རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་རིགས་གཞོན་སྐྱེས་ཚོར་གནང་བའི་དབུ་མའི་ལམ་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་སྐོར་གྱི་གསུང་བཤད།

༄༅།། འདས་པའི་ལོ་གསུམ་ཙམ་ནས་གཙུག་ལག་སློབ་ཁང་ཁག་གི་དབྱར་ཁའི་གུང་གསེང་སྐབས་རྡ་སའི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་འདིའི་མཐུན་རྐྱེན་བེད་སྤྱོད་བཏང་སྟེ། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཆོས་ཕྱོགས་ཀྱི་བཀའ་སློབ་ཉིན་གཅིག་གཉིས་ཞུ་རྒྱུའི་ལས་གཞི་ཞིག་བརྩམས་ཡོད་པ་དེའི་དབང་གིས་བོད་རིགས་སྤྱི་དང༌། ལྷག་པར་དུ་ན་གཞོན་སློབ་གཉེར་བ་ཚོ་ལ་རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད་པར་བརྟེན། གོ་སྒྲིག་གནང་མཁན་ཚོ་ལ་ང་ཚོས་རྒྱུན་དུ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ལོ་ལྟར་དེ་ལྟར་གནང་ཐུབ་ན་དངོས་གནས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ལོ་དང་པོའི་མཛད་འཆར་གྲ་སྒྲིག་གནང་བཞིན་པའི་སྐབས་དེར་གྲ་སྒྲིག་གནང་མཁན་གྱི་དབུ་ཁྲིད་ཅིག་ངའི་སར་ཕེབས་ནས་སྔ་དྲོ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་ཆོས་ཕྱོགས་ཀྱི་བཀའ་སློབ་ཞུ་རྒྱུ་དང༌། ཉིན་གུང་རྒྱབ་ལ་བཀའ་བློན་ཁྲི་པའམ་བཀའ་བློན་གང་རུང་ཞིག་གིས་ཆབ་སྲིད་ཀྱི་སྐོར་ལ་འགྲེལ་བཤད་བྱེད་ན་ཡོང་ངམ་ཞེས་བཀའ་གནང་སོང༌། ངས་དེ་དུས་དེ་འདྲ་མ་བྱས་ན་ཡག་གི་རེད། ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་ཆོས་ཕྱོགས་ཀྱི་བཀའ་སློབ་ཞུ་རྒྱུ་དེ་ཧ་ཅང་གིས་དཀོན་པོ་དང་རྙེད་དཀའ་བ་ཞིག་རེད། ཉིན་གང་ཡོད་ཆ་ཚང་ཆོས་ཕྱོགས་ཀྱི་སློབ་གཉེར་རང་གི་ཐོག་ལ་བཏང་ཐུབ་ན། བསམ་བློ་ཁ་མི་འཐོར་བར་བསྡད་རྒྱུར་ཕན་ཐོགས་ཡོང་གི་རེད། ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་གསུང་ཆོས་ཞུ་བར་ཡོང་མཁན་དེ་ཚོའི་གོ་སྐབས་བེད་སྤྱོད་ཀྱིས་ང་ཚོས་ཆབ་སྲིད་བཤད་ན་དེ་འདྲ་ཆགས་པོ་མེད། དེ་བཞིན་སྔ་དྲོ་བཀའ་སློབ་ཞུས་རྗེས་ཉིན་གུང་རྒྱབ་ལ་བླ་མ་དགེ་བཤེས་གདན་དྲངས་ཏེ། དོགས་གཅོད་དང་བགྲོ་གླེང་གིས་བཀའ་སློབ་ནང་གསལ་པོ་མ་བྱུང་བ་དེ་ཚོ་བསྐྱར་དུ་གསལ་པོ་བཟོ་ན་ཡག་གི་རེད་ཅེས་ཞུས་པ་ཡིན།

དེ་ད་ལྟའང་ངས་དྲན་གྱི་འདུག ལོ་དང་པོ་དང་གཉིས་པ་ལ་ཏག་ཏག་འགྲིག་པ་རེད། འོན་ཀྱང་ད་རངས་ྋགོང་ས་མཆོག་གིས་བཀའ་སློབ་གནང་བའི་དྲི་བ་དྲིས་ལན་གྱི་སྐབས་དེར་ཆབ་སྲིད་ཀྱི་སྐོར་ལ་བཀའ་འདྲི་ཞུ་མཁན་དེ་འདྲ་བྱུང་འདུག ྋགོང་ས་མཆོག་གིས་སློབ་གྲྭ་ཁག་གི་ནང་བགྲོ་གླེང་གང་ལ་གང་འཚམས་ཡོང་བ་ལ་བརྟེན་ནས་ཆོས་དང་རིག་གཞུང་གི་སྐོར་ལ་གོ་རྒྱུ་ཐོས་རྒྱུ་ཡོད་པ་དང༌། ཆབ་སྲིད་ཀྱི་སྐོར་ལ་གོ་རྒྱུ་ཚོར་རྒྱུ་མེད་པ་དང༌། མ་ཤེས་པ་འདུག་ཅེས་སྙན་གསན་ཞུས་སོང་ཞེས་བཀའ་ཕེབས་ཀྱི་འདུག་ལ། སྔ་ལོ་དམིགས་བསལ་ཚོགས་ཆེན་གྱི་གོང་དུ་མཐོ་རིམ་སློབ་གྲྭར་ཡོད་པའི་སློབ་གཉེར་བ་ཚོར་བསམ་འཆར་འདྲི་སྐབས་གང་ཞུ་འདི་ཞུ་མེད་པ་དང༌། བསམ་བློའི་ནང་ལ་གསལ་པོ་མེད་པ་ཞིག་འདུག བཀའ་བློན་ཁྲི་པ་དུས་ཚོད་ལྕོགས་ན་དེ་རིང་ཉིན་གུང་རྒྱབ་ལ་ཞིབ་ཚགས་པོས་ཆབ་སྲིད་སྐོར་ངོ་སྤྲོད་ཅིག་བྱེད་ན་ཡག་པོ་ཡོད་རེད་ཅེས་བཀའ་ཕེབས་སོང༌། གལ་སྲིད་ང་འདིར་སྡོད་མཁན་ཡིན་ན། དེ་རིང་སང་ཉིན་གཉིས་ཆ་ལ་ང་ཚོ་ལྷོད་ལྷོད་བྱས་ནས་བཤད་རྒྱུའི་གོ་སྐབས་ཡོང་གི་རེད་དེ། ང་དེ་རིང་དགོང་མོ་ཕྱོགས་བསྐྱོད་ལ་འགྲོ་རྒྱུ་སྔ་མོ་ནས་གཏན་འཁེལ་བྱུང་ཡོད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་གཞིར་བཟུང་ད་ལྟ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་གསུམ་དང་ཕྱེད་ཀའི་བར་དུ་དུས་ཚོད་ཐུང་ཐུང་ཡིན་མིན་ལ་མ་ལྟོས་པར་ཆབ་སྲིད་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། གལ་སྲིད་དུས་ཚོད་ལྷག་ན་དྲི་བ་དྲིས་ལན་ལ་གཞག་རྒྱུ་ཡིན། ང་ཆུ་ཚོད་གསུམ་དང་ཕྱེད་ཀ་ལ་འདི་ནས་མ་འཐོན་ན་མེ་འཁོར་རྗེས་ཟིན་གྱི་མེད། དེས་ན་ད་རེས་ས་བཅད་མ་སྟོང་ཙམ་ཞིག་ཞུས་ན་བསམ་བྱུང༌། ལོ་རྗེས་མ་ནས་གལ་སྲིད་འདི་འདྲ་འཛོམས་རྒྱུའི་གོ་སྐབས་བྱུང་ན། ང་ཚོས་དང་པོ་ནས་འཆར་གཞི་བསྒྲིགས་ཏེ་སྔ་དྲོ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་བཀའ་སློབ་གསན་རྒྱུ་དང༌། ཉིན་གུང་རྒྱབ་བམ་ཡང་ན་དུས་ཚོད་གཞན་ཞིག་སྐབས་ལ་ཆབ་སྲིད་སྐོར་ངོ་སྤྲོད་བྱེད་རྒྱུ་བྱེད་ན་དགོས་གལ་ཆེ་བ་ཡོང་རྒྱུ་དང༌། ྋགོང་ས་མཆོག་གིས་ཀྱང་དགོས་གལ་ཆེ་བ་ཞིག་གཟིགས་ཀྱི་ཡོད་པས། མ་འོངས་པ་ལ་དེ་འདྲ་བྱེད་ན་ཡག་པོ་མེད་དམ་བསམ་གྱི་ཡོད།

སྤྱིར་བཏང་ད་ལྟའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་བབ་ངོ་སྤྲོད་ཆ་ཚང་ཞིག་ཞུ་བ་ལ། སྤྱིར་བཏང་ཆབ་སྲིད་ཟེར་བ་དེ་གང་དུ་བརྗོད་མིན་དང༌། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དེ་ང་ཚོས་འདེམས་ཀ་བརྒྱབས་ནས་བཟུང་བའི་སྲིད་བྱུས་ཤིག་གམ། ཡང་ན་ཕྱོགས་ཚང་མ་ནས་ཤུགས་གནོན་ཞིག་གི་འོག་ནས་སྲིད་བྱུས་འདི་འདྲ་ཞིག་མ་བཟུང་ཐབས་མེད་བྱུང་བ། ཡང་ན་སྲིད་བྱུས་འདི་འདྲ་ཞིག་དགོས་མཁོ་བྱུང་ནས་བཟུང་བ་བཅས་དགོངས་པ་ལ་གསལ་པོ་ཆགས་དགོས་པ་དེ་གལ་ཆེན་པོ་རེད། བོད་ཟེར་བ་དེ་ཨེ་ཤི་ཡའི་མཐོ་སྒང་གི་ཐང་ཆེན་དུ་གནས་པའི་མི་རིགས་ཁྱད་པར་བ་ཞིག་དང༌། ས་བབ་ཀྱི་ཆ་ནས་ཀྱང་ཞིང་ཁམས་ཁྱད་པར་བ་ཞིག་རེད། ང་རང་ཚོའི་བྱུང་རབས་ཀྱི་ཐོག་ནས་བཤད་ན་མི་ལོ་ཁྲི་ཕྲག་གཉིས་ཡས་མས་ཀྱི་གོང་ནས་བོད་ཀྱི་མཐོ་སྒང་ལ་འགྲོ་བ་མིའི་སྤྱི་ཚོགས་ཡོད་པ་ད་ལྟ་དངོས་རྫས་རྙིང་པའི་དན་རྟགས་ཀྱི་ཐོག་ནས་ར་འཕྲོད་ཀྱི་ཡོད། ས་འོག་ནས་ཐོན་པའི་མིའི་རུས་པ་སོགས་ཀྱི་ཐོག་ནས་ལོ་ཆིག་ཁྲི་ནས་ཆིག་ཁྲི་ལྔ་སྟོང་ངམ། ཉིས་ཁྲི་ཡས་མས་ཀྱི་སྔོན་ནས་བོད་ལ་འགྲོ་བ་མིའི་སྤྱི་ཚོགས་ཡོད་པ་མཐོང་ཐུབ། འཛམ་གླིང་ས་ཡི་གོང་བུ་འདིའི་ནང་འཛམ་གླིང་གི་ས་གཞི་ཕན་ཚུན་གདོང་ཐུག་བརྒྱབས་ནས་ཧི་མཱ་ལ་ཡའི་རི་རྒྱུད་དེ་ཐོན་ཡོང་བའི་སྐབས་ལ་མཐོ་སྒང་གི་ཐང་སྡིངས་(Plateau) ཤིག་ཆགས་པ་རེད། དེ་ནི་འཛམ་གླིང་གི་མཐོ་སྒང་གི་ཐང་སྡིངས་མཐོ་ཤོས་དེ་རེད།

དེའི་མཐོ་སྒང་གི་ཐང་སྡིངས་དང་བོད་མི་རིགས་ཀྱི་གནས་ས་གཉིས་པོ་དེ་བརྒྱ་ཆ་དགུ་བཅུའམ་གོ་ལྔ་ཧ་ལམ་གཅིག་པ་རེད། ཁྱེད་རང་ཚོས་ས་བབ་ཀྱི་ས་ཁྲ་ལ་གཟིགས་ན། ཕྱོགས་ཐམས་ཅད་ནས་གངས་རིས་བསྐོར་བའི་ས་མཐོ་པོ་དེ་དང༌། ད་ལྟའི་ང་ཚོའི་ཆབ་སྲིད་དང་མི་རིགས་ཀྱི་ས་ཁྲ་བཟོས་ཡོད་པ་དེ་གཉིས་ཧ་ཅང་འདྲ་ཞིང༌། ཇི་ཙམ་གྱིས་ས་ཁྱོན་ལ་མཐོ་སྒང་གི་ཐང་སྡིངས་ཡོད་པ་དེའི་བར་དུ་བོད་མི་རིགས་ཀྱིས་ཁྱབ་པ་ཙམ་དུ་མ་ཟད། ད་ལྟ་བོད་ཀྱི་ས་ཆ་ཁ་ཤས་ཐོ་སྒང་གི་ཐང་སྡིངས་ཀྱི་ཕྱི་རོལ་ནའང་ཡོད་མུས་རེད། དེའི་ནང་ལ་བྱུང་བའི་པུར་རྒྱལ་བོད་ཀྱི་མི་རིགས་ཟེར་བ་དེ་འཛམ་བུ་གླིང་གི་མི་རིགས་ཚང་མའི་ནང་ནས་རྣམ་དཔྱོད་དང་རིག་རྩལ་འགྲན་ཟླ་མེད་པ་ཞིག་བྱུང་བ་རེད། བྱུང་རབས་ཀྱི་ཆ་ནས་བཤད་ན་ཕྱི་ལོ་མ་བྱུང་གོང་གི་བརྒྱ་ཕྲག་གཅིག་དང་ཕྱེད་ཀ་ཞིག་གམ། གཉའ་ཁྲི་བཙན་པོའི་མངའ་དབང་བསྒྱུར་བ་ནས་བརྩི་ན། ཧ་ལམ་ལོ་ཉིས་སྟོང་ཉིས་བརྒྱ་ཡས་མས་ཀྱི་བྱུང་རབས་ནང་ཆབ་སྲིད་ཀྱི་ངོས་ནས་དུས་ཚོད་མང་ཆེ་བ་ཞིག་མངའ་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང༌། དེའི་ནང་ནས་པུར་རྒྱལ་བོད་ཟེར་བའི་མི་རིགས་བྱེ་བྲག་པ་ཞིག་གི་གནས་ཡུལ་ཡིན་པ་དེ་ཧ་ཅང་གསལ་པོ་རེད། ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་གཉིས་པའི་ནང་ནས་བཟུང་ཕྱི་ལོ་བརྒྱ་ཕྲག་དགུ་པའི་བར་དུ་ཆོས་རྒྱལ་གྱི་གདུང་རྒྱུད་རིམ་པས་བོད་ཀྱི་ཆབ་སྲིད་བསྐྱངས་སྐབས་བོད་དེ་ཧ་ཅང་གི་དམག་ཤུགས་ཆེ་བའི་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ཙང༌། ཧ་ལམ་འཛམ་བུ་གླིང་གི་ས་ཡི་སུམ་ཉིས་བཟུང་བའི་གོ་སྐབས་ཀྱང་བྱུང་བ་རེད། ཨབ་གྷ་ནི་སི་ཐན་དང༌། ཊར་ཀི རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་དང༌། དཔེར་ན་རྒྱ་ནག་ལྟ་བུ་ལ་མཚོན་ན་ཧ་ལམ་ནན་ཅིང་བར་དུ་དབང་བསྒྱུར་གྱིས་རྒྱུན་རིང་བསྡད་པའི་གནས་ཚུལ་བྱུང་ཡོད། དུས་རབས་ཉི་ཤུ་པའི་ནང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཁག་ལ་བལྟས་ན། ཨབ་གྷ་ནི་སི་ཐན་གྱི་ཆ་ཤས་དང༌། ད་ལྟའི་པ་ཁི་སི་ཐན་ན་ཡོད་པའི་ཨུ་རྒྱན་གྱི་ཡུལ་ཡོངས་སུ་རྫོགས་པ། རྒྱ་ནག་གི་འོག་ལ་ཡོད་པའི་ཤིན་ཅང་དང་ཕྱི་ལ་ཡོད་པའི་ཤིན་ཅང་བཅས་ཚང་མ་བོད་ཀྱི་མངའ་འོག་ལ་བསྡད་པ་རེད། རྒྱ་གར་ནང་མཚོན་ན་བངྒཱལ་གྱི་ཀུཤ་བིཧཱར་ཟེར་བ་དེའི་བར་དུ་ཧ་ལམ་བོད་ཀྱིས་བཟུང་བའི་གནས་སྐབས་བྱུང་འདུགབྱས་ཙང་དགེ་འདུན་ཆོས་འཕེལ་གྱིས་འུར་ཤོབ་བཤད་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཧམ་པ་མ་རེད། དེ་ཡང༌། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ཞེས་གསུངས་ཡོད། སྤྱིར་བཏང་གྲགས་ཞེས་པ་དེ་སྙན་ངག་གི་ལབ་སྟངས་ཤིག་རེད། དངོས་གནས་བཟུང་མིན་ལ་མ་ལྟོས་པར་གང་ལྟར་བདེན་པའི་ཆ་ཞིག་ཡོད་པ་བཤད་མ་དགོས། བརྒྱ་ཕྲག་དགུ་པའི་ནང་མངའ་བདག་ཁྲི་རལ་སྐབས་རྒྱ་ནག་དང་མཉམ་དུ་དམག་འཐབ་ལན་མང་བྱས་པའི་མཐའ་མཇུག་ཏུ་ཕྱི་ལོ་༨༢༠ ༨༢༡ ༨༢༢ བཅས་ཀྱི་ནང་བོད་ཀྱི་ས་མཚམས་དང༌། རྒྱ་བོད་ཆིངས་སྡུམ་རྡོ་རིང་ལ་བྲིས་ནས་ཕྱིན་ཆད་དམག་མི་བརྒྱབ་པ་དང༌། རྒྱ་རྒྱ་ཡུལ་ནང་སྐྱིད་པ་བོད་བོད་ཡུལ་ནང་སྐྱིད་པའི་ཆིངས་ཡིག་བཞག དེའི་རྗེས་ཁྲི་རལ་པ་ཅན་བཀྲོངས་པ་ནས་བཟུང་སྟེ། གླང་དར་མའི་ཆབ་སྲིད་བརྟན་པོ་མ་བྱུང་བར་བོད་སིལ་བུར་ཐོར་ནས་ལོ་བཞི་བརྒྱ་ཙམ་བོད་ཀྱི་མངའ་དབང་དེ་ཧ་ཅང་སྐྱོ་པོ་ཆགས་ཀྱང༌། ཆོས་དང་རིག་གནས་ཀྱི་ལས་དོན་ཐད་ཡར་རྒྱས་འགྲོ་བ་མ་གཏོགས་ཉམས་ཆག་ཅི་ཡང་བྱུང་མེད། བརྒྱ་ཕྲག་བཅུ་གསུམ་པའི་ནང་ཆིན་ཁེ་སེ་ཁཱང་གིས་འཛམ་གླིང་ནང་དྲག་ཤུགས་ཆེན་པོས་དམག་འཐབ་བྱེད་སྐབས་བོད་ས་ཡོངས་རྫོགས་ཀྱང་ཧ་ལམ་ལོ་བཞི་བཅུ་ཡས་མས་སོག་པོའི་མངའ་འོག་ཏུ་སོང༌། འདས་པའི་བྱུང་རབས་ཀྱི་ནང་བོད་དེ་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་བྱས་པ་དེ་བརྒྱ་ཕྲག་བཅུ་གསུམ་གྱི་ནང་དུ་ཐོག་མར་བྱུང་ཡང༌། སྐབས་དེ་དུས་ཀྱི་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་བྱེད་སྟངས་དང་དུས་རབས་ཉི་ཤུ་པའི་ནང་རྒྱ་ནག་གིས་དབང་བསྒྱུར་བྱེད་སྟངས་གཉིས་རྦད་དེ་ཐ་དད་རེད། སོག་པོས་དབང་བསྒྱུར་བྱེད་སྐབས་ཆབ་སྲིད་ཀྱི་མངའ་དབང་སོག་པོས་བཟུང་བ་མ་གཏོགས། ས་གནས་སོ་སོའི་ལས་སྣེ་མང་ཆེ་བ་དཔེར་ན་བརྒྱ་དཔོན་དང༌། སྟོང་དཔོན། ཁྲི་དཔོན་ལ་སོགས་པ་ཚང་མ་བོད་རིགས་རང་རེད། བོད་མི་ས་ཡ་དྲུག་ཟེར་བ་དེའང་སོག་པོའི་སྐབས་ལ་མི་འབོར་ཞིབ་བཤེར་བྱས་པ་ཞིག་རེད། དེས་ན་བོད་མི་ས་ཡ་དྲུག་ཟེར་བ་ནི་དེ་བརྒྱ་ཕྲག་བཅུ་གསུམ་པའི་སྐད་ཆ་ཞིག་རེད། དེའི་རྗེས་ལ་ང་ཚོ་བོད་པ་རང་གིས་མི་འབོར་ཞིབ་བཤེར་བྱས་པའི་གོ་སྐབས་བྱུང་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༠༠ ལོར་ཞིབ་བཤེར་བྱས་པའི་མི་འབོར་ནང་བོད་མི་ས་ཡ་ལྔ་ལྷག་ཙམ་མ་གཏོགས་བསྟན་མེད། དེ་ནི་ཡང་དག་པ་ཡིན་མིན་བཤད་དཀའ། གང་ལྟར་ང་ཚོའི་ཁ་རྒྱུན་ལ་བོད་མི་ས་ཡ་དྲུག་ཟེར་བ་དེ་སྐབས་དེ་དུས་ངེས་གཏན་འཁེལ་བའི་མི་གྲངས་ཤིག་རེད། སོག་པོས་རྒྱ་ནག་ལའང་དབང་བསྒྱུར་བྱས་པ་མ་ཟད། སོག་པོ་གོང་མའི་ཆབ་སྲིད་རྒྱུན་རིང་གནས་པ་རེད། དེའི་སྐབས་ལ་ས་སྐྱ་པཎ་ཆེན་གདན་འདྲེན་ཞུས་པ་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པའང་དགུང་ལོ་ཆུང་དུས་ནས་ཕེབས་ཏེ་རྒྱ་ནག་ཏུ་སོག་པོའི་རྒྱལ་རྒྱུད་གཉིས་པ་དང་གསུམ་པ་དེ་ཚོའི་དབུ་བླ་གནང་ནས་སོག་པོ་ཀུབ་ལེ་ཁཱང་གི་སྐབས་ལ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དེ་དབང་ཡོན་ལ་ཕུལ་བ་ནས་བཟུང༌། བོད་དེ་རང་བཙན་གྱི་ངོ་བོ་ལ་གནས་པ་རེད། ཡིན་ནའང་ས་མཚམས་ཀྱི་རྒྱ་ཁྱོན་དེ་རྟག་ཏུ་གཅིག་པ་གནས་ཐུབ་མེད། དེའི་རྗེས་ལ་ཕག་གྲུ་དང་གཙང་པ་ལ་སོགས་པ་གཞན་དང་གཞན་གྱིས་མངའ་དབང་བཟུང་སྐབས་བོད་རིགས་ནང་ཁུལ་གཅིག་གིས་གཅིག་ལ་དབང་ཆ་འཕྲོག་རེས་བྱས་པ་མ་གཏོགས་ཕྱི་ནས་གཉའ་གནོན་སླེབས་མེད། ཕྱི་ལོ་༡༦༤༠ ཞེ་གྲངས་ནང་སོག་པོ་གུ་ཤྲི་ཁཱང་གི་དམག་དཔུང་གིས་བོད་ཀྱི་མངའ་སྡེ་ཐོར་བུ་དེ་དག་ལོ་གཉིས་གསུམ་ནང་དམག་ཤུགས་ཀྱིས་དབང་དུ་བསྡུས་ཏེ། ཕྱི་ལོ་༡༦༤༢ ལ་ྋགོང་ས་ལྔ་པ་ཆེན་པོ་ལ་ཆབ་སྲིད་ཀྱི་མངའ་དབང་ཕུལ་ནས་དགའ་ལྡན་ཕོ་བྲང་གི་གཞུང་གསར་པ་བཙུགས་པ་ནས་བཟུང་ད་བར་ཁྲིམས་མཐུན་གྱི་གཞུང་རྒྱུན་མ་ཆད་པར་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་སྲིད་སྐྱོང་དང་དབུ་ཁྲིད་གནང་བ་བརྒྱུད་ནས་ཐོག་མར་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དང༌། དེ་ནས་རིམ་པས་ཆོལ་ཁ་ཁ་ཤས་ཀྱི་ས་འཚམས་ལ་འགྱུར་བ་འགྲོ་བཞིན་ཕྱི་ལོ་༡༩༥༠ ལོ་ལ་བོད་ཀྱི་གནས་བབ་དེ་ད་ལྟའི་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་ཟེར་བའི་གནས་བབ་དེ་འདྲ་ཞིག་ཏུ་སླེབས་པ་རེད། ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་ནས་བཟུང་ལོ་སུམ་བརྒྱ་ཙམ་གྱི་རིང་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་དང་སྐུ་ཕྲེང་བཅུ་གསུམ་པ་ཙམ་མ་གཏོགས། སྐུ་ཕྲེང་གཞན་རྣམས་སྐུ་ན་ཆུང་དུས་ནས་དགོངས་པ་གཞན་དོན་དུ་གཤེགས་པའི་དབང་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་ཉམས་ཆག་ཆེན་པོ་ཞིག་བྱུང་ཞིང༌། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་སྟོད་ལ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་བརྟན་ལྷིང་བཟོ་གནང་རྒྱུའི་འབད་བརྩོན་ཆེན་པོ་གནང་ཡང༌། ཕྱི་ལོ་༡༩༠༤ ལོར་དབྱིན་ཇིས་དཔུང་འཇུག་གིས་ྋསྐྱབས་མགོན་རིན་པོ་ཆེ་སོག་ཡུལ་དང་རྒྱ་ནག་ལ་ཆིབས་བསྒྱུར་གནང་དགོས་བྱུང་བ་དང༌། ཕྱི་ལོ་༡༩༡༠ ལ་རྒྱ་མིས་དེ་དུས་རྒྱ་མིའི་མི་སེར་རྒྱལ་ཁབ་ཆགས་མ་ཐག་པ་རེད། དཔུང་འཇུག་བཅས་ལ་བརྟེན་གང་ལྟར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་རིང་ལ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་མང་གཙོའི་ལམ་སྲོལ་ལ་བསྒྱུར་རྒྱུའི་དགོངས་པ་ཡོད་པ་བཞིན་བཟོ་གནང་ཐུབ་མེད། དེའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ་༡༩༤༩ ལ་རྒྱ་ནག་གུང་ཁྲན་གྱིས་དབང་བསྒྱུར་བྱས་པ་རེད། ཕྱི་ཟླ་༡༠ པའི་ནང་རྒྱ་ནག་གུང་ཁྲན་ཏང་ཚུགས་པ་དང་ཆབས་ཅིག་ཕྱི་ཟླ་༡༡ ནང་བོད་ཀྱི་ས་མཚམས་ལ་དམག་གཏོང་རྒྱུའི་ལས་ཀ་འགོ་བཙུགས་ཟིན། ཕྱི་ལོ་༡༩༤༩ དང་༡༩༥༠ བཅས་ལོ་གཉིས་ཀྱི་ནང་བོད་ས་ཕལ་མོ་ཆེ་བཟུང་ནས་༡༩༥༡ ཕྱི་ཟླ་༥ ཚེས་༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་དགོས་བྱུང་སྟེ་བོད་ཀྱི་རང་བཙན་གྱི་གནས་བབ་ཆ་ཚང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་དབང་གིས་འཕྲོག་རུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་གྲོས་མཐུན་དོན་ཚན་བཅུ་བདུན་འོག་གནས་ཐུབ་པའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང༌། བོད་ལ་དམག་གི་ལམ་ཁ་དོད་པ་ནས་བཟུང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་རེ་རེ་ནས་བསམ་བཞིན་དུ་བརྡལ་བཤིག་བཏང་བའི་ཉེར་ལེན་ལ་བརྟེན་ནས། ༡༩༥༩ ལོར་མི་མང་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཞི་བའི་གྱེན་ལང་བྱེད་དགོས་པའི་གནས་བབ་བྱུང་བ་རེད། དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་བོད་དུ་བཞུགས་མ་ཐུབ་པར་བོད་གཞུང་མང་བརྒྱད་ཁྲི་བརྒལ་བ་ཞིག་ལོ་དེའི་ནང་རྒྱ་བལ་འབྲུག་གསུམ་དུ་སྐྱབས་བཅོལ་ལ་ཕེབས་དགོས་པའི་གནས་ཚུལ་རྣམས་ཁྱེད་རང་ཚོས་མཁྱེན་ཤག་རེད། ༡༩༥༡ ནས་༡༩༥༩ བར་ལོ་བརྒྱད་ཀྱི་རིང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་འོག་གནས་ཐུབ་པའི་ཐབས་ཤེས་གནང་ཡང་མ་ཐུབ་པར་བརྟེན། ༡༩༥༩ ཕྱི་ཟླ་༤ ཚེས་༡༧ ཉིན་རྒྱ་གར་ཏེཛ་པུར་ལ་ྋསྐྱབས་མགོན་རེན་པོ་ཆེས་གསར་འགོད་གསལ་བསྒྲགས་ཐོག་མ་གནང་སྐབས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྩིས་མེད་བཏང་བའི་གསལ་བསྒྲགས་གནང་བ་རེད། དེ་ནས་བཟུང་༡༩༧༩ བར་དུ་རང་བཙན་བསྐྱར་གསོའི་སྲིད་བྱུས་བཟུང་ནས་བཞུགས་ཤིང༌། འཛམ་གླིང་རྒྱལ་ཚོགས་ལ་སྙན་ཞུ་རིམ་པ་སྔ་རྗེས་ཕུལ་བ་སོགས་རྒྱལ་སྤྱིའི་ནང་ལས་འགུལ་མང་པོ་བརྩམས་པ་རེད། འོན་ཀྱང་བོད་རང་བཙན་བསྐྱར་གསོའི་ལས་དོན་ཐོག་ཕྱི་ནང་གང་ས་ནས་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཐོབ་མེད་ལ་གྲུབ་འབྲས་ཀྱང་ཐོན་མེད། དེར་བརྟེན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་དྲུག་ཅུ་རེ་ལྔ་རེ་དྲུག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ་རང་བཙན་གྱི་ཚབ་ལ་རང་སྐྱོང་རྩོད་གནང་རྒྱུའི་དགོངས་པ་བཞེས་ནས། སྐབས་དེ་དུས་ཀྱི་སྤྱི་འཐུས་རྣམ་པ་དང་བཀའ་ཤག་སོགས་ལ་གྲོས་བསྡུར་རིམ་པར་གནང་ཞིང༌། ད་ལྟ་འདིར་བཀའ་མོལ་ཞུ་མཁན་བཀའ་བློན་ཁྲི་པ་ལས་ཐོག་པ་ལྟ་བུར་མཚོན་ན། ༡༩༦༨ ལོར་ཌ་ལ་ཧོ་སི་ལ་ྋཞབས་སོར་འཁོད་སྐབས་ྋགོང་ས་མཆོག་གིས་ང་ཚོས་རང་བཙན་རྩོད་སྒྲུབ་བྱེད་རྒྱུ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་ལག་ལེན་ལ་འཁེལ་བ་ཞིག་ཡོང་གྲབས་ཡོད་མེད་དོགས་པ་ཆེན་པོ་འདུག རང་བཙན་རྩོད་སྒྲུབ་བྱེད་རྒྱུ་དེ་བོད་མིའི་ཐོབ་ཐང་ཡིན་ནའང་ལག་ལེན་དུ་འཁེལ་ཐབས་ཧ་ཅང་ཁག་པོ་རེད། དེ་ལས་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་ཞིག་སྒྲུབ་ཐབས་བྱེད་ན་མི་ལེགས་སམ་ཞེས་བཀའ་གནང་སོང༌། སྐབས་དེ་དུས་ང་རང་ལ་མཚོན་ན་ྋསྐྱབས་མགོན་རིན་པོ་ཆེས་གསུངས་པ་དེ་ལམ་སེང་བསམ་བློའི་ནང་ལ་འཇུག་ཐུབ་པ་དང་གོ་རྟོགས་ཐུབ་རྒྱུར་ཧ་ཅང་ཁག་པོ་བྱུང༌། རང་བཙན་བསྐྱར་གསོ་བྱེད་པའི་བག་ཆགས་དེ་མིའི་བསམ་བློའི་ནང་ཧ་ཅང་གཏིང་ཟབ་པོ་ཞིག་ཡོད་པ་རེད། འོན་ཀྱང་རིགས་པའི་སྒྲུབ་བྱེད་དང་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས་པར་བརྟེན། བསམ་ཚུལ་དེ་འདྲ་ཞིག་མ་འཁྱེར་ཐབས་མེད་པ་དེ་དུས་ནས་མཐོང་བཞིན་པ་རེད། སྲིད་བྱུས་ཟེར་བ་དེ་ག་དུས་ཡིན་ཡང་དངོས་ཡོད་གནས་ཚུལ་དང་བསྟུན་ནས་འཛིན་དགོས་པ་དང༌། དེ་རིང་སང་ཉིན་དབྱིན་ཇིའི་སྐད་ལ་pragmatism ཞེས་ཐུན་མོང་མ་ཡིན་པའི་བརྗོད་ཚིག་ཅིག་ཡོད་ཅིང༌། དངོས་གནས་ལག་ཏུ་ལེན་ཐུབ་པའི་སྲིད་བྱུས་མ་ཟིན་པར་བསམ་པའི་ཚོར་བ་དང་ཡིད་ཀྱི་མོས་པ་ཙམ་ལ་བརྟེན་ནས་སྲིད་བྱུས་བཟུང་ན། སྲིད་བྱུས་དེ་སྲིད་བྱུས་ཙམ་མ་གཏོགས་ལག་ལེན་ལ་འཁེལ་ཐབས་མེད། དེ་ལ་ཡང་ནུབ་ཕྱོགས་པའི་སྐད་ཀྱི་ནང་ལ་Utopia བསམ་ཚུལ་ཟེར་བ་དེ་རེད། གནས་ཚུལ་དེ་ཚོ་སྐབས་དེ་དུས་ཡོངས་གྲགས་ཆགས་མེད་ལ་རྒྱ་ཁྱབ་ཀྱང་གནང་མེད། དུས་ལ་ཡང་བབ་ཡོད་པ་མ་རེད། ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་ག་རེ་བཞེས་པ་རེད་ཟེར་ན། སྔ་ཕྱི་མ་གཏོགས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་དང་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་ཤིག་བྱུང་སྐབས་ང་ཚོས་རང་བཙན་བསྐྱར་གསོ་བྱེད་རྒྱུ་ཡིན་ཞེས་ལབ་ཀྱིན་བསྡད་ན། གྲུབ་འབྲས་གང་ཡང་འཐོན་རྒྱུ་མེད་པ་ཟུར་བལྟས་ལེབ་མཐོང་རེད། དེ་འདྲ་ཡིན་ཙང་སྐབས་དེ་དུས་ང་ཚོས་སྐད་ཆ་བཤད་རྒྱུའི་བང་རིམ་ཞིག་ངེས་པར་དུ་བསྒྲིག་དགོས་ཀྱི་རེད། དེ་སྒྲིག་པའི་སྐབས་ལ་ང་ཚོའི་བསམ་བློ་དང་དམིགས་ཡུལ་ནང་ཕུགས་བསམ་གཉིས་ཤིག་ཡོད་པ་རེད། དེ་ནི་བོད་རིགས་ཡོངས་རྫོགས་ཆབ་སྲིད་འཛིན་སྐྱོང་གཅིག་གི་འོག་ལ་ཚུད་ཐུབ་པ་བྱུང་ན། སྔ་མོ་བཞིན་བོད་མི་ས་ཡ་དྲུག་མ་གཏོགས་མེད་པ་དེ་ཁ་འཐོར་དགུ་འཐོར་ལ་བསྡད་མི་དགོས་པར་རུག་རུག་ཆགས་ཐུབ་ན། རང་བཙན་ལས་དམིགས་ཡུལ་མཐོ་བ་ཞིག་མཐོང་གི་ཡོད་རེད། དེ་དང་ཆབས་ཅིག་ཏུ་མིང་དོན་མཚུངས་པའི་ཚད་ལྡན་གྱི་རང་སྐྱོང་ཞིག་བྱུང་ན་བོད་མི་རིགས་ཀྱི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་གྱི་གོམས་པའི་གཤིས་ལུགས་ལེགས་བྱང་དང་བཅས་པ་རྒྱུན་འཛིན་ཁྱབ་སྤེལ་བྱེད་ཐུབ་པ་ཆགས་རྒྱུའི་རེ་བ་ཡོད་པ་རེད། ཆབ་སྲིད་ཀྱི་མངའ་དབང་སུས་བཟུང་དང་མ་བཟུང་ལ་དེ་ཙམ་ཁྱད་པར་མེད། བདག་ཉིད་ཆེན་པོ་གཱཾདྷཱིས་ག་དུས་ཡིན་ཡང་རང་དབང་རྩོད་པ་མ་གཏོགས་ཆབ་སྲིད་ཀྱི་རང་བཙན་རྩོད་གནང་གི་མེད་ཅིང༌། ཁོང་གིས་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་མ་ཕྱིན་བར་དུ་ཆབ་སྲིད་ཀྱི་འགན་ཁུར་མཁན་དེ་སུ་ཡིན་མིན་ལ་ཁྱད་པར་མེད་ཅེས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རང་རེད། གཱཾདྷཱི་དང་ནེཧ་རཱུ་གཉིས་ཀྱི་བར་ལ་བསམ་ཚུལ་མི་མཐུན་པའི་ཁྱད་པར་དེ་བསྡོམས་བརྒྱབ་ན། ནེཧརཱུ་ལ་དབྱིན་ཇི་ཕར་ཕུད་དགོས་པ་མ་གཏོགས་དབྱིན་ཇིའི་ལམ་སྲོལ་དེ་ལྷག་སོང་ན་འགྲིག་གི་ཡོད་པ་རེད། གཱཾདྷིའ་ལ་དབྱིན་ཇིའི་ལམ་སྲོལ་དེ་ཕུད་དགོས་པ་ལས་དབྱིན་ཇི་ལྷག་སོང་ནའང་མ་འགྲིག་པ་མེད། དེས་ན་ང་ཚོར་རང་སྐྱོང་གི་གནས་བབ་གཙང་མ་ཞིག་བྱུང་ན་ཕྱིའི་སྒྲོམ་གཞི་དེ་རྒྱ་ནག་དང་རྒྱ་གར་སུས་དབང་འཛིན་བྱས་རུང༌། དེ་ནི་ཆབ་སྲིད་རྐྱང་པ་དང་མིང་ཙམ་གྱི་དབང་མ་གཏོགས་དོན་དུ་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་ཐད་ཀར་གྱི་ཁྱད་པར་འགྲོ་རྒྱུ་མེད། དེར་བརྟེན་བོད་རིགས་ཡོངས་རྫོགས་གཅིག་གྱུར་དེ་འཛིན་སྐྱོང་གཅིག་གི་འོག་ལ་ཡོང་རྒྱུ་དེ་གལ་ཆེ་བ་དང༌། ཆབ་སྲིད་ཀྱི་མངའ་དབང་(Sovereignty)བསྐྱར་གསོ་ཐུབ་དང་མ་ཐུབ་ལ་དེ་ཙམ་གྱིས་གནད་འགག་མེད་པ་ཞིག་ཏུ་གཟིགས་ནས། ང་ཚོས་རང་སྐྱོང་རྩོད་རྒྱུའི་གོ་སྒྲིག་ཅིག་གནང་བ་རེད། གོ་སྒྲིག་གཏན་འཁེལ་བྱ་རྒྱུ་དེའང་ཧ་ལམ་བདུན་ཅུ་དོན་བཞི་དོན་ལྔའི་ནང་སྐབས་དེ་དུས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་དང་བཅས་པ་ཚང་མའི་མཉམ་དུ ྋགོང་ས་སྐྱབས་མགོན་ཆེན་པོས་བཀའ་བསྡུར་གནང་ནས་ནམ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་ན་ང་ཚོས་རང་སྐྱོང་གི་གནས་བབ་ཡག་པོ་ཞིག་བླང་ཐུབ་པའི་ཐབས་ཤེས་གནང་རྒྱུ་དང༌། རང་བཙན་གྱི་རྩོད་ལེན་འདོར་རྒྱུའི་དགོངས་པ་དེ་ལོ་མང་པོ་ཞིག་གི་རིང་ནས་སྲེག་བཅད་བརྡར་བའི་གསེར་བཞིན་ཞིབ་འཇུག་དང་ཉམས་ཞིབ་བརྟག་དཔྱད་མཐར་ཕྱིན་པ་གནང་རྗེས་སྲིད་བྱུས་དེ་བོད་མི་རིགས་ཀྱི་འབྱུང་འགྱུར་གྱི་མདུན་ལམ་ཡག་ཤོས་ཡིན་པར་གཟིགས་ནས་བང་བསྒྲིགས་གནང་བ་རེད། སྐབས་དེ་དུས་ང་ཚོས་དེ་ལ་རང་སྐྱོང་གི་སྲིད་བྱུས་ཟེར་བ་མ་གཏོགས་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བའི་ཐ་སྙད་དེ་བྱུང་མེད། དེའི་རིང་ལ་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་བྱུང་བ་རེད། དེའི་སྒྲུང་རིང་པོ་དེ་བཤད་མ་དགོས་པར། གང་ལྟར་ཕྱི་ལོ་༡༩༧༩ ལ་ཏེང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་བརྒྱུད་ྋགོང་ས་མཆོག་བོད་ལ་ཕེབས་དགོས་པ་དང༌། བཙན་བྱོལ་བོད་མི་རྣམས་བོད་དུ་ལོག་དགོས་པ། བོད་ཀྱི་གནས་ཚུལ་དེ་བཀའ་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པའི་བསམ་ཚུལ་ཞིག་བཏོན་པ་རེད། དེ་དུས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཨིལཱཧཱབཱད་དང་ཀཱནཔུར་ལ་ཆིབས་བསྒྱུར་གནང་བའི་དགུན་ཁའི་སྐབས་ཤིག་ཡིན། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ཏེང་ཞའོ་ཕིང་དང་བཀའ་མོལ་བྱུང་བའི་སྙན་གསན་ཆེད་ཀཱན་པུར་ལ་བཅར་གནང་སོང༌། ྋསྐྱབས་མགོན་རིན་པོ་ཆེ་ཀཱན་པུར་ལ་བཞུགས་གདན་འཇགས་སྐབས་ང་ཡང་ཆིབས་ཞབས་གྲས་ཡོད། ང་དེ་དུས་ཝཱརཱཎསཱིའི་མཐོ་སློབ་ཀྱི་འཛིན་སྐྱོང་ལས་དོན་བྱེད་བཞིན་པའི་སྐབས་རེད། བོད་རང་བཙན་གྱི་སྐད་ཆ་མ་བཤད་ན་གནས་ཚུལ་གཞན་ཡོངས་སུ་རྫོགས་པ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་གི་རེད་ཅེས་པའི་གཏམ་བཤད་དེ་སྐབས་དེ་དུས་བསྣམས་ཕེབས་པ་རེད། ང་ཚོས་སྲིད་བྱུས་གོ་སྒྲིག་སྔོན་ནས་ཡོད་སྟབས། བཀའ་ལན་གནང་རྒྱུ་དེ་ཧ་ཅང་ལས་སླ་པོ་ཆགས་ཡོད། གནས་ཚུལ་གཞན་པ་ཚང་མ་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་གི་ཡོད་ན། ང་ཚོས་རང་བཙན་མ་རྩོད་ན་ཡང་འགྲིགས་ཀྱི་འདུག་ཅེས་གསུངས་ཏེ་སྐུ་ཚབ་གཏོང་རེས་དང༌། བོད་ཀྱི་དངོས་ཡོད་གནས་ཚུལ་གཟིགས་རྟོག་ཆེད་གཟིགས་སྐོར་ཚོགས་པ་སྔ་ཕྱི་རིམ་པས་བཏང་བ་སོགས་བྱུང་སྟེ་བོད་རྒྱ་འབྲེལ་ལམ་གྱི་སྒོ་གསར་པ་ཞིག་དེ་དུས་ཕྱེ་བ་རེད། དེ་རྗེས་ྋགོང་ས་མཆོག་ཀཱན་པུར་ནས་ཝཱརཱཎསཱིར་ཆིབས་བསྒྱུར་གནང་སྟེ་རིང་པོར་མ་ཐོགས་པར་གཞིས་བྱེས་བོད་མི་ཕན་ཚུན་གཉེན་འཕྲད་འགྲོ་བའི་གོ་སྐབས་ཤིག་འཆར་སྲིད་ཅེས་བཀའ་ཕེབས་སོང༌། སྐབས་དེ་དུས་ཏེང་ཞའོ་ཕིང་གི་བསམ་བློའི་ནང་ལ་ྋསྐྱབས་མགོན་རིན་པོ་ཆེ་ཕྱི་རྒྱལ་ལ་སྐུ་མཉེལ་པོར་བཞུགས་ཡོད་པ་དང༌། འདི་འདྲའི་གོ་སྐབས་ཤིག་བྱུང་ན་ལམ་སེང་ཕྱིར་ཕེབས་གནང་གི་རེད་བསམས་པའི་ནོར་འཁྲུལ་ཅན་གྱི་ཚོད་དཔག་ཅིག་བྱས་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་གལ་སྲིད་ང་ཚོའི་ངོས་ནས་བབ་ལྷིང་བརྟན་གསུམ་གྱི་ཐོག་ནས་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་དེ་བརྟན་པོ་ཞིག་ཆགས་ན། ྋསྐྱབས་མགོན་རིན་པོ་ཆེ་ཕྱིར་ལོག་གནང་རྒྱུར་ཐུགས་སྟབས་བདེ་བ་ཡོང་བའི་དགོངས་པ་བཞེས་ནས་བཀའ་བསྡུར་རིམ་པར་གནང་ཡང༌། ཏེང་ཞའོ་ཕིང་གི་ཐོག་མའི་དམ་བཅའ་དེ་ཁ་ཚིག་དོན་ལ་གནས་པ་ད་བར་བྱུང་མེད། དེ་ནས་རིམ་པའི་གནས་ཚུལ་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་རེད། སྐུ་ཚབ་ཚོགས་པ་ཁག་ཕེབས་པ་དེས་དོན་དམ་གྱི་གྲུབ་འབྲས་མ་བྱུང་བ་རེད། དེ་ནི་ལོ་ཉི་ཤུ་རྩ་གྲངས་ཤིག་གི་སྒྲུང་ཡིན་པས་ངས་ཞིབ་ཚགས་ཞུ་དགོས་མ་མཆིས། དེ་ལྟར་ང་ཚོས་རང་བཙན་མ་རྩོད་པར་ཚད་དང་ལྡན་པའི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་རྒྱུའི་སྲིད་བྱུས་དེ་ལ་གཉིས་སྨན་དབུ་མའི་ལམ་ཞེས་བཏགས་པ་རེད། དེ་ནི་རྒྱ་བོད་གཉིས་ལས་གཅིག་ལ་ཕན་པ་དང་རྒྱལ་ཁ་ཐོབ་པ། གཅིག་ལ་གནོད་པ་དང་ཕམ་ཉེས་འགྲོ་རྒྱུ་ཞིག་མིན་པར། རྒྱ་ནག་ལ་ཕན་པ་དང་རྒྱལ་ཁ་ཐོབ་པ་བཞིན་བོད་ལའང་ཕན་པ་དང་རྒྱལ་ཁ་འཐོབ་རྒྱུར་བརྟེན་གཉིས་སྨན་ཞེས་གསུངས་པ་རེད། དབུ་མའི་ལམ་ཞེས་པ་ནི་རང་བཙན་བསྐྱར་གསོ་བྱེད་རྒྱུའི་མཐའ་དང༌། ད་ལྟའི་གནས་བབ་བཞིན་བསྡད་རྒྱུའི་མཐའ་གཉིས་དང་བྲལ་བ་ཞིག་ལ་ཟེར་བ་རེད། དེས་ན་ང་ཚོས་རང་བཙན་རྩོད་རྒྱུའི་མཐའ་དང་ད་ལྟའི་གནས་བབ་ཀྱི་མཐའ་གཉིས་པོ་དེ་བསལ་ནས་རང་བཙན་མ་རྩོད་པ་གང་ཞིག་ལ་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཞིག་བོད་མི་ས་ཡ་དྲུག་ལ་འཐོབ་ན། བོད་མིའི་མངོན་འདོད་དེ་གས་འགྲུབ་རྒྱུ་རེད་སྙམ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཏན་འབེབས་གནང་བ་རེད། དེ་ནས་རིམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལང་ཕྱོགས་མཁྲེགས་སུ་ཕྱིན་ནས། ཁོང་ཚོས་བར་སྐབས་ཤིག་ལ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་གནས་བབ་ཐག་གཅོད་བྱེད་དགོས་ཀྱི་འདུག བོད་ལ་ཚད་མཐོའི་རང་སྐྱོང་དགོས་ཀྱི་འདུག་ཅེས་གསུངས་པ་མ་གཏོགས། རང་སྐྱོང་གི་གནས་བབ་དེ་ག་འདྲ་ཞིག་ཡིན་མིན་ཞིབ་ཚགས་པོ་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་བཏོན་མི་འདུག་ཅེས་བརྒྱུད་ལམ་ཐོག་ནས་ཐེངས་ཁ་ཤས་བཤད་པར་བརྟེན། ཐོག་མར་༡༩༨༧ ལོར་ཞི་བའི་དོན་ཚན་ལྔ་དེ་བཀའ་གནང་བ་རེད། ཞི་བའི་དོན་ཚན་ལྔ་ནི་ང་ཚོས་མ་འོངས་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱེད་རྒྱུའི་རྒྱབ་ལྗོངས་ཀྱི་འཆར་སྣང་(Background vision) དེ་རེད། དེ་ནི་རྒྱ་བོད་ཀྱི་གནས་བབ་ཐག་གཅོད་བྱུང་རུང་མ་བྱུང་རུང་གང་ལྟར་འཛམ་གླིང་སྤྱིའི་དོན་དུ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་གང་དང་གང་ཡོད་པ་དེ་ཞིབ་ཚགས་པོས་གསུངས་པ་དེ་ལ་ཞི་བའི་དོན་ཚན་ལྔ་ཟེར་བ་རེད། ཞི་བའི་དོན་ཚན་ལྔ་ཡི་དོན་ཚན་ལྔ་པའི་ནང་མུ་མཐུད་ནས་བཀའ་མོལ་གནང་རྒྱུ་ཞིག་འཁོད་ཡོད། མུ་མཐུད་བཀའ་མོལ་གནང་རྒྱུའི་གྲོས་འཆར་ངོ་མ་དེ་༡༩༨༨ ལོར་ཡོ་རོབ་ཀྱི་སི་ཊ་སི་སྦག་གི་གྲོང་ཁྱེར་དུ་ཡོ་རོབ་གྲོས་ཚོགས་ལ་བསྩལ་བའི་གྲོས་འཆར་དེ་རེད། དེའི་ནང་ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་གྲུབ་འོག་ནས་ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་དེ་གཞི་རྩའི་ཁྲིམས་ཡིག་ལོགས་སུ་ཡོད་པའི་མང་གཙོའི་ལམ་སྲོལ་ལྡན་པའི་བོད་ཀྱི་རང་སྐྱོང་ཞིག་གི་དགོས་འདུན་དེ་བཏོན་གནང་བ་རེད། རྒྱལ་ཁབ་གཅིག་གི་ནང་རྩ་ཁྲིམས་གཉིས་ཡོང་ཐབས་མེད་ཀྱང༌། གཞི་རིམ་གྱི་ཁྲིམས་ཡིག་ལོགས་སུ་ཡོང་ཐུབ་པ་ཞིག་རེད། དཔེར་ན་ད་ལྟའི་གནས་སྐབས་ལ་ཧོང་ཀོང་དང་མ་ཀའོ་ལ་གཞི་རྩའི་ཁྲིམས་ཡིག་ལོགས་སུ་ཡོད་མུས་རེད། སི་ཊ་སི་སྦག་གི་གྲོས་འཆར་དེ་ནི་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བཤད་རྒྱས་པ་ཐོག་མ་དེ་རེད། དེ་དང་ཆབས་ཅིག་ཏུ་ང་ཚོས་མ་འོངས་པ་ལ་གཞི་རིམ་གྱི་ཁྲིམས་ཡིག་ག་འདྲ་ཞིག་དགོས་པ་དེའང་སི་ཊ་སི་སྦག་གི་གྲོས་འཆར་ནང་གསལ་པོ་བཀོད་ཡོད། ཡིན་ནའང་རྒྱ་ནག་གི་ངོས་ནས་དོན་མཐུན་གྱི་ཡ་ལན་ཞིག་མ་བྱུང་བ་མ་ཟད། ྋསྐྱབས་མགོན་རིན་པོ་ཆེས་གནང་བའི་སི་ཊ་སི་སྦག་གི་གསུང་བཤད་དེ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་མ་གཏོགས། རང་སྐྱོང་གི་གནས་བབ་མ་རེད་ཅེས་བཤད་དེ་གང་ལྟར་གྲོས་མོལ་ལམ་ལྷོང་མ་བྱུང༌། དེར་བརྟེན་ྋསྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་༡༩༩༡ དང་༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཁག་གི་ནང་ཐོག་མར་སི་ཊ་སི་སྦག་གི་གྲོས་འཆར་ནང་ཡོད་པའི་གནས་བབ་དེ་ཚོ་ལ་འགན་ཁུར་མེད་པ་དང༌། རྗེས་སུ་སི་ཊ་སི་སྦག་གི་གྲོས་འཆར་དེ་རང་བཞིན་གྱིས་ནུས་མེད་ལ་ཕྱིན་པའི་གསལ་བསྒྲགས་གནང་ནས་ལེའུ་ཞིག་རྫོགས་པ་རེད། དེ་ནས་༡༩༩༤ ལོར་རྒྱ་ནག་དང་ཐད་ཀའི་འབྲེལ་ལམ་ཡང་ཆད་པ་རེད། སི་ཊ་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ལ་སོང་བ་དང་རྒྱ་བོད་ཀྱི་འབྲེལ་ལམ་ཆད་པ་ཡིན་སྟབས། མ་འོངས་པ་ལ་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་སྐྱོང་དགོས་ཀྱི་ཡོད་དམ། ཡང་ན་དེ་ལས་གཞན་པའི་སྲིད་བྱུས་ཤིག་གཟུང་དགོས་ཀྱི་ཡོད། དེའི་ཆེད་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་མང་མོས་ཐག་གཅོད་འོས་བསྡུ་(Referendum)བྱེད་རྒྱུའི་ཆ་རྐྱེན་འོག་ནས་སྔོན་འགྲོའི་ལས་རིམ་ཞིག་བརྩམས་པ་རེད། བརྒྱུད་རིམ་དེའི་ནང་ཕྱི་ནང་གི་བོད་མི་བསམ་འཆར་འབུལ་མཁན་བརྒྱ་ཆ་དྲུག་ཅུ་བརྒལ་བ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུར་རྒྱབ་གཉེར་གནང་བ་ཡིན་ཙང༌། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མ་ཕྱིན་པར་མུ་མཐུད་གནས་པ་རེད། ཡིན་ནའང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཐུབ་མེད། ཕྱི་ལོ་༢༠༠༡ ལོར་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ལས་རྒྱུན་འགོ་འཛུགས་བྱེད་སྐབས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་སྐྱོང་བྱེད་ཕྱིན་ཆད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འབྲེལ་བ་དང་གྲོས་མོལ་མ་བྱས་པར་བསྡད་ན་སྲིད་བྱུས་དང་ལས་འཆར་གཉིས་མ་མཐུན་པར་བརྟེན། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཀྱི་ལས་གཞི་ཞིག་བརྩམས་པ་རེད། ང་ཚོ་དང༌། ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་ཚོ། དེ་མ་ཡིན་པའི་བརྒྱུད་ལམ་གཞན་པ་བཅས་ཀྱི་ནུས་པ་གང་ཡོད་ཚང་མ་གཅིག་ཏུ་སྤུངས་ནས་འབད་བརྩོན་བྱས་པ་བཞིན་༢༠༠༢ ཕྱི་ཟླ་༩ པའི་ནང་བོད་རྒྱའི་འབྲེལ་ལམ་དེ་བསྐྱར་མཐུད་བྱུང་བ་ནས་བཟུང་ད་བར་སྐབས་༡༢ པ་དང་སྐབས་༡༣ པའི་བཀའ་ཤག་གིས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་དེ་བཟུང་བ་རེད། བརྒྱུད་ལམ་གཅིག་གི་སྲིད་བྱུས་ནི་གཞུང་འབྲེལ་གྱི་འབྲེལ་བ་གནང་མཁན་གྱི་བརྒྱུད་ལམ་དེ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཚོགས་ཆུང་མ་གཏོགས། དེ་ལས་གཞན་པའི་བརྒྱུད་ལམ་བེད་སྤྱོད་མི་བྱེད་རྒྱུ་དང༌། གྲོས་གཞི་གཅིག་གི་སྲིད་བྱུས་ནི་བོད་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་བའི་ཆེད་ཁོ་ནར་དམིགས་ཡུལ་དུ་བཟུང་བ་ཞིག་རེད། ཕྱི་ལོ་༢༠༠༢ ནས་༢༠༠༧ བར་བྱས་པའི་འབྲེལ་མོལ་ཐེངས་དྲུག་གི་རིང་ལ་ཕྱོགས་གཉིས་ཀའི་དོགས་པ་རྣམ་རྟོག་སེལ་ཐུབ་པ་དང༌། ཕྱོགས་གཉིས་ཀྱི་ལང་ཕྱོགས་ཕན་ཚུན་གསལ་པོ་བཟོ་ཐུབ་པའི་དགེ་མཚན་གང་ལ་གང་འཚམས་བྱུང་བ་རེད། རྒྱ་ནག་གི་བསམ་ཚུལ་གང་ཡིན་པ་ང་ཚོས་རྟོགས་པ་དང༌། ང་ཚོའི་བསམ་ཚུལ་གང་ཡིན་པ་ཁོ་ཚོས་རྟོགས་པ། ཕན་ཚུན་བཤད་དགོས་གང་ཡོད་པ་དེ་གདོང་དང་གདོང་ཐུག་སྟེ་བཤད་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད། དེའི་སྐབས་ལ་ང་ཚོས་གསལ་པོ་གོ་རྟོགས་ཤིག་གང་བྱུང་ཡོད་ཅེ་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ནས་འབྲས་བུ་འཐོན་མི་ཐུབ་པ་དང༌། གང་ལྟར་ང་ཚོར་མཐའ་མའི་གྲུབ་འབྲས་ཐོན་པ་ཞིག་ཡོང་དགོས་ན། དངོས་ཡོད་གནས་ཚུལ་དང་འཚམས་པ་དེ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་གང་འཁོད་པ་དེ་ཚོ་ལག་ལེན་དུ་བསྟར་ཐུབ་པ་ཞིག་བཟོས་ན། དེའི་ཐོག་ནས་བོད་མིའི་མངོན་འདོད་སྒྲུབ་ཐུབ་པ་ཞིག་དང༌། རྒྱ་ནག་ལའང་འདི་བྱེད་ཀྱི་མིན་ཞེས་ཁག་འཇོག་ས་མེད་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁེ་ཕན་གང་ཡང་བློས་བཏང་བྱེད་མི་དགོས་པ། རྒྱལ་སྤྱིའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གདོང་ཡང་ཤོར་མི་དགོས་པ་དང་ངོ་ཡང་ཚ་མི་དགོས་པའི་གནས་ཚུལ་ཡག་པོ་ཞིག་ཡོང་རྒྱུ་དང༌། གང་ལྟར་ཕྱོགས་གཉིས་ཀ་ལ་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་མཐོང་བ་ཡིན་སྟབས། ང་ཚོས་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དེ་ངེས་པར་དུ་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་བཤད་རྒྱུ་དེ་ཐག་ཆོད་བྱེད་པའི་བརྒྱུད་རིམ་ཆ་ཚང་ནང་ཕྱིན་ནས་མཐའ་མའི་ཐག་གཅོད་དེ་བྱུང་བ་རེད། འབྲེལ་མོལ་ཐེངས་ལྔ་པ་དང་དྲུག་པ་གཉིས་ཀའི་ནང་ང་ཚོས་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་ལ་སྤྲོད་དགོས་ཞེས་གསལ་པོ་བཤད་རྒྱུའི་གོ་སྐབས་བྱུང་བ་རེད། ང་ཚོའི་ཐོག་མའི་འཆར་གཞི་ལྟར་ན། ༢༠༠༧ ལོར་འབྲེལ་མོལ་ཐེངས་དྲུག་པའི་རྗེས་༢༠༠༨ ལོར་འབྲེལ་མོལ་མུ་མ་མཐུད་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། ༢༠༠༢ ལོར་འབྲེལ་མོལ་དང་པོ་དེ་བྱུང་བ་ཡིན་སྟབས། དེའི་རྗེས་ལ་བསྐྱར་ཞིབ་ཀྱིས་ང་ཚོས་ལམ་གྱི་ས་ཁྲ་(Road map)ཞིག་བཟོས་ཡོད་པ་རེད། དེ་ལ་ནང་དོན་དུ་གོ་པཱལ་པུར་གྱི་འཆར་གཞི་ཞེས་བརྗོད་ཀྱི་ཡོད། གོ་པཱལ་པུར་གྱི་འཆར་གཞི་ཞེས་ཟེར་དགོས་དོན་ཡང་གོ་པཱལ་པུར་སློབ་གྲྭའི་ནང་བོད་རྒྱ་ཞི་མོལ་གྱི་ལས་རིམ་ཚོགས་འདུ་ཞིག་འཚོགས་ཏེ་ང་ཚོས་ཐབས་བྱུས་ཀྱི་བང་རིམ་ཞིག་བསྒྲིགས་པ་རེད། དེ་ལས་མིང་དེ་ཐོགས་པ་རེད། འཆར་གཞི་དེའི་ནང་༢༠༠༧ ལོ་མཇུག་ཚུན་ཆད་ལ་འབྲེལ་མོལ་ཐེངས་ག་ཚོད་བྱུང་ན་བྱུང་བ་དང༌། ༢༠༠༨ ནང་འབྲེལ་མཐུད་དང་འབྲེལ་མོལ་བྱེད་མི་དགོས་པ་དང༌། ༢༠༠༩ ལོར་བསྐྱར་དུ་གང་བྱེད་དགོས་མིན་བལྟ་རྒྱུའི་བང་རིམ་ཞིག་བསྒྲིགས་པ་རེད། འོན་ཀྱང་བང་རིམ་བསྒྲིགས་པ་བཞིན་འགྲོ་མ་ཐུབ་པའི་རྒྱུ་མཚན་ནི་༢༠༠༨ ཕྱི་ཟླ་༣ པ་ནས་བཟུང་བོད་ཀྱི་ནང་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་ཧ་ལས་པའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཤུགས་ཆེན་པོ་ཞིག་ཆོལ་གསུམ་ཁྱོན་ཡོངས་ལ་བྱུང་བ་ཡིན་ཙང༌། འཛམ་གླིང་གི་ནང་ལ་གནས་ཚུལ་ཛ་དྲག་ཆེན་པོ་ཞིག་ཆགས་པ་རེད་ལ། བོད་ཀྱི་ནང་ལའང་ཧ་ཅང་ཛ་དྲག་ཆེན་པོ་ཞིག་ཆགས་པ་རེད། དེའི་སྐབས་ལ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཧུ་ཅིན་ཐའོས་མཚོན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་ལ་འབྲེལ་བ་ཞིག་མ་གནང་ན། རྒྱལ་སྤྱིའི་ནང་དང་རྒྱལ་ནང་གི་གནས་ཚུལ་གཉིས་ཀའི་ཐོག་ནས་འགྲིག་ཐབས་མེད་པ་ཞིག་བྱུང་བ་རེད། འབྲེལ་བ་གནང་བའི་ཉེར་ལེན་ལ་བརྟེན་ནས་ནང་མོལ་གྱི་གྲོས་བསྡུར་བྱེད་པའི་གོ་སྐབས་ཤིག་རྒྱ་ནག་གི་ངོས་ནས་རེ་འདུན་བཏོན་པ་བཞིན་ཕྱི་ཟླ་༥ པའི་ནང་ཧོང་ཀོང་་གི་ཉེ་འགྲམ་དུ་ཧྲིན་ཀྲིན་ལ་སྐུ་ཚབ་རྣམ་པ་གཉིས་དང་རྒྱ་ནག་གི་ངོ་ཚབ་རྣམ་པ་གཉིས་དབར་ནང་མོལ་གྱི་བཀའ་བསྡུར་ཞིག་གནང་ཡོད། སྐབས་དེར་འབྲེལ་མོལ་ཐེངས་བདུན་པ་དེ་ངེས་པར་དུ་གནང་དགོས་པའི་གནས་ཚུལ་བྱུང་བ་རེད། ཕྱི་ཟླ་༧ པའི་ནང་འབྲེལ་མོལ་ཐེངས་བདུན་པ་རྒྱ་ནག་ཏུ་གནང་སྐབས་ཕན་ཚུན་བཀའ་མོལ་གྱི་བྱུང་རིམ་ནང༌། ྋསྐྱབས་མགོན་རིན་པོ་ཆེས་སྐབས་འགའ་རེར་མིང་དོན་མཚུངས་པའི་རང་སྐྱོང་དང༌། སྐབས་འགའ་རེར་དོན་སྙིང་ལྡན་པའི་རང་སྐྱོང༌། ཡང་སྐབས་འགའ་རེར་རང་སྐྱོང་ཚད་ལྡན་ཞེས་བཀའ་གནང་གི་འདུག བཀའ་བློན་ཁྲི་པས་བརྗོད་བཞིན་པའི་རང་སྐྱོང་དེ་ལའང་འདྲ་མི་འདྲ་སྣ་ཚོགས་ཤིག་འདུག དེར་བརྟེན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པས་བཤད་བཞིན་པའི་རང་སྐྱོང་གི་གནས་བབ་དེ་གསལ་པོ་བཟོས་ན། ང་ཚོས་བསམ་གཞིག་བྱེད་རྒྱུར་སྟབས་བདེ་བ་འདུག་ཅེས་གསུངས་པ་ཡིན་སྟབས། སྔ་ལོ་ཕྱི་ཟླ་༡༠ པའི་ཟླ་མཇུག་དང༌། ཕྱི་ཟླ་༡༡ པའི་ཚེས་ཤར་ལ་འབྲེལ་མོལ་ཐེངས་བརྒྱད་པ་གནང་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་རྒྱས་པ་ཞིག་བཟོས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བ་རེད། དེ་ནི་ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་གཞུང་གིས་འཛིན་བཞིན་པའི་མཐའ་མའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་དམ། རིག་པའི་གཞུང་ལུགས། ཡང་ན་གསལ་བཤད་ཅེས་གང་བརྗོད་ནའང་དེ་རང་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ནི་རྒྱ་ཡིག་དང་བོད་ཡིག དེ་བཞིན་དབྱིན་ཇི་དང་སྐད་ཡིག་གཞན་པའི་ནང་ལ་ཡང་ཡོད་པ་རེད། ཁྱེད་རང་ཚོས་དེའི་སྐོར་ཤེས་མ་སོང་ཞེས་ྋསྐྱབས་མགོན་རིན་པོ་ཆེར་ཞུས་པ་དེ་ལ་ང་བདེ་པོ་རང་མ་བྱུང༌། གང་ཡིན་ཟེར་ན། ཁྱེད་རང་ཚོ་མཐོ་རིམ་སློབ་གྲྭར་ཡོད་མཁན་ཚོས་དྲ་རྒྱ་ཕྱག་ལེན་ལ་མ་གནང་མཁན་ཧ་ལམ་ཡོད་རྒྱུ་མ་རེད་བསམ་གྱི་འདུག དེང་སང་དྲ་རྒྱ་དང་འབྲེལ་བ་མེད་ན་རྗེས་ལུས་ཐེབས་པའི་བཟོ་འདྲ་ཞིག་རེད། གཙུག་ལག་སློབ་གཉེར་ཁང་ཚང་མའི་ནང་དྲ་རྒྱའི་མཐུན་རྐྱེན་ཡོད་མུས་རེད། འདི་ཚོ་ཚང་མ་tibet.net དང༌། དེ་མིན་གྱི་དྲ་རྒྱ་གཞན་ནང་ཡོད་བཞིན་པ་རེད། ངས་ད་ལྟ་འདིར་ཚང་མ་ལ་འདེང་བའི་ཡིག་ཆ་བཀྲམ་རྒྱུ་མེད་རུང༌། ཡིག་ཆ་དེ་ཚོར་གཟིགས་འདོད་ཡོད་ན་དྲ་རྒྱ་དེ་ཚོ་ལ་གཟིགས་ན། པར་སྐྲུན་བྱེད་དགོས་བྱུང་ན་པར་བསྐྲུན་བྱེད་ཐུབ་པ་དང༌། པར་ཟིན་པ་དགོས་ན་ཕྱི་དྲིལ་ལས་ཁུངས་ནས་བཞེས་རྒྱུ་ཡོད་པ་རེད། ཡིག་ཆ་དེ་ཆ་ཚང་ཞིག་ལྗགས་ཀློག་མ་གནང་བ་ཡིན་ན་ད་ལྟའི་བོད་གཞུང་གིས་བཟུང་བའི་སྲིད་བྱུས་དེ་གང་ཡིན་པ་གསལ་པོ་དང་ཆ་ཚང་བ་ཞིག་རྟོགས་ཐུབ་ཀྱི་མ་རེད། ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་རྡོག་རྡོག་དེ་གང་རེད་ཅེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་དེ་མིང་ཙམ་མ་ཡིན་པར་མིང་དང་དོན་མཚུངས་པར་བོད་རིགས་ཡོངས་རྫོགས་ལ་འཛིན་སྐྱོང་གཅིག་གི་འོག་ལ་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་པ་དེ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་གྱི་སྒང་ལ་སྣ་ཁ་གཅིག་དགོས་ཞེས་ང་ཚོས་འདིའི་ནང་བརྗོད་མེད་ལ། དེའི་ནང་ཡོད་པ་དེ་ཚོ་སྣ་ཁ་གཅིག་མེད་ན་འགྲིག་གི་འདུག་ཅེས་ཀྱང་བརྗོད་མེད། རྩ་ཁྲིམས་ཀྱི་ཆ་རྐྱེན་གང་ཡོད་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཡར་མ་ལྷག་པ་དང་མར་མ་ཆད་པར་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་ལ་ལག་བསྟར་དགོས་ཀྱི་འདུག་ཅེས་པ་དེ་ང་ཚོའི་མཐའ་མའི་རེ་འདུན་དེ་རེད། དེ་ནི་ཕྱི་ཟླ་༡༠ པའི་ཟླ་མཇུག་དང༌། ཕྱི་ཟླ་༡༡ པའི་ཟླ་མགོ་ལ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སྤྲད་པ་རེད། འོན་ཀྱང་སྔ་ལོ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་བྱུང་ཞིང༌། བོད་ནང་ཡོད་པའི་ལྷག་བསམ་དང་དཔའ་མཛངས་ལྡན་པའི་བོད་མི་ཚོས་ལུས་སྲོག་དཀའ་ངལ་ལ་མ་ལྟོས་པར་ཞི་རྒོལ་རླབས་ཆེན་ཞིག་གནང་བ་དང༌། རྒྱ་ནག་ཏུ་ཨོ་ལམ་པིག་གི་རྩེད་འགྲན་བྱུང་བ། དེའི་རྗེས་ལ་འབྲེལ་མོལ་ཐེངས་བདུན་པ་དང་གཞུང་འབྲེལ་མ་ཡིན་པའི་ནང་ལུགས་ཀྱི་གྲོས་བསྡུར་བྱས་པ། རྒྱལ་སྤྱིའི་ནང་རྒྱ་ནག་ལ་བོད་ཀྱི་གནད་དོན་ཐད་འབྲེལ་མོལ་བྱེད་མཁན་དང༌། གནོན་ཤུགས་སྤྲོད་མཁན། གོ་བསྐོན་བྱེད་མཁན་བཅས་གྲངས་ལས་འདས་པ་ཞིག་བྱུང་བ། རྒྱ་ནག་དང་བོད་སའི་ནང་ས་ཡོམ་གྱིས་ལུས་སྲོག་མང་པོ་ཤོར་བ་བཅས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། ལྷག་པར་དུ་ཕྱི་ཟླ་༥ པའི་ནང་འབྲེལ་མོལ་ཐེངས་བདུན་པའི་ཚེས་གྲངས་གཏན་འབེབས་བྱེད་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྣམ་འགྱུར་གང་བསྟན་པ་དང་ཁས་ལེན་གང་བྱས་པ་རྣམས་ཕྱི་ཟླ་༧ པའི་འབྲེལ་མོལ་ཐེངས་བདུན་པའི་སྐབས་ལ་ལག་བསྟར་མ་བྱུང་བ་བཅས་ཀྱི་གནས་ཚུལ་མང་པོ་ཞིག་ལ་གཟིགས་ནས་ྋསྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་དེ་མུ་མཐུད་བཟུང་ན་འགྲིག་གི་ཡོད་མེད་བསྐྱར་དུ་མི་མང་གི་བསམ་ཚུལ་བསྡུ་དགོས་པའི་གནས་སྟངས་ཤིག་འདུག་ཅེས་བཀའ་ཕེབས་སྐབས། གལ་ཏེ་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་ཞིག་བྱེད་ན་དུས་ཡུན་ཧ་ཅང་རིང་པོ་ཞིག་འགོར་རྒྱུ་དང༌། སྔ་མ་མང་མོས་ཐག་གཅོད་འོས་བསྡུ་བྱས་པ་དེ་ལོ་གཉིས་ཀྱི་འཆར་གཞི་རེད། ན་ནིང་གི་དེ་ཛ་དྲག་སོང་ཙང་ང་ཚོར་ལོ་གཅིག་གཉིས་ཀྱི་འཆར་གཞི་བཀོད་ནས་དུས་ཚོད་རིང་པོ་བཏང་སྟེ་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུའི་གོ་སྐབས་མེད་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་གཞན་ཞིག་གི་འོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་སྟེ་བསྐྱར་དུ་འདིའི་ཐོག་ལ་ཚོགས་ཁང་འདིའི་ནང་ང་ཚོས་ཉིན་ལྔའི་རིང་གྲོས་བསྡུར་མཐར་ཕྱིན་པ་ཞིག་གནང་བ་རེད། སྐབས་དེ་དུས་དམིགས་བསལ་ཚོགས་ཆེན་དུ་ཚོགས་ཕེབས་གནང་མཁན་ཚོར་ཆ་མཚོན་ན་དོན་དམ་པའི་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་མཚོན་ཐུབ་མཁན་ཤ་སྟག་ཕེབས་ཡོད་ཅིང༌། ས་གནས་འཐུས་མི་ཚོགས་འདུའི་ཚོགས་མི་དང༌། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་མི། ས་གནས་སྤྱི་མི་བརྒྱ་དཔོན་བཅས་ཚང་མ་ས་གནས་མི་མང་གིས་ས་གནས་སོ་སོའི་ནང་མང་གཙོའི་ལམ་སྲོལ་དང་མཐུན་པ་འོས་བསྡུ་བྱས་ནས་ཕེབས་པ་ཤ་སྟག་རེད། ནུབ་ཕྱོགས་ནས་ཕེབས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོའི་དབུ་ཁྲིད་ཚོ་ཡང་མི་མང་གིས་དུས་ནས་དུས་སུ་འོས་བསྡུ་བྱས་ནས་འདེམས་པ་ཤ་སྟག་རེད། དེ་བཞིན་དགོན་སྡེ་ཁག་གི་སྐུ་ཚབ་དང༌། སློབ་གཉེར་ཁང་ཁག་གི་སྐུ་ཚབ་བཅས་ཚང་མ་རང་སོ་སོའི་ཡོང་ཁུངས་མི་མང་གི་བཀའ་ལུང་ཡོད་པ་ཤ་སྟག་རེད། དེ་འདྲ་གང་ཡང་མིན་རུང་དུས་རྒྱུན་བོད་ཀྱི་ཆབ་སྲིད་ཐོག་ཐུགས་སྣང་གནང་མཁན་ཚོ་ལའང་རང་འདོད་དང་བླང་གི་ཐོག་ནས་ཕེབས་ཆོག་རྒྱུའི་གོ་སྐབས་ཕུལ་ཡོད་པ་རེད། དེ་ཚོ་ཚང་མ་ཚང་འཛོམས་གནང་སྟེ་ཧ་ཅང་གི་གཏིང་ཟབ་པོས་བཀའ་བསྡུར་གནང་བའི་མཐའ་མའི་གྲུབ་འབྲས་སུ་ཧ་ལམ་སྔ་མ་དང་མི་འདྲ་བར་ཚོགས་མི་ཕེབས་མཁན་དང་དགོངས་འཆར་གནང་མཁན་ཚང་མ་ཕྱོགས་བསྡོམས་བྱས་ན་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དང༌། བོད་རྒྱ་འབྲེལ་མོལ་རྒྱུན་འཁྱོང་བྱེད་དགོས་པའི་དགོངས་འཆར་བྱུང་བ་རེད།

དེ་ལྟར་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་དུ་མི་མང་གི་བཀའ་ལུང་ཧ་ཅང་ཤུགས་ཆེན་པོ་ཞིག་ཐོབ་པ་རེད། བོད་རིགས་ཙམ་མ་ཡིན་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ངོས་ནས་ཡིན་ནའང་བོད་ཀྱི་རྩ་དོན་ཐད་ཡུན་རིང་རྒྱབ་སྐྱོར་གནང་བ་ཡིན་སྟབས། ད་གའི་བདུན་ཕྲག་གཅིག་གཉིས་རྗེས་དིལླཱིར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་པའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཆེ་བའི་སྐུ་ཚབ་མཚོན་ངེས་ཀྱི་ཚོགས་མི་ཕེབས་ཡོད། ཁོང་ཚོའི་ངོས་ནས་མང་མོས་མཐོ་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱུང་བ་ཡིན་ཙང༌། ད་གའི་མཇུག་ལ་ཕྱི་ཟླ་༡༢ ཚེས་༦ ཉིན་མོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྦར་སིལ་ཡོ་རོབ་གྲོས་ཚོགས་སུ་བསྐྱར་དུ་གསུང་བཤད་རྒྱས་པ་ཞིག་གནང་ཡོད་པ་རེད། ཁྱེད་ཚོས་དྲ་རྒྱའི་ནང་གཟིགས་ཡོད་རྒྱུ་རེད། དེའི་ནང་ང་ཚོས་ད་ལྟ་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང༌། རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས། ཟླ་བ་གཅིག་གི་སྔོན་དེར་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་བཅས་ཀྱི་སྐོར་ཞིབ་ཚགས་པོས་བཀའ་གནང་ཡོད། དེར་བརྟེན་ད་ལྟ་ཕྱི་ལོ་༢༠༠༩ ནང་བཙན་བྱོལ་བོད་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆ་དེའི་ནང་གཟིགས་ན། བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་གནས་བབ་ག་འདྲ་ཡིན་པ་དེ་གསལ་པོ་མཁྱེན་ཐུབ།

མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེའི་དོན་ཚན་དང་པོ་ངོ་སྤྲོད་ནང་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་ནང་ག་འདྲ་སླེབས་པ་དང༌། དེའི་དགོས་པ་རྒྱུ་མཚན་གང་ཡིན་པ། བཙན་རྒྱལ་རིང་ལུགས་ཀྱི་མི་རིགས་གཉའ་གནོན་ལས་གྲོལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་འབྲེལ་རིང་ལུགས་ནང་འགྲོ་བ་ལ་གྲངས་མང་མི་རིགས་ཀྱི་ལྟ་གྲུབ་དང་གྲངས་ཉུང་མི་རིགས་ཀྱི་ལྟ་གྲུབ་སྤང་དགོས་པ། རྒྱ་ནག་གིས་བཤད་པ་བཞིན་རྒྱ་ནག་གི་གྲངས་མང་མི་རིགས་ཀྱི་བཤུ་གཞོག་གི་ལྟ་གྲུབ་(Han chauvinism)

དང༌། ས་གནས་མི་རིགས་ཀྱི་ལྟ་གྲུབ་(Local nationalism)སྤང་དགོས་པ། གྲངས་མང་ཧན་མི་རིགས་ཀྱིས་མི་རིགས་ཆུང་བ་ཚོ་ལ་མཐོང་ཆུང་དང་གཉའ་གནོན་གྱི་ལམ་ལུགས་དེ་སྤང་དགོས་པ། ས་གནས་སོ་སོའི་གྲངས་ཉུང་མི་རིགས་ཀྱིས་གྲངས་མང་ཧན་མི་རིགས་ལ་སྡང་ཟུག་དང་མི་དགའ་བ་བྱེད་པའི་ལྟ་གྲུབ་དེ་སྤང་དགོས་པ། དེ་སྤངས་ན་མི་རིགས་འདྲ་མཉམ་དང༌། དེ་ལས་མི་རིགས་མཐུན་འབྲེལ་ཡོང་བ། མི་རིགས་མཐུན་འབྲེལ་བྱུང་ན་མི་རིགས་མང་པོ་ཡོད་པའི་རྒྱལ་ཁབ་དེ་བརྟན་བརླིང་དང་སྲ་བརྟན་ཡོང་ཐུབ་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་རྒྱལ་ཁབ་གཞན་དང་མི་འདྲ་བར་མི་རིགས་དུ་མ་འདུས་པའི་རྒྱལ་ཁབ་(Multinational state) ཅིག་ཡིན་པ་བཅས་གསལ་ཡོད།

དོན་ཚན་གཉིས་པ་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་བྱེད་དགོས་ཞེས་པ་དེ་རེད། དེའི་ནང་ང་ཚོ་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་དགོས་ཞེས་པའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་ནི་མི་རིགས་ཆིག་བསྒྲིལ་(National integrity) དེ་རེད། དེ་ནི་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་ཚང་མ་ལ་མེད་དུ་མི་རུང་བ་ཞིག་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཧ་ཅང་གལ་ཆེན་པོར་བརྩི་བ་རེད། མི་རིགས་ང་བཅུ་ང་དྲུག་ཆིག་བསྒྲིལ་ཡོང་བ་ལ་གྲངས་ཉུང་མི་རིགས་སོ་སོའི་ཆིག་བསྒྲིལ་ལ་ངོས་ལེན་དང་བརྩི་འཇོག་དགོས་ཞེས་མི་རིགས་ཆིག་བསྒྲིལ་གྱི་གནས་བབ་དེ་བཤད་ཡོད།

དོན་ཚན་གསུམ་པ་བོད་མིའི་མངོན་འདོད་གང་ཡིན་ཞེས་པ་དེ་རེད། དེ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས། མང་གཙོའི་རིང་ལུགས་བཅས་གང་ནས་བལྟས་ནའང་གལ་ཆེན་པོ་རེད། མི་རིགས་ཀྱི་མངོན་འདོད་ཟེར་བ་དེ་ཧ་ཅང་གལ་ཆེའི་གནས་བབ་ཅིག་ཡིན་སྟབས། དོན་ཚན་གསུམ་པའི་ནང་བཤད་ཡོད།

དོན་ཚན་བཞི་པ་བོད་མིའི་གཞི་རྩའི་དགོས་མཁོ་ཞེས་པ་དེ་རེད། དེ་ལ་རང་སྲིད་རང་སྐྱོང་གང་འདྲ་བྱས་ནས་ཡོང་བ་དང་དེའི་གནས་བབ་དེ་བཤད་ཡོད། རྩ་ཁྲིམས་ཀྱི་དོན་ཚན་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་གི་དོན་ཚན་ཁག་རེ་རེ་ནས་ལུང་དྲངས་ཏེ། དེའི་ནང་ཆ་རྐྱེན་དེ་འདྲ་ཞིག་བསྐྲུན་ཡོད་ཀྱང་ཚང་མ་ལག་ལེན་ལ་བསྟར་མེད་ཚུལ་དང༌། གང་དང་གང་ལག་ལེན་ལ་བསྟར་དགོས་པ་རྣམས་ཚན་པ་བཅིུག་ལ་ཕྱེ་ཡོད་ཅིང༌། དང་པོ་སྐད་ཡིག་སྲུང་སྐྱོབ་སྐོར་དེ་རེད། བོད་ནང་བོད་སྐད་གཙོ་བོར་བྱེད་དགོས་པ། གཉིས་པ་ལེགས་བྱང་དེ་རེད། ལེགས་བྱང་གི་གནས་བབ་རང་སྐྱོང་དགོས་པ། གསུམ་པ་ཆོས་ལུགས་ཀྱི་རང་སྐྱོང་དང་སྲུང་སྐྱོབ་སྐོར་དེ་རེད། ཆོས་དད་རང་མོས་དགོས་པ། བཞི་པ་ཤེས་ཡོན་གྱི་རང་སྐྱོང་དགོས་པའི་སྐོར་དེ་རེད། ལྔ་པ་ཁོར་ཡུག་སྲུང་སྐྱོབ་ཐོག་རང་སྐྱོང་དགོས་པ་དེ་རེད། དྲུག་པ་རང་བྱུང་འཐོན་ཁུངས་རྣམས་བེད་སྤྱོད་ཇི་ལྟར་བྱེད་དགོས་པ་དེ་རེད། བདུན་པ་དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ་ཐོག་རང་སྐྱོང་དགོས་པ་དེ་རེད། ང་ཚོས་ཇི་ཙམ་ཐད་ཀར་ཚོང་འབྲེལ་ཆོག་གི་ཡོད་མེད། དཔལ་འབྱོར་གྱི་ཡར་རྒྱས་ནང་བོད་པས་ཇི་ལྟར་ཆ་ཤས་ལེན་དགོས་པ། དབུས་གཞུང་གིས་ཇི་ལྟར་བྱེད་དགོས་པ་བཅས་འཁོད་ཡོད། བརྒྱད་པ་མང་ཚོགས་ཀྱི་འཕྲོད་བསྟེན་སྐོར་དེ་རེད། དགུ་པ་མང་ཚོགས་ཀྱི་བདེ་འཇགས་སྐོར་དེ་རེད། བཅུ་པ་ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག་དགོས་པའི་སྐོར་དེ་རེད། བོད་རིགས་མིན་པ་ཚོ་བོད་ལ་འགྲུལ་བཞུད་དང༌། བོད་པ་ས་ཁུལ་གཞན་ལ་འགྲུལ་བཞུད་ཇི་ལྟར་བྱེད་ཚུལ་གྱི་སྲོལ་ཡིག་བཟོ་རྒྱུ་དེ་རེད། བཅུ་གཅིག་པ་རྒྱལ་ཁབ་གཞན་མཉམ་དུ་ལེགས་བྱང་དང༌། སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་སྟངས་སྐོར་དེ་རེད། དོན་ཚན་བཅུ་གཅིག་པོ་དེའི་འོག་ང་ཚོའི་རང་སྐྱོང་གི་དགོས་མཁོ་ཆ་ཚང་གསལ་པོ་བཟོས་ཡོད། དེ་དག་ལ་གཟིགས་ན་དབུས་གཞུང་ལ་དབང་ཆ་གང་ལྷག་གི་རེད་ཅེ་ན། རྒྱལ་སྲུང་དང་ཕྱི་འབྲེལ་གཉིས་པོ་དེ་རེད། རྒྱལ་སྲུང་ནི་དམག་སྲིད་རེད། དམག་སྲིད་དེ་དབུས་གཞུང་གིས་བཏང་འཛིན་བྱེད་རྒྱུ་དང༌། ཕྱི་འབྲེལ་ལ་ལེགས་བྱང་དང་ཤེས་ཡོན་ཐོག་ནས་ཐད་ཀར་ཕྱི་འབྲེལ་བྱེད་རྒྱུ་ཡོད་ནའང༌། གཞུང་ཚབ་གཏོང་ལེན་གྱི་འབྲེལ་བ་(Diplomatic relation) དེ་དབུས་གཞུང་གིས་ཐད་ཀར་བྱེད་རྒྱུར་བཞག་ཡོད།

དོན་ཚན་ལྔ་པ་བོད་རིགས་ཡོངས་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པའི་སྐོར་དེ་རེད། ལོ་རྒྱུས་དང༌། སྤྱི་ཚོགས། དཔལ་འབྱོར། ཤེས་ཡོན་བཅས་ལ་འབྲེལ་བ་གང་ཡོད་པ་དང༌། འཛིན་སྐྱོང་གཅིག་གྱུར་བྱུང་དང་མ་བྱུང་གི་དགེ་སྐྱོན་སོགས་བཤད་ཡོད།

དོན་ཚན་དྲུག་པ་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞིའི་སྐོར་དེ་རེད། དབུས་དང་རང་སྐྱོང་གི་དབར་ལ་དབང་ཆ་བགོ་བཤའ་གསལ་པོ་བཟོ་རྒྱུ་དང༌། ཕན་ཚུན་ཐག་གཅོད་བྱེད་པའི་བརྒྱུད་ལམ་གང་ཡིན་པ་དེ་དག་རྙོག་གཞི་ཅན་ཞིག་ཡིན་པས་ཅུང་ཟད་རིང་ཙམ་བཤད་ཡོད།

དོན་ཚན་བདུན་པ་ང་ཚོའི་མ་འོངས་པའི་ལས་ཀ་བྱེད་ཕྱོགས་ཀྱི་སྐོར་དེ་རེད། དེ་ལྟར་དོན་ཚན་བདུན་གྱི་ནང་ང་ཚོའི་བསམ་འཆར་དེ་སྤྲད་ཡོད། བསམ་འཆར་དེའི་དོན་རྡོག་རྡོག་དེ་དམག་སྲིད་དང་ཕྱི་འབྲེལ་གཉིས་མ་གཏོགས་དེ་ལས་གཞན་པའི་གནས་ཚུལ་ཡོངས་རྫོགས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ལག་ལེན་དུ་བསྟར་བ་དང་མཉམ་དུ་བོད་པ་ཚོས་རང་སྲིད་རང་སྐྱོང་དང༌། རང་ཁྱིམ་རང་བདག རང་མི་རང་ལས་བྱེད་ཐུབ་པ་ཡོང་རྒྱུ། རང་སྲིད་རང་སྐྱོང་དང༌། རང་ཁྱིམ་རང་བདག རང་མི་རང་ལས་ཟེར་བའི་ཚིག་རྣམས་ངས་བཟོས་པ་ཞིག་མིན་པར། མར་ཁེ་སི་ལེ་ཉིན་གྱི་ཚིག་རེད། ཀོ་རལ་མར་ཁེ་སིའི་མི་རིགས་རང་སྐྱོང་གི་ལྟ་གྲུབ་ནང་དེ་ཚོ་ཚང་དགོས་ཞེས་བཤད་པར་བརྟེན། དེ་ཚོ་ང་ཚོར་དགོས་ཀྱི་འདུག ང་ཚོ་ལ་སྤྲོད་རོགས་ཞེས་བོད་པས་རང་གི་སྲིད་དེ་རང་གིས་སྐྱོང་ཐུབ་པ་དང༌། བོད་པས་རང་གི་ས་ཆ་དེ་རང་གིས་བདག་པོ་རྒྱག་ཐུབ་པ། བོད་པས་རང་གི་འཛུགས་སྐྲུན་གྱི་ལས་ཀ་དེ་བོད་པ་རང་ཉིད་ཀྱིས་བྱེད་ཐུབ་པ་ཞིག་ཡོང་རྒྱུ་རེད། དེས་ན་རང་སྲིད་རང་སྐྱོང་དང༌། རང་ཁྱིམ་རང་བདག རང་མི་རང་ལས་ཞེས་པའི་མར་ཁེ་སི་ལེ་ཉིན་རིང་ལུགས་དེ་མའོའི་རྩ་ཁྲིམས་ནང་འཁོད་པ་དེ་ངེས་པར་དུ་ལག་ལེན་བསྟར་རོགས་གནང་ཞེས་པ་དེ་ང་ཚོའི་མངོན་འདོད་རེད། འོན་ཀྱང་རྒྱ་མིའི་ངོས་ནས་དོན་ཚན་གཅིག་ལའང་འདི་རྩ་ཁྲིམས་དང་འགལ་བ་དང༌། འདི་ཁྲིམས་དང་འགལ་བ། རྩ་ཁྲིམས་ཀྱི་ནང་དེ་འདྲའི་ཆ་རྐྱེན་མེད་ཅེས་བཤད་མེད། ད་ལྟ་ཕན་ལ་ཁོ་རང་ཚོས་གསར་འགོད་གསལ་བསྒྲགས་ཀྱིས་མཚོན་པའི་ལན་བརྒྱབས་པ་ཚང་མའི་ནང་དོན་དག་གཉིས་བཤད་ཅིང༌། དང་པོ་ནི་ཁྱེད་ཚོའི་ཀུན་སློང་ནང་ད་ལྟ་ཡང་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་འདུག དེས་ན་ཀུན་སློང་གཙང་མ་མི་འདུག་ཅེས་དང༌། གཉིས་པ་ནི་ྋསྐྱབས་མགོན་རིན་པོ་ཆེས་ཞི་བའི་དོན་ཚན་ལྔའི་ནང་འདི་དང་འདི་གསུངས་འདུག སི་ཊ་སི་སྦག་གི་གྲོས་འཆར་ནང་འདི་དང་འདི་གསུངས་འདུག དེས་ན་ཡོང་ཐབས་མེད་ཅེས་བཤད་ཀྱི་ཡོད། ང་ཚོའི་ངོས་ནས་གང་བཤད་ཀྱི་ཡོད་ཅེ་ན། སི་ཊ་སི་སྦག་གི་གསུང་བཤད་ནི་སྐབས་དེ་དང་དུས་དེའི་གསུང་བཤད་ཅིག་རེད། དེ་རང་བཞིན་ནུས་མེད་དུ་ཕྱིན་པ་ྋསྐྱབས་མགོན་རིན་པོ་ཆེ་རང་གིས་གསལ་བསྒྲགས་གནང་གྲུབ་པ་ཞིག་རེད། ཞི་བའི་དོན་ཚན་ལྔ་ནི་ཕུགས་རྒྱང་རིང་པོའི་འཆར་སྣང་ཞིག་ལས་གྲོས་གཞི་མིན། དེའི་ནང་ཡོད་པའི་འཆར་སྣང་དེ་ཚོ་བོད་རྒྱའི་གནས་བབ་འགྲིགས་ཆགས་བྱུང་མིན་ལ་མ་ལྟོས་པར་དགོས་པ་ཞིག་རེད། དེ་ཚོ་དང་ང་ཚོའི་བསམ་འཆར་གྱི་ཡིག་ཆ་འདི་གཉིས་ལ་འབྲེལ་བ་གང་ཡང་མེད། ད་ལྟ་ྋསྐྱབས་མགོན་རིན་པོ་ཆེ་དང་བོད་མི་ས་ཡ་དྲུག་གི་དགོས་འདུན་དེ་ང་ཚོའི་ཡིག་ཆའི་ནང་ཡོད་པ་དེ་རང་རེད། དེའི་ནང་རང་བཙན་མེད་ལ། ཕྱེད་རང་བཙན་དང༌། རྣམ་པ་འགྱུར་བའི་རང་བཙན་ཡང་མེད། དངོས་གནས་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་ཆ་རྐྱེན་ནང་ཡོད་པའི་རང་སྐྱོང་ཁོ་ན་རེད། དོན་ཚན་རེ་རེ་ནས་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལུང་དྲངས་ནས་ཞུས་ཡོད། ཡང་ན་རྩ་ཁྲིམས་བདེན་པ་མ་རེད་ཅེས་གསུང་དགོས་ཀྱི་རེད། གལ་སྲིད་རྩ་ཁྲིམས་བདེན་པ་མ་རེད་གསུངས་ན། ང་ཚོའི་དགོས་འདུན་དེ་བདེན་པ་མིན་པར་ཆགས་པ་མ་གཏོགས། ཇི་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་འདི་ངོས་ལེན་བྱེད་ཕྱིན་ཆད་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ཁྲིམས་ཀྱི་དབང་སྒྱུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པ་ཁས་ལེན་གནང་ཕྱིན་ཆད་ང་ཚོའི་དགོས་འདུན་དེ་ཚོ་ཁྲིམས་དང་མཐུན་གྱི་མི་འདུག་གསུང་རྒྱུ་དང༌། ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རེད་ཟེར་བ་སོགས་གཞི་རྩ་མེད་པ་ཞིག་རེད་ཅེས་ང་ཚོའི་ལང་ཕྱོགས་དེ་རེད། ད་ལྟ་ང་ཚོའི་ལང་ཕྱོགས་དེ་ལག་ལེན་དུ་བསྟར་བ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་གཅིག་པུ་ཞིག་དགོས་པ་མ་གཏོགས། གཞན་གང་ཡང་དགོས་ཀྱི་མེད། དེ་གཅིག་པུ་ཡོད་ན་རྩ་ཁྲིམས་དང༌། ཁྲིམས་གཞི། སྲིད་བྱུས་བཅས་གང་ལ་ཡང་འགྱུར་བ་གཏོང་དགོས་པ་མེད། གང་ལྟར་དེ་ཚོ་ང་ཚོས་དགོངས་དོན་དེའི་འོག་ལ་བཟོས་པ་ཤ་སྟག་རེད། ད་ལྟའི་བཙན་བྱོལ་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལངས་ཕྱོགས་དེ་དེ་འདྲ་ཞིག་རེད། ད་ལྟ་ངས་མདོ་ཙམ་ཞུས་པ་ཡིན། ཞིབ་ཚགས་མཁྱེན་འདོད་ཡོད་ན་དྲ་རྒྱ་དང་དེབ་ལ་གཟིགས་དགོས་ཀྱི་རེད། དེ་ནས་བཙན་བྱོལ་གཞུང་ལ་དགོངས་འཆར་ཞིག་གནང་ནའང་གཞི་རྩ་ཡོད་པ་ཞིག་ཆགས་ཀྱི་རེད།

སྔ་ལོ་ཕྱི་ཟླ་༡༡ ནང་འབྲེལ་མོལ་ཐེངས་བརྒྱད་པ་བྱུང་རྗེས་ཕྱོགས་གཉིས་ཆ་ནས་སྒུག་བཞིན་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ག་དུས་ཡིན་ཡང་འབྲེལ་མོལ་གྱི་སྒོ་ཕྱེ་ནས་ཡོད་ཅེས་བཤད་ཀྱི་ཡོད། ང་ཚོའི་ངོས་ནས་ཁྱེད་ཚོས་སྒོ་དེ་ཕྱེ་ཡོད་ཅེས་བཤད་དུས་འཛུལ་སྐབས་མགོ་བོ་ཐོགས་ཀྱི་འདུག་ཅེས་བཤད་སྐབས། ཁོང་ཚོས་ཁྱེད་ཚོས་འཛུལ་སྟངས་ཤེས་ཀྱི་མེད། སྒོ་ཕྱེ་ནས་ཡོད་ཟེར་གྱི་ཡོད། སྒོ་ཕྱེ་ཡོད་ན་འཛུལ་ཆོག་ཆོག་ཅིག་དགོས་པ་རེད། ད་ཕལ་ཆེར་ཙི་ཙི་དང་སྦྲུལ་འཛུལ་བ་བཞིན་ས་ལ་ཉལ་ནས་འཛུལ་དགོས་པ་ལས། གཞན་འཛུལ་ས་མེད། འཛུལ་བ་ཡིན་ནའང་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་རེད་ཅེས་ལབ་ཀྱིན་ཡོད། ང་ཚོ་ཕྱི་ལ་སྡོད་སྐབས་སྒོ་ཕྱེ་ཡོད་ཀྱང་ཡོང་གི་མི་འདུག་ཟེར་གྱི་ཡོད། གང་ལྟར་ཁོང་ཚོའི་ངོས་ནས་སྒོ་ཕྱེ་ནས་ཡོད་ཅེས་ཟེར་བཞིན་པ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཆུ་ཚོད་ཉི་ཤུ་རྩ་བཞིའི་སྔོན་བརྡ་བཏང་ན་འབྲེལ་མོལ་ཆེད་ག་དུས་དང་གང་དུ་ཤོག་གསུང་ནའང་ཡོང་ཆོག་ཡིན་ཞེས་བཤད་ཀྱི་ཡོད། གྲོས་གཞི་ནི་ང་ཚོས་སྔ་མ་ནས་ཕུལ་ཟིན། དེ་ནི་ང་ཚོའི་གྲོས་གཞི་ལྟེ་བ་དེ་རེད། ང་ཚོའི་ངོས་ནས་བསམ་འཆར་ཡིག་ཆ་འདིའི་བརྒྱ་ཆའི་ཆ་ཤས་ཤིག་ཀྱང་ཁྱད་པར་འགྲོ་ཐབས་མེད།

དེང་སང་རྒྱ་ནག་ནང་གནད་ཡོད་མི་སྣ་དེ་འདྲའི་རྩོམ་ཡིག་ནང་མི་རིགས་ས་གནས་རང་སྐྱོང་གི་བསམ་ཚུལ་དེ་ནོར་འཁྲུལ་རེད། རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཚུལ་ཐོན་ཡོང་གི་འདུག དེའི་དབང་གིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་ཕྱིན་ན། ང་ཚོའི་མངོན་འདོད་དེ་བེད་མེད་དུ་ཆགས་རྒྱུ་རེད། ཡིན་ནའང་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་ཟེར་བ་དེ་ལ་བརྒྱུད་རིམ་རིང་པོ་ཞིག་ཡོད་པས་ཉིན་གཅིག་ལ་འགྱུར་བ་གཏོང་ཐབས་མེད་རུང༌། དེ་འདྲའི་བསམ་ཚུལ་ད་ལྟ་ཡོང་བཞིན་པ་རེད། ཁོང་ཚོས་གང་བཤད་ཀྱི་ཡོད་ཅེ་ན། མི་རིགས་ས་གནས་རང་སྐྱོང་དང་མཉམ་འབྲེལ་གྱི་བསམ་ཚུལ་དེ་མར་ཁེ་སི་ཡིས་ནུས་པ་བཏོན་ཆེ་དྲགས་པའི་དབང་གིས་སོ་ཝི་ཡཊ་ཡུ་ནི་ཡན་(Soviet Union) ཁ་ཐོར་བ་རེད། སྔ་མ་ར་ཤི་ཡའི་མཉམ་དུ་ཡོད་པའི་སོ་ཝི་ཡཊ་ཡུ་ནི་ཡན་ནང་རྒྱལ་ཁབ་མང་པོ་ཞིག་ཡོད། དེ་ཚོ་རྗེས་མ་ཁ་འཐོར་ནའང་འཐོར་ས་ཡོད་པ་ཞིག་བཟོ་རྒྱུ་དེ་མར་ཁེ་སིའི་བསམ་ཚུལ་ངོ་མ་དེ་རེད། ཕྱི་ལོ་༡༩༢༠ རྩ་གྲངས་ནང་མའོ་ཡིས་འགོ་ཁྲིད་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་གྲོས་ཆོད་ཀྱི་ནང་ལའང་དེ་རང་ཡོད་ཅིང༌། རྒྱ་ནག་ནང་ཡོད་པའི་མི་རིགས་ལྔ་བཅུ་ང་དྲུག་པོ་ཚང་མ་ལ་རང་བཙན་བྱེད་པའི་ཐོབ་ཐང་དང༌། རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ཡོད། ཇི་སྲིད་གྲངས་ཉུང་མི་རིགས་དེ་དག་རང་བཙན་མ་ཐོབ་པ་དེ་སྲིད་ང་ཚོའི་ཚོགས་པ་དེ་གུང་ཁྲན་ངོ་མར་ཆགས་ཐབས་མེད། ཁོང་ཚོར་རང་བཙན་ཐོབ་པའི་ཉིན་མོ་དེ་ང་ཚོའི་ཚོགས་པ་དེའང་གུང་ཁྲན་གྱི་ཚོགས་པ་དང་མར་ཁེ་སི་རིང་ལུགས་ངོ་མ་ལ་འགྲོ་བའི་ཚོགས་པ་ཞིག་ཏུ་ཆགས་རྒྱུ་རེད་ཅེས་པ་དེ་ཁོང་ཚོའི་གྲོས་ཆོད་ནང་ལ་བཀོད་ཡོད། ཡིན་ནའང་༡༩༤༩ ལོར་དངོས་སུ་གུང་ཐུང་ཀང་ལིང་རྩོམ་སྐབས་དེ་ཚོ་ཚང་མ་མེད་པར་གྱུར་ཟིན། དེ་དུས་མི་རིགས་འདྲ་མཉམ་དང༌། མི་རིགས་མཐུན་འབྲེལ། མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་སླེབས་པ་རེད། གཅིག་བྱས་ན་ད་ལྟ་དེ་ཡང་ཆེ་དྲགས་འདུག་བསམ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་གནས་བབ་ལ་ད་ལྟའི་རྩ་ཁྲིམས་དེ་ལྷག་བསམ་རྣམ་དག་གིས་ལག་ལེན་ལ་བསྟར་ཏེ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཞིག་བོད་རིགས་ཡོངས་ལ་སྤྲད་ན། དེའི་ཐོག་ནས་བོད་མིའི་མངོན་འདོད་ངེས་པར་དུ་བསྒྲུབ་ཐུབ་པ་དང༌། བོད་གཞིས་བྱེས་མཉམ་འཛོམས་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད།

དུས་ཚོད་དབང་གིས་ཁྱོན་ཡོངས་ཀྱི་བོད་ཀྱི་བྱུང་རབས་ནས་ད་ལྟའི་སྲིད་བྱུས་བར་ཇི་ལྟར་སླེབས་པ་དེའི་རྒྱབ་ལྗོངས་མདོར་བསྡུས་ཤིག་དང༌། ད་ལྟའི་སྲིད་བྱུས་ཀྱི་ངོ་བོ་ག་འདྲ་ཡིན་པ་དེ་ཕྱོགས་ཙམ་ཞིག་ཁྱེད་རང་ཚོར་སྙན་གསན་ཞུས་ཡོད། ཚང་མ་མཐོ་རིམ་སློབ་གྲྭར་སློབ་སྦྱོང་གནང་མཁན་ཤ་སྟག་ཡིན་སྟབས། དེ་ཙམ་ཞིག་ཞུས་ན་ཞིབ་ཚགས་པོ་ཁྱེད་ཚོས་བཙལ་ཏེ་གཟིགས་ཐུབ་ཀྱི་རེད། དེ་ག་རང་ཡིན། ཐུགས་རྗེ་ཆེ། །

ཕྱི་ལོ་༢༠༠༩ ཟླ་༦ ཚེས་༢༤ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་རིགས་གཞོན་སྐྱེས་ཚོར་གནང་བའི་དབུ་མའི་ལམ་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་སྐོར་གྱི་གསུང་བཤད།