འབའ་བ་ཕུན་ཚོགས་དབང་རྒྱལ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་རྗེས་བསྩལ་བའི་གསུང་འཕྲིན།
“འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་གོ་ནས་སེམས་ཕམ་པོ་བྱུང་། སྤྱིར་བཏང་ཁོང་རང་དགུང་ལོའི་ཆ་ནས་བྱས་ན། དགུང་ལོ་ཧ་ཅང་མཐོ་པོ་རེད། ཡིན་ནའང་ད་དུང་ལོ་ཁ་ཤས་ཤིག་བཞུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་ཞིག་ཡོད་པས། གློ་བུར་ཞིག་ལ་སྐུ་ཚེ་མ་ཟིན་པ་བྱུང་འདུག
འབའ་བ་ཕུན་ཚོགས་དབང་རྒྱལ་བོད་རིགས་ཀྱི་ནང་ནས་ཤེས་ཡོན་དང་། འཇོན་ཐང་། དེ་བཞིན་ལྷག་བསམ་བཅས་ཀྱི་ཆ་ནས་འབུར་དུ་ཐོན་པའི་མི་སྣ་ཞིག་ཆགས་ཡོད། བོད་པའི་སྤྱི་ཚོགས་ནང་གསར་བརྗེའི་ལམ་དུ་འགྲོ་ཐུབ་པ་ཞིག་དང་། ལྷག་པར་དུ་མཀ་སེའི་ལྟ་གྲུབ་སྐོར་ལ་ཆེད་དུ་བཀར་ནས་རྩོད་སྒྲུབ་དངོས་པོའི་རིང་ལུགས་སྐོར་ལ་མཐར་ཕྱིན་པའི་མཁས་པ་བོད་པ་ཙམ་དུ་མ་ཟད། རྒྱ་མི་དང་ཨུ་རུ་སུའི་ནང་ལའང་ཁོང་དང་མཉམ་པ་དེ་འདྲ་དཀོན་པོ་ཡིན་གྱི་རེད། ཡང་སྒོས་མི་རིགས་ཀྱི་ཤ་ཞེན་ནི་བསམ་བརྗོད་ལས་འདས་པ་ཞིག་ཡོད་རེད། དེའི་དབང་གིས་ཁོ་རང་གི་སྐུ་ཚེའི་ནང་ལ་ལོ་མང་བཙོན་ཁང་ནང་བཞུགས་དགོས་པའི་གནས་སྟངས་བྱུང་བ་རེད།
༸ སྐྱབས་༸མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཚུལ་དུ་རྒྱ་ནག་ལ་ཕེབས་པའི་སྐབས་ལ་ཧ་ལས་པའི་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་དང་། མི་སྒེར་གྱི་ཆ་ནས་༸རྒྱལ་བ་རིན་པོ་ཆེས་ཐུགས་བློས་ལིང་འགེལ་གནང་ཆོག་པའི་མི་ཞིག་བྱུང་བ་རེད། ཁོང་རང་༸གོང་ས་མཆོག་ལ་དགའ་ཞེན་ཧ་ལས་པའི་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་བཀའ་མོལ་ཞུས་པའི་སྐབས་ལ་ལམ་སང་མིག་གཞའ་འཁོར་ཡོང་མཁན་ཞིག་ཡོད།
ང་རང་སྒེར་ལ་ཆ་བཞག་ནའང་། རྒྱུན་རིང་པོའི་བར་དུ་གྲོགས་པོ་བློས་ཐུབ་བྱས་ནས་བསྡད་པ་རེད། དངོས་སུ་ཐུག་པ་དེ་ཐེངས་གཅིག་གཉིས་ཤིག་མ་གཏོགས་བྱུང་མེད། ཡིན་ནའང་ཐུག་པའི་སྐབས་ལ་ཉིན་མཚན་སྦྲེལ་ནས་སྐད་ཆ་བཤད་དེ་གནས་ཚུལ་མང་པོའི་ཐོག་ལ་གོ་བསྡུར་བྱེད་ཀྱི་ཡོད། མ་ཐུག་པའི་སྐབས་ལའང་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་གོ་བསྡུར་བྱས་པ་ཡིན། ལྷག་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཚགས་གཏན་འབེབས་བྱེད་པའི་སྐབས་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གོ་དོན་དང་། དེ་བཞིན་རྒྱ་ནག་དབུ་ཁྲིད་ཚོའི་དགོངས་པ་བཞེས་ཕྱོགས་དེ་འདྲ་མང་པོ་ཞིག་གི་ཐོག་ལ་ང་ཚོས་དོན་མ་རྟོགས་པ་རྣམས་ཁོང་རང་ལ་བཀའ་འདྲི་ཞུས་ནས་བྱེད་ཀྱི་ཡོད་རེད།
ཁོང་གིས་ག་དུས་ཡིན་ནའང་བོད་མི་རིགས་ཀྱི་གནད་དོན་འདི་ཐག་གཅོད་ཅིག་ཡོང་ཐུབ་པ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་༸ཞབས་སོར་འཁོད་ཐུབ་པ་ཡོང་རྒྱུའི་ཆེད་དུ་ཧ་ཅང་གིས་སེམས་ཤུགས་དང་ལྷག་བསམ་ཆེན་པོ་ཡོད་མཁན་ཞིག་རེད། ཐོག་མར་བརྒྱད་ཅུ་གྱ་གྲངས་ནས་བོད་རྒྱ་ཞི་མོལ་འགོ་ཚུགས་དུས་ནས་འབྲེལ་བ་ཡོད་པའི་མི་ཞིག་ཆགས་ཡོད་འདུག དེར་བརྟེན་ཁོང་རང་གི་སྐུ་ཚེའི་རིང་ལ་སྤྱིར་བཏང་མཀ་སེའི་རིང་ལུགས་སྐོར་དང་། དེ་བཞིན་སྤྱིའི་ཚན་རིག་སྐོར། ལྷག་པར་དུ་མཀ་སེའི་ལྟ་གྲུབ་ཐོག་ནས་མི་རིགས་ཀྱི་གནས་བབ་བཅས་ཀྱི་ཐོག་ལ་ཡིད་འཇོག་རྒྱ་ཆེན་པོ་གནང་མཁན་ཞིག་རེད།
སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕུན་ཚོགས་དབང་རྒྱལ་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ཚོད། དེ་སུ་ལ་ཡིན་ནའང་ཡོང་ཆོག་པ་དང་ཡོང་བཞིན་པ་ཞིག་རེད། འོན་ཀྱང་དོན་དམ་གྱི་ཆ་ནས་ཁོ་རང་གིས་མི་ཚེ་གཅིག་གི་ཕྱག་ལས་གནང་སྟངས་དེ་ཚོ་ཁོ་རང་གི་མི་ཚེའི་ལོ་རྒྱུས་ནང་ཞིབ་ཚགས་པོ་གཟིགས་པ་ཡིན་ན་གནས་ཚུལ་ཆ་ཚང་མཁྱེན་རྟོགས་ཡོང་ཐུབ་པ་ཞིག་རེད། དེར་བརྟེན་དེ་རིང་ཁོང་སྐུ་ཚེ་མ་ཟིན་པ་དེ་ལ་བློ་ཕམ་དང་། ཁོ་རང་གི་བྱས་བསགས་སྡིག་ལྟུང་བྱང་ནས་སླར་ཡང་བོད་མི་ཚད་ལྡན་ཞིག་ལ་སྐྱེ་བ་ལེན་པ་དང་། བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་བའི་སྨོན་ལམ་རྒྱག་གི་ཡོད།” ཅེས་གསུངས་སོ། །