བོད་དོན་བདེན་མཐའ་གསལ་ཐབས་སུ་བཙན་བྱོལ་བོད་མིའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་དཔེ་མཚོན།

བོད་དོན་བདེན་མཐའ་གསལ་ཐབས་སུ་བཙན་བྱོལ་བོད་མིའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་(Constructive Programme) སྤེལ་ཕྱོགས་སྐོར་གྱི་དཔེ་མཚོན། 
༡ ངོ་སྤྲོད།
མི་རིགས་ཀྱི་འཐབ་རྩོད་ཇི་འདྲ་ཞིག་ཡིན་ཡང༌། མཐར་ཐུག་གི་དམིགས་ཡུལ་འགྲུབ་པར་དུས་ཡུན་རིང་པོ་འགོར་སྲིད་པས་དེའི་སྒྲུབ་ཐབས་ཀྱང་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀའི་ཆ་ལག་ཚང་དགོས་པ་མ་ཟད། སྒྲུབ་ཕྱོགས་ཀྱི་ལས་འགུལ་གལ་ཆེར་བརྩི་དགོས་པ་བདག་ཉིད་ཆེན་པོ་གྷན་དྷིས་ནན་གསུངས་མཛད་ཡོད། རྒྱ་གར་གྱི་རང་བཙན་རྩོད་སྒྲུབ་སྐབས་སུའང་དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་སྐབས་དུས་བྱེ་བྲག་པ་སོ་སོར་དུས་ཡུན་ངེས་ཅན་ཞིག་སྤེལ་བ་ལས་རྒྱུན་དུ་སྒྲུབ་ཕྱོགས་ཀྱི་ལས་འགུལ་མུ་མཐུད་སྤེལ་བ་ལ་བརྟེན་ནས་མང་ཚོགས་ཀྱི་ལས་འགུལ་རྒྱུན་སྐྱོང་མཐའ་འཁྱོལ་ཐུབ་པ་བྱུང་ཡོད།

བཙན་བྱོལ་བོད་མིས་ཀྱང་ཕྱི་ལོ་༡༩༥༩ ནས་བཟུང་ད་བར་རྒྱ་གར་གཙོ་བོར་གྱུར་པའི་བོད་མི་བཙན་བྱོལ་བ་གནས་ཡུལ་ཡོངས་སུ་ཤེས་ཡོན་དང༌། ལེགས་བྱང༌། ཆོས་དང་རིག་གཞུང༌། སྤྱི་ཚོགས་བདེ་དོན། རྒྱལ་སྤྱིའི་འབྲེལ་ལམ་སོགས་དང༌། ལྷག་པར་བོད་མིའི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་བ་སོགས་སྒྲུབ་ཕྱོགས་ཀྱི་ལས་དོན་བསམ་ཡུལ་ལས་འདས་པ་ཞིག་བརྩམས་དང་རྩོམ་བཞིན་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་འཛིན་སྐྱོང་དང༌། རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་སོགས་ཧ་ཅང་ཚད་མཐོར་སོན་ཐུབ་པ་འདི་བྱུང་ཞིང༌། ཕྱི་ལོ་༡༩༦༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་མི་སྒེར་གཅིག་གིས་ཁྲུས་དང་གཙང་སྦྲ་ཡག་པོ་ཞིག་བྱེད་ནའང་བོད་ཀྱི་རྩ་དོན་ལ་ཕན་པ་ཡིན་ཞེས་བཀའ་གནང་བ་ལྟར། བཙན་བྱོལ་བོད་མིའི་འཛུགས་སྐྲུན་གྱི་ལས་དོན་ཆ་ཚང་རྩ་དོན་སྒྲུབ་ཐབས་ཀྱི་ལས་འགུལ་ཞིག་ཡིན་པ་སྨོས་མ་དགོས་པས། ང་ཚོས་ཀྱང་དོན་ཕན་ལྡན་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་མང་པོ་བརྩམས་ཡོད་པ་དང༌། དེ་དག་གི་གྲུབ་འབྲས་ཀྱང་མིག་མཐོང་ལག་ཟིན་ཡོད་པ་བྱུང་ཡོད།

འོན་ཀྱང་སྐབས་རེ་བོད་མིས་ལས་དོན་དེ་དག་རྩ་དོན་ལ་སྨན་པའི་ལས་འགུལ་གལ་ཆེ་ཞིག་ཡིན་པར་ངོས་མ་ཟིན་པའི་དབང་གིས་ལས་འགུལ་ཞེས་པ་རྔམ་སྟོན་ཁྲོམ་སྐོར་དང༌། སྐད་འབོད་ཁོ་ན་ལས་གཞན་བྱེད་རྒྱུ་མེད་པ་ལྟ་བུའི་ཚོར་སྣང་ཡོད་མཁན་ཡང་ཇི་སྙེད་ཅིག་ཡོད། དེ་ནི་བཙན་བྱོལ་གཞུང་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཀྱིས་མང་ཚོགས་ལ་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་སྟངས་སྐོར་ལམ་སྟོན་དང༌། འགོ་ཁྲིད་ཚུལ་བཞིན་མ་བྱུང་བའི་དབང་གིས་ཡིན་པར་མཐོང་སྟེ་ཕྱི་ལོ་༢༠༠༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད་ནང་ཚང་མས་སྒྲུབ་ནུས་པའི་ལས་འཆར་བཅིུག་དཔེ་མཚོན་གྱི་ཚུལ་དུ་ཞུས་ཡོད་པ་དེ་དག་ལ་ཐུགས་སྣང་གནང་ན་བྱ་སླ་དོན་ཆེའི་ལས་འགུལ་ཇི་སྙེད་ཅིག་བོད་མི་ཚང་མས་ཚེགས་མེད་སྒྲུབ་ཐུབ་པ་ཞིག་ཡིན།

ལྷག་པར་འདི་ལོའི་ཕྱི་ཟླ་༣ པ་ནས་བོད་ནང་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་མང་ཚོགས་ཀྱིས་ལུས་སྲོག་ལ་མ་ལྟོས་པར་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་རྒྱ་ཁྱབ་ཏུ་བྱུང་བ་ནས་བཟུང་བཙན་བྱོལ་བོད་མི་ཚོས་ཀྱང་མ་བསྐུལ་དང་བླང་གིས་ཟས་བཅད་དང༌། ངོ་རྒོལ་རྔམ་སྟོན་གཙོ་བོར་གྱུར་པའི་ལས་འགུལ་ཇི་སྙེད་ཅིག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་དེ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལམ་སྟོན་འོག་སྤེལ་གནང་མཛད་དེ་ད་ཆ་དུས་ཡུན་བདུན་ཕྲག་བདུན་ལ་ཉེ་བར་སོང་ཟིན་ནའང་བོད་ནང་ཞོད་འཇགས་བསྐྱར་གསོ་མ་ཐུབ་པ་མ་ཟད། ད་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་ཕྱོགས་གང་ལ་བལྟས་ཀྱང་བོད་ནང་ཞི་འཇམ་སླར་གསོ་ཡོང་རེ་མ་མཐོང་གཤིས། བཙན་བྱོལ་བོད་མི་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མུ་མཐུད་རྒྱུན་སྐྱོང་གནང་དགོས་ངེས་ཅན་ཡང༌། ད་མུས་ལྟར་མང་ཚོགས་འདུ་འཛོམས་དང༌། རྔམ་སྟོན་ཁྲོམ་སྐོར། ཟས་བཅད་ལྟ་བུའི་ལས་རིམ་རྐྱང་པ་མུ་མཐུད་བྱེད་ཚེ་ཕྱོགས་གཅིག་ནས་བཙན་བྱོལ་བོད་མི་རྣམས་རྒྱུན་ལྡན་སོ་སོའི་འཚོ་ཐབས་ཀྱི་ལས་ཀ་ཅམ་འཇོག་བྱེད་ན་ནམ་ཞིག་ཁུངས་འཁྱོལ་དཀའ་བ་ཡོང་རྒྱུ་མ་ཟད། གཉིས་སུ་གནས་ཚང་ཡུལ་མི་ཚོས་ཀྱང་དོ་སྣང་དང་གདུང་སེམས་མཉམ་བསྐྱེད་ཡོང་རྒྱུའི་ཚབ་ཏུ་བསུན་སྣང་སྐྱེ་རིགས་བྱུང་ན་རྩ་དོན་ལ་གནོད་གཞི་ལས་མ་འདས་ཤིང༌། དེ་བཞིན་སློབ་ཕྲུག་རྣམས་ཀྱང་སློབ་སྦྱོང་འཐུས་ཤོར་དང༌། རྒྱུགས་སྤྲོད་སྐབས་དཀའ་ངལ་ཆགས་གཞི་བཅས་ལ་བརྟེན་དགོས་ངེས་ཀྱི་དུས་སྐབས་དམིགས་བསལ་བ་ཁག་ཕུད། དེ་འཕྲོས་རང་གི་འཚོ་ཐབས་དང་སློབ་སྦྱོང་སོགས་རྒྱུན་ལྡན་གྱི་བྱེད་སྒོ་རྣམས་འཐུས་ཚང་བྱེད་བཞིན་པ་དང་མཉམ་དུ་རྩ་དོན་ཆེད་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཡང་སྤེལ་ཐུབ་པའི་ལམ་སྟོན་བྱ་གལ་ཤིན་ཏུ་ཆེ། དེ་ཡང༌།

ཀ བོད་མི་སོ་སོའི་རང་གི་རྒྱུན་སྤྱོད་དང་མཉམ་དུ་སྒྲུབ་ཐུབ་པའི་ལས་འགུལ་ཁག་ཅིག་གི་ཐོ་གཞུང་བཟོས་ཏེ་རྒྱ་ཁྱབ་གསལ་བསྒྲགས་དང་འབྲེལ་མི་ཚང་སོ་སོས་ཟླ་རེའམ། ཡང་ན་ཟླ་བ་གསུམ་རེ་མཚམས་སོགས་འོས་འཚམས་དུས་ཚོད་རྒྱས་བཅད་ཐོག་ལས་འགུལ་ཇི་བྱེད་ཀྱི་བསྒྲུབས་ཐོ་རེ་སྤྱི་པར་འབུལ་དགོས་བཟོ་རྒྱུ་དང༌།

ཁ ཡང་དེ་མཚུངས་བོད་མི་གནས་སྡོད་ས་ཁུལ་སོ་སོར་བོད་མི་གང་འཚམས་རེས་མཉམ་རུབ་ཀྱི་ཐོག་ནས་སྤེལ་རྒྱུའི་ལས་རིམ་ཁག་ཐོ་འགོད་ཀྱིས་གསལ་བསྒྲགས་དང་འབྲེལ་ས་གནས་སོ་སོ་ནས་འཆར་འགོད་ཀྱིས་ལས་འགུལ་ལག་བསྟར་ཐོག་བསྒྲུབས་ཐོ་འབུལ་རྒྱུ།

ག ཡང་ལས་འགུལ་སྤེལ་མཁན་མི་གྲངས་རྒྱས་བཅད་ཀྱིས། ངོས་འཛིན་བྱས་པའི་ས་ཁུལ་ཁག་ཏུ་དུས་ཚོད་ངེས་ཅན་བར་སྤེལ་རྒྱུའི་ལས་འགུལ་ཁག་གི་འཆར་གཞི་བཟོ་འགོད་ཀྱིས་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་བཀོད་བྱུས་འོག་སྤེལ་རྒྱུ་བཅས་གནང་ན་ཚགས་ཚུད་དང་དགེ་མཚན་ཆེ་བར་མཐོང༌།

༢ ལས་འགུལ་འཆར་སྒྲིག་བྱེད་ཕྱོགས།

ལས་འགུལ་ཇི་འདྲ་ཞིག་ཡིན་ཡང་འཆར་འགོད་སྐབས་ངེས་པར་དུ་རྟོག་ཞིབ་ཟབ་ནན་བྱེད་དགོས་པའི་གནད་དོན་གལ་ཆེ་ཁག་གཤམ་གསལ།

ཀ ལས་འགུལ་དེའི་ཕུགས་དམིགས་བོད་དོན་བདེན་མཐའ་གསལ་ཐབས་ཡིན་པ་སྨོས་མ་དགོས་ཀྱང༌། དེའི་འཕྲལ་གྱི་དམིགས་ཡུལ་གཅིག་གམ་མང་པོ་ཡོད་ན་དེ་དག་གི་ངོས་འཛིན་ཞིབ་གསལ།

ཁ ལས་འགུལ་དེ་སྤེལ་བ་ལ་དགོས་ངེས་ཀྱི་མིའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཚོད་དཔག་གསལ་པོ་བྱས་ཏེ། དེ་དག་འཛོམས་མིན།

ག ལས་འགུལ་དེ་འཕྲལ་ཕུགས་ཀྱི་དམིགས་ཡུལ་ལ་ཕན་ངེས་ཡིན་མིན་དང༌། ཕན་ངེས་ཡིན་ཡང་དེའི་དབང་གིས་གྱོང་གུན་དང་གནོད་སྐྱོན་གཞན་དག་ཡོང་ཉེན་ཡོད་མེད།

ང ལས་འགུལ་དེའི་ངོ་བོ་དང༌། རྣམ་པ་གང་གི་ཆ་ནས་བཙན་བྱོལ་གཞུང་གི་རྩ་འཛིན་སྲིད་བྱུས་དང་མི་མཐུན་པའམ། དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བའི་རྣམ་པ་མངོན་གྱི་ཡོད་མེད།

ཅ ལས་འགུལ་དེ་ལ་བརྟེན་ནས་སྤྱི་ཚོགས་གཞན་དང་ཆོས་ལུགས་གཞན། ཡང་ན་རྒྱ་ནག་གི་མི་མང༌། ལྷག་པར་ས་གནས་ཡུལ་མི་བཅས་ལ་མཐོང་ཚུལ་ངན་པའམ་མི་དགའ་བ་ཡོང་གཞི་ཡོད་མེད།

ཆ ལས་འགུལ་དེ་ལ་བརྟེན་ནས་བོད་མི་ནང་ཁུལ་ལྟ་ཕྱོགས་མཐོང་ཕྱོགས་མི་མཐུན་པ་ཡོང་གཞི་ཡོད་མེད།

ཇ ལས་དོན་ལག་བསྟར་སྐབས་མཇུག་སྐྱོང་མ་ཐུབ་པའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་མེད་བཅས་གོང་གསལ་དོན་ཚན་ཁག་ལ་རྟོག་ཞིབ་ནན་པོ་བྱས་རྗེས་མཐུན་རྐྱེན་འཛོམས་ཤིང་འགལ་རྐྱེན་མེད་ན། ལས་གཞིའི་ངོ་བོ་དང༌། རྣམ་གྲངས། སྤེལ་ཡུལ་ས་གནས། མི་འགྲོ་དང་དངུལ་གྲོན། ལས་འགུལ་གྱི་དུས་ཡུན། ལག་བསྟར་བྱེད་ཕྱོགས་བཅས་ཞིབ་གསལ་ཡོད་པའི་འཆར་གཞི་ཡིག་ཐོག་ཏུ་བཀོད་ཐུབ་ན་ལྷ་རབ་དང༌། དེ་མིན་ཡང་ལས་འགུལ་ནང་ཞུགས་མཁན་སོ་སོའི་བསམ་བློའི་ནང་གོ་རྟོགས་གསལ་པོ་ཡོད་པ་ཞིག་དགོས།

༣ ལས་འགུལ་གྱི་རྣམ་གྲངས།

ཀ བོད་མི་སྒེར་སོ་སོས་སྒྲུབ་ཐུབ་པའི་ལས་འགུལ་གྱི་དཔེ་མཚོན།

༡ བོད་སྤྱི་མཐུན་གྱི་ལས་ངན་བྱང་ཞིང་བསོད་ནམས་སྤེལ་བའི་སླད། གཟུངས་སྔགས་དང༌། ཞལ་འདོན་ངེས་ཅན་གྲངས་གསོག་བྱ་རྒྱུ།

༢ ཆང་དང་ཐ་མག་མྱོས་རྫས་སོགས་ཀྱི་ངན་གོམས་ཡོད་རིགས་དེ་དག་གཏན་དུའམ། ཡང་ན་དུས་ཡུན་ངེས་ཅན་བར་སྤོང་ཐབས། ཡང་ན་ཉུང་འཕྲི་བྱ་རྒྱུ།

༣ རང་དང་རྒྱུན་འབྲེལ་ཡོད་པའི་ས་གནས་ཡུལ་མིའམ། ཕྱི་རྒྱལ་མི་རིགས། ལྷག་པར་རྒྱ་རིགས་ངོ་ཤེས་ཡོད་ན་དེ་དག་ལ་བོད་དོན་སྐོར་འགྲེལ་བརྗོད་དང༌། བདེན་པ་མིན་པའི་དྲིལ་བསྒྲགས་ཁག་གི་ལོག་རྟོག་སེལ་ཐབས་བྱ་རྒྱུ། སློབ་སྦྱོང་ཐོན་པ་ཞིག་ཡིན་ན། དེང་རབས་ཀྱི་བརྒྱུད་ལམ་དྲྭ་རྒྱ། གློག་འཕྲིན། རླུང་འཕྲིན་སོགས་ལ་དོ་སྣང་དང༌། དེ་དག་ནང་བདེན་པ་མིན་པའི་དྲིལ་བསྒྲགས་ཁག་ལ་ལན་འདེབས་བྱེད་རྒྱུ།

༤ རྩོམ་པ་པོ་དང་མཁས་པ་ཁག་ནས་ད་ལམ་གྱི་རྐྱེན་ངན་བྱུང་བ་དེའི་ཐོག་རྩོམ་དང༌། དཔྱད་ཞིབ་གང་མང་འདོན་ཐབས།

༥ བོད་མིའི་སྤྱི་ཚོགས་ནང་གཞི་མེད་དང༌། བག་ཙམ་གྱི་འཆལ་གཏམ་སྣ་ཚོགས་ཤིག་ཡོད་བཞིན་པ་རྣམས་ལ་ལམ་འཕྲལ་ཚད་འཛིན་ཡིད་ཆེས་མ་བྱས་པར་ཞིབ་དཔྱོད་དང༌། འདྲི་བརྩད་མཐིལ་ཕྱིན་བྱས་ཏེ་གནས་ཚུལ་བདེན་པ་མིན་རིགས་རང་གི་ནང་མི་དང༌། ཁྱིམ་མཚེས་འབྲེལ་ཡོད་རྣམས་ལ་གསལ་སྟོན་བྱེད་རྒྱུ།

༦ བོད་དོན་དང་འབྲེལ་ཡོད་ཀྱི་ཡོངས་གྲགས་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ན་དེ་འཕྲལ་བཙན་བྱོལ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་ལན་གསལ་གཏོང་རྒྱུ།

༧ སྤྱི་ཚོགས་ནང་དོགས་གཞི་ཅན་གྱི་མིའམ། ཡང་ན་ལས་དོན། དེ་བཞིན་གཏམ་འཆལ་སྦིར་གྲགས་སོགས་བོད་ཀྱི་རྩ་དོན་དང༌། བོད་མིའི་ཆིག་བསྒྲིལ་ལ་གནོད་གཞིའི་རིགས་མཐོང་ཐོས་བྱུང་འཕྲལ་རང་ཉིད་ཀྱིས་གདོང་ལེན་བྱེད་རྒྱུ་མ་ཟད། བཙན་བྱོལ་གཞུང་གི་འབྲེལ་ཡོད་སྣེ་མོ་བར་བརྡ་ལན་སྤྲོད་རྒྱུ།

༨ དེང་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བསམ་ཞིབ་ཀྱིས་སོ་སོའི་རྒྱུན་ལྡན་གྱི་འགྲོ་གྲོན་རྒྱས་སྤྲོས་ཅན་ནམ། བག་མེད་ངན་གོམས་སོང་བ་ཁག་བསྲི་ཚགས་གང་ཐུབ་བྱས་ཏེ་ཟླ་རེ་བཞིན་བོད་མི་རིགས་ཀྱི་ལས་དོན་ཆེད་དངུལ་འབོར་གང་ཡོང་ཞིག་སོ་སོའི་མིང་ཐོག་ཏུ་ཟུར་བཅད་གསོག་འཇོག་བྱ་རྒྱུ།

༩ འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་དོན་སྙིང་དང་ལག་བསྟར་སྐོར་སློབ་སྦྱོང༌།

༡༠ བོད་ཀྱི་སྐད་ཡིག་རིག་གཞུང་ཐོག་ན་གཞོན་ཚང་མས་དམིགས་བསལ་ཐུགས་སྣང་གིས་སློབ་སྦྱོང་བྱ་རྒྱུ།

༡༡ དབུ་མའི་ལམ་གྱི་སྲིད་བྱུས་ལ་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ།

༡༢ ཉ་སྟོང་བརྒྱད་གསུམ་སོགས་ལ་དམར་ཟས་སྤོང་རྒྱུ་སོགས།

ཁ བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་མཉམ་རུབ་ཀྱིས་སྒྲུབ་ཐུབ་པའི་ལས་འགུལ་གྱི་དཔེ་མཚོན།

༡ དགོན་སྡེ་ཁག་དང༌། སློབ་གྲྭ་ཁག་ཏུ་ྋགོང་ས་མཆོག་གི་བཀའ་སློབ་དང༌། བོད་དོན་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་བལྟ་ཉན་གོ་སྒྲིག

༢ བར་ལམ་གྱེན་ལངས་སྐབས་འདས་གྲོངས་སོང་བའི་བོད་མི་མིང་ཤེས་པའམ། མི་ཤེས་པ་ཅི་རིགས་ཀྱི་ཆེད་དུ་དམིགས་ཏེ་བོད་མིའི་གཞིས་སྒར་ཁག་གི་གཞུང་ལམ་ཉམས་གསོ་དང༌། དྲན་རྟེན་སྐུ་གསུང་ཐུགས་རྟེན་ནམ། རྡོ་འབུམ་ལྟ་བུའི་འཛུགས་སྐྲུན།

༣ བོད་མིའི་སྡོད་སྒར་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་སླད་ངལ་རྩོལ་གྱི་ཞལ་འདེབས་བརྒྱབས་ཏེ་ཆུ་འགྲོ་བཟོ་རྒྱུ་དང༌། གད་སྙིགས་གཙང་སེལ་ལྟ་བུའི་ལས་གཞི།

༤ བོད་མིའི་སྡོད་སྒར་ཁག་གི་ནང་བོད་དུ་རྐྱེན་འདས་སོང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་མིང་ཐོག་འབྲས་ལྡན་དང་འབྲས་མེད་ཀྱི་སྐྱེ་ཤིང་འདེབས་འཛུགས་དང་གསོ་སྐྱོང༌།

༥ འདས་གྲོངས་སོང་བ་རྣམས་ཀྱི་དྲན་རྟེན་དང་མཆོད་འབུལ་ཆེད་སྣང་གསལ་མར་མེ་ཆད་མེད་འབུལ་རྒྱུའི་གོ་སྒྲིག་དང༌། དེའི་ཆེད་ས་གནས་སྤྱི་ཐོག་ནས་དམིགས་བཀར་འབུལ་ཡུལ་བསྐྲུན་རྒྱུ་སོགས།

ག ལས་འགུལ་སྤེལ་མཁན་མི་གྲངས་རྒྱས་བཅད་ཀྱིས་དུས་ཚོད་ངེས་ཅན་བར་སྤེལ་རྒྱུའི་ལས་འགུལ་ཁག་གི་དཔེ་མཚོན་གཤམ་གསལ།

༡ རྒྱ་གར་གྱི་མཐོ་སློབ་ཁག་དང༌། གཞི་རིམ་གོང་མའི་སློབ་གྲྭ་ཁག་ཏུ་བོད་ཀྱི་གནད་དོན་སྐོར་གཏམ་བཤད་དང༌། བགྲོ་གླེང༌། རྩོམ་ཡིག་འགྲན་བསྡུར་སོགས་བྱ་རྒྱུ།

༢ བོད་དོན་སྐོར་གྱི་འབོད་སྐུལ་ཡི་གེའི་ཐོག་མིང་རྟགས་བསྡུ་རུབ་བྱ་རྒྱུ།

༣ ཆབ་སྲིད་ཀྱི་འགོ་ཁྲིད་ཁག་དང༌། རྩེད་མོ་མཁན། གློག་བརྙན་འཁྲབ་སྟོན་པ། ཡང་ན་རྩོམ་པ་པོ་སོགས་གྲགས་ཅན་མི་སྣ་ཁག་ནས་རྒྱབ་སྐྱོར་ཞུ་རྒྱུ་དང༌། དེའི་ཆེད་བོད་རིགས་ཕྲུ་གུ་ཆུང་ཆུང་ཚོས་འབོད་སྐུལ་ཡི་གེ་འབྲི་རྒྱུ།

༤ འབོད་སྐུལ་དང༌། ངོ་རྒོལ། དགོས་འདུན་སོགས་ཀྱི་ཡིག་ཟམ་ཤོག་ལྷེ་(Post Card) གྲངས་མང་གཏོང་རྒྱུ།

༥ བོད་དོན་སྐོར་དྲིལ་བསྒྲགས་ཡིག་ཆ་ཤོག་ལྷེ་ཆུང་ཆུང་བཟོས་ཏེ་གསར་ཤོག་དང༌། དུས་དེབ་ཚོང་ཁང་ཁག་དང༌། ཟ་ཁང་ཁག་གི་ནང་འགྲེམས་སྤེལ་བྱ་རྒྱུ།

༦ མི་ཚོགས་འདུས་སའི་ཁྲོམ་རྭ་དང༌། གསུམ་མདོ་ཁག་ཏུ་བོད་དོན་སྐོར་ཟློས་གར་ཐུང་ངུ་འཁྲབ་སྟོན་དང༌། དེའི་མཉམ་གཏམ་བཤད་བྱེད་རྒྱུ།

༧ གཞི་རིམ་སློབ་གྲྭ་དང༌། མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིགས་སློབ་ཕྲུག་རྣམས་ལ་རིགས་ཞེན་སྤེལ་བའི་སློབ་གསོ་དང༌། བོད་དོན་སྐོར་གསལ་བཤད་བྱེད་རྒྱུ།

༢༠༠༨ ཕྱི་ཟླ་༣ ཚེས་༡༠ རྗེས་ལ་བཟོ་འགོད་གནང་བ་ཞིག་རེད་འདུག