ཆེད་དུ་བརྗོད་པ། རྒྱ་གར་གྱི་རང་དབང་ཧིནྡསྭརཱཇ་བསྐྱར་བཅོས་བོད་འགྱུར་ཐོག་གནང་བའི་སྔོན་གླེང༌།
༄༅།། མིའི་སྐྱེ་འགྲོ་ནི་སེམས་ལྡན་གྱི་འགྲོ་བ་རྣམས་ཀྱི་ནང་ཤེས་རབ་དང་རྣམ་དཔྱོད་ཀྱི་རྩལ་བཟང་ཤོས་ཤིག་ཡིན་ཞིང༌། རང་ཉིད་ཙམ་མ་ཟད། སྤྱི་ཚོགས་ཀྱི་བདེ་དོན་སྒྲུབ་ཐུབ་པ་དང༌། ཚེ་འདིའི་བདེ་དོན་ཙམ་མ་ཟད། སྐྱེ་བ་ཕྱི་མ་དང་ཚེ་རབས་གཏན་གྱི་འདུན་མ་སྒྲུབ་པའི་ནུས་པ་ཡོད་པ་ཞིག་ཡིན། འོན་ཀྱང་མིའི་རྣམ་དཔྱོད་ལོག་པའི་ཕྱོགས་སུ་སོང་ན་འཇིག་རྟེན་སྤྱི་ཡོངས་ཀྱི་སྣོད་བཅུད་གཉིས་ཀར་གནོད་ཚབས་ཆེ་བའི་བྱ་བའང་བྱེད་སྲིད་པ་ནི་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་བྱུང་བའི་ཧི་རོ་ཤི་མ་དང་ན་ག་ས་ཀིའི་གོད་ཆགས་ད་ལྟ་ང་ཚོའི་དྲན་ཡུལ་ནས་མ་ཡལ་བར་གནས་ཡོད།
སྲོལ་རྒྱུན་གྱིས་འཇིག་རྟེན་ལ་ལྟ་ཚུལ་ལྟར་ན་བསྐལ་པ་རྫོགས་ལྡན་ནས་རིམ་གུད་ཀྱིས་ད་ལྟ་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས་སུ་སླེབས་པ་དང༌། འབྱུང་འགྱུར་སླར་ཡང་མིའི་ཚེ་ལོ་དང་མཉམ་སྐྱེ་རྒུའི་གནས་བབ་ཀྱང་བཟང་དུ་འགྲོ་རྒྱུ་ཡོད་པ་དང༌། དེ་འདྲའི་འཕར་འབུག་གི་ཁུགས་པ་མང་པོ་འདས་རྗེས་བསྐལ་པ་འཇིག་པར་འདོད་ཀྱི་ཡོད། དེང་རབས་ཀྱིས་འཇིག་རྟེན་ལ་ལྟ་ཚུལ་ནི་རྡོའི་དུས་རབས་ནས་རིམ་པས་ཡར་རྒྱས་ཀྱིས་ད་ཆ་ཚན་རིག་དང་འཕྲུལ་ཆས་ཀྱི་འཕེལ་ཆ་ཡོངས་སུ་རྫོགས་པའི་དེང་རབས་གོང་མའི་ནང་སླེབས་ཚུལ་བཤད་ཀྱང༌། དོན་དངོས་སུ་སྲོལ་རྒྱུན་པ་རྣམས་ཀྱིས་ནད་དང༌། མཚོན་དང༌། མུ་གེའི་བསྐལ་པ་སོགས་ཀྱི་བཤད་སྲོལ་ཡོད་པ་རྣམས་ད་ཆ་མངོན་དུ་གྱུར་པ་མིན་པའི་སྒྲུབ་བྱེད་ཅི་ཞིག་ཡོད་སྙམ།
སྐྱེས་བུའི་སྐད་དོད་ལེགས་སྦྱར་གྱི་པུརུཥ་ཞེས་པ་ངེས་ཚིག་གིས་བཤད་ན་ནུས་པའམ་ནུས་ལྡན་ལ་འཇུག་པས། གོང་སྨོས་ལྟར་རྣམ་དཔྱོད་ཀྱི་ནུས་པ་ཁྱད་འཕགས་ཡོད་པའི་མིའི་སྐྱེས་བུ་རྣམས་ཀྱི་མངོན་འདོད་ཀྱང་ཆོས་ནོར་འདོད་ཐར་བཞི་ཞེས་ཕྱི་ནང་རིས་མེད་ཀྱི་སྲོལ་རྒྱུན་པ་ཡོངས་ལ་གྲགས་པ་ལྟར་ཤེས་ལྡན་ཕལ་མོ་ཆེས་འཕྲལ་དང་ཕུགས། ལུས་དང་སེམས་ཀྱི་འདོད་དོན་གཉིས་ཀ་ཁ་བྲལ་རྒྱབ་འགལ་དུ་མ་སོང་བར་ཅི་ནུས་ཆ་སྙོམ་དུ་སྒྲུབ་པའི་ཚུལ་ལུགས་བཟང་པོ་ཞིག་མིའི་སྤྱི་ཚོགས་སུ་དུས་ཡུན་རིང་པོར་གནས་ཀྱང༌། བར་སྐབས་ཤིག་ནས་ནུབ་གླིང་དུ་སྤྱི་ཚོགས་དང༌། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་མིའི་བསམ་སྤྱོད་ལའང་འགྱུར་རླབས་ཤུགས་ཆེ་ཞིག་ཐེབས་པར་བསྐྱར་གསོའི་(Renaissance) དུས་རབས་སུ་བཏགས་པ་དེ་བྱུང་བ་ནས་བཟུང་ལུས་ཚོར་བདེ་བའི་མཐུན་རྐྱེན་འབའ་ཞིག་སྐྱེས་བུའི་མངོན་འདོད་དུ་བཟུང་སྟེ་སེམས་ཀྱི་ཡར་རྒྱས་སྣང་མེད་དུ་འཇོག་འགོ་ཚུགས་ནས་ནོར་དང་འདོད་པ་འབའ་ཞིག་ལས་ཆོས་དང་ཐར་པའི་དགོས་གལ་དོར་བ་དང༌། ལྷག་པར་ཆབ་སྲིད་ཀྱི་སྒྲིག་འཛུགས་ནང་ཆོས་སྲིད་ཁ་བྲལ་གྱི་ལམ་སྲོལ་དར་ཁྱབ་བྱུང་བ་མ་ཟད། ཀོ་རལ་མར་ཁེ་སི་(Karl Marx) ལྟ་བུ་ནོར་གྱི་འདུ་འགོད་ཁོ་ན་སྐྱེ་རྒུའི་བདེ་རྩར་འདོད་པ་དང༌། ཕེ་རེ་ཌ་(Freud) ལྟ་བུ་འདོད་པའི་ཆགས་པ་ཁོ་ན་སེམས་ཀྱི་འབྱུང་རྩར་འདོད་པའི་ལྟ་བ་དག་ལ་རྨོངས་དད་ཅན་གྱི་རྗེས་འབྲང་བ་མང་དུ་འཕེལ་བའི་དབང་གིས་དེང་རབས་(Modernity) སམ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་(Modern Civilization) ཞེས་པ་དེ་དར་ཁྱབ་ནགས་ལ་མེ་མཆེད་པ་ལྟར་མགྱོགས་མྱུར་བྱུང་བ་དེའི་གནོན་ཤུགས་ཤར་ཕྱོགས་ཀྱི་ཡུལ་གྲུ་རྣམས་སུའང་རྒྱ་བསྐྱེད་རིང་ལུགས་པ་རྣམས་ཀྱིས་མི་སེར་སྤེལ་བའི་སྲིད་བྱུས་དང་མཉམ་སྤྱད་ཀྱིས་བཙན་ཤུགས་དང་དང་བླང་གཉིས་འཛོམས་ཀྱིས་མྱུར་ཁྱབ་བྱུང་བ་དང༌། ལྷག་པར་ཚན་རིག་ཉག་གཅིག་རིགས་པའི་རྗེས་འབྲང་ཡིན་པ་དང༌། ཡར་རྒྱས་དང་མདུན་བསྐྱོད་ནི་སྐྱེ་རྒུའི་དཔལ་ཡོན་ཡིན་པའི་བརྗོད་ཚིག་གསངས་མཐོར་བསྒྲགས་ཏེ་དེ་ལ་དྲི་བའམ་ཐེ་ཚོམ་བྱེད་མཁན་ཚོ་རྗེས་ལུས་པ་དང༌། ལོག་སྤྱོད་པ། ཀླ་ཀློ རྨོངས་དད་ཅན་སོགས་སུ་བསྒྲགས་པའི་འུད་ཤོབ་ཀྱིས་བློ་ཆུང་རྣམས་ཟིལ་གྱིས་མནན་ནས་མིའི་སྐྱེ་འགྲོ་རྣམས་ཕྱིའི་དངོས་པོ་ཁོ་ན་ལས་ཁ་ནང་བལྟས་ཀྱི་བསམ་བློའི་ནུས་པ་ཡོངས་སུ་བཅོམ་པའི་འགྱུར་ཤུགས་སུནམིའི་རྦ་རླབས་ལྟ་བུས་ཁྱབ་ཅིང༌། རྟོག་ལྡན་རེ་ཟུང་གི་བློ་ངོར་དྭོགས་པ་ཙམ་འཆར་ཡང༌། གཞན་གྱིས་ཀླ་ཀློའམ་རྨོངས་དད་ཅན་དུ་འབོད་དྭོགས་ཀྱིས་འཇིགས་ཏེ་སྨྲ་བའི་འབབ་སྟེགས་གཡོ་བའི་སྤོབས་པ་བྲལ་ཞིང༌། རེ་ཟུང་གིས་ཤུབ་བུར་སྨྲ་བའི་དབང་དུ་བཏང་ནའང༌། སྲོལ་རྒྱུན་རྣམས་དེང་རབས་དང་མཐུན་པར་བསྐྱོད་དགོས་བརྗོད་པའམ། ཡང་ན་ནང་དོན་རིག་པ་ཚན་རིག་དང་མི་འགལ་བར་སྒྲུབ་པའི་རྩོལ་བ་བྱེད་པ་ཙམ་ལས། དེང་རབས་དང་ཚན་རིག་ལ་ཐེ་ཚོམ་མེད་པར་ཚིག་ཐག་ཆོད་པོས་དགག་པའམ་སྐྱོན་བརྗོད་བྱེད་མཁན་ཕལ་ཆེར་མ་བྱུང་བར་སྣང༌།
མོཧནདཱས་ཀརམཅནྡ་གཱཾདྷཱི་ཞེས་པའི་སྐྱེས་མཆོག་དེ་ནི་ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་མཇུག་ཙམ་དུ་དེང་རབས་ཀྱི་ཤེས་ཡོན་དང་ཆོས་དད་གཉིས་ཀ་ཡོད་པའི་ཡབ་ཡུམ་ལས་འཁྲུངས་ཤིང༌། དབྱིན་སྐད་ཀྱིས་མཚོན་སྐབས་དེའི་དེང་རབས་ཀྱི་གཞི་རིམ་སློབ་སྦྱོང་ཆ་ཚང་གནང་ཐོག དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་འབྱུང་ཁུངས་སམ་བསྟི་གནས་སུ་གྱུར་པའི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཁྲིམས་དོན་གྱི་མཐོ་རིམ་སློབ་སྦྱོང་ཚད་ལྡན་ཐོན་པའི་གང་ཟག་ཅིག་ཡིན་རུང༌། རང་བྱུང་སྐྱེས་ཐོབ་ཀྱི་རྣམ་དཔྱོད་གཞན་འགྲན་བྲལ་བའི་ཉེར་ལེན་ལས་རང་སྟོབས་ཀྱིས་རིགས་པའི་ལམ་ནས་དཔྱད་མཐའ་རྙེད་པའི་དགོངས་ཚུལ་རྣམས་དུས་རབས་ཀྱི་རྫི་ཕྱོགས་དང་མཐུན་མིན་ལ་མ་གཟིགས་པར་ཐད་ཀར་གསལ་བརྗོད་ཀྱི་སྤོབས་པ་དང་ལྡན་པ་ཞིག་བྱུང་འདུག་པ་དེས་ཁོ་བོ་ཡིད་དབང་འཕྲོག བདག་ཉིད་ཆེན་པོ་དེས་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་འགོ་སྟོད་དེང་རབས་དང༌། ཚན་རིག འཕྲུལ་ལས་བཅས་ཀྱི་དོ་ཟླ་མེད་པའི་གཟི་བྱིན་ལྷག་པར་འབར་བའི་སྐབས་དེར་གཞན་དག་གིས་ཁོང་ལ་རྗེས་ལུས་དང༌། ཀླ་ཀློ ཡང་ན་གླེན་རྨོངས་སོགས་ཀྱི་མིང་འདོགས་ཡོང་རྒྱུར་འཛེམས་ཟོན་མ་བྱས་པར་དེང་རབས་དང༌། དེའི་སྤྱི་ཚོགས་ཀྱི་དཔལ་ཡོན། ཚན་རིག་དང་འཕྲུལ་ལས་བཅས་ཀྱི་དངོས་དོན་དམར་རྗེན་སྟོན་པའི་བསྟན་བཅོས་༼ཧིནྡསྭརཱཇ་༽སྟེ་༼རྒྱ་གར་གྱི་རང་དབང་༽ཞེས་པ་འདི་ཉིད་འབྲི་རྩོམ་དང་པར་འགྲེམས་གནང་བ་ནི་ཁོང་གི་ཆེ་གསལ་མྱུར་ཟབ་འཛོམས་པའི་རྣམ་འབྱེད་ཀྱི་ཤེས་རབ་ཙམ་མ་ཟད། ཆོས་བརྒྱད་རོ་སྙོམ་དུ་སྤྱོད་པའི་སྤོབས་པའང་གསལ་བར་མཚོན་ཞིང༌། བདེན་པའི་ཨུ་ཚུགས་ཀྱི་ལས་རིམ་ཐོག་མ་ཞིག་ཏུ་མངོན། གཞུང་ལུགས་འདིས་དེང་རབས་ཀྱི་ཤན་ཤུགས་འོག་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་རང་དབང་བྲལ་བའི་སྐྱེ་འགྲོ་རྣམས་རྨོངས་གཉིད་ལས་སློང་བའི་འབོད་སྒྲ་གསངས་མཐོར་སྒྲོགས་པ་དང་མཉམ་དུ་མ་ནོར་བའི་མདུན་ལམ་གསལ་བའི་འོད་སྣང་ཡང་འགོག་མེད་དུ་སྤྲོས་འདུག
གསལ་རིག་གི་རྒྱུན་ཐོག་མཐའ་མེད་པའི་དངོས་དོན་མ་རྟོགས་པའི་དབང་གིས་སྐྱེ་བ་སྔ་ཕྱི་མི་འདོད་མཁན་ཞིག་ཡིན་ནའང༌། ཚེ་འདི་འབའ་ཞིག་གི་འཚོ་བའི་ནང་ལུས་ཉིད་གཙོ་བོར་བཟུང་སྟེ་སེམས་ཀྱི་འགྱུ་བ་སྣང་མེད་དུ་བཞག་པའམ། ཡང་ན་ཚུལ་མིན་གྱི་བློ་འབའ་ཞིག་སྐྱེས་བུའི་མངོན་འདོད་དམ་བསྒྲུབ་བྱར་བཟུང་ཞིང༌། རང་དོན་ཡིད་བྱེད་ལ་སྤྱང་གྲུང་དུ་འཛིན་ན་དེ་འདྲའི་གང་ཟག་དེ་ཕྱུགས་ལས་ཁྱད་པར་འབྱེད་དཀའ་བ་ཤིན་ཏུ་རྟོགས་སླ། སྐྱེ་བ་སྔ་ཕྱི་དང་འཁོར་འདས་བཅིངས་བཀྲོལ་གྱི་རྣམ་གཞག་ལ་གོ་བ་ཕྲན་ཙམ་མམ་རྨོངས་དད་ཡོད་པ་ཚུན་གྱིས་ལུས་བདེ་འབའ་ཞིག་སྐྱེས་བུའི་མངོན་འདོད་དང་བསྒྲུབ་བྱར་བཟུང་སྟེ་ཡིད་བློ་རྣམ་རྟོག་གི་འགྱུ་བར་ཇི་མི་སྙམ་པར་སྙིང་ལས་ཆུང་ངུར་གནས་པ་རྣམས་ནི་ཆེས་རྗེས་ལུས་དང༌། ཆེས་མུན་ནག ཆེས་ཀླ་ཀློ་ཡིན་པ་ཀུན་གྱིས་མཐོང་ཆོས་སུ་གནས་མོད། དེང་རབས་ཚན་རིག་གིས་བསྐྲུན་པའི་རྨོངས་དད་དང༌། དེ་ལས་བྱུང་བའི་སྡིགས་རྭའི་འཇིགས་སྣང་གི་འོག་ཡིད་ཀྱི་འཆར་སྣང་ངག་ཏུ་སྨྲ་བརྗོད་མ་ནུས་པར་གནས་པའི་དཔྱོད་ལྡན་མང་པོར་བློ་སྤོབས་སྐྱེ་བའི་འདྲེན་པ་བླ་མེད་ཅིག་བདག་ཉིད་ཆེན་པོ་འདིས་མཛད་པར་སྣང༌།
བདག་ཉིད་ཆེན་པོ་གཱཾདྷཱིའི་རླབས་ཆེན་གྱི་མཛད་འཕྲིན་གཞན་ཞིག་ནི་འཕགས་པའི་ཡུལ་དུ་ཆེས་གནའ་དུས་ནས་དར་བའི་འཚེ་བ་མེད་པའི་ལྟ་གྲུབ་སྲིད་དོན་གྱི་རང་དབང་གི་འཐབ་རྩོད་དང༌། ཡུལ་གྱི་འཛུགས་སྐྲུན་སོགས་ལ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཤིང་རྟའི་སྲོལ་འབྱེད་མཛད་པ་འདི་ཡིན་ཏེ། གནའ་བོའི་ལྟ་གྲུབ་རིག་བྱེད་དང་གྲངས་ཅན་ལ་སོགས་པ་དང༌། ཁྱད་པར་ལོ་ཉིས་སྟོང་ལྔ་བརྒྱ་བརྒལ་བའི་གོང་སྟོན་པ་རྣམ་འདྲེན་བཞི་པའི་བསྟན་པ་དང༌། མུ་སྟེགས་བྱེད་རྒྱལ་བ་པའི་བསྟན་པ་སོགས་སུ་འཚེ་བ་མེད་པ་ཆོས་ཀྱི་སྙིང་པོར་བསྟན་པའི་རིང་ལུགས་འཇིག་རྟེན་མཐའ་དབུས་ཡོངས་སུ་ཁྱབ་བརྡལ་དུ་ཕྱིན་ཏེ་རྗེས་འཇུག་ཀྱི་མི་ཚོགས་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་བ་མ་ཟད། རྒྱལ་པོ་དང་རྒྱལ་ཁབ་ནང་པ་སངས་རྒྱས་པར་ཁས་འཆེ་བའང་ཇི་སྙེད་ཅིག་བྱུང་བ་དཔེར་ན། སྟོན་པ་འཇིག་རྟེན་དུ་བྱོན་པའི་སྐབས་ཀྱི་རྒྱ་གར་གྱི་ཡུལ་འཁོར་ཆེན་པོ་དྲུག་གི་རྒྱལ་པོ་ལ་སོགས་པ་དང༌། དུས་ཕྱིས་ཆོས་རྒྱལ་མྱ་ངན་མེད་ལྟ་བུ། གཞན་ཡང་འབར་མ་(Myanmar) དང༌། ཤ་ཡམ། (Thailand) ཤྲཱིལངྐཱ༌། བོད། སོག་ཡུལ་ལྟ་བུ་ད་ལྟའང་ནང་པའི་རྒྱལ་ཁབ་ཏུ་འདོད་པ་དེ་དག་གིས་འཚེ་བ་མེད་པའི་ལམ་ནི་ཆོས་ཀྱི་ཉམས་ལེན་འབའ་ཞིག་མ་གཏོགས། རྒྱལ་ཁབ་ཀྱིས་ཆབ་སྲིད་སྐྱོང་བའི་སྐབས་ལག་བསྟར་ཐུབ་ཐབས་མེད་པ་དང༌། ཁྲིམས་ལུགས་ཀྱི་བཏང་འཛིན་དང༌། རྒྱལ་ཁབ་ཀྱི་བདེ་འཇགས། ཡུལ་གྱི་སྲུང་སྐྱོབ་སོགས་ཀྱི་ཆེད་འཚེ་བའི་བྱ་བའང་ལག་བསྟར་འོས་པ་དང༌། དམག་དང་སྐོར་རྒྱག་པ་སོགས་གོ་མཚོན་ལྡན་པའི་དཔུང་སྡེའི་སྟོབས་ཤུགས་མེད་དུ་མི་རུང་བར་འདོད་ནའང༌། གཱཾདྷཱིས་ཆབ་སྲིད་ཀྱི་འཐབ་རྩོད་དང༌། ཡུལ་གྱི་རང་དབང་རྩོད་སྒྲུབ་ཀྱིས་མཚོན་དྲང་བདེན་སྒྲུབ་པའི་ལས་འགུལ་མཐའ་དག་དང༌། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཚུན་ཆད་འཚེ་མེད་ཞི་བའི་ལམ་འབའ་ཞིག་གིས་བསྒྲུབ་ནུས་པ་དང་བསྒྲུབ་འོས་པའི་གནས་ལུགས་རྣམས་ལྟ་གྲུབ་ཀྱི་བཤད་པ་ཙམ་མ་ཡིན་པར། དངོས་དོན་ལག་བསྟར་གྱི་ལམ་ནས་བསྟན་གནང་མཛད་འདུག བདག་ཉིད་ཆེན་པོའི་ལྟ་གྲུབ་དང་ལམ་སྟོན་རྣམས་རྒྱ་གར་གྱིས་མཚོན་རྒྱལ་ཁབ་སུས་ཀྱང་དངོས་སུ་ལག་ལེན་བྱས་པ་བྱུང་མེད་རུང༌། བྱེད་ན་ལག་ཏུ་འཁེལ་ངེས་ཡིན་པའི་སྒྲུབ་བྱེད་ཚད་མ་ཕས་ཀྱི་རྒོལ་བས་གླགས་མི་རྙེད་པ་གསལ་སྟོན་མཛད་ཡོད།
ལྷག་པར་༼རྒྱ་གར་གྱི་རང་དབང་༽ཞེས་པའི་བསྟན་བཅོས་འདིའི་ནང་སྐབས་དུས་དེའི་རྒྱ་གར་ལ་དབང་སྒྱུར་བྱེད་པོ་དབྱིན་ཇིའི་སྟོབས་ཤུགས་དང༌། རྒྱ་གར་མང་ཚོགས་ཀྱི་གནས་བབ་ཇི་མ་ཇི་བཞིན་རིགས་པའི་ལམ་ནས་གསལ་སྟོན་མཛད་པ་དེ་དག་ད་ལྟ་རང་ཅག་བོད་མི་རྣམས་ཀྱི་གནས་བབ་ལ་སྦྱར་ན་ཡོངས་སུ་འཚམས་པར་སྣང་སྟེ། བསྟན་བཅོས་འདིའི་ནང་དབྱིན་ཡུལ་ལམ་དབྱིན་གཞུང་གི་མིང་ཚིག་གར་ཡོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ་རྒྱ་དམར་དབང་འཛིན་པ་ཞེས་འདོན་པར་བསྒྱུར་ཅིང༌། རྒྱ་གར་དང་རྒྱ་གར་བའི་མིང་ཚིག་གར་ཡོད་དུ་བོད་དང་བོད་མིར་འདོན་པར་བསྒྱུར་ན་ད་ལྟ་ང་ཚོའི་གནས་སྟངས་ཇི་ལྟ་བ་བཞིན་སྟོན་པའི་རྩོམ་ཡིག་ཅིག་ཏུ་འགྱུར་འགྲོ དེ་ནི་བདག་ཉིད་ཆེན་པོས་ཕྱིའི་གནས་ཚུལ་རགས་པ་ཙམ་ལ་མ་གཟིགས་པར་འཇིག་རྟེན་འདིར་དབང་ཤུགས་ཆེ་བས་ཆུང་བར་གཉའ་གནོན་དབང་སྒྱུར་གྱིས་འབུ་ཆེས་ཆུང་ཟོས་ཞེས་པའི་ངང་ཚུལ་འདི་ཉིད་རྒྱུན་མར་ཡོང་གཞིའི་རྩ་བ་ཆགས་སྡང་གི་ཉོན་མོངས་པ་ལས་བྱུང་བ་དང༌། ཇི་སྲིད་དེ་དག་མགོ་མ་ནོན་གྱི་བར་བཙན་དབང་དང་གཉའ་གནོན་གྱི་ངན་སྤྱོད་ཀྱང་བཟློག་མི་ནུས་པར་གཟིགས་ཏེ་དོན་དམ་གྱི་རང་དབང་ཇི་ལྟར་སྒྲུབ་པའི་ཚུལ་རྣམས་གོ་བདེའི་ཕལ་སྐད་ནང་འཇིག་རྟེན་ཆབ་སྲིད་པའི་ཚིག་འགྲོས་དང་བསྟུན་ཏེ་བརྩམས་པའི་བསྟན་བཅོས་འདིའི་བསྟན་བྱ་མཐར་ཐུག་ལ་གཞིགས་ན་འཚེ་བ་མེད་པའི་ལམ་ནས་བདེན་པ་འཚོལ་བའི་ཐབས་ཚུལ་སྟོན་པའི་ནང་དོན་རིག་པའི་བསྟན་བཅོས་ཤིག་ཏུ་གོ་ཐུབ།
བསྟན་བཅོས་འདིའི་མཚན་ལ་༼ཧིནྡསྭརཱཇ་༽ཞེས་གུཇརཱཏིའ་དང་ཧིནྡཱི་གཉིས་ཀར་ཕྱོགས་མཐུན་དུ་ཡོད་ཅིང༌། བསྟན་དོན་གཙོ་བོ་༼སྭརཱཇ་༽སྐོར་ཡིན་ནའང༌། སྐབས་དོན་རྒྱ་གར་རང་དབང་གི་འཐབ་རྩོད་དང་སྦྱར་ཏེ་༼ཧིནྡསྭརཱཇ་༽ཞེས་འབོད་གནང་མཛད་པ་དང༌། འདིའི་སྒྲ་དོན་ཡང་༼ཧིནྡ་༽ཞེས་པ་རྒྱ་གར་དང༌།༼སྭ་༽ཞེས་པ་རང་ངམ་བདག་ཉིད།༼རཱཇ་༽ཞེས་པ་དབང་དང༌། མངའ་དབང༌། ཁྱབ་བསྒྱུར། ཁྱབ་འཇུག གཙོ་བོ་སོགས་དུ་མར་བཤད་དུ་ཡོད་པས་སྐབས་སྟོབས་ཀྱིས་འཇུག་ཡུལ་མང༌། སྐབས་རེ་༼སྭརཱཇ་༽ཞེས་པ་༼རང་བཙན་༽(Independence) དང༌།༼རང་སྐྱོང་༽(Autonomy) གཉིས་སུ་ཕྱེ་བའི་༼རང་སྐྱོང་༽ལ་གོ་བར་འདོད་མཁན་ཡང་ཡོད་ཅིང༌། གཞུང་འདི་ཐོག་མ་དབྱིན་སྐད་དུ་སྒྱུར་སྐབས་ཧོམ་རཱུལ་(Home rule) ཞེས་ཁྱིམ་གྱི་དབང་སྒྱུར་རམ་༼རང་བཙན་༽གྱི་ཟླས་དྲངས་པའི་༼རང་སྐྱོང་༽གི་དོན་དུ་མངོན་པ་ལྟ་བུར་བྱས་འདུག་ཀྱང༌། དེ་ནི་གཱཾདྷཱིའི་དགོངས་པ་མཐར་ཐུག་ལ་མ་རེག་པའི་འགྱུར་ཞིག་ཏུ་ཁོ་བོས་འདོད། འོན་ཀྱང་སྐབས་དེའི་དབྱིན་འགྱུར་གཱཾདྷཱི་རང་ཉིད་ཀྱིས་གཟིགས་རྟོག་ཞུ་དག་མཛད་པ་ཞིག་ཡིན་སྟབས། མཐའ་གཅིག་ཏུ་ནོར་བར་བཤད་མི་ཐུབ་མོད། འགྱུར་བཟང་ཤོས་ཤིག་མིན་པར་བརྗོད་རྒྱུར་ཁོ་བོར་ནེམ་ནུར་མ་མཆིས། ཚིག་འདི་བོད་སྐད་དུ་འགྱུར་སྔ་མར་༼རྒྱ་གར་རང་སྲིད་རང་སྐྱོང་༽ཞེས་བསྒྱུར་འདུག་ནའང༌།༼རང་སྲིད་༽ཅེས་པའི་སྐད་དོད་མ་དཔེར་མེད་ཅིང༌། བྱརང་སྐྱོང་༽ཞེས་པ་ངེས་ཚིག་གི་ཆ་ནས་མི་འཐད་པ་མེད་མོད། དེང་སྐབས་ཚིག་འདི་༼རང་བཙན་༽གྱི་ཟླས་དྲངས་པའི་༼རང་སྐྱོང་༽ལ་གཏིང་ཚུགས་པ་གྱུར་ཟིན་པས་དེ་ལས་ད་ལྟའི་འགྱུར་༼རྒྱ་གར་གྱི་རང་དབང་༽ཞེས་པ་ཉིད་རྩ་ཚིག་༼ཧིནྡསྭརཱཇ་༽དང་ཤིན་ཏུ་ཉེ་བར་སྣང༌། སྤྱིར་ལེགས་སྦྱར་གྱི་སྐད་དུ་རཱཇཱ་ལ་བོད་སྐད་དུ་རྒྱལ་པོ་དང༌། རཱཇ྄ཡ་ལ་རྒྱལ་ཁབ་བམ་རྒྱལ་ཁམས། རཱཇ་ལ་རྒྱལ་ཐབས་སུ་བསྒྱུར་ཡོད་པས་ནག་པོ་འབྲུ་བཤེར་བྱེད་མཁན་གྱི་ལོ་ཙཱ་བ་ཞིག་ཡིན་ན་༼སྭརཱཇ྄ཡ་༽ལ་༼རང་གི་རྒྱལ་ཁམས་༽དང༌།༼སྭརཱཇ་༽ལ་༼རང་གི་རྒྱལ་ཐབས་༽སུ་བསྒྱུར་མདོག་ཁ་ཡང༌། གཞུང་འདིའི་བསྟན་དོན་གྱི་གཙོ་བོ་ཕྱོགས་བསྡོམས་ཀྱིས་མཚན་དོན་ལ་གཞིགས་ཚེ་༼རང་དབང་༽ཉིད་རྩ་ཚིག་དང་ཉེ་བར་སྣང༌།
སྤྱིར་ཡུལ་གྱི་རང་དབང་དང་མང་ཚོགས་ཀྱི་རང་དབང་བཤད་སྐབས་དབང་སྒྱུར་མཁན་གཞན་གྱི་འོག་ནས་དབང་བསྒྱུར་བྱར་གྱུར་པའི་མི་ཚོགས་རྣམས་ཐར་ཏེ་གྲོལ་བ་ཐོབ་པ་ཞིག་གི་གོ་དོན་དུ་བཤད་སྲོལ་ཡོད་མོད། གཱཾདྷཱིས་མཐར་ཐུག་གི་རང་དབང་གི་འགྲེལ་བརྗོད་གནང་སྐབས་རང་ཉིད་ཀྱིས་གཞན་ལ་དབང་སྒྱུར་བྱེད་པའམ་རང་ཉིད་རྒྱལ་ཁམས་ཀྱི་དབང་སྒྱུར་བ་པོར་གྱུར་པའི་གོ་དོན་མ་ཡིན་པར།༼རང་༽ཞེས་པའི་ཚིག་དབང་བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀར་འཇུག་པར་བྱས་ཏེ་དོན་དུ་རང་ཉིད་ཉོན་མོངས་པའི་གཞན་དབང་ལས་གྲོལ་ཏེ་རང་གིས་རང་ལ་དབང་སྒྱུར་བའམ་རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་དེ་གནད་དོན་གང་ཡང་གཞན་ཟེར་གྱི་རྗེས་སུ་མ་འབྲང་བར་རང་གིས་ཐག་གཅོད་བྱེད་ནུས་པ་ཞིག་ལ་གོ་དགོས་པར་གསུངས་པས། དེ་འདྲའི་རང་དབང་ཞིག་གང་ལ་ཐོབ་པའི་སྐྱེས་བུ་དེས་གཞན་ལ་བཙན་དབང་མི་བྱེད་ཅིང༌། གཞན་གྱི་བཙན་འོག་ཏུ་མི་བསྡད་པའི་ངེས་པ་རྙེད་ཐུབ་ཅིང༌། འཇིག་རྟེན་སྤྱིའི་སྟོབས་ཆེན་གྱིས་སྟོབས་ཆུང་ལ་གཉའ་གནོན་པའི་འབུ་ཆེས་ཆུང་ཟོས་ཀྱི་ཚུལ་ལུགས་དེ་སྤོང་ནུས་པས། དེ་འདྲའི་ཐབས་ལམ་གྱི་བརྒྱུད་རིམ་ནང་རྒྱལ་ཁབ་གཞན་གྱི་མངའ་འོག་ནས་རྒྱལ་ཁབ་གཞན་ཐར་ཐབས་བྱ་རྒྱུའི་ལས་རིམ་ཡང་ལམ་གྱི་རིམ་པའི་ཡན་ལག་ཏུ་འཁྱེར་ཐུབ། རང་དབང་གི་དགོངས་ཚུལ་འདི་ནི་རྗེ་ས་པཎ་གྱིས། ༼རང་དབང་ཐམས་ཅད་བདེ་བ་སྟེ།།༽ཞེས་པའི་བསྟན་བྱ་མཐར་ཐུག་དང་ཡང་མཚུངས་པར་མངོན་ནོ། །དོན་གྱི་དབང་འདིས་དཔྱོད་ལྡན་ཞིག་གིས་གཱཾདྷཱི་ལ། ཁྱེད་ཉིད་དང་པཎྜིཏཇབཱཧརལཱལནེཧརཱུ་དབར་དགོངས་ཚུལ་མི་མཐུན་པའི་མདོ་དོན་གང་ཡིན་ནན་དྲིས་བྱས་པའི་གསུང་ལན་དུ། ནེཧརཱུའི་དགོངས་པར་རྒྱ་གར་ནས་དབྱིན་ཇིའི་དབང་འཛིན་པ་རྣམས་ཕྱིར་འབུད་བྱེད་ཐུབ་ན་དབྱིན་ཇིའི་དབང་སྒྱུར་གྱི་ལམ་སྲོལ་རྒྱ་གར་དུ་ལྷག་ཀྱང་སྐྱོན་མེད་པར་གཟིགས་ཀྱི་ཡོད་ཅིང༌། ངས་ནི་དབྱིན་ཇིའི་དབང་སྒྱུར་གྱི་ལམ་སྲོལ་རྒྱ་གར་ནས་ཕྱིར་འབུད་བཏང་ཐུབ་ན་དབྱིན་ཇིའི་དབང་འཛིན་པ་རྣམས་རྒྱ་གར་དུ་ལྷག་ཀྱང་སྐྱོན་མེད་པར་མཐོང་གི་ཡོད་ཅེས་གསུངས་པ་དེ་ནི་བསྡོམས་ཚིག་ཆེན་པོ་ཞིག་ཡིན་ནོ། །
ངོས་རང་ཕྱི་ལོ་༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ཟླ་ཤས་སོང་མཚམས་གཱཾདྷཱིའི་རང་རྣམ་སྙིང་བསྡུས་བོད་སྐད་དུ་བསྒྱུར་བ་མཇལ་ཏེ་ཡིད་དབང་འཕྲོགས་པ་ནས་བཟུང་གཱཾདྷཱིའི་གསུང་རྩོམ་བོད་འགྱུར་གང་རྙེད་ཀློག་པར་བརྩོན་ཞིང༌། ཕྱིས་དབྱིན་ཧིན་གོ་བརྡ་འཕྲོད་ཙམ་བྱུང་རྗེས་གཱཾདྷཱིའི་གསུང་རབ་མི་ཉུང་བ་ཞིག་མཇལ་ཏེ་བློ་བསྐྱེད་ཆེན་པོ་བྱུང་ནའང་ཆ་ལག་ཚང་བའི་ལྟ་གྲུབ་ཀྱི་ཁོག་འབུབས་ཤིག་མ་བྱུང་བར་ལུས། ཕྱིས་ཕྱི་ལོ་༡༩༩༢ ལོར་ཧིནྡསྭརཱཇ་ཐོག་མར་མཇལ་ཞིང༌། དེ་ལས་གཱཾདྷཱིའི་ཆོས་སྲིད་གཉིས་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་གོ་བ་རགས་པ་ཙམ་རྙེད་པ་བྱུང་བས་རང་ཉིད་ལ་གཞུང་འདི་དྲིན་ཆེ་བ་ཞིག་ཀྱང་ཡིན།
འདི་ལོ་གཱཾདྷཱིའི་རྗེས་འཇུག་པ་རྣམས་དང༌། གཱཾདྷཱིའི་རྗེས་འབྲང་བར་ཚུལ་འཆོས་པ་ཚང་མས་བསྟན་བཅོས་འདི་བརྩམས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་གྱི་ཡོ་ལངས་ཆེན་པོ་དང་མཉམ་འདིའི་བོད་འགྱུར་འགྱུར་བཅོས་དང་དག་ཞུས་ཚད་ལྡན་སོང་བ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་པར་སྐྲུན་གནང་འདུག་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ཆོས་སྦྱིན་འདིས་བོད་རིགས་བགྲེས་གཞོན་མང་པོར་ཕན་ཐོགས་ཡོང་བའི་རེ་བ་ཡོད། གཞུང་འདིས་དེང་རབས་ལ་དག་པ་མི་སྟེར་བས་ཡར་ཐོན་ཅན་དུ་སྙེམས་པ་རྣམས་ཀྱི་ཐུགས་ལ་འབབ་དཀའ་བ་ཤེས་ནུས་ཀྱང༌། གཱཾདྷཱིའི་རྩོད་སྒྲུབ་ཀྱི་རིགས་པ་རྣམས་ལ་ཡང་དག་པའི་དགག་པ་དང༌། རང་གི་ལྟ་གྲུབ་ལ་རྩོད་སྤོང་དང་བཅས་རྣམ་པར་གཞག་པའི་སྤོབས་པ་མངའ་བ་རྣམས་ཀྱིས་ཕྱོགས་སྔའི་འདོད་པ་ཇི་བཞིན་རྟོགས་སླད་གཞུང་འདི་ངེས་པར་དུ་གཟིགས་དགོས། དེ་འདྲ་མ་ཡིན་པར་ཕྱོགས་སྔའི་ནམ་མ་ལངས་གོང་དགག་སྒྲུབ་ཀྱི་ཉི་མ་ཤར་བའི་ངང་ཚུལ་ནི་དེང་རབས་ཡར་ཐོན་ཅན་རྣམས་ལ་མཛེས་སུ་ཆུག་ཀྱང༌། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དང་ག་ལ་མཐུན།
གཞུང་འདིའི་བོད་འགྱུར་གྱི་སྔོན་གླེང་དུ་སྨྲ་བ་མི་ཉུང་བ་ཞིག་བཤམ་རྒྱུའི་མངོན་འདོད་སྙིང་ལ་བཅངས་མོད། སྔོན་བསགས་ལས་དབང་གིས་ཚེ་གང་མི་ཁོམ་པ་དགུ་པའི་གཞན་དབང་དུ་སོང་སྟེ་གོ་སྐབས་བྲལ་གཤིས། རེ་ཞིག་མཚམས་འདིར་སྨྲ་བ་བསྐྱུང་ངོ༌།། ཞེས་པ་འདིའང་ཡུལ་གངས་ཅན་གྱི་ལྗོངས་སུ་སྐྱེས་པའི་འདུ་གསུམ་པ་བཤེས་གཉེན་དམ་པ་དུ་མའི་ཞབས་དྲུང་ནས་ཐོས་པ་ཉུང་ཟད་བླངས་པའི་བཙུན་གཟུགས་ཟམ་གདོང་པ་བློ་བཟང་བསྟན་འཛིན་དུ་འབོད་པས་ཕྱི་ལོ་༢༠༠༩ ཟླ་༧ ཚེས་༢༥ བོད་ས་གླང་ཧོར་ཟླ་༦ ཚེས་༤ འདྲེན་པ་ཟས་གཙང་སྲས་པོས་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་ཤར་མར་སྨྲས་པ་དགེ་བར་གྱུར་ཅིག ཇཡཇགཏ྄།། །།