ཕྱི་ལོ་ ༢༠༡༧ ལོའི་ནང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རགས་བསྡུས།

༄༅།། ༢༠༡༧ ཕྱི་ཟླ་ ༡ ཚེས་ ༦ ཉིན་རྒྱབ་རྡོ་རྗེ་གདན་གྱི་དཔལ་དུས་འཁོར་ཐང་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་མ་བསྩལ་སྔོན་དུ། པཊ་ནཱ་གྲོང་ཁྱེར་དུ་སིཁ་ཆོས་ལུགས་ཀྱི་བླ་མ་བཅུ་པ་གུ་རུ་གོབིནྡ་སིངྷ་འཁྲུངས་ནས་ལོ་ ༣༥༠ འཁོར་བའི་རྗེས་དྲན་ཆེད་ཆོས་ལུགས་རིས་མེད་མཐུན་ཚོགས་ཤིག་ཏུ་ཕེབས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་འདིར་ཆེད་བཅར་གྱིས་གསུང་བཤད་རེ་ཡང་གནང་མཐར། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་སློབ་སྩལ་སྐབས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཧིན་སྐད་གསུང་སྒྱུར་ཡང་གནང་བ་རེད།

༢༠༡༧ ཕྱི་ཟླ་ ༡ ཚེས་ ༩ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་མ་ཧཱ་ཡཱ་ནའི་གསོལ་མགྲོན་ཁང་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། མཁན་རིན་པོ་ཆེའམ་མཁན་ཚབ་སོགས་ཕེབས་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་ཕྱི་དྲོ་རྡོ་རྗེ་གདན་དུ་ཝེཏ་ནཱམ་གྱི་དགོན་པ་ཞིག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དུ་བཅར་བའི་ཝེཏ་ནཱམ་དང་ཐ་ཡི་ལེན་ཌ་ནས་ཕེབས་པའི་སྡེ་ཚན་ཞིག་དང་མཇལ་འཕྲད་ཀྱིས་དྲི་བ་ཁག་ལ་ལན་འདེབས་དང་། དེ་བཞིན་ནང་པའི་གཞོན་ནུའི་མཐུན་ཚོགས་ཤིག་གི་འགྲེམས་སྟོན་ལ་གཟིགས་སྐོར་བཅས་གནང་བཞིན་པ།

༢༠༡༧ ཕྱི་ཟླ་ ༡ ཚེས་ ༢༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཅཻནྣཻ་གྲོང་ཁྱེར་དུ་བརྟེན་གཞི་བྱས་པའི་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩའི་བགྲོ་གླེང་མུ་མཐུད་ཁང་གི་གོ་སྒྲིག་འོག་བསནྟ་བིཧཱར་མདུན་ཐང་དུ་ “སངས་རྒྱས་ཀྱི་གསུང་དང་ཀྲྀཥྞམཱུརྟིའི་རྣམ་དཔྱོད་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་གཙོ་བོའི་ཚུལ་དུ་རྒྱ་གར་གྱི་རིག་པ་ཁང་གི་ཅཻནྣཻ་ཡན་ལག་གི་གོ་སྒྲིག་འོག་ཌོཀ་ཊར་པྲི་ཐཱ་རེཌྜཱིའི་ཚོམས་ཆེན་དུ་ “ཨེས་ཝི་ནར་སིམ་ཧན་དྲན་རྟེན་གསུང་བཤད་ཐེངས་གསུམ་པར་” “དངོས་པོའི་འཇིག་རྟེན་ནང་བཟང་སྤྱོད་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༢ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨཱཾདྷྲ་པྲདེཤ་མངའ་སྡེའི་གྲོང་ཁྱེར་ཏིརུཔཏི་ལ་གནས་པའི་ཤྲཱི་བེཾཀཊེཤྭར་གཙུག་ལག་སློབ་ཁང་གི་གོ་སྒྲིག་འོག་རྒྱ་གར་གཙུག་ལག་སློབ་ཚོོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༡ དང་། “མཐོ་རིམ་ཤེས་ཡོན་གྱི་གྲུབ་འབྲས་དང་མཐར་སོན་ལེགས་གྲུབ་ལ་སྲུང་རྩི་ཞུ་བ་” ཞེས་པའི་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་བཅས་ཀྱི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་དབུ་འབྱེད་གསུང་བཤད་གནང་ཞིང་། སྐབས་དེར་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ ༣༢༠ ཙམ་ནས་རིགས་བདག་དང་ངེས་སྟོན་པ་ ༣༢༠ ཙམ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཅཎྜཱིགཌྷ་གྲོང་ཁྱེར་དུ་ལ་དྭགས་ཀྱི་བྱང་ཆུབ་ཆེན་པོ་རྒྱལ་སྤྱིའི་སྒོམ་ཁང་གི་གོ་སྒྲིག་འོག་སྙིང་རྗེ་ཆེན་པོའི་ཉིན་མོ་སྲུང་རྩི་ཞེས་པའི་དུས་སྟོན་དུ་སྐུ་མགྲོན་གཙོ་བོའི་ཚུལ་དུ་གདན་འདྲེན་ཞུས་པ་མ་ཟད། སྙིང་རྗེའི་སྐོར་ལ་གསུང་བཤད་ཀྱང་ཞུས་ཤིང་། སྐབས་དེར་གནད་ཡོད་མི་སྣ་དང་མང་ཚོགས་བཅས་ཆིག་སྟོང་བརྒལ་བ་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༣ ཚེས་ ༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་དུས་འགོ་འཛུགས་ཉིན་གྱི་ལས་བྱེད་རྒྱུས་སྟོན་མཛད་སྒོར་དེ་གའི་དགེ་རྒན་དང་ལས་བྱེད་རྣམས་ལ་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཐོག་གསུང་བཤད་གཟབ་རྒྱས་གནང་བ།

༢༠༡༧ ཕྱི་ཟླ་ ༣ ཚེས་ ༧ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་དུས་དབུ་འཛུགས་ཉིན་མོར་གདན་ཞུས་ཀྱིས་དགེ་རྒན་དང་ལས་བྱེད་ཞབས་ལོ་ལོན་པ་རྣམས་ལ་ཞབས་ཞུའི་གཟེངས་རྟགས་དང་། ལས་བྱེད་གསར་པ་དང་སློབ་གྲྭའི་ཚོགས་ཆུང་གི་ཚོགས་མི་གསར་པ་རྣམས་ལ་མཇལ་དར་བཅས་བསྩལ་བ་མ་ཟད། སློབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་གཙོས་ལས་བྱེད་རྣམས་དང་། འཛིན་རིམ་བརྒྱད་པ་ཡན་གྱི་སློབ་ཕྲུག་རྣམས་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༣ ཚེས་ ༡༦ ནས་ཚེས་ ༣༠ བར་ཉིན་གྲངས་བཅོ་ལྔ་ཙམ་རིང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་འདུས་པ་འཕགས་ལུགས་ལྷ་སོ་གཉིས་པའི་ལམ་རིམ་པ་གཉིས་ཀྱི་ཁྲིད་དམིགས་བརྗེད་བྱང་མི་བསྐྱོད་མགོན་པོའི་ཞལ་ལུང་ཐོག་བཀའ་ཁྲིད་བསྐྱངས་བ་དང་། སྔོན་འགྲོར་ལམ་སྤྱི་བཤད་ཀྱི་ཚུལ་དུ་དལ་འབྱོར་རྙེད་དཀའ་ནས་བརྩམས་ཏེ་སྔགས་ཀྱི་ཉམས་ལེན་དུ་ཐུན་མོང་བའི་ལམ་རྣམས་སྔོན་དུ་སྦྱང་དགོས་ཚུལ་སོགས་རྒྱས་པར་བཀའ་གནང་བ་མ་ཟད། འབྲེལ་ཡོད་ཕྱག་དཔེ་དང་དེའི་མཛད་པ་པོའི་སྐོར་ལའང་རོབ་ཙམ་གསུངས།  ཚེས་ ༣༠ སྔ་དྲོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞིག་ཀྱང་ཞུས་འདུག

དེང་སྐབས་དྷརྨ་ཤཱལཱར་གཟིགས་སྐོར་དུ་ཕེབས་པའི་ཀི་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རེ་སྐུལ་ཞུས་དོན་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༧ ཕྱི་ཟླ་ ༤ ཚེས་ ༤ ཉིན་སྔ་དྲོ་ནོར་བུ་གསོལ་མགྲོན་ཁང་དུ་ཕེབས་ཏེ་ཁོང་ཚོར་མཇལ་འཕྲད་གནང་བ་མ་ཟད། མང་གཙོ་དང་། ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད། བོད་དོན་སྐོར་སོགས་བརྗོད་གཞི་སྣ་ཚོགས་ཐོག་བཀའ་འདྲི་ཞུས་པར་བཀའ་ལན་ཟབ་རྒྱས་གནང་འདུག

༢༠༡༧ ཕྱི་ཟླ་ ༤ ཚེས་ ༥ ཉིན་ཕྱི་དྲོ་དྷརྨ་ཤཱལཱར་གནས་པའི་ཆོས་ནོར་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཨ་རིའི་ཀ་ལི་ཕོར་ནི་ཡའི་མ་འོན་ཊ་མེ་ཌོ་ན་སློབ་གྲྭའི་ (Mount Madonna School, California, USA) སློབ་ཕྲུག་རྣམས་ཀྱིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་འཕྲད་ཀྱིས། མཚུངས་བསྡུར་དང་འགྲན་བསྡུར། དགོས་མཁོ་དང་འདོད་རྔམས། བོད་ཀྱི་ཆོས་དང་རིག་གཞུང་། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་གདོང་ལེན་བྱེད་བཞིན་པའི་ཀླན་ཀ་ཆེ་ཤོས། འཚེ་བ་མེད་པ། སྤྱི་ཚོགས་ཀྱི་གྲུབ་འབྲས་བརྩི་སྟངས་ཀྱི་བསམ་ཚུལ་ལ་འཕོ་འགྱུར་དང་གལ་གནད་ཆེ་ཆུང་གི་གོ་རིམ་བརྩི་སྟངས་ལ་འགྱུར་བ་ཇི་ལྟར་གཏོང་དགོས་མིན་སོགས་བརྗོད་གཞི་སྣ་ཚོགས་ཐོག་དྲི་བ་ཕུལ་བ་རྣམས་ལ་སློབ་དཔོན་མཆོག་གིས་ལན་འདེབས་ཞིབ་ཕྲ་གནང་འདུག

༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་དུ་ཀྲྀཥྞམཱུརྟིའི་ལྟ་གྲུབ་ཐོག་དོན་གཉེར་ཡོད་པའི་མི་སྣ་དང་ལྷན་དུ་བགྲོ་གླེང་དང་དྲི་བར་ལན་འདེབས་གནང་བཞིན་པ།

༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩའི་གསོལ་ཚིགས་ཁང་དུ་སྔ་དྲོ་ཞོགས་ཇའི་སྐབས་དོན་གཉེར་བ་ཁ་ཤས་དང་ལྷན་དུ་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་གནང་བ།

༢༠༡༧ ཕྱི་ཟླ་ ༤ ཚེས་ ༡༧ ནས་༢༣ བར་ཉིན་གྲངས་བདུན་ཙམ་རིང་ ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་ཚྭ་བ་ཁམས་ཚན་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་ནམ་ལམ་རིམ་ཉམས་མགུར་གྱི་བཀའ་ཁྲིད་ལེགས་པར་བསྐྱངས་མཐར་གཞུང་ཆེན་པོ་ལ་སློབ་གཉེར་ཚུལ་བཞིན་གནང་དགོས་ཚུལ་དང་། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་དགོས་གནད་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་མདོར་བསྡུས་ཀྱང་བསྩལ།

༢༠༡༧ ཕྱི་ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲོ་བོད་ཀྱི་དཔེ་མཛད་ཁང་གི་གོ་སྒྲིག་འོག་ལོ་ཙཱ་བ་བསྟན་འཛིན་ཤེས་རབ་ལགས་ནས་བོད་བསྒྱུར་ཞུས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་རང་རྣམ་ “བཙན་བྱོལ་ནང་གི་རང་དབང་” ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བསྐྱངས་ཤིང་། སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་ཀྱང་བསྩལ་འདུག སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་རྣམ་པ་དང་། དྲུང་ཆེ་རྣམ་པ། ལས་བྱེད་རྣམ་པ། གསར་འགོད་པ། དེ་བཞིན་དོན་གཉེར་བ་མང་པོ་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དྭགས་གླེའི་གནམ་ཐང་དང་དེ་ནས་རུ་ཐོག་དགོན་དུ་ཕེབས་འབྱོར་གནང་།

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༣ ཉིན་ཕྱི་དྲོ་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ལམ་སྒྲོན་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་དུ་སེ་བོལ་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་ཁུལ་གྱི་དགེ་རྒན་རྣམས་ལ་སློབ་སྦྱོང་སྤྲོད་མཁན་ལ་སློབ་སྦྱོང་སྤྲོད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བར་ལན་འདེབས་བཅས་གནང་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྔ་དྲོ་ཁྲིག་སེ་དགོན་པའི་ཚོགས་ཁང་དུ་སེ་བོལ་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ད་ལྟའི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཁག་གི་འོས་བབ་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་བསྐོང་གིས་གསུང་བཤད་གནང་མཁན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་ཟབ་རྒྱས་དང་འབྲེལ། དྭོགས་འདྲི་ཁག་ལ་གསལ་བཤད་མཐིལ་ཕྱིན་གནང་ཞིང་། སྐབས་དེར་དེ་ཁུལ་གྱི་སློབ་གྲྭའི་སློབ་སྤྱི་དང་། ཤེས་ཡོན་པ། སྒྱུ་རྩལ་བ། དགེ་རྒན་སོགས་མི་སྣ་མང་པོ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༥ ཉིན་རྒྱབ་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་དུ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དང་དམག་མི་དྭང་ཟུར་ཚོགས་པའི་གོ་སྒྲིག་འོག་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྐྱངས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་༡༦དང་ ༡༧ ཉིན་གཉིས་རིང་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དང་དམག་མི་དྭང་ཟུར་ཚོགས་པའི་གོ་སྒྲིག་འོག་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་གྲྭ་ཚང་དུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་མུ་མཐུད་བཀའ་དྲིན་བསྐྱངས་ཤིང་། སྐབས་དེར་ཆོས་ཞུ་བ་མང་ཙམ་ཕེབས་འདུག

ཇི་ལྟར་ལ་དྭགས་བོད་ཁྱིམ་སློབ་གྲྭ་ནས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༨ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་བོད་ཁྱིམ་ཚོགས་ཁང་དུ་དགེ་རྒན་དང་། ལས་བྱེད། སློབ་ཕྲུག་བཅས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་དྭགས་གླེའི་པོ་ལོ་ཐང་དུ་བ་ཀུ་ལ་རིན་པོ་ཆེ་མཆོག་འཁྲུངས་ནས་དགུང་གྲངས་བརྒྱ་འཁོར་བའི་དུས་དྲན་གྱི་མཛད་སྒོར་གདན་འདྲེན་ཞུས་པ་ལྟར་ཕེབས་པ་མ་ཟད། གསུང་བཤད་ཀྱང་བསྩལ་ཅིང་། སྐབས་དེར་གནད་ཡོད་མི་སྣ་མང་པོ་དང་མང་ཚོགས་ཕོན་ཆེ་ཕེབས་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོ་དང་། UNICEF སོགས་ཐུན་མོང་གོ་སྒྲིག་འོག་མཐོ་སློབ་འདི་ནས་མཐུན་རྐྱེན་སྦྱར་བའི་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་མཐུན་པའི་སྒྲིག་ལམ་གྱི་ཐབས་ལམ་ཞེས་པའི་ཉིན་གཉིས་ཀྱི་ལས་གྲྭ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་དགེ་སློབ་ལས་བྱེད་རྣམས་ལ་དེང་རབས་ཚན་རིག་གི་དུས་སུ་ནང་ཆོས་ཀྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རྗེས་ངེས་སྟོན་པའི་ལས་ཁུངས་སུ་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་དགེ་རྒན་ལས་བྱེད་བགྲེས་པ་རྣམས་ལ་མཐོ་སློབ་འདིའི་ཡར་རྒྱས་ཐོག་དགོངས་འཆར་ཡང་གནང་འདུག

ཇི་ལྟར་གདན་ཞུ་ཕུལ་བ་བཞིན་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ས་ཕུད་གྲོང་གསེབ་ཏུ་རྟེན་ཆགས་པའི་མངའ་རིས་ནང་ཆོས་རིགས་ལམ་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་ཚོགས་ཁང་གསར་དུ་བཞེངས་བཞིན་པ་ལ་རབ་གནས་བྱིན་འབེབས་དང་། སློབ་ཕྲུག་ཚོར་གང་བློ་མ་དང་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་། ཤིང་སྣ་འདེབས་འཛུགས་ཁག་བཅས་གནང་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༡ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་ནང་ཚོགས་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་ཆེན་པོའི་ཀླུ་སྒྲུབ་ཚོགས་ཁང་དུ་མི་ཚེ་སྐྱེལ་སྟངས་ཀྱི་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་མདོ་ཙམ་དང་། དེ་ནས་བརྗོད་གཞི་འདྲ་མིན་ལས་བརྩམས་པའི་དྲི་བ་ཕུལ་བར་ལན་འདེབས་གནད་སྨིན་གནང་ཞིང་། སྐབས་དེར་ཆོས་ལུགས་སྣ་ཚོགས་ཀྱི་ཤེས་ཡོན་པ་དང་། དགེ་རྒན། སློབ་ཕྲུག་སོགས་གསན་མཁན་ཕོན་ཆེ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་དུ་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་ཐོག་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་ཤེས་རིག་བཀའ་བློན་དང་དྲུང་ཆེ་ཆུང་སོགས་དང་། དེ་བཞིན་ཤེས་རིག་ལས་ཁུངས་དང་། སཾབྷོཊ། མ་སུ་རི་བོད་ཁྱིམ། དྷ་ས་བོད་ཁྱིམ་སོགས་ནས་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ་སོགས་ཕེབས་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གུཝཱཧཱཊཱིིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་འབུམ་སྡེ་ལ་དགོན་རྩེའི་མཁན་པོ་དང་། རྟ་དབང་དགོན་པའི་མཁན་པོ། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་སོགས་ནས་ཕེབས་བསུ་ཞུ་བཞིན་པ་མ་ཟད། བྷཻརབཀུཎྜ་ས་གནས་ཉེ་འགྲམ་དུ་འབྲུག་གི་མགྲོན་ཁང་ཞིག་ཏུ་གསོལ་ཇ་ཆེད་ཕེབས་སྐབས་དེ་གའི་སྦྱིན་བདག་སོགས་ནས་ཕེབས་བསུ་ཞུ་བཞིན་པ་དང་། དེ་བཞིན་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་༧ཞབས་སོར་འཁོད་སྐབས་དེ་གའི་དགེ་འདུན་པ་དང་མང་ཚོགས་ནས་ཕེབས་བསུ་ཞུ་བཞིན་པ།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༦ སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་ཚེ་དབང་བཀའ་དྲིན་བསྐྱངས་ཤིང་། ཉིན་རྒྱབ་བསྟན་འཛིན་སྒང་ནས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་འབྱོར་སྐབས་དེ་གའི་དགེ་འདུན་པ་དང་མང་ཚོགས་ནས་ཕེབས་བསུ་ཞུས་འདུག

འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༡༧ ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱབ་ནས་ དབུ་འཛུགས་ཀྱིས་ཉིན་བཅུ་ཙམ་རིང་། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་པོའམ་ལམ་རིམ་ཆུང་བ་སྔ་ལོའི་འཕྲོས་ནས་བཀའ་ཁྲིད་བསྐྱངས་ཤིང་། ཚེས་ ༡༧ ཉིན་བཀའ་ཁྲིད་ལེགས་པར་གྲུབ་པར་མཛད།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་གསུང་ཆོས་ཀྱི་ཉིན་བཅུ་གཅིག་པ་སྟེ་མཐའ་མར། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་གདམས་རྗེས། བླ་མ་གོང་མའི་ཕྱག་བཞེས་ལྟར་སྨོན་སེམས་ཆོ་གས་བཟུང་བ་དེ་སླར་ཡང་བཀའ་ཁྲིད་དང་འབྲེལ་སྨོན་སེམས་ཙམ་མམ་སྨོན་སེམས་གྱི་དམ་བཅའ་འབོགས་གནང་མཛད་ཅིང་། མཇུག་བསྡོམས་སུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་དགོས་གནད་དང་ཇི་ལྟར་བྱེད་དགོས་མིན་ཐད་བླང་དོར་གྱི་བཀའ་སློབ་ཞིབ་གསལ་བསྩལ།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༡༨ སྔ་དྲོ་མོན་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྐུ་ཚེ་ཡུན་བརྟན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་པ་མ་ཟད། དགོན་རྩེའི་སློབ་གཉེར་བ་རྣམས་ཀྱིས་རིགས་ལམ་སྤྱན་འབུལ་ཡང་ཞུས་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབུམ་སྡེ་ལ་ནང་པའི་སྐྱིད་སྡུག་གི་གོ་སྒྲིག་འོག་འབུམ་སྡེ་ལ་ཚོགས་ཁང་དུ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་འབུམ་སྡེ་ལའི་མང་ཚོགས་ལ་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་ཡང་གནང་ཞིང་། སྐབས་དེར་འབུམ་སྡེ་ལའི་དཔོན་རིགས་དང་། སྨན་པ། དགེ་རྒན། སློབ་ཕྲུག་སོགས་ཕོན་ཆེ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབུམ་སྡེ་ལ་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པའི་གོ་སྒྲིག་འོག་འབུམ་སྡེ་ལ་ཚོགས་ཁང་དུ་ཤེས་ཡོན་ཞེ་ན་གང་ཞེས་པའི་བརྗོད་གཞིའི་ཐོག་འབུམ་སྡེ་ལའི་མང་ཚོགས་ལ་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་ཡང་གནང་ཞིང་། སྐབས་དེར་འབུམ་སྡེ་ལའི་དཔོན་རིགས་དང་། སྨན་པ། དགེ་རྒན། སློབ་ཕྲུག་སོགས་ཕོན་ཆེ་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཕེབས་ཐོན་སྐབས་ཤིང་སྣ་འདེབས་འཛུགས་དང་མཆོད་མེ་ཁང་གསར་རྒྱག་ཆེད་ས་ཆོག་བྱིན་རླབས་དང་། འདི་རང་ (Dirang) དུ་དུས་འཁོར་ལྷ་ཁང་དུ་མང་ཚོགས་ལ་ལྟུང་བཤགས་ཀྱི་ལྗགས་ལུང་དང་དེའི་འགྲེལ་བཤད། ཀུན་སློང་དང་བསྔོ་བའི་གལ་གནད་ཀྱི་ཐོག་གསུང་ཆོས། སྨྱུག་མ་སྡོང་གི་ཉེ་འགྲམ་དུ་ཅུང་ཟད་སྐུ་ངལ་གསོ་བ། དེ་བཞིན་ཟེ་ལའི་ཉེ་འགྲམ་དུ་མ་ཎི་ལྷ་ཁང་ལ་རབ་གནས་བཅས་གནང་འདུག

 

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༢ ཕྱི་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཇང་དུ་ཡུན་ཐུང་རིང་སྐུ་ངལ་གསོ་བ་དང་། དེ་བཞིན་ལྷའུར་ཐུབ་བསྟན་ཆོས་གླིང་བུད་མེད་སློབ་གྲྭར་གང་བློ་མའི་ལྗགས་ལུང་བཅས་བསྩལ། མཐར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཕེབས་འབྱོར་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་པ་མ་ཟད། ལམ་བར་དུའང་དད་ལྡན་མང་ཚོགས་ཀྱིས་བསུ་བ་ཟབ་རྒྱས་ཞུས་འདུག

མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྔ་དྲོ་དེ་གའི་གཙུག་ལག་ཁང་དུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བསྐྱངས་ཤིང་། དེའི་སྔོན་འགྲོར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་གདམས་རྗེས། ལམ་གྱི་གཙོ་བོ་རྣམ་གསུམ་ལས་དང་པོ་ངེས་འབྱུང་ཐོག་བཀའ་ཁྲིད་ལེགས་པར་བསྐྱངས།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྔ་དྲོ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་གསུང་ཆོས་ཀྱི་ཉིན་གཉིས་པར། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་ལེགས་པར་བསྐྱངས་ཤིང་། དེ་ནས་ཇོ་བོའི་ལུགས་ཀྱི་སྤྱན་རས་གཟིགས་ཕྱག་བཞི་གཙོ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བསྩལ་རྗེས། རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་ཚུལ་བཞིན་གནང་དགོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་སྣང་གནང་དགོས་ཚུལ་སོགས་བླང་དོར་གྱི་བཀའ་སློབ་གནད་བསྡུས་བསྩལ་ཏེ་གྲུབ།

 

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྟ་དབང་རྫོང་སྡེ་ལས་ཁུངས་ དང་རྟ་དབང་མོན་པའི་ལས་བྱེད་ཚོགས་པའི་གོ་སྒྲིག་འོག་ཀ་ལ་དབང་པོ་ཚོགས་ཁང་དུ་དུས་རབས་ཉེར་གཅིག་ནང་ཆོས་ཀྱི་གལ་གནད་དང་འབྲེལ་ཆགས་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་བསྩལ་ཅིང་། སྐབས་དེར་རྟ་དབང་གི་རྫོང་དཔོན་དང་འབྲེལ་ཡོད་དཔོན་རིགས་དང་། ཉེན་རྟོག་སྤྱི་ཁྱབ་པ་དང་འབྲེལ་ཡོད་དཔོན་རིགས། དམག་མི་དཔོན་པོ། དགེ་རྒན། སློབ་ཕྲུག་རྒན་པ་སོགས་ཆིག་སྟོང་བརྒལ་བ་འདུ་འཛོམས་འདུག

 

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༥ ཕྱི་དྲོ་རྟ་དབང་རྫོང་ཁོངས་རླུང་ལ་ས་གནས་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བྱམས་བརྩེ་དགའ་ཚལ་གླིང་གི་ལས་བྱེད་རྣམས་མཇལ་འཕྲད་ཀྱིས་དྲི་བ་ཁག་ལ་ལན་འདེབས་དང་། དེ་བཞིན་རྟ་དབང་ཁུལ་དུ་གནས་སྡོད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་ཟུར་བ་རྣམས་ལ་གོ་སྐབས་གསོལ་བསྩལ་ཀྱིས་གླེང་མོལ་གནང་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༦ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནས་ཆིབས་ཞལ་བསྒྱུར་སྐབས་རྟ་དབང་རྫོང་དཔོན་སངས་རྒྱས་ཕུན་ཚོགས་མཆོག་དང་རྟ་དབང་དགོན་གྱི་འདུས་མང་ནས་ཕེབས་སྐྱེལ་ཞུས་ཤིང་། དེ་བཞིན་ཟེ་ལའི་ཉེ་འགྲམ་དུ་གསོལ་ཇ་འདེགས་འབུལ་དང་། འདི་རང་དུ་ཉིན་གུང་གསོལ་ཚིགས། འབུམ་སྡེ་ལ་དགོན་རྩེར་གསོལ་ཇ་འདེགས་འབུལ། ཕྱི་དྲོ་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་འབྱོར་སྐབས་ཕྱག་མཛོད་གཙོས་ལས་སྣེ་རྣམས་ནས་ཕེབས་བསུ་ཞུས་འདུག

 

༢༠༡༧ ཕྱི་ཟླ་ ༨ ཚེས་ ༥ སྔ་དྲོ་ལྷོ་ཀོ་རི་ཡའི་གྲོང་ཁྱེར་གེ་ཡོང་ཇུ་ཨུལ་སན་ (Gyeonju-Ulsan) དུ་གིལ་སང་སའི་ (Gil sang sa) གཙུག་ལག་ཁང་ (བཀྲ་ཤིས་དགོན་པ་) དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་དང་གསུང་བཤད་གནང་བ།  ཉིན་རྒྱབ་དང་། ཚེས་ ༦ སྔ་དྲོ་བཅས་སུ་ལྷོ་ཀོ་རི་ཡའི་ (South Korea) གྲོང་ཁྱེར་ཨུལ་སན་ (Ulsan) དུ་གིལ་སང་ (Gil sang sa) (བཀྲ་ཤིས་དགོན་པ་) དགོན་པར་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་གནང་བ་མ་ཟད། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དགེ་བསྙེན་གྱི་སྡོམ་པའང་འབོགས་གནང་མཛད།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨུལ་སན་ (Ulsan) ནས་ཡིའུ་སུ་ (Yeosu) གྲོང་ཁྱེར་དུ་ཕེབས་སྐབས་ལམ་བར་དུ་ཡང་སན་ (Yang san) གྲོང་དུ་སངས་རྒྱས་རིང་སྲེལ་ཅན་གྱི་ཏོང་དོ་དགོན་པར་ (Tong do sa) གནས་མཇལ་ཞུ་བཞིན་པ།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༧ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨུལ་སན་ (Ulsan) ནས་ཕེབས་ཐོན་གྱིས་ཡིའུ་སུ་ (Yeosu) གྲོང་ཁྱེར་གྱི་རི་འདབས་སུ་ཆགས་པའི་སེ་ཡོཀ་ཆེ་འོན་དགོན་པར་ (Seok cheon sa) འབྱོར་སྐབས་ཇི་ལྟར་ཞུས་པ་བཞིན་དེ་གའི་མཁན་པོ་དང་ལས་སྣེ་རྣམས་ལ་བཀའ་འགྱུར་དང་བསྟན་འགྱུར་རྣམས་ཀོ་རི་ཡའི་སྐད་ཡིག་ཏུ་བསྒྱུར་བའི་ལས་གཞིའི་ཐོག་ལམ་སྟོན་གནང་བ།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༨ སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡིའུ་སུ་ (Yeosu) གྲོང་ཁྱེར་གྱི་རི་འདབས་སུ་ཆགས་པའི་སེ་ཡོཀ་ཆེ་འོན་དགོན་པར་ (Seok cheon sa) སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དང་། ཆོས་བྱེད་སྟངས། ཀུན་སློང་དང་བསྔོ་བའི་གལ་གནད་སོགས་ཀྱི་ཐོག་གསུང་ཆོས་གནང་ཞིང་། སྐབས་དེར་དེ་གའི་མཁན་པོ་དང་རབ་བྱུང་། མང་ཚོགས་བཅས་འདུ་འཛོམས་འདུག

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༠ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་ (Busan) དུ་རྟེན་གཞི་བྱས་པའི་ལྷོ་ཀོ་རི་ཡ་བོད་ཀྱི་ཆོས་ཚོགས་ཀྱི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་དང་། སྒྲོལ་མ་འཁོར་བཅས་ཐོག་གསུང་ཆོས་དང་ལྗགས་ལུང་བཅས་བསྩལ།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་ (Busan) ནས་རྒྱལ་ས་སི་འོལ་ (Seoul) དུ་ཕེབས་ཐོན་སྐབས་མེ་འཁོར་འབབ་ཚུགས་སུ་ཕེབས་སྐྱེལ་ཞུ་བཞིན་པ།

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སི་འོལ་ (Seoul) གྱི་བསླབ་གསུམ་བཤད་སྒྲུབ་གླིང་དུ་ཤེས་རབ་སྙིང་པོའི་བཀའ་ཁྲིད་དང་དེ་འབྲེལ་སྐོར་གསུང་ཆོས་གནང་འདུག

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༣ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོང་གིན་ (Yongin) གྱི་ཧེང་བོཀ་སི་འོན་ (Haengbok seon) བཙུན་དགོན་དུ་ཆོས་བྱེད་ཐབས་སྐོར་ལས་བརྩམས་ཏེ་གསུང་ཆོས་གནང་འདུག

༢༠༡༧ ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྒྱབ་སི་འོལ་ (Seoul) རྒྱལ་སར་རྟེན་གཞི་བྱས་པའི་ Buddhist Broadcasting System (BBS TV) བརྙན་འཕྲིན་ཁང་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་དང་བོད་མིའི་སྐོར་ལ་བཅར་འདྲི་ཞུས་འདུག

 

ཇི་ལྟར་བོད་ཀྱི་སྨན་རྩིས་ཁང་གི་ཐུགས་དམ་ལས་འཆར་ཚན་པས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༧ ཕྱི་ཟླ་ ༨ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ “སངས་རྒྱས་པའི་གཞུང་ནས་གསུངས་པའི་འཆི་རིམ་དང་ཁྱད་པར་ཐུགས་དམ་གྱི་སྐོར་” གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག

༢༠༡༧ ཕྱི་ཟླ་ ༩ ཚེས་ ༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེཧརཱ་དཱུན་སརྦོདཡ་མཎྜལ་གྱི་གོ་སྒྲིག་འོག་ཨེམ་ཀེ་པི་མཐོ་སློབ་ (MKP College) གྱི་ཚོགས་ཁང་དུ་ “དེང་གི་གནས་སྟངས་འོག་བིནོབཱའི་དགོངས་ཚུལ་གྱི་འབྲེལ་ཆགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་དེཧརཱ་དཱུན་གྲོང་ཁྱེར་གྱི་གནད་ཡོད་མི་སྣ་དང་། དགེ་རྒན། སློབ་ཕྲུག་སོགས་འདུ་འཛོམས་འདུག

 

༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མསཱུརཱི་བོད་ཁྱིམ་དུ་ “སློབ་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ཀྱི་འགན་ཁུར་ལེན་ཐབས་དང་བཀའ་དྲིན་ཅན་ལ་བསམ་ཤེས་གནང་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་དང་དྲུང་ཆེའི་ལས་རོགས་གཙོས་དགེ་རྒན་དང་། ལས་བྱེད། སློབ་ཕྲུག་སོགས་ཕེབས་འདུ

 

༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རཱ་སྤུར་བོད་ཁྱིམ་ (SOS TCV, Tibetan Homes Foundation, Rajpur) དུ་ “ཤེས་ཡོན་གྱི་ངོ་བོ་དང་དམིགས་ཡུལ་ཐད་སློབ་ཕྲུག་ངོས་ནས་ལྟ་ཕྱོགས་དང་དེ་གྲུབ་ཆེད་དགེ་རྒན་དང་ཕ་མས་འགན་ཁུར་དང་ལམ་སྟོན་གནང་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག

 

༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༤ ཉིན་སྔ་དྲོ་སློོབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཨ་རི་ནས་ཕེབས་པའི་སྤྱི་ཚོགས་ཞབས་ཞུ་བ་དང་། རྒྱུས་སྟོན་པ། སོའི་སྨན་པ། སྨན་ཞབས་པ། དྲན་ཤེས་སློབ་སྟོན་པ་སོགས་ལས་གྲུབ་པའི་དྲན་ཤེས་མི་ཚོགས་ཞེས་པའི་ཚོ་ཁག་ཅིག་ལ་ “སངས་རྒྱས་པའི་ཆོས་ནས་གསུངས་པའི་དྲན་པ་དང་ཤེས་བཞིན་” སྐོར་ལ་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག

 

༢༠༡༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ཇི་ལྟར་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་དུ་ཚུགས་པའི་ཉིན་གསུམ་རིང་གི་སྐབས་བཅུ་དྲུག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་བསྡོམས་སུ་ལམ་སྟོན་གསུང་བཤད་གནང་འདུག

 

ཇི་ལྟར་ཟླ་ཤས་སྔོན་ནས་གདན་ཞུ་ཕུལ་བ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༧ ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༩ བར་ཉིན་ལྔའི་རིང་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཀྲྀཥྞམཱུརྟཱིའི་ཐེབས་རྩ་ཁང་དུ་ཀྲྀཥྞམཱུརྟཱི་མཆོག་གི་གསུང་ལ་དོན་གཉེར་ཅན་ཟུར་དབྱེ་ཉུང་ཤས་ལ་ཟུར་སྦྱོང་གི་སྣེ་འཁྲིད་དང་། དེ་བཞིན་བགྲོ་གླེང་གི་བརྒྱུད་རིམ་ནང་དྭོགས་འདྲི་རྣམས་ལ་ལན་འདེབས་དང་གསལ་བཤད་བཅས་གནང་ཞིང་། དེའི་ནང་དགེ་རྒན་དང་། ཚན་རིག་པ། ཚོང་པ་སོགས་རྒྱབ་ལྗོངས་སྣ་ཚོགས་ནས་ཕེབས་འདུག

 

ཇི་ལྟར་ཨ་རི་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༢ ཉིན་དྷརྨ་ཤཱ་ལཱའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་ལས་བྱེད་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་དགོངས་བཞེད་དང་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ཕྱི་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་ཕེབས་ཏེ་གསུང་བཤད་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ཕྱི་དྲོ་དྷརྨ་ཤཱ་ལཱར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཨ་རི་ Hospice Group ནས་ཡིན་པའི་ཆེད་ལས་པ་རྣམས་ལ་ “མི་ཚེ་དགའ་སྐྱིད་ལྡན་པ་ཡོང་ཆེད་གཞི་རྩའི་ཉམས་ལེན་དང་ལྷོད་འཇམ་ངང་འཆི་བ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་སའི་པེ་ཝི་ལི་ཡན་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ལྔ་དང་ལྔ་བཅུའི་གླེང་སྟེགས་ (Five-Fifty Forum) སུ་ཕེབས་པའི་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་གསོལ་སྟོན་ཐོག་ “བོད་ཀྱི་གནད་དོན་གྱི་གནས་བབ་དང་འགྱུར་ལྡོག་ཡོང་རེ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་དང་ཉི་ཧོང་ནོར་ཤིང་ལས་འཆར་གཉིས་ནས་བཟོ་སྐྲུན་ཞུས་པའི་སྣར་ཐང་བཀའ་འགྱུར་གློག་རྡུལ་འཕྲུལ་ཐབས་འོད་སྡེར་འདྲ་བཤུས་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་ཞིང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་གནང་བའི་དཔེ་དེབ་ཁག་ཅིག་ཀྱང་དབུ་འབྱེད་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚོམས་ཆེན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དེའི་འགྲེལ་པ་བུདྡྷ་པཱལིཏའི་བཀའ་ཁྲིད་མུ་མཐུད་ལེགས་པར་བསྐྱངས་ཤིང་། དེའི་སྔོན་འགྲོར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་གདམས་རྗེས། དེ་སྔའི་ (༢༠༡༥) འཕྲོ་མཚམས་རབ་བྱེད་ལྔ་པ་ཁམས་བརྟག་པ་ནས་དབུ་འཛུགས་མཛད།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་གསུང་ཆོས་ཀྱི་ཉིན་དགུ་པ་སྟེ་མཐའ་མར། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དེའི་འགྲེལ་པ་བུདྡྷ་པཱལིཏའི་བཀའ་ཁྲིད་མུ་མཐུད་དེ། རབ་བྱེད་བཅིུག་པ་འཁོར་བ་བརྟག་པ་ཟིན་པ་མ་ཟད། མཇུག་བསྡོམས་སུ་དགག་བྱ་ངོས་འཛིན་གལ་ཆེ་ཚུལ་སོགས་ཀྱི་སྐོར་གསུངས་ཏེ་རེ་ཞིག་གསུང་ཆོས་གྲུབ་པར་མཛད།

 

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐེངས་གཉིས་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་རྣམས་ལ་ལན་འདེབས་ཀྱང་གནང་འདུག

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐེངས་གཉིས་པའི་ཉིན་དང་པོའི་མཇུག་བསྡོམས་སུ་དགོངས་ཚུལ་ཁག་གསུངས་འདུག

༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་གོ་སྒྲིག་གནང་བའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་དང་། དེ་ནས་ཚོགས་ཐེངས་གཉིས་རིང་རིམ་བཞིན་དཔེ་དེབ་ཞུ་སྒྲིག་ཚད་ལྡན་དགོས་གལ་སྐོར་དང་། དཀར་ཆག་རིག་པའི་ལྟ་གྲུབ་དང་དེའི་གལ་གནད་སྐོར་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གནད་སྨིན་གནང་འདུག

༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༨ ཧྲིལ་པོ་འཁོར་བའི་༧སྐུའི་འཁྲུངས་སྐར་ཉིན་བླ་མ་མཆོད་པའི་གསོལ་ཚོགས་ཕུལ་བ་མ་ཟད། རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འདུག

༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༥ ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་ཚེས་ཉིན་དད་ལྡན་རྣམས་ཀྱིས་ཝཱ་རཱ་ཎ་སཱིའི་ཆུ་མོ་གངྒཱར་ཉ་སྲོག་བླུ་རྒྱ་གང་ཆེ་དང་། དེའི་ཉེ་འགྲམ་དུ་གནས་པའི་སློང་མོ་བར་དུས་གསུམ་ལ་ཟས་སྦྱིན་གནང་བཞིན་པ།

༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་གོ་སྒྲིག་གནང་བའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་ཕེབས་ཏེ་མཇུག་བསྡོམས་གསུང་བཤད་གནང་བ་མ་ཟད། ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་བསྩལ་འདུག

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་དང་ཉི་ཧོང་ནོར་ཤིང་ལས་འཆར་གཉིས་ནས་བཟོ་སྐྲུན་ཞུས་པའི་སྣར་ཐང་བཀའ་འགྱུར་གློག་རྡུལ་འཕྲུལ་ཐབས་འོད་སྡེར་འདྲ་བཤུས་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་བ།

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉིན་གསུམ་རིང་གི་ “སངས་རྒྱས་དང་གཱཾདྷཱིའི་ལམ་ཞེས་པའི་འཇིག་རྟེན་ཞི་བདེའི་ཚོགས་ཆེན་དང་། སྒྱུ་རྩལ་དང་ལེགས་བྱང་འདུས་མདོའི་” དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ་མ་ཟད། རྗེས་སུ་ཚོགས་ཆེན་དངོས་གཞིའི་སྐབས་སུ་ “ནང་པ་སངས་རྒྱས་པ་དང་གཱཾདྷཱིའི་དགོངས་ཚུལ་རྣམས་ད་ལྟའི་འཇིག་རྟེན་ཞི་བདེའི་སྲིད་བྱུས་ཁག་ནང་མཐུད་སྦྱོར་བྱེད་པ་” ཞེས་པའི་ཐོག་གསུང་བཤད་གནང་འདུག དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད། ཚོགས་ཆེན་དེ་ནི་དིལླཱིར་རྟེན་གཞི་བྱས་པའི་ Gandhi Smriti and Darshan Samiti སོགས་ཚོགས་པ་མང་པོ་ཞིག་གིས་གོ་སྒྲིག་གནང་བ་དང་། ཚོགས་ཡུལ་ནི་དྷ་སའི་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་ནང་ཡིན་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༤ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་“བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས། གཞིས་བྱེས་གཉིས་སུ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུའི་ལས་སྐལ་བྱུང་བ་” ཞེས་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དབུ་འབྱེད་གནང་བ་མ་ཟད། གསུང་བཤད་ཀྱང་གནང་ཞིང་། དེ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་ཞིག་ཡིན་འདུག༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དབུ་འབྱེད་བསྐྱངས་པ་མ་ཟད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་བསྩལ་ཅིང་། དབུ་འབྱེད་མཛད་སྒོར་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སེ་ར་བྱེས་སྨད་ཀྱི་མཁན་ལས་ཟུར་སོགས་ཕེབས་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཕྱི་དྲོ་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་གོ་སྒྲིག་འོག་ ༢༠༡༧ ལོའི་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་བཞི་པའི་ཚོགས་བཅར་བ་རྣམས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་བཅར་སྐབས་སྙན་གསན་ཞུས་དོན་བཞིན་བླང་དོར་གསུང་བཤད་བསྩལ་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༧ གསུང་ཆོས་ཀྱི་ཉིན་གསུམ་པ་སྟེ་མཐའ་མར། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་གསར་པའི་ནང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལེགས་བཤད་སྙིང་པོའི་གསུང་ཆོས་རྫོགས་པར་གནང་མཐར། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པར་འཆར་ཚུལ་ཐོག་གདམས་ངག་གནད་སྨིན་བསྩལ་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭའི་གོ་སྒྲིག་འོག་སློབ་གྲྭའི་ཚོགས་ཁང་དུ་ “༧གོང་ས་མཆོག་གིས་བསྩལ་བའི་ཤེས་ཡོན་ལམ་སྟོན་གྱི་དགོངས་དོན་གཙོ་བོ་ཇི་ཡིན་ངོ་སྤྲོད་དང་། གདན་སའི་ཤེས་ཡོན་ལ་འཛིན་པའི་༸གོང་ས་མཆོག་གི་དགོངས་ཚུལ་” བཅས་ཀྱི་ཐོག་གསུང་བཤད་དང་། ཚེས་ ༡༩ ཉིན་རྒྱབ་ཏུ་སློབ་གཉེར་བ་རྣམས་ཀྱི་དྲི་བར་ལན་འདེབས་བཅས་གནང་ཞིང་། སྐབས་དེར་སེར་བྱེས་སློབ་གྲྭ་དང་། སྦེལ་ཀོབ་བོད་ཁྱིམ། སྦེལ་ཀོབ་གཏན་སློབ་གཉིས་བཅས་ཀྱི་སློབ་ཕྲུག་དང་། དེ་བཞིན་ཉན་པ་པོ་གཞན་ཡང་མང་པོ་ཕེབས་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་རྒྱབ་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་གསར་པའི་ནང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་ཟིན་འཕྲལ། སེར་བྱེས་ལྭ་བ་ཁང་ཚན་གྱིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་དུ་ “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གལ་གནད་ཀྱི་སྤྱི་ཡོངས་བྱེད་སྒོའི་སྐོར་ལམ་སྟོན་གསུང་བཤད་” གནང་ཞིང་། དེ་ནི་བོད་གཞུང་ཤེས་རིག་ལས་ཁུངས་དང་སེར་བྱེས་འབྲིང་རིམ་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཉིན་གཉིས་རིང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་དམིགས་བསལ་བཀའ་སློབ་དང་ཟབ་སྦྱོང་གི་ལས་རིམ་ཁོངས་ཡིན་པ་དང་། ཟབ་སྦྱོང་དེ་ནི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་སྦྱིན་བདག་གནང་ཞིང་། སྐབས་དེར་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ ༢༣༠ ཙམ་འདུ་འཛོམས་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལས་བརྩམས་ཏེ་དྲི་བ་ཞུས་པ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་བོད་གཞུང་ཤེས་རིག་ལས་ཁུངས་དང་སེར་བྱེས་འབྲིང་རིམ་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཉིན་གཉིས་རིང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་དམིགས་བསལ་བཀའ་སློབ་དང་ཟབ་སྦྱོང་གི་ལས་རིམ་ཁོངས་ཡིན་པ་དང་། ཟབ་སྦྱོང་དེ་ནི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་སྦྱིན་བདག་གནང་ཞིང་། སྐབས་དེར་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ ༢༣༠ ཙམ་འདུ་འཛོམས་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཀྲྀཥྞམཱུརྟི་ཐེབས་རྩ་ཁང་གི་ཚོགས་ཁང་གསར་པའི་ཨར་ལས་ལ་གཟིགས་ཞིབ་གནང་བ་མ་ཟད། གཡས་གཡོན་དུ་གོམ་སྤོས་གནང་བཞིན་པ།

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༦ ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བླ་མ་མཆོད་པའི་ཚོགས་འབུལ་གྱི་དབུ་བཞུགས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནང་ཞིང་། སྐབས་དེར་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཆེད་ཕེབས་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རྒྱབ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་ད་ལྟའི་དུས་སྐབས་སུ་དགོངས་པ་བཞེས་ཕྱོགས་ཐོག་ལམ་སྟོན་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༨ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱི་དགོངས་འཆར་ཁག་ལ་བཀའ་ལན་མདོར་བསྡུས་རེ་དང་། དེ་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཆེ་བ་ལས་བརྩམས་ཏེ་གསུང་བཤད་གནང་འདུག

 

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༢༩ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་མུ་མཐུད་དེ། རྡོ་རྗེ་གདན་གྱི་གནས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པའི་དབར་གྱི་འབྲེལ་བའི་སྐོར་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༣༠ སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་མུ་མཐུད་དེ། གནས་མཆོག་རྡོ་རྗེ་གདན་གྱི་སྐོར་བོད་པའི་འགྲེལ་བརྗོད་དང་དེང་རབས་གནའ་རྫས་རྟོག་ཞིབ་པའི་འགྲེལ་བརྗོད་བཅས་ཀྱི་ཐོག་གསུང་བཤད་གནང་འདུག