ཞབས་བརྟན་གསོལ་འདེབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

༄༅།།  རྟག་བརྟན་མི་འགྱུར་རྡོ་རྗེའི་དབྱིངས་ཀྱི་ཁམས།།  བཞིན་ལག་མཚན་དཔེའི་ལང་ཚོར་གྲོལ་བའི་གཟིས།།  མཐར་བྱེད་མུན་ཚོགས་བཅོམ་པའི་སྣང་བ་འབུམ།།  སྐལ་ལྡན་གདུལ་བྱའི་གསོས་སུ་འབར་གྱུར་ཅིག།  བསོ༵ད་ནམ༵ས་ཡེ་ཤེས་ཚོགས་གཉིས་རིང་གོམས་པས།།  སྤངས་རྟོགས་མཐར་ཕྱིན་སྐུ་བཞིའི་ནོར་བུའི་མཛོད།།  བདག་གིར་མཛད་པའི་གྲག༵ས་པ༵་ས་གསུམ་ན།།  ཡོངས་ཁྱབ་རྗེ་བཙུན་བླ་མར་གསོལ་བ་འདེབས།།  མཁྱེན་རབ་འོད་རྣོན་ཆ་ཤས་ཕྲ་མོས་ཀྱང་།།  སྐྱེ་རྒུའི་རྨོངས་མུན་ཡོངས་བཅིལ་སྣང་བ་ཡིས།།  དྲན་དབང་རྒྱུ་སྐར་མི་མངོན་དབྱིངས་འགོད་པའི།།  མཁས་མཆོག་རྟ་བདུན་དབང་པོ་ཞབས་བརྟན་ཤོག།  རྣམ་དག་ངེས་འབྱུང་ཀུན་བཟོད་ཡངས་པའི་གཞིར།།  བསླབ་ཚིག་བང་རིམ་མངོན་པར་མཐོ་བའི་སྤོར།།  བརྟན་མཁས་ཉི་ཟླའི་རྣ་ཆས་ཉེར་མཛེས་པའི།།  སྡོམ་བཙུན་ལྷུན་པོའི་དབང་པོར་ཞབས་བརྟན་ཤོག།  བྱམས་བརྩེ་ལྷག་བསམ་དཔུང་པ་བརྟན་པོ་ཡིས།།  མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་པོ།།  ཡོངས་བཟུང་རླབས་ཆེན་སྤྱོད་མཆོག་རྒྱ་མཚོ་ལ།།  ཞུམ་མེད་སེམས་དཔའ་ཆེན་པོ་ཞབས་བརྟན་ཤོག།  བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ཡི།།  དགོངས་བཅུད་ཟབ་དང་རྒྱ་ཆེའི་ལམ་གྱི་གནད།།  མ་ནོར་མ་འདྲེས་གསལ་བར་འདོམས་མཁས་པའི།།  ཟླ་མེད་སྟོན་པ་ཆེན་པོ་ཞབས་བརྟན་ཤོག།  མ་རྟོགས་ལོག་རྟོག་ཐེ་ཚོམ་དྲྭ་བ་ཀུན།།  རྣམ་དག་རིགས་ཚུལ་རལ་གྲིའི་འཕྲུལ་འཁོར་གྱིས།།  གཅོད་ལ་ཕྱོགས་གླང་ཡབ་སྲས་རྗེས་འགྲོ་བའི།།  རིགས་པའི་དབང་ཕྱུག་ཆེན་པོ་ཞབས་བརྟན་ཤོག།  དབྱངས་ཅན་མགྲིན་པར་རོལ་པའི་ངག་གི་རྩལ།།  ཉམས་འགྱུར་སྙན་རྒུའི་ཁོ་ལག་རྫོགས་པའི་གདངས།།  མཁས་ཀུན་ཡིད་ཀྱི་བརྟན་པ་འཕྲོག་བྱེད་པའི།།  སྨྲ་བའི་ཁྱུ་མཆོག་ཆེན་པོ་ཞབས་བརྟན་ཤོག།  མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་།།  སྣང་སྟོང་རྒྱུ་འབྲས་སླུ་བ་མེད་པའི་སྟོབས།།  བདག་སོགས་ལྷག་བསམ་རྣམ་པར་དག་པའི་མཐུས།།  སྨོན་པའི་དོན་ཀུན་བདེ་བླག་འགྲུབ་པར་ཤོག།  ཅེས་བསྟན་པའི་སྣང་བྱེད་མ་ཎི་མཆོག་སྤྲུལ་རིན་པོ་ཆེ་བསོད་ནམས་གྲགས་པ་མཆོག་གི་ཞབས་བརྟན་གསོལ་འདེབས་ཤིག་འབྲི་དགོས་ཞེས་སེར་བྱེས་ཚ་བ་བློ་བཟང་རྣམ་དག་གིས་ཚ་བ་ཐེངས་ཐོག་ཡུལ་དགོན་གཉིས་ཀྱི་ངོས་ནས་ལྷ་རེག་རྟེན་བཅས་ནན་སྐུལ་བྱུང་བ་མ་ཟད།  རང་ཉིད་ཀྱང་མ་ཎི་སྐུ་གོང་མ་དང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་འགྲོགས་འདྲིས་ཆེ་བའི་དམ་ལར་བསམས་ཏེ།  ཤཱཀྱའི་བཙུན་གཟུགས་ཟམ་གདོང་པས་དྭངས་པས་སྨོན་པའོ།།  །།