བཙན་བྱོལ་བོད་གཞུང་འཛིན་སྐྱོང་ལེགས་བཅོས་ཚོགས་ཆུང་གི་བྱེད་སྒོ་ལམ་སྟོན།
༄༅།། ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་མི་བཟད་པའི་དབང་གིས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་འཕགས་ཡུལ་མ་སུ་རིའི་བཞུགས་སྒར་དུ་བཙན་བྱོལ་བོད་གཞུང་ཕྲ་ཚུགས་བྱུང་བ་དང་མཉམ་དུ་བཀའ་བློན་ལས་ཁུངས་ཁག་ལྟར་ཆ་བགོས་ཀྱིས། དེང་རབས་མང་གཙོ་དང་མཐུན་པའི་སྒྲིག་འཛུགས་བསྐྱར་བཅོས་མཛད་པ་ནས་བཟུང་ྋགོང་ས་མཆོག་གི་ཐུགས་བསྐྱེད་འཕྲིན་ལས་ཀྱི་ནུས་པས་བཙན་བྱོལ་བོད་གཞུང་གི་ལས་དོན་གཞི་རྒྱ་ཇེ་ཆེ་དང་ལས་ཁུངས་མ་ལག་རིམ་འཕེལ་བྱུང་བསྟུན་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གཞིར་བཟུང་བཙན་བྱོལ་གཞུང་གི་འཛིན་སྐྱོང་དང༌། གཞུང་ཞབས་སྒྲིག་གྲལ་ལེགས་བཅོས་རླབས་ཆེ་བྱུང་ཡོད་ནའང་སྒྲིག་གཞིའི་ནང་གསལ་ལས་འབོར་ཉམས་ཞིབ་ཚད་ལྡན་མ་ཐུབ་པ་དང༌། བཀའ་ཤག་སྐབས་བཅིུས་པས་༢༠༠༤ ཕྱི་ཟླ་༡༢ ཚེས་༢ ཉིན་འཛིན་སྐྱོང་བཀོད་ཁྱབ་ཀྱི་ལམ་ནས་ལས་ཁུངས་མ་ལག་དང་བཅས་པའི་སྒྲིག་འཛུགས་བསྐྱར་བཅོས་ཤིག་གནང་ཡོད་ནའང༌། ད་དུང་འཛིན་སྐྱོང་གི་ལས་དོན་ཁྱོན་ཡོངས་ནས་འདོད་བློ་ཁེངས་པའི་ལེགས་བཅོས་དང་ཡར་རྒྱས་ཚད་ལྡན་ཞིག་མ་བྱུང་བར་བརྟེན་ད་ཆ་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་ཐོག་མངོན་གསལ་དོད་པོའི་ལེགས་བཅོས་དང་མདུན་མཆོང་ཆེན་པོ་ཞིག་ཡོང་སླད་ཞིབ་འཇུག་གཏིང་ཟབ་དང་འབྲེལ་དགེ་འདོན་སྐྱོན་སེལ་གྱི་བྱེད་ཕྱོགས་རྒྱབ་གཉེར་གནང་མཁན་འཛིན་སྐྱོང་ལེགས་བཅོས་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་པ་དེའི་བྱེད་སྒོ་ལམ་སྟོན་གཤམ་གསལ།
༡ འཛིན་སྐྱོང་དང་འབྲེལ་བའི་སྐྱོན་གནད་སེལ་དགོས་དང༌།
ད་ལྟའི་ལས་བྱེད་པའི་གྲངས་འབོར་དང་དངོས་ཡོད་ལས་འབོར་གཉིས་ཆ་སྙོམ་ཡོད་མེད་དང༌། མེད་ཚེ་ཆ་སྙོམ་ཡོང་ཐབས་བྱེད་ཕྱོགས་ཇི་དགེ
༢ ད་ལྟ་ལག་བསྟར་བྱེད་བཞིན་པའི་ཐག་གཅོད་བྱེད་ཕྱོགས་ཀྱི་ལས་རིམ་དང༌། ཐག་གཅོད་ལག་བསྟར་བྱེད་ཕྱོགས་ཀྱི་ལས་རིམ་ནང་སྐྱོན་ཆ་ཇི་ཡོད་དང༌། ལས་དོན་གྱི་སྤུས་ཚད་དང་མྱུར་ཚད་གོང་མཐོར་གཏོང་བའི་ཐབས་ལམ་ཇི་ཡོད།
༣ ལས་ཁུངས་སོ་སོའི་ལས་བྱེད་ལ་ལས་བགོས་བྱེད་ཕྱོགས་དང༌། ལས་བགོས་གཞིར་བཟུང་ལས་དོན་ལག་བསྟར་གྱི་བརྒྱུད་རིམ་ནང་སྐྱོན་ཆ་ཇི་ཡོད་དང༌། བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་ཇི་ཡོད།
༤ ད་ལྟ་ལག་བསྟར་བྱེད་བཞིན་པའི་ཡིག་ཆ་བཟོ་ཕྱོགས་དང༌། ཡིག་སྣོད་ཉར་ཕྱོགས། དེ་དག་གི་བརྒྱུད་རིམ་བཅས་ཀྱི་ནང་ཞན་ཆ་ཇི་ཡོད་དང༌། བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་ཇི་ཡོད།
༥ འཛིན་སྐྱོང་གི་ལས་དོན་ཡོངས་རྫོགས་བཙན་བྱོལ་གཞུང་གི་དགོས་དམིགས་དང་དེ་འབྲེལ་གཏན་འབེབས་སྲིད་བྱུས་དང་མཐུན་པ་ཤ་སྟག་ཡོང་གི་ཡོད་མེད་དང༌། མེད་ཚེ་དེ་ལྟར་ཡོང་ཐབས་བྱེད་ཕྱོགས་ཇི་དགེ
༦ ལས་བྱེད་པ་སོ་སོའི་ནུས་པ་དང་འཇོན་ཐང་ཇི་ཡོད་ཉིན་རེའི་ལས་དོན་གྱི་ཐོག་བེད་སྤྱོད་ཐུབ་པ་ཡོང་གི་ཡོད་མེད་དང༌། མེད་ཚེ་དེ་ལྟར་ཐུབ་ཐབས་ཀྱི་ཐབས་ལམ་ཇི་ཡོད།
༧ ལས་བྱེད་སོ་སོའི་རང་གི་ཁྱད་ལས་སྦྱོང་བདར་དང་འཇོན་ཐང་ཉམས་མྱོང་བཅས་ཀྱི་རྒྱབ་ལྗོངས་དང༌། སོ་སོའི་ལས་བགོས་གཉིས་འཚམས་པ་ཡོང་གི་ཡོད་མེད་དང༌། མེད་ན་ཡོང་ཐབས་བྱེད་ཕྱོགས་ཇི་དགེ
༨ ལས་བྱེད་སོ་སོའི་ཤེས་ཡོན་དང་ལྷག་བསམ་སྦྱོང་བདར་བཅས་འདེང་ངེས་ཡོད་མེད་དང༌། མེད་ན་འདེང་ངེས་ཡོང་ཐབས་བྱེད་ཕྱོགས་ཇི་དགེ
༩ ལས་བྱེད་སོ་སོའི་རང་གི་ལས་དོན་ཐོག་སྤྲོ་སྣང་དང་དོ་དབྱིངས། ལས་དོན་ཟིན་རྗེས་འདོད་བློ་ཚིམས་པའི་ཚོར་བ་ཡོད་མེད་དང༌། མེད་ན་དེ་དག་ཡོང་ཐབས་བྱེད་ཕྱོགས་ཇི་དགེ
༡༠ ལས་ཁུངས་དང་སྡེ་ཚན་སོ་སོའི་ནང་འགན་འཛིན་དང༌། གཤམ་འོག་ལས་བྱེད་བར་གྱི་འབྲེལ་ལམ་དང་ལས་དོན་ཐོག་གོ་བརྡ་འཕྲོད་པོ་དང༌། འགོ་ཁྲིད་དང་རྗེས་འཇུག་གཉིས་ཀའི་ནུས་པ་འདེང་ངེས་ཡོང་གི་ཡོད་མེད་དང༌། མེད་ཚེ་གོང་མཐོར་གཏོང་ཐབས་ཇི་དགེ
༡༡ བཙན་བྱོལ་གཞུང་གི་སྲི་ཞུ་བ་རྣམས་རྒས་ཡོལ་ལོ་མཚམས་མ་ཟིན་བར་སྲི་ཞུའི་ལས་དོན་ཐོག་མུ་མཐུད་སྡོད་མཁན་ཇེ་མང་དུ་གཏོང་ཐབས་ཀྱི་བྱེད་ཕྱོགས་ཇི་དགེ
༡༢ ལས་བྱེད་པའི་མཐུན་རྐྱེན་དང༌།
ཁེ་ཕན་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་ཇི་དགེ
༡༣ གཞུང་གི་དངོས་པོའི་མཐུན་རྐྱེན་སྤྱི་དང༌། ཁྱད་པར་དངུལ་གྱི་འགྲོ་གྲོན་ཁག་བེད་སྤྱོད་ལེགས་ཤོས་གཏོང་ཕྱོགས་དང༌། བསྲི་ཚགས་བྱེད་ཕྱོགས་ཀྱི་ཐབས་ལམ་ཇི་དགེ
༡༤ གཞུང་གི་འཛིན་སྐྱོང་ལས་དོན་ཡོངས་རྫོགས་ཕྱི་གསལ་ནང་གསལ་མང་ཚོགས་ཀྱི་མཐོང་ཆོས་སུ་གྲུབ་པ་ཡོང་ཐབས་ཇི་དགེ་དང༌། གཞུང་མང་གཉིས་ཀྱི་བར་འབྲེལ་ལམ་གོང་མཐོར་གཏོང་ཐབས། དེ་བཞིན་མི་མང་གཞུང་གི་ལས་ཁུངས་ཁག་དང༌། ལས་བྱེད་ཁག་ལ་བདེ་སྡུག་ཞུ་བཅར་སྐབས་སྣེ་ལེན་འབྲེལ་བ་བྱེད་ཕྱོགས་དང༌། ཞུ་དོན་རྣམས་འཕྲལ་སྒྲུབ་ཡོང་ཐབས་ཚད་ལྡན་མེད་ན་ཡོང་ཐབས་ཇི་དགེ
༡༥ ལས་ཁུངས་སོ་སོའི་སྡེ་ཚན་ནང་ཕན་ཚུན་དང༌། ལས་ཁུངས་ནང་ཕན་ཚུན་དབར་འབྲེལ་ལམ་ཚད་ལྡན་དང༌། ལས་དོན་ཁག་ཟློས་སྐྱོན་དང་འགལ་ཟླ། ཡང་ན་འབྲེལ་མེད་དོན་གཞན་དུ་མི་འགྲོ་བའི་ཐབས་ལམ་ཇི་ཡོད།
༡༦ འཛིན་སྐྱོང་གི་ལས་དོན་གང་ཅིར་རྒྱལ་སྤྱི་དང༌། གནས་ཡུལ་རྒྱལ་ཁབ། བཙན་བྱོལ་གཞུང་བཅས་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་དང་མི་འགལ་བ་དང༌། གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མི་རྣམས་ཀྱི་བློ་དང་མི་མཐུན་པ་མི་ཡོང་བའི་བྱེད་ཕྱོགས་ཇི་དགེ
༡༧ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལམ་སྟོན་ཁག བཙན་བྱོལ་གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་དང༌། དེ་དག་གི་རྒྱབ་ལྗོངས་རྒྱུ་མཚན། དེ་བཞིན་གོང་རིམ་གྱི་བཀོད་མངགས་རྣམས་འབྲེལ་ཡོད་ལས་བྱེད་ཚང་མས་རྒྱུན་དུ་གོ་རྟོགས་ཚད་ལྡན་ཡོད་པའི་ཐོག་དངོས་སུ་ལག་བསྟར་ཐུབ་པ་ཡོང་བ་བྱེད་རྒྱུའི་ཐབས་ལམ་ཇི་དགེ
༡༨ ད་ཡོད་གཞུང་ཞབས་རྣམས་འཛིན་སྐྱོང་དང༌། ཤེས་ཡོན། ཕྱི་འབྲེལ་བཅས་ཀྱི་སྒྲིག་གྲལ་གསུམ་དུ་ཕྱེ་ན་དགེ་མཚན་ཡོད་མེད། ཡོད་ཚེ་ལག་བསྟར་སྐབས་དཀའ་ངལ་ཇི་འཕྲད། དེ་དག་སེལཐབས་ཇི་དགེ
༡༩ ལས་ཁུངས་སོ་སོའི་ནང་མཉམ་འདུས་དང་སྡེ་ཚོགས་ཀྱི་འགན་ཁུར་བྱེད་ཕྱོགས་ཚད་མཐོ་ཡོང་ཐབས་ཇི་དགེ
༢༠ ལས་བྱེད་ཡོངས་རྫོགས་ཁྱད་ལས་པའི་རང་བཞིན་ལྡན་པ་དང༌། གསར་གཏོད་བྱ་ནུས་ཅན་དུ་སྒྱུར་ཐབས་ཇི་དགེ
༢༡ ལས་བྱེད་པའི་བཟང་སྤྱོད་དང༌། ཡ་རབས་ཀྱི་མི་གཞི་གོང་མཐོར་གཏོང་ཐབས་ཇི་དགེ
༢༢ ལས་བྱེད་རྣམས་ལས་དོན་གང་བྱས་ལྟ་གྲུབ་ཀྱི་རྒྱབ་རྟེན་ཚད་ལྡན་ཡོད་པ་ཡོང་ཐབས་ཇི་དགེ
༢༣ ལས་ཁུངས་སོ་སོའི་ནང་གོང་རིམ་གྱིས་ངག་ཐོག་དང་ཡིག་ཐོག་ནས་བཀོད་མངགས་ལམ་སྟོན་བྱེད་ཕྱོགས་དང༌། གཤམ་འོག་གིས་གོང་རིམ་ལ་ལས་འཆར་དང༌། འགྲེལ་བརྗོད་འབུལ་ཕྱོགས་ཡར་རྒྱས་དང༌། གཅིག་གྱུར། ཚད་ལྡན་ཡོང་ཐབས་ཇི་དགེ
གཞན་ཡང་གོང་གསལ་དོན་ཚན་ཁག་གི་ནང་མ་གསལ་བའི་བོད་གཞུང་ལས་ཁུངས་ཁག་གི་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་འཛིན་སྐྱོང་གི་ལས་དོན་རྣམས་ཀྱི་ནུས་པ་དང་ཞན་ཆ་ངེས་པར་དུ་སེལ་དགོས་པའི་སྐྱོན་གནད་ཇི་ཡོད་དང༌།
དེ་དག་སེལ་ཐབས་ཇི་ཡོད་ཐོག་ཞིབ་འཇུག་གཏིང་ཟབ་དང་འབྲེལ་བྱེད་སྒོའི་རྒྱབ་གཉེར་ཁ་གསལ་འབུལ་དགོས་ཀྱི་བྱེད་སྒོ་ལམ་སྟོན་དུ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༠༦ ཕྱི་ཟླ་ཚེས་ལ།།
བཀའ་ཤག་གིས་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་ཐོག་ཞིབ་འཇུག་གཏིང་ཟབ་དང་འབྲེལ་དགེ་འདོན་སྐྱོན་སེལ་གྱི་བྱེད་ཕྱོགས་རྒྱབ་གཉེར་གནང་མཁན་འཛིན་སྐྱོང་ལེགས་བཅོས་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་པ་དེའི་བྱེད་སྒོ་ལམ་སྟོན་ཁག་རེད་འདུག