ཕྱི་ལོ་ ༢༠༡༨ ལོའི་ནང་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རགས་བསྡུས།
༄༅།། ༢༠༡༨ ཕྱི་ཟླ་ ༡ ཚེས་ ༡ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་བ་མ་ཟད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་ཎ་སློབ་ཟུར་མཐུན་ཚོགས་བཅས་ནས་རིམ་བཞིན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༢ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏཱི་ཤའི་ཚོགས་ཁང་དུ་ཝཱ་ཎ་སློབ་ཟུར་རྣམས་ལ་འདས་པའི་ལོ་ལྔ་བཅུའི་གཙུག་ལག་སློབ་ཁང་གི་བྱུང་བ་དང་། འབྱུང་འགྱུར་དགོངས་པ་བཞེས་ཕྱོགས་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་དུ་རྒྱལ་ཁབ་བཅུ་གཉིས་ཙམ་ནས་ཕེབས་པའི་སློབ་ཟུར་འདུ་འཛོམས་བྱུང་།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༧ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཞི་བདེ་སློབ་གྲྭའི་སློབ་མ་རྣམས་ལ་ནང་ཆོས་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་སློབ་གྲྭའི་འགན་འཛིན་དང་། དགེ་རྒན། དེ་བཞིན་སྨན་པ་དང་། དཔོན་རིགས། ཚོང་པ་སོགས་ལས་གྲུབ་པའི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་བརྒལ་བ་ཕེབས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༨ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ལ་སྤྱིར་བརྗོད་གཞི་སྣ་ཚོགས་དང་། བྱེ་བྲག་ཏུ་བློ་སྦྱོང་སྐོར་རྒྱས་པར་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་མཆོད་འབུལ་རྒྱ་ཆེ་ཞིག་གོ་སྒྲིག་ཞུས་ཤིང་། སྐབས་དེར་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཆེད་ཕེབས་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་བྱ་རྒོད་ཕུང་པོ་རིར་གནས་མཇལ་དང་ཞལ་འདོན་གསུང་གནང་མཛད་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་གྱི་ཀུན་དགའ་ར་བ་ན་བྱ་ཀ་ལན་ད་ཀའི་གནས་མཇལ་གནང་བ་མ་ཟད། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་པོའི་ཁབ་དང་། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་སྐོར་གསུངས་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་ནཱ་ལནྡཱའི་གནས་མཇལ་དང་ཞལ་འདོན་གསུང་གནང་མཛད་ཅིང་། སྐབས་དེར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནཱ་ལནྡཱའི་སྐོར་གསུངས་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༣ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་ཇི་ལྟར་བཀའ་འདྲི་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་དེང་དུས་དང་མཐུན་པའི་རིགས་རྩལ་ལམ་ཐབས་ལམ་ཇི་ཡོད་དང་། ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར་དང་དགག་བྱ་ངོས་འཛིན་ཐ་སྙད་ཚད་གྲུབ་བཅས་ཀྱི་སྐོར་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པ་དང་འབྲེལ་ཚུལ། ཆབ་སྲིད་དང་མ་འབྲེལ་བའི་སྒོ་ནས་སྤྲུལ་སྐུ་ཞིག་གིས་སྤྱི་ཚོགས་ཞབས་འདེགས་དང་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་མིན་སོགས་ཀྱི་ཐོག་གསུང་བཤད་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་སྤྲུལ་སྐུའི་ལམ་སྲོལ་གྱི་དགོས་མཁོ་ཡོད་མིན་སོགས་བརྗོད་གཞི་སྣ་ཚོགས་ལས་བརྩམས་ཏེ་བཀའ་འདྲི་ཞུས་པ་ཁག་ལ་ལན་འདེབས་རྒྱས་པར་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༧ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆབ་སྲིད་དང་མ་འབྲེལ་བའི་སྒོ་ནས་སྤྲུལ་སྐུ་ཞིག་གིས་སྤྱི་ཚོགས་ཞབས་འདེགས་དང་ཆོས་རྣམ་དག་ཅིག་ཇི་ལྟར་སྒྲུབ་དགོས་མིན་ཐད་སླར་ཡང་གསུང་བཤད་ཞིབ་རྒྱས་གནང་བ་མ་ཟད། བཀའ་འདྲི་ཁག་ལ་བཀའ་ལན་རྒྱས་པར་བསྩལ་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྲུལ་སྐུ་རྣམས་ཀྱིས་ཇི་ལྟར་བཀའ་འདྲི་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་མམ་བཞིའི་སྐོར་སོགས་རྒྱས་པར་བཀའ་གནང་འདུག
༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ཕྱི་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་ Seven inn གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྤྲུལ་སྐུ་རྣམས་ཀྱིས་ཇི་ལྟར་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་སྒྲིག་གཞི་བཟོ་ཕྱོགས་དང་འབྲེལ་བའི་ཐོག་བགྲོ་གླེང་གོ་བསྡུར་དང་། དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་ཕྱག་དེབ་བཟོ་འགོད་ལ་སྨན་པའི་དགོངས་འཆར་ལྷུག་པོར་བསྩལ་འདུག
༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༠ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་གཟའ་རུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ “རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་” ཞེས་པའི་བརྗོད་གཞིའི་ཐོག་གནང་བའི་བརྙན་པར་གསུང་བཤད།
༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༢ ཉིན་རྒྱབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ནོད་དུ་ཕེབས་པའི་འབྲས་བློ་གླིང་ཕུ་ཁང་ཁང་ཚན་དང་སྤོམ་ར་ཁང་ཚན་གྱི་དགེ་ཚུལ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་འདུལ་བའི་ལག་ལེན་དང་འབྲེལ་བའི་བླང་དོར་གསུང་བཤད་གནང་བཞིན་པ།
༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་ཞབས་ཨ་ཇཡ་པཱ་རཱ་ཤར་གྱིས་བརྩམས་པའི་སྙན་རྩོམ་ཕྱོགས་བསྡུས་ཀྱི་ཕྱག་དེབ་ “ངག་བཅད་ཀྱི་སྨྲ་བརྗོད་” (मौन की अभिव्यक्ति) ཅེས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་མཉམ་ཞུགས་གནང་བ་ཟད། གསུང་བཤད་ཀྱང་གནང་ཞིང་། སྙན་ངག་མཁན་ཨ་ཇཡ་པཱ་རཱ་ཤར་ནི་ཧི་མཱ་ཅལ་མངའ་སྡེ་གཞུང་གི་དྲིལ་བསྒྲགས་དང་མང་ཚོགས་འབྲེལ་ལམ་སྡེ་ཚན་ནང་ངེས་སྟོན་པ་གཞོན་པའི་འགན་ཁུར་གནང་མུས། སྐབས་དེར་དྷརྨ་ཤཱ་ལཱའི་ཁུལ་དུ་གནས་པའི་གྲགས་ཅན་གྱི་སྙན་ངག་མཁན་དང་། ལྟ་གྲུབ་སྨྲ་བ། རྩོམ་རིག་པ་སོགས་གལ་ཆེ་མི་སྣ་འདུ་འཛོམས་འདུག
༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༦ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམས་ཀྱི་བཞུགས་གནས་གསར་པ་ར་ཆེ་གཉིས་པའི་ལྕང་རྒྱབ་ཁང་གསར་དབུ་འབྱེད་གནང་བ་མ་ཟད། མཛད་སྒོའི་ཐོག་བླང་དོར་གསུང་བཤད་བསྩལ་ཅིང་། སྐབས་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་དང་། སྦྱིན་བདག་ཁག རྒྱུད་སྟོད་ཀྱི་གནས་བརྟན་བགྲེས་སོང་གིས་གཙོས་ལས་སྣེ་རྣམ་པ་སོགས་ཕེབས་འདུག
ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ ༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་དང་ལས་བྱེད་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་སྩལ་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་འདུག
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསུང་ཆོས་ཀྱི་ཉིན་བཅུ་གཉིས་པར། ༢༠༡༨ ཕྱི་ཟླ་ ༣ ཚེས་ ༡༤ ནས་ཚེས་ ༢༨ བར་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་རིམ་གཉིས་ཀྱི་དམར་ཁྲིད་ཧེ་རུ་ཀའི་ཞལ་ལུང་རྫོགས་པར་བསྐྱངས་བ་དང་བསྟུན། གྲྭ་ཚང་ངོས་ནས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ཉིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དང་འབྲེལ་རྒྱ་གར་གྱི་རྒྱལ་ས་དིལླཱིར་བོད་ཀྱི་རིག་གཞུང་དུས་སྟོན་སྲུང་བརྩི་ཞུ་སྐབས་འཕགས་བོད་གཉིས་དབར་གནའ་དེང་འབྲེལ་ལམ་སྐོར་གནང་བའི་བཀའ་བློན་ཁྲི་ཟུར་སློབ་དཔོན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད།
ཇི་ལྟར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་རེ་སྐུལ་ཞུས་པ་བཞིན་ ༢༠༡༨ ཕྱི་ཟླ་ ༤ ཚེས་ ༡༣ ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་ཟློས་གར་ཚོགས་ཁང་དུ་ “མང་གཙོ་དང་ཆིག་སྒྲིལ་” ཐོག་གསུང་བཤད་དང་། དྲི་བ་ལ་ལན་འདེབས་གནང་འདུག
༢༠༡༨ ཕྱི་ཟླ་༤ ཚེས་༡༦་ནས་༡༩བར་ དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་བ་དོན་གཉེར་ཅན་རྣམས་ལ་ཨིན་སྐད་ཐོག་ཉིན་གསུམ་རིང་ “དྲན་པ་ཉེ་བར་གཞག་པ་བཞིའི་” སྐོར་གསུང་བཤད་གནང་བ་མ་ཟད། ཉིན་བཞི་པར་དྲི་བ་ཁག་ལ་ལན་འདེབས་གནང་འདུག
༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་ལམ་སྟོན་གསུང་བཤད་གནང་འདུག
༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ (India International Centre) སུ་གོ་སྒྲིག་བྱས་པའི་སློབ་དཔོན་ཆེན་མོ་ཨ་ཌེལ་ཧ་ཡིཌ་ནས་བརྩམས་པའི་རྙིང་མའི་ཆོས་བརྒྱུད་ཀྱི་སྐུ་འདྲའི་བཟོ་བཀོད་སྒྱུ་རྩལ་གྱི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཞུགས་པ་མ་ཟད། སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་གནང་ཞིང་། སྐབས་དེར་མཁས་པ་དང་ཤེས་ཡོན་པ་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་འདུག
༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོའི་ཚུལ་དུ་ལམ་སྟོན་གསུང་བཤད་གནང་བ།
༢༠༡༨ ཕྱི་ཟླ་ ༥ ཚེས་ ༡༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་སྐབས་དང་པོའི་དབུ་འབྱེད་མཛད་སྒོར་ལམ་སྟོན་གསུང་བཤད་གནང་འདུག
༢༠༡༨ ཕྱི་ཟླ་ ༥ ཚེེས་ ༢༠ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་པཋཱན་ཀོཊ་ནང་ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གིས་ཕྱག་བཏབ་པའི་པྲསྠཱན་ཨཱཤྲམ་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོར་ཞུགས་པ་མ་ཟད། གསུང་བཤད་ཀྱང་བསྩལ་ཅིང་། སྐབས་དེར་ཤེས་ཡོན་པ་དང་། དགེ་རྒན། སྤྱི་ཚོགས་ཞབས་ཞུ་བ། དཔོན་རིགས་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་འདུག
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༥།༢༦ བཅས་ཉིན་གཉིས་རིང་ཀོ་ཡུམ་བ་ཊོར་ (Coimbatore) དུ་བིདྱཱ་བནམ་ཞེས་པའི་སློབ་གྲྭས་གོ་སྒྲིག་གནང་བའི་རྒྱལ་ཡོངས་ཤེས་ཡོན་ཚོགས་ཆེན་གྱི་དབུ་འབྱེད་གསུང་བཤད་གནང་བ་མ་ཟད། སྒོམ་སོགས་ཀྱི་སྐོར་ལའང་གསུང་བཤད་གནང་ཞིང་། སྐབས་དེར་ཚན་རིག་པ་དང་། ཤེས་ཡོན་པ། འབྲི་རྩོམ་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་འདུག
༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༥ ཚེས་ ༢༩ ས་ཟླའི་ཚེས་བཅོ་ལྔ་སྟོན་པ་ཐུབ་པའི་དབང་པོ་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཉིན་ཐོ་རངས་དྷ་ས་གཙུག་ལག་ཁང་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པར་མཛད།
ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༦ ནས་ ༣༡ བར་ཉིན་དྲུག་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆེན་བསྐོང་ཚོགས་གནང་ཡོད།
༢༠༡༨ ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་གསུང་བཤད་གནང་ཞིང་། ཚོགས་ཆེན་དེ་ནི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་དང་དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་གཉིས་ནས་གོ་སྒྲིག་གནང་འདུག
༢༠༡༨ ཕྱི་ཟླ་ ༦ ཚེས་ ༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དིལླཱིར་རྟེན་གཞི་བྱས་པའི་༧གོང་ས་མཆོག་གི་ཀུན་ཕན་ཐེབས་རྩ་ཁང་གི་གུ་རུ་ཀུལ་ལས་འཆར་ཁོངས་ཕེབས་པའི་རྒྱ་གར་མཐོ་སློབ་གཙུག་ལག་ཁང་གི་སློབ་ཕྲུག་ལ་ “བླ་སློབ་ཀྱི་འབྲེལ་བ་དང་། སློབ་མས་རྒྱ་གར་ཕྱི་ལོ་ ༡༩༦༠ ནས་ ༢༠༡༧ བར་ཇི་ལྟར་མཐོང་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བར་ལན་འདེབས་ཀྱང་གནང་འདུག
༢༠༡༨ ཕྱི་ཟླ་ ༦ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསུང་ཆོས་སུ་ཕེབས་པའི་བོད་རིགས་སློབ་ཕྲུག་རྣམས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༦ ཚེས་ ༧ ཉིན་ཕྱི་དྲོ་ “༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ལས་འཁྲུངས་པའི་དགོངས་གཞི་ཆེན་པོ་བཞིའི་ངོ་སྤྲོད་དང་། མང་ཚོགས་ནས་འགན་ཁུར་ཞུ་ཕྱོགས་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༢ ནས་ ཚེས་ ༡༦ བར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མོན་འབུམ་ལ་དགོན་རྩེ་དགའ་ལྡན་རྒྱས་གླིང་དུ་སློབ་དཔོན་ཀམལ་ཤཱིལས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཀའ་ཁྲིད་དབུ་འཛུགས་བསྐྱངས་ཤིང་། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་རྒྱབ་ཐོག་མར་མོན་འབུམ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གནས་བཅུའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་དཔོན་ཀམལ་ཤཱིལས་མཛད་པའི་བསྒོམ་རིམ་ཐ་མའི་བཀའ་ཁྲིད་ལྗགས་ལུང་དང་བཅས་པ་བསྒྲུབས་མཐར་མཇུག་བསྡོམས་སུ་བླང་དོར་ལམ་སྟོན་གྱི་གསུང་བཤད་རྒྱས་པར་བསྩལ།
༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༧ ཉིན་རྒྱབ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷའུར་རི་སྐྱ་གཙུག་ལག་སློབ་ཁང་གི་རྨང་རྡོ་འཇོག་གནང་དང་ཤིང་སྣ་འདེབས་འཛུགས། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སྒྲོལ་མ་ཉེར་གཅིག་དང་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་བཀའ་དྲིན་བསྩལ་རྗེས། རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་༧ཞབས་སོར་འཁོད།
༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྟ་དབང་རྫོང་གི་འཛིན་སྐྱོང་དང་རྟ་དབང་མོན་ལས་བྱེད་ཚོགས་པའི་གོ་སྒྲིག་འོག་ཀ་ལ་དབང་པོ་ཚོགས་ཁང་དུ་ “བདེ་སྐྱིད་དང་སེམས་ངལ་མེད་པའི་མི་ཚེ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བར་ལན་འདེབས་གནང་ཞིང་། སྐབས་དེར་ཁུལ་དེའི་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་འཐུས་དང་། ཁྲིམས་དཔོན། རྟ་དབང་རྫོང་དཔོན་གཙོས་དཔོན་རིགས་ཁག་དང་། རྫོང་གི་ཉེན་རྟོག་སྤྱི་ཁྱབ། དགེ་རྒན། སློབ་ཕྲུག་སོགས་མི་ཚོགས་ཕོན་ཆེ་འདུ་འཛོམས་འདུག
༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱབ་ཐོག་མར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གནས་བཅུའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་རྫོགས་པར་བསྐྱངས་མཐར་མཇུག་བསྡོམས་སུ་བླང་དོར་ལམ་སྟོན་གྱི་གསུང་བཤད་ཀྱང་བསྩལ།
༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༢ ཉིན་སྔ་དྲོ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་རྗེ་ཚེ་འཛིན་མའི་ཚེ་དབང་བསྩལ།
༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་རང་དུ་ཆགས་པའི་ཐུབ་གསུང་དར་རྒྱས་གླིང་གི་གོ་སྒྲིག་འོག་དེ་གའི་འདུ་ཁང་དུ་དེ་ཁུལ་མང་ཚོགས་དང་སློབ་གཉེར་བ་རྣམས་ལ་བླང་དོར་གསུང་བཤད་དང་། གང་བློ་མ་སོགས་སྔགས་ཀྱི་ལྗགས་ལུང། དེ་བཞིན་དྲི་བར་ལན་འདེབས་བཅས་གནང་འདུག
༢༠༡༨ ཕྱི་ཟླ་ ༧ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༩ བར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགེ་སློང་གཞན་བཞི་དང་ལྷན་དུ་བྱམས་བརྩེ་གསོ་སྐྱོང་བསྟི་གནས་སུ་དབྱར་གནས་བཞུགས་གནང་ཡོད།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐོག་བཅར་འདྲི་ཞུས་པའི་བརྙན་པར། དེ་ནི་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ ཉིན་རྒྱང་སྲིང་ཞུས་ཡོད།
༢༠༡༨ ཕྱི་ཟླ་ ༩ ཚེས་ ༡༩ ནས་ ༢༨ བར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བུདྡྷཔཱལིཏའི་བཀའ་ཁྲིད་སྔ་ལོའི་འཕྲོ་ནས་མུ་མཐུད་བསྐྱངས། ༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༨ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག་གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། ལྷག་པར་དགེ་བཤེས་བློ་བཟང་ཕུན་ཚོགས་མཆོག་དགུང་གྲངས་བརྒྱ་འཁོར་བའི་མཛད་སྒོར་གསུང་བཤད་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་ཤར་པ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱང་ཆིབས་བསྒྱུར་བསྐྱངས་འདུག
༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་གཞིའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་འདུག
༢༠༡༨ ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་འབྲས་སྤུངས་བློ་གསལ་གླིང་གི་ཞིང་འབྲོག་ས་ཁུལ་དུ་དུད་འགྲོའི་སྐྱེ་འགོག་དང་འབྲུམ་སྨན་རྒྱག་པའི་ལས་འཆར་སྤེལ་སར་གཟིགས་ཞིབ་ཀྱིས་ལམ་སྟོན་གསུང་བཤད་བསྩལ་ཅིང་། དེ་ནི་ Animal Five Freedoms Action India དང་ Nomad Vet Association གཉིས་ཀྱི་ཐོག་ནས་གོ་སྒྲིག་གནང་བ་ཡིན་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྷ་སར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་ཚོགས་ཁང་དུ་ཨ་རི་ནིའུ་ཡོག་གི་ཨི་ཐ་ཀར་རྟེན་གཞི་བྱས་པའི་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་གི་ཚོགས་མི་རྣམས་ལ་ལམ་སྟོན་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག
ཇི་ལྟར་༧སྐྱབས་མཆོག་ཟངས་འབུམ་རིན་པོ་ཆེ་མཆོག་ནས་གསོལ་འདེབས་ཞུས་པ་བཞིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ཚེས་ ༡༤ བར་འབྲས་བློ་གླིང་སྤོམ་ར་ཁང་ཚན་དུ་ལམ་རིམ་སྦྱོར་ཆོས་དྲུག་གི་གསུང་ཆོས་དབུ་འཛུགས་བསྐྱངས་འདུག ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་རྒྱབ་ཏུ་འབྲས་བློ་གླིང་སྤོམ་ར་ཁང་ཚན་དུ་གསུང་ཆོས་མུ་མཐུད་བསྐྱངས་ཏེ། ལམ་རིམ་སྦྱོར་ཆོས་དྲུག་གི་ཉམས་ཁྲིད་བཤད་པ་བཞི་ལྡན་དང་བཅས་པ་བསྒྲུབས་པར་མཛད་པ་མ་ཟད། སེམས་བསྐྱེད་ཆོ་གས་ལེན་ཚུལ་ཡང་མདོར་བསྡུས་གསུངས་མཐར། ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་ཇི་ལྟར་གནང་ཚུལ་ཡང་མདོ་ཙམ་བཀའ་གནང་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ ༡༩ བར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕུ་ཁང་ཁམས་ཚན་གྱི་གཙུག་ལག་ཁང་དུ་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་དང་ཉམས་ལེན་ལ་སྦྱར་དགོས་ཚུལ་གྱི་ལམ་སྟོན་མདོར་བསྡུས་ཤིག་ཀྱང་བསྩལ།
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་ཀླུ་སྒྲུབ་ཚོགས་ཁང་དུ་ “ཤེས་ཡོན་དང་ཕ་མས་གསོ་སྐྱོང་བྱེད་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་བ་དང་། གསུང་བཤད་དེ་ནི་ལ་དྭགས་ནང་པའི་ཚོགས་འདུ་དང་། SEBoL ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་བཅས་ནས་གོ་སྒྲིག་གནང་ཞིང་། སྐབས་དེར་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་རྒན། སློབ་ཕྲུག ཕ་མ་སོགས་འདུ་འཛོམས་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༢༣ ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཚོགས་ཁང་དུ་ལ་དྭགས་ནང་པའི་ཚོགས་འདུའི་ཆོས་སྐུལ་ཚོགས་པའི་གོ་སྒྲིག་འོག་ལ་དྭགས་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་མཁན་པོ་དང་དགེ་བཤེས་རྣམས་ལ་ “དུས་རབས་ཉེར་གཅིག་པའི་རབ་བྱུང་ཇི་ལྟར་བྱེད་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་བ་མ་ཟད། དྲི་བ་དང་དགོངས་ཚུལ་ཁག་ལ་ལན་འདེབས་དང་གསལ་བཤད་རྒྱས་པར་གནང་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༢༣ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་དུ་ལ་དྭགས་ནང་པའི་ཚོགས་འདུའི་ལྷན་ཚོགས་ཆེན་མོའི་ཚོགས་མི་རྣམས་ལ་རང་གི་ལས་འགན་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་བསྩལ་ཡོད། ལྷན་ཚོགས་ཆེན་མོའི་ཚོགས་མི་རྣམས་ནི་ལ་དྭགས་ཀྱི་ས་གནས་སོ་སོའི་འགོ་པ་ལྟ་བུ་ཡིན་ཞིང་། གསུང་བཤད་དེ་ནི་ལ་དྭགས་ནང་པའི་ཚོགས་འདུའི་གོ་སྒྲིག་གནང་བ་ཞིག་ཡིན་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ཇོ་ཁང་དུ་སྐུ་གཤེགས་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་མཆོག་གི་དྲན་རྟེན་ལོ་འཁོར་གསུང་བཤད་ཕྲེང་བའི་ཁོངས་ “དེང་རབས་མི་ཚེ་སྐྱེལ་སྟངས་ཀྱི་མཇུག་འབྲས་” ཞེས་པའི་བརྗོད་གཞིིའི་ཐོག་གསུང་བཤད་བསྩལ་ཅིང་། དེ་ནི་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་གནང་འདུག
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱ་ཎ་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་ཏཱི་ཤའི་ཚོགས་ཁང་དུ་ “སློབ་གཉེར་ཁང་འདིའི་དམིགས་ཡུལ་དང་མ་འོངས་པའི་ཁ་ཕྱོགས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་རེ་བསྐུལ་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ཕྱི་དྲོ་ཨ་ཏཱི་ཤའི་ཚོགས་ཁང་དུ་ “དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱལིཏ་དང་ཚིག་གསལ་གཉིས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་བཀྲལ་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་བ།
༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གོ་སྒྲིག་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཆུང་ཁང་མིག་ཏུ་རྒྱ་གར་གནའ་བོའི་ལྟ་གྲུབ་ཁག་གི་སློབ་ཚན་འཆར་གཞིའི་ཐོག་མཁས་པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱ་གར་ཀྲྀཥྞམཱུརྟི་ཐེབས་རྩའི་སློབ་གྲྭའི་སློབ་གཉེར་བ་རྒན་པ་རྣམས་དང་དྲི་བ་དྲིས་ལན་གནང་བཞིན་པ།
ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ “བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་སྲ་བརྟན་ཡོང་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་འདུག
ཇི་ལྟར་ཧོན་སུར་ས་གནས་འགོ་འཛིན་གྱིས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་མི་མང་ཚོགས་ཁང་དུ་ “༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་འགྲུབ་སླད་བོད་གཞིས་བྱེས་གཉིས་ཀྱིས་བསྒྲུབ་དགོས་པའི་ལས་འགན་ཅི་ཡོད་སྐོར་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་འདུག
༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱབ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་དུ་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་དབུ་འཛུགས་བསྐྱངས། ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་རྒྱབ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སེར་བྱེས་ལྭ་བ་ཁང་ཚན་གྱི་གཙུག་ལག་ཁང་དུ་སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་ཟིན་འཕྲལ། ལྭ་བ་ཁང་ཚན་གྱིས་གནས་བཅུའི་སྒོ་ནས་བརྟན་བཞུགས་མདོར་བསྡུས་ཤིག་བསྟར་འབུལ་ཞུས།
ཇི་ལྟར་སེར་བྱེས་འབྲིང་རིམ་སློབ་གྲྭས་གསོལ་འདེབས་ཞུས་པ་བཞིན་ ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་ཚོགས་ཁང་དུ་ “དེང་རབས་ཀྱི་ཤེས་བྱ་རྨང་གཞིའི་ཐོག་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུར་སྤྲོ་སྣང་སྐྱེ་ཐབས་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སངས་རྒྱས་ལྷ་ལས་བབས་པའི་གནས་སཾཀིསཱར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་རྒྱ་གར་ནང་པའི་གཞོན་ནུ་ཚོགས་པས་གོ་སྒྲིག་གནང་བ་ཞིག་རེད་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སངས་རྒྱས་ལྷ་ལས་བབས་པའི་གནས་སཾཀིསཱར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་༧གོང་ས་མཆོག་གིས་ཉིན་གཉིས་རིང་བསྩལ་བའི་གསུང་ཆོས་ཀྱི་བསྐྱར་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་རྒྱ་གར་ནང་པའི་གཞོན་ནུ་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ཟབ་སྦྱོང་དུ་ཕེབས་པའི་བོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་རྣམས་ལ་ “བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགེ་མཚན་དང་སྔོན་འགྲོའི་དགེ་རྒན་གྱི་གལ་གནད་དང་ལས་འགན་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་གོ་སྒྲིག་གནང་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༨ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུར་ལམ་སྟོན་གསུང་བཤད་གནང་ཞིང་། བགྲོ་གླེང་ཚོགས་འདུ་དེར་མཁས་པ་དང་། ཤེས་ཡོན་པ། དགེ་རྒན། དཔེ་མཛོད་ཁང་ཁག་གི་ལས་བྱེད་པ་སོགས་ཕེབས་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༣ ནས་ ༡༦ བར་ ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྱི་ཡོང་ཇུའི་ས་གནས་ཀྱི་ཧ་ཝང་ཉོང་ཝོན་ཚོགས་ཁང་དུ་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་ནམ་ལམ་རིམ་ཉམས་མགུར་གྱི་བཀའ་ཁྲིད་བསྐྱངས་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་གྱི་འོང་བུག་མངའ་སྡེའི་ཆེ་འོང་དོ་རྫོང་ཁོངས་སུ་གནས་པའི་ཨུན་མུན་ས་ཞེས་པའི་བཙུན་མའི་བཤད་གྲྭའི་རབ་བྱུང་མ་རྣམས་ལ་ “ནང་ཆོས་སློབ་གཉེར་བྱེད་སྐབས་ལམ་རིམ་གལ་ཆེ་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེ་ནི་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་མཐུན་འགྱུར་གནང་བ་ཞིག་རེད་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་གྱི་ཡོང་ཇུའི་ནང་གནས་པའི་དགོན་པ་གྲགས་ཅན་བུལ་གུཀ་ས་ལ་གནས་མཇལ་གནང་བཞིན་པ།
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་དུ་རྟེན་གཞི་བྱས་པའི་བབ་ར་ཡུན་ས་དགོན་པར་མང་ཚོགས་ལ་ “ནང་པའི་གསང་སྔགས་ཉམས་སུ་ལེན་པ་ལ་ལམ་ཐབས་ཤེས་གཉིས་གལ་ཆེ་ཚུལ་” ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ནི་ནཱ་ལེནྡྲའི་རིང་ལུགས་འཛིན་སྐྱོང་ཁང་གི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་དུ་རྟེན་གཞི་བྱས་པའི་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་དུ་རྗེ་ཙོང་ཁ་པས་མཛད་པའི་ “ལམ་གཙོ་རྣམ་གསུམ་” གྱི་བཀའ་ཁྲིད་བསྐྱངས་མཐར། བྱང་སེམས་སྡོམ་འབོགས་མཛད་འདུག
༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བོདྷ་གཡཱ་རི་ཇེན་སི་ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པའི་དབུ་འབྱེད་མཛད་སྒོར་ཕེབས་པ་མ་ཟད། ཚིག་མཛོད་ཀྱི་གལ་གནད་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གསུང་བཤད་བསྩལ་བ་དང་། དེ་བཞིན་མཁན་རིན་པོ་ཆེ་རྣམ་པ་དང་། བླ་སྤྲུལ་དགེ་བཤེས་རྣམ་པ་སོགས་འདུ་ཚོགས་ཆེ་ཙམ་འདུག