང་ཡོད། དེར་བརྟེན་རྒྱ་ནག་གི་ས་ཁོངས་སུ་ཡོད་པའི་སོག་རིགས་དང༌། ཁ་ཆེའི་རིགས། བོད་རིགས། ཀོ་རི་ཡ་རིགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པས། ཀྲུང་ཧྭ་སུའུ་ཝའེ་ཨེད་གནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ནང་འཛུལ་ཞུགས་བྱེད་དང༌། ཡང་ན་ལོགས་སུ་རང་གི་རྒྱལ་ཁབ་འཛུགས་མིན་སོ་སོའི་འདོད་མོས་རེད།༽ཅེས་བཤད་ཡོད།

འདི་ནི་གུང་མིན་ཏང་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་དང་ཡོངས་སུ་མི་མཐུན་པ་རེད། གུང་མིན་ཏང་གིས་རང་ཐག་རང་གཅོད་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། འོན་ཀྱང་སྟབས་ཉེས་པར་དམར་ཤོག་ཚོགས་པའི་གོང་འཁོད་སྲིད་བྱུས་རྣམས་མུ་མཐུད་གནས་མེད། ཕྱི་ལོ་༡༩༣༧ ནས་བཟུང་ཁོ་ཚོ་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་བསམ་ཚུལ་འདི་དག་ཡོངས་སུ་དོར་བ་རེད། མའོ་ཀྲུའུ་ཞིས་དེ་འཕྲལ་རང་ཐག་རང་གཅོད་དང་ཁ་བྲལ་འགྲོ་རྒྱུའི་ཐོབ་ཐང་ངོས་ལེན་མེད་པའི་རྒྱུ་མཚན་འགྲེལ་བཤད་བྱས་པར།

༡ སོག་པོ་རང་བཙན་ཡོང་ཆེད་ཉི་ཧོང་གིས་ལེ་ནན་གྱི་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་བེད་སྤྱད་ཚུལ་དང༌།

༢ རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱིས་དབང་བསྒྱུར་འོག་མི་མང་གཉའ་གནོན་མྱོང་མཁན་རྣམས་ཁོ་ནར་སྤྲད་ཆོག་པ།

༣ རྒྱ་ནག་ལ་དེ་འཚམས་པོ་མེད། གང་ཡིན་ཟེར་ན་མི་རིགས་ཕན་ཚུན་དབར་འདྲེས་འདྲིས་ཆེ་བས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པ།

༤ མི་རིགས་ཁག་གིས་མཉམ་རུབ་ཐོག་གསར་བརྗེའི་འཐབ་རྩོད་བྱས་པ་དང༌། རང་མོས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་ཞུགས་བྱས་པའི་སྒོ་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལན་གཅིག་སྤྱད་ཟིན་ཚུལ་བཅས་བཤད་ཡོད།

རྒྱུ་མཚན་འདི་དག་ནི་ཁག་དཀྲི་གཞག་ས་ཙམ་རེད། དོན་དངོས་ཐོག་སྔ་ཕྱི་མི་མཐུན་པ་དང༌། སྐབས་འཚོལ་རིང་ལུགས་པའི་བྱེད་སྟངས་དམར་ཤོགས་ཚོགས་པའི་ལྟ་གྲུབ་རིམ་འཕེལ་གྱི་བརྒྱུད་རིམ་ནང་རང་ཆས་སུ་ཡོད་པ་ཞིག་རེད། ཁོ་ཚོས་མི་རིགས་ཀྱི་གནད་དོན་དེ་ངོ་བོའི་ཆ་ནས་གྲལ་རིམ་གྱི་གནད་དོན་ཡིན་པས། གྲལ་རིམ་འཐབ་རྩོད་མེད་པར་གྱུར་པ་དང་མཉམ་དུ་མི་རིགས་ཀྱི་གནད་དོན་ཡང་མེད་པར་ཆགས་འགྲོ་བ་འདོད་ཀྱི་ཡོད། དེར་བརྟེན་མཐར་ཐུག་གི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཚང་མ་ཧན་མི་རིགས་ནང་སིམ་ཡལ་དང༌། མི་རིགས་རང་གི་ངོ་བོ་དང༌། སྐད་ཡིག ལེགས་བྱང༌། མཚོན་དོན་རྣམས་རྩ་མེད་བཟོ་རྒྱུ་དེ་རེད།

བསམ་ཚུལ་དེ་འདྲ་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་མ་བཞག་མཐུ་མེད་བྱུང་བ་ནི། ནང་ཁུལ་གྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྒྱུ་མཚན་ཙམ་མ་ཡིན་པར་རྒྱལ་སྤྱིའི་ནང་གཟུགས་བརྙན་སྲུང་སྐྱོབ་བྱེད་ཆེད་དུའང་རེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྔ་ཕྱི་རིམ་པའི་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་རྒྱུན་འཛིན་བྱས་ཡོད། དབུ་ཁྲིད་ཚོའི་དགོངས་པར་ཆ་རྐྱེན་འདི་དག་བསྐྲུན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་མངོན་འདོད་རྣམས་གནས་སྐབས་རིང་བསྐང་ཐུབ་པ་དང༌། ཕུགས་སུ་བསམ་བློ་བསྒྱུར་བཅོས་དང་དྲག་གནོན་གྱི་ལམ་ནས་གྲངས་ཉུང་མི་རིགས་རྣམས་སིམ་ཡལ་གཏོང་ཐུབ་བསམ་གྱི་ཡོད། གྲངས་ཉུང་མི་རིགས་མང་དག་ཅིག་ནི་སིམ་ཡལ་དུ་གྱུར་ཟིན་པ་རེད། མན་ཇུ་ནི་དེའི་ཁོངས་ནས་གཅིག་རེད།

གལ་སྲིད་རྩ་ཁྲིམས་ཀྱི་ཆ་རྐྱེན་རྣམས་ལྷག་བསམ་རྣམ་དག་ཐོག་ལག་བསྟར་བྱེད་ན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང༌། ལེགས་བྱང༌། ཐུན་མིན་ངོས་འཛིན་བཅས་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་གདེང་ངེས་ཡོད། དཀའ་ངལ་གྱི་གཞི་རྩ་དབང་འཛིན་པ་ཚོས་ལྷག་བསམ་རྣམ་དག་བྱེད་མིན་ལ་ཐུག་ཡོད། ཁོང་ཚོར་རྩ་ཁྲིམས་དང་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་ཆ་རྐྱེན་ཁག་ལག་བསྟར་བྱེད་རྒྱུའི་ཆོད་སེམས་མེད་པ་རེད། དེར་བརྟེན་བྱབྱབསམ་འཆར་བྱབྱནང་ཆ་རྐྱེན་དེ་དག་ལག་བསྟར་བྱེད་དགོས་ངེས་ཡིན་པ་དང༌། ལག་བསྟར་བྱེད་ཕྱོགས་ཀྱི་འགྲེལ་བརྗོད་ཞིབ་ཕྲ་གསལ་བ་མ་ཟད། ལག་བསྟར་བྱེད་སྐབས་གདོང་ལེན་བྱེད་དགོས་པའི་འགལ་རྐྱེན་ཁག་ཅིག་ཀྱང་ངོས་འཛིན་བྱས་ཡོད།

རང་སྐྱོང་ངམ་རང་སྲིད་རང་སྐྱོང་ཅིའི་ཕྱིར།

མི་ཚོས་ང་ཚོར་རང་བཙན་གྱི་ཚབ་ཏུ་རང་སྐྱོང་གདམ་དགོས་པའི་རྒྱུ་མཚན་ཇི་ཡིན་སྐད་ཆ་འདྲི་མཁན་ཡང་ཡང་ཡོང་གི་འདུག གཅིག་བྱེད་ན་ཁོ་ཚོས་ང་ཚོ་འུ་ཐུག་ཐབས་ཟད་གྱུར་པའམ་དེ་ལས་གཞན་པའི་གདམ་ཁ་མེད་པར་བསམ་སྲིད། དངོས་དོན་རིང་ལུགས་ཅན་གྱི་ད་ལྟའི་འཛམ་གླིང་ནང་རྒྱུ་མཚན་དེ་དག་དངོས་ཡོད་གནས་ཚུལ་ཡིན་སྲིད་ཀྱང༌། ང་ཚོར་རྒྱུ་མཚན་དེ་བས་ཀྱང་མང་བ་ཡོད། མཁས་པ་དང་གནས་ཚུལ་དཔྱད་ཞིབ་པ་མང་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཆ་ཚང་ལག་བསྟར་ཡོང་རེ་བྱེད་པ་ནི་ཡོང་མི་སྲིད་པར་བསམ་གྱི་ཡོད། ལྟ་གྲུབ་ཀྱི་ཆ་ནས་དེ་ལྟར་ཡིན་ནའང་དངོས་ཡོད་གནས་ཚུལ་དེ་ལྟར་མིན་སྟབས། རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་ཡོང་རེ་བྱེད་པ་དང་རང་བཙན་རྩོད་པ་གཉིས་དབར་ཁྱད་པར་མེད་པར་བསམ་གྱི་ཡོད། གང་ཡིན་ཟེར་ན་གཉིས་ཀ་ཡོང་མི་སྲིད་པ་ཡིན་པ་མཚུངས་པས་རེད། བསམ་ཚུལ་འདི་ལ་རྒྱུ་མཚན་ཡོད་རུང༌། ང་ཚོས་བོད་རིགས་ཡོངས་ལ་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་ཚུལ་ཞུས་པའི་རྒྱུ་མཚན་ཁག་གཤམ་གསལ་ལྟར་ཡིན།

ཀ བོད་མིའི་རང་དབང་འཐབ་རྩོད་ཀྱི་རྣམ་པ་ནི་ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་ཁེ་ཕན་ནམ་དབང་ཆའི་ཆེད་མིན། དེ་ནི་བོད་མི་ས་ཡ་དྲུག་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་ཞིག་འཁྲི་བ་དེ་དག་རང་དབང་གི་སྒོ་ནས་སྒྲུབ་ཐུབ་པའི་ཆེད་རེད། དེ་ནི་རང་སྐྱོང་གི་ཆ་རྐྱེན་ཁག་ལྷག་བསམ་རྣམ་དག་ཐོག་ལག་བསྟར་བྱེད་ན་ཡོང་རེ་ཡོད།

ཁ དེང་གི་གོ་ལ་གཅིག་བསྒྱུར་གྱི་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་དབར་ལྟོས་ཤུགས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་མང་པོས་རང་མོས་ཀྱི་སྒོ་ནས་སོ་སོའི་བདག་དབང་གི་ཐོབ་ཐང་དང་དབང་ཆ་རྣམས་བློས་བཏང་ནས་ཚོགས་སྡེ་ཆེ་བའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང༌། ཁོང་ཚོ་དེ་ལྟར་མ་བྱེད་མཐུ་མེད་ཆགས་ཀྱི་ཡོད།

ག ཨེ་ཤི་ཡའི་རྒྱལ་ཁབ་སྟོབས་ཆེན་གཉིས་དབར་རྒྱལ་ཁབ་ཆུང་ཆུང་ཞིག་རང་བཙན་ཆགས་རུང་དངོས་སུ་དོན་སྙིང་ལྡན་དཀའ།

ང སས་བསྐོར་བའི་བོད་ཀྱི་དངོས་པོའི་ཡར་རྒྱས་དང་འཐོན་ཁུངས་གཞན་རྣམས་ཁྱིམ་མཚེས་ཚོར་མ་བརྟེན་ཐབས་མེད་ལ་སོང༌། དཔལ་འབྱོར་གྱི་ཆ་ནས་རྒྱལ་ཁབ་ཆེན་པོའི་ནང་མཉམ་གནས་བྱེད་ན་ཁེ་ཕན་ཆེ་བ་ཡོད།

ཅ ལྷག་དོན་སྐད་དང་ལེགས་བྱང་གཅིག་གྱུར་ཡིན་པའི་བོད་མི་ས་ཡ་དྲུག་པོ་གཅིག་གྱུར་ཐོག་མཉམ་གནས་བྱེད་རྒྱུའི་འདུན་པ་ཟློག་ཏུ་མེད་པ་ཞིག་ཡོད་པ་དེ་དག་རང་བཙན་རྩོད་ན་མངོན་འགྱུར་ཡོང་ཐབས་མེད། རང་བཙན་བསྐྱར་གསོ་བྱེད་ན་ཕྱི་ལོ་༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་ཞུགས་བྱས་པའི་ས་ཁྱོན་ཁོ་ན་མ་གཏོགས་ཡོང་རེ་མེད།

གོང་ཞུས་རྣམས་དངོས་དོན་ལ་བརྟེན་པའི་རྒྱུ་མཚན་འབའ་ཞིག་ཡིན། ཁྱད་པར་རང་སྐྱོང་(Autonomy) གི་གོ་དོན་རང་སྲིད་རང་སྐྱོང་(Self-rule) དང་ཐག་ཉེ་བ་ཡོད་པས། རང་སྲིད་རང་སྐྱོང་ནི་རང་བཙན་ལས་གལ་ཆེ་བ་ཡིན། དེ་ནི་རྒྱ་གར་གྱི་སྐད་དུ་སྭརཱཇ་(Swaraj) དང་དོན་མཚུངས། རང་སྲིད་རང་སྐྱོང་གི་གོ་དོན་མི་གཞན་ཞིག་རང་གིས་སྐྱོང་བར་ཟེར་གྱི་མེད། རང་གིས་རང་སྐྱོང་བར་གོ་དགོས། ང་ཚོའི་དགོས་འདུན་གྱི་དམིགས་ཡུལ་མཐར་ཐུག་དེ་རང་ཡིན། གཱཾདྷཱིས་བྱབྱསྭརཱཇ་ནི་དུས་ཀུན་ཏུ་དོན་ཐམས་ཅད་སྟེར་བའི་བསྒྲུབ་བྱ་རེད།༽ཅེས་དང༌།༼དབྱིན་ཇིའི་གཉའ་གནོན་ནས་རང་དབང་ཐོབ་ཐབས་བྱེད་པ་ལས་རང་བཙན་གྱི་དོན་དུ་ངས་འབད་རྩོལ་བྱེད་ཀྱི་མེད། རང་བཙན་གྱི་གོ་དོན་ངས་ཤེས་ཀྱི་མི་འདུག༽ཅེས་ཀྱང་གསུངས་ཡོད།

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།

ཕྱི་ལོ་༡༩༧༩ ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ནས་བཟུང་ང་ཚོའི་རང་སྐྱོང་གི་གོ་དོན་རིམ་བཞིན་འགྱུར་བ་ཕྱིན་ཡོད། དེ་སྔོན་༡༩༡༣།༡༤ ལོར་བཞག་པའི་སིམ་ལའི་ཆིངས་ཡིག་སྐབས་སུའང་རང་སྐྱོང་གི་ཐ་སྙད་བེད་སྤྱོད་བྱས་ཡོད། རྒྱ་གར་དབྱིན་གཞུང་གིས་བཙན་ཐབས་ཐོག་བོད་མིས་རྒྱ་ནག་གི་མིང་ཙམ་གྱི་བདག་དབང་ཁས་ལེན་དགོས་པ་དང༌། རྒྱ་ནག་གིས་བོད་མིའི་ནང་གི་རང་སྐྱོང་ཁས་ལེན་ཡོང་ཐབས་བྱས་ཡོད། རང་སྐྱོང་དེ་ནི་དོན་དུ་རང་བཙན་ཡིན་པ་ལོ་རྒྱུས་སྨྲ་བ་དང་ཁྲིམས་དོན་མཁས་པ་མང་པོས་བཤད། དེ་མཚུངས་བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ནང་འཁོད་པའི་ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ནས་༡༩༥༩ ཟླ་༣ བར་ལག་བསྟར་བྱས་པའི་རང་སྐྱོང་ནི་རྣམ་པ་མི་འདྲ་བ་གཞན་ཞིག་རེད། དེ་ནི་དོན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་གྲུབ་ལག་ལེན་བྱས་པ་ཐོག་མ་དེ་ཆགས་ཡོད། ཕྱི་ལོ་༡༩༤༩ ལོའི་ཐུན་མོང་རྩ་འཛིན་ཐེ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྔ་ཕྱི་དང༌། ༡༩༨༢ ལོར་གཏན་ལ་ཕབ་པའི་ད་ཡོད་རྩ་ཁྲིམས་བཅས་ཚང་མའི་ནང་ཁྲིམས་ཀྱི་ཆ་རྐྱེན་ཁག་ལ་དེ་མཚུངས་ཀྱི་འགྱུར་བ་མང་པོ་ཕྱིན་ཡོད། ད་ལྟའི་རྩ་ཁྲིམས་ནང་རང་སྐྱོང་གྲོང་ཁྱེར་འཛུགས་རྒྱུ་ནས་དམིགས་བསལ་འཛིན་སྐྱོང་ས་ཁུལ་འཛུགས་རྒྱུའི་བར་ཁྲིམས་ཀྱི་ཆ་རྐྱེན་མང་དག་ཅིག་གསལ་ཡོད། དེར་བརྟེན་ང་ཚོས་རང་སྐྱོང་གི་འགྲེལ་བརྗོད་ཞིབ་ཕྲ་ཕྱི་ལོ་༡༩༨༨ བར་བྱས་མེད།

ཕྱི་ལོ་༡༩༨༨ ལོར་འདོན་གནང་མཛད་པའི་སི་ཏྲས་སྦག་གི་གྲོས་འཆར་ནང་ྋགོང་ས་མཆོག་གིས་བོད་ལ་གཞི་རྩའི་ཁྲིམས་ཐ་དད་དང༌། མང་གཙོའི་ལམ་ལུགས་དགོས་པ་སོགས་ཀྱི་རེ་འདུན་བཏོན་ཡོད། འོན་ཀྱང་༢༠༠༢ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་གྲོས་བསྡུར་སྔ་རྗེས་རིམ་པ་བྱས་འབྲས་སུ། རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཁག་ལག་བསྟར་ཡོང་ཐབས་ཀྱི་གྲོས་འཆར་བཏོན་ཡོད། དེ་ལས་ཉུང་བའམ་མང་བའི་གནས་ཚུལ་ཚིག་གཅིག་ཞུས་མེད། གྲོས་འཆར་དེའི་ནང་དོན་ཞིབ་ཕྲ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་བཀོད་ཡོད་ཅིང༌། དོན་ཚན་བདུན་ཡོད་པ་ནས་དང་པོ་ངོ་སྤྲོད་དང༌། གཉིས་པ་བོད་རིགས་གཅིག་གྱུར་གྱི་ངོ་བོར་བརྩི་བཀུར་དགོས་པ། གསུམ་པ་བོད་མིའི་མངོན་འདོད། བཞི་པ་བོད་མིའི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག་བཅུ་གཅིག་ཡོད་པ་ནི། ༡ སྐད་ཡིག ༢ ལེགས་བྱང༌། ༣ ཆོས་ལུགས། ༤ ཤེས་ཡོན། ༥ ཁོར་ཡུག་སྲུང་སྐྱོབ། ༦ རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། ༧ དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། ༨ མང་ཚོགས་ཀྱི་འཕྲོད་བསྟེན། ༩ མང་ཚོགས་ཀྱི་བདེ་འཇགས། ༡༠ ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག ༡༡ རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌། སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ་བཅས་རེད། གནད་དོན་རེ་རེ་བཞིན་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁུངས་སུ་དྲངས་ནས་བཀོད་ཡོད་སྟབས། ཁྲིམས་ཀྱི་ལུང་ཁུངས་བཙན་པ་མ་ཟད། བོད་མིའི་མངོན་འདོད་དེ་དག་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གི་དགོངས་དོན་དང་ཡོངས་སུ་མཐུན་ཡིན་པའང་གསལ་པོ་རེད།

ལྔ་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་རྣམས་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ་དང༌། དྲུག་པ་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི། བདུན་པའམ་མཐའ་མ་མ་འོངས་མདུན་བསྐྱོད་བྱེད་ཐབས་བཅས་རེད། ང་ཚོའི་བསམ་ཚུལ་ལྟར་བྱེད་ན་བྱབྱབསམ་འཆར་བྱབྱནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་བཞིན་པའི་ད་ཡོད་ལམ་ལུགས་སམ་རྩ་ཁྲིམས་ཀྱི་ཆ་རྐྱེན་དང་འགལ་བའི་ཚིག་གཅིག་ཞུས་མེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སེམས་འཚབ།

བྱབྱབསམ་འཆར་བྱབྱལ་རྒྱ་གཞུང་གིས་དེ་མ་ཐག་བྱས་པའི་ལན་འདེབས་དང༌། དེའི་རྗེས་སུ་སྤེལ་བའི་བསྒྲགས་གཏམ་བཅས་ཀྱི་ནང་སེམས་འཚབ་ཁ་ཤས་བཤད་ཡོད། སེམས་འཚབ་དེ་དག་བསམ་འཆར་གྱི་ནང་དོན་དང་འབྲེལ་བ་མེད་པ་སུ་འདྲ་ཞིག་གིས་ཞིབ་འཇུག་བྱེད་ནའང་ཤེས་ཐུབ། མང་ཆེ་བ་སོ་སོའི་རྣམ་རྟོག་གིས་བཟོས་པའི་དཀའ་ངལ་རེད། མདོར་བསྡུས་ཐོག་འགྲེལ་བརྗོད་ཞུས་ན་གཤམ་གསལ་ལྟར་ཡིན།

ཀ ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་ཡོད་པ་དང༌། དེ་བཞིན་རྩ་ཁྲིམས་དང༌། རྒྱུན་འཁྱོངས་གསུམ། དབུས་གཞུང་གི་དབང་ཚད་དང་གོ་རིམ་བཅས་ལ་ཆ་འཛིན་ཡོད་པ་བྱབྱབསམ་འཆར་༽ནང་གསལ་པོ་བཀོད་ཡོད། དེའི་ནང་སྦས་པའི་ལས་འཆར་གང་ཡང་མེད།

ཁ གཤམ་གསལ་བྱབྱབསམ་འཆར་བྱབྱགྱི་དོན་ཚན་ཁག་གི་ཐོག་མ་རྟོགས་པའམ་ལོག་པར་རྟོགས་པས་འགྲེལ་བརྗོད་བྱས་འདུག

༡ མང་ཚོགས་ཀྱི་བདེ་འཇགས།

བྱབྱབསམ་འཆར་བྱབྱནང་རྩ་ཁྲིམས་དོན་ཚན་༡༢༠ དང་རང་སྐྱོང་བཅའ་ཁྲིམས་དོན་ཚན་༢༤ གཞི་བཟུང་མང་ཚོགས་ནང་ཁུལ་གྱི་སྒྲིག་ལམ་དང་བདེ་འཇགས་སྐོར་འཁོད་ཡོད། དེ་རྒྱལ་ཁབ་ཀྱི་རྒྱལ་སྲུང་ལ་གོ་ནོར་ཐེབས་རྒྱུ་མེད། ྋགོང་ས་མཆོག་གིས་སྔོན་མ་ནས་ཞལ་གསལ་ཐོག་རྒྱལ་སྲུང་དང་ཕྱི་འབྲེལ་ནི་དབུས་གཞུང་གི་ལས་འགན་ཡིན་པ་ཡང་ཡང་གསུངས་ཡོད།

༢ སྐད་ཡིག

བྱབྱབསམ་འཆར་བྱབྱནང་ང་ཚོས་བོད་སྐད་ཡིག་དེ་སྐད་ཡིག་གཙོ་བོ་འམ་ཨ་མ་ཡིན་དགོས་པ་འཁོད་ཡོད། དེ་ནི་ང་ཚོས་རྒྱ་སྐད་དང་བོད་སྐད་གཉིས་ཀ་གལ་ཆེན་པོ་ཡིན་པ་ནན་བརྗོད་བྱེད་ཆེད་རེད། རྒྱ་སྐད་ཀྱིས་བོད་སྐད་ཀྱི་ཚབ་བྱེད་མི་རུང་བར་བཤད་པ་དེ་རྒྱ་སྐད་ཕྱིར་འབུད་གཏོང་བ་ལྟ་བུར་འགྲེལ་བརྗོད་བྱེད་རྒྱུ་མེད།

༣ ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག

བྱབྱབསམ་འཆར་བྱབྱནང་བོད་རིགས་མ་ཡིན་པ་རྣམས་བོད་ཀྱི་ས་ཁུལ་དུ་གཞིས་ཆགས་པའམ་ཡོང་མི་ཆོག་པ་ནམ་ཡང་བཤད་མེད། ང་ཚོའི་རྩོད་གཞི་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་༤༣ ནང་གསལ་བའི་ཆ་རྐྱེན་གཞི་བཟུང་ཕྱོགས་མི་དོ་དམ་བྱེད་ཐབས་གཏན་འབེབས་དགོས་པ་དེ་རེད། ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་མེད་ཕྱིན་མི་འབོར་གྱི་གནས་བབ་ལ་དོ་ཕོག་ཚབས་ཆེན་ཐེབས་ཤིང༌། མི་རིགས་ས་གནས་རང་སྐྱོང་དོན་སྙིང་མེད་པ་ཆགས་ཀྱིན་ཡོད།

༤ ཆོས་ལུགས།

བྱབྱབསམ་འཆར་བྱབྱནང་རྩ་ཁྲིམས་དོན་༣༦ གཞི་བཟུང་ཆོས་དད་རང་དབང་ཡོང་ཐབས་གསལ་བ་ལས། དགོན་པ་གྲྭ་ཚང་ཁག་ནང་ཁྲིམས་མེད་ལུང་མེད་བྱེད་རྒྱུའི་བསམ་ཚུལ་ནམ་ཡང་གསལ་མེད། ཆོས་ཀྱི་སྒྲིག་འཛུགས་དང་སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་དད་དབྱེ་རྒྱུ་གལ་ཆེན་པོ་ཡིན་པ་ཆོས་ལུགས་རིས་མེད་ཡིན་མཁན་རྒྱལ་མང་པོས་ངོས་ལེན་བྱེད་ཀྱི་ཡོད། ཁྱད་པར་ཆོས་མེད་སྨྲ་བ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མི་སྒེར་གྱི་ཆོས་དད་ལ་དེ་བས་ཀྱང་ཐེ་བྱུས་བྱེད་མི་རུང༌།

༥ རང་སྐྱོང་འཛིན་སྐྱོང་གཅིག

བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་མངོན་འདོད་དེ་ཁྲིམས་འགལ་མ་ཡིན་པ་མ་ཟད། དངོས་ཡོད་གནས་སྟངས་དང་མི་འཚམས་པའང་མེད། དེ་ནི་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ཀྱི་གཞི་རྩའི་དམིགས་ཡུལ་དང་མཐུན་པ་ཡིན། ང་ཚོས་བོད་རིགས་རང་སྐྱོང་ས་ཁུལ་དུ་ངོས་འཛིན་མ་གནང་བ་ཞིག་བོད་རིགས་རང་སྐྱོང་ལྗོངས་ནང་བཅུག་དགོས་པ་བཤད་ཀྱི་མེད། ད་ལྟའི་ཆར་བོད་རིགས་ཀྱི་རང་སྐྱོང་ལྗོངས་དང༌། ཁུལ། རྫོང་བཅས་སུ་ངོས་འཛིན་གནང་བཞིན་པ་རྣམས་ལ་འཛིན་སྐྱོང་གཅིག་ཡོང་ཐབས་བྱེད་ཀྱི་ཡོད། དེའི་ཆེད་ས་མཚམས་བཅོས་སྒྱུར་བཏང་དགོས་པའང་མེད། འདིའི་སྐོར་གནས་ཚུལ་རྒྱས་པ་མཁྱེན་འདོད་ན་ཁོ་བོའི་རྩོམ་ཡིག་༼བོད་ཆེན་པོ་༽ཞེས་པ་བོད་ཀྱི་དྲ་རྒྱའི་ནང་ཡོད་པས་གཟིགས་ཞིབ་ཡོང་བ་ཞུ། ཐུགས་རྗེ་ཆེ།

ཟུར་བལྟའི་དེབ།

༡ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།

༢ བཀའ་ཁྲིའི་བྱབྱབོད་ཆེན་པོའི་བྱབྱསྐོར་གསུང་བཤད།

༣ Baogang He’s presentation in (Tibetan Autonomy and Self-Government: Myth or Reality? TPPRC, 2000)

༤༼བོད་ཆེན་པོའི་བྱབྱསྐོར་གསུང་བཤད་ལ་པི་ཡན་ཏའོ་ཡི་ཡིག་ཐོག་བཅར་འདྲི།

༥ Multilingualism in China: The Politics of Writing Reforms for Minority Languages, 1949-2002. Minglang Zhou, 2003

༦ ལེ་ནན་གྱི་གསུང་འབུམ་པོད་༢༠

༧ ལེ་ནན་གྱི་གསུང་འབུམ་པོད་༢

མཆན། དབྱིན་སྐད་དུ་ལྗགས་རྩོམ་གནང་བ་ནས་བོད་སྐད་དུ་བསྒྱུར་བ་ཡིན།