པར་སྐྲུན་ཆེད་བརྗོད། བཙན་བྱོལ་བོད་མིའི་གཞིས་ཆགས་སོ་སོའི་ཐོག་མའི་བྱུང་རབས་དང༌། ད་ལྟའི་གནས་བབ་
༄༅།། ཕྱི་ལོ་༢༠༠༩ ཕྱི་ཟླ་༣ པའི་ཚེས་༡༠ ནས་ཕྱི་ལོ་༢༠༡༠ ཕྱི་ཟླ་༣ ཚེས་༡༠ བར་ལོ་འཁོར་གཅིག་རིང་གངས་ལྗོངས་ཆོས་ཀྱི་ཞིང་སར་རྒྱ་དམར་དཔུང་གིས་དྲག་གནོན་མི་བཟད་པའི་དབང་གིས་ཕྱི་ལོ་༡༩༥༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་སྲུང་རྩི་ཞུ་ཕྱོགས་དཔལ་ལྡན་བཀའ་ཤག་གིས་༢༠༠༨ ཕྱི་ཟླ་༦ ཚེས་༢༡ འཁོད་པའི་རྩ་འཛིན་ལམ་སྟོན་ནང་གསལ་གྱི་ལས་རིམ་ཁག་གི་གྲས་“བཙན་བྱོལ་བོད་མིའི་གཞིས་ཆགས་སོ་སོའི་ཐོག་མའི་བྱུང་རབས་དང༌། ད་ལྟའི་གནས་བབ་ཞིབ་གསལ་འཁོད་པའི་བྱུང་རབས་རྩོམ་སྒྲིག་དང་པར་སྐྲུན་”བྱ་རྒྱུ་ནང་སྲིད་ལས་ཁུངས་ཀྱི་ལས་རིམ་དུ་གསལ་བ་བཞིན་གཞིས་ཆགས་ཁག་གི་བྱུང་རིམ་སྙིང་བསྡུས་འདི་ཕྱོགས་སྒྲིག་དང་པར་སྐྲུན་ཞུས་པ་ཡིན།
མི་རིགས་སམ་སྤྱི་ཚོགས། སྒྲིག་འཛུགས། ཡང་ན་སྐྱེ་བོ་སྒེར་བཅས་སུ་ལའང་ད་ལྟའི་དངོས་བྱུང་གི་གནས་ཚུལ་རྣམས་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་འདུ་ཤེས་མེད་པ་དང༌། དྲན་ལམ་ནས་ཡོལ་རྒྱུ་མེད་པ་ལྟ་བུའི་ཚོར་སྣང་ལྷན་སྐྱེས་པའི་འོག་དེ་མུར་འདས་པ་ལས་ཞིབ་ཕྲ་ཡིག་ལམ་དུ་འགོད་པའི་གོམས་གཤིས་ཤིན་ཏུ་དཀོན་པའི་ཁར། བཙན་བྱོལ་བོད་མི་རྣམས་ཐོག་མའི་ལོ་གྲངས་བཅུ་ཕྲག་ལྷག་ཙམ་གང་ཅིའི་མཐུན་རྐྱེན་ཞན་ཅིང༌། ཚབས་ཆེའི་ཛ་དྲག་གི་གནས་བབ་འོག་སྐབས་འཕྲལ་དཀའ་སེལ་གྱི་དངངས་འཚབ་ཁོ་ནའི་འོག་འདས་པ་དང༌། དེ་ནས་རིམ་པས་ཕྲན་བུའི་ཕྲ་ཚུགས་བྱུང་མཚམས་ལས་བྱེད་འཕོ་འགྱུར་དང་ལས་དོན་རྣམས་འཆར་ཅན་རྒྱུན་སྲོལ་ལྟ་བུ་གྱུར་མཚམས་ལྷོད་ཡངས་ཀྱི་རྣམ་པ་རིམ་བྱུང་གིས་ནམ་ཞིག་བཙན་བྱོལ་གྱི་གནས་སྟངས་བྱུང་རབས་ཀྱི་ཡིག་ཚང་ཚད་ལྡན་དགོས་གལ་ཆེ་བའི་ཚོར་སྣང་བྱུང་སྐབས་ཡིག་ཆ་རྙིང་སོང་རྣམས་ཐོར་ཟིན་པ་དང༌། འདྲི་བརྩད་བྱ་ཡུལ་རྒྱུས་ཅན་ཡང་ཇེ་ཉུང་དུ་སོང་བ་བཅས་ད་ཆ་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་བྱུང་རིམ་ཞིབ་ཕྲ་རྙེད་དཀའ་བར་གྱུར་པ་དང༌། ཕྱི་ལོ་༢༠༠༥ ནས་བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ཡིག་མཛོད་ཉར་ཚགས་དང༌། བྱུང་རབས་འབྲི་རྩོམ་གྱི་ལས་གཞི་གསར་གཏོད་གནང་ནའང༌། དེ་སྐབས་བྱུང་རིམ་ལྷུ་འགྲིག་ཆ་ལག་ཚང་བ་ཞིག་སྒྲིག་དཀའ་བར་གྱུར་འདུག ལྔ་བཅུའི་དུས་དྲན་གྱི་ལས་གཞི་དང་བསྟུན་གཞིས་ཆགས་ཁག་གི་བྱུང་རབས་རྩོམ་སྒྲིག་བྱ་རྒྱུར་ནང་སྲིད་ལས་ཁུངས་ཀྱི་དབུས་སའི་སྣེ་མོ་བ་ཡོངས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱུ་ཆ་གང་ཐུབ་བསྡུ་རུབ་དང༌། རྩོམ་སྒྲིག་པ་ཆེད་གཉེར་གྱིས་དེབ་ཕྲེང་འདི་དག་རྩོམ་སྒྲིག་གིས་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་འབུལ་ཐུབ་པར་དགའ་སྤོབས་བརྟས།
འོན་ཀྱང་གོང་སྨོས་ལྟར་རྒྱུ་ཆ་རྙེད་དཀའ་བ་དང༌། ལོ་འཁོར་གཅིག་གི་དུས་ཡུན་རྒྱས་བཅད་ནང་བྱུང་བ་རིག་པའི་གཞུང་ལུགས་དང་མཐུན་པའི་ཉམས་ཞིབ་དང་རྩོམ་སྒྲིག་འགྲུབ་ཐབས་དཀའ་བ་བཅས་ལ་བརྟེན། ད་ལྟ་པར་སྐྲུན་ཞུས་པའི་དེབ་ཕྲེང་འདིའི་ནང་ཆད་ཟློས་ནོར་གསུམ་གྱི་སྐྱོན་ཆ་ཇི་སྙེད་ཅིག་ཡོང་རྒྱུ་གདོན་མི་ཟ་བས། མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་བཟོད་གསོལ་དང་འབྲེལ་འབྱུང་འགྱུར་ཉམས་ཞིབ་པ་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་ཙམ་ཞིག་ཡོང་བའི་རེ་བ་ཡིན།
དེབ་ཕྲེང་འདིའི་རྩོམ་སྒྲིག་དང་པར་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་བྱ་བའི་ཁུར་འགན་ལེན་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང༌། འབྱུང་འགྱུར་བྱུང་རབས་སྨྲ་བ་རྣམས་ཀྱིས་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་དང༌། རྩོམ་སྒྲིག་རིམ་བཞིན་གནང་བའི་རེ་སྐུལ་བཅས། ནང་སྲིད་བཀའ་བློན་བཀའ་ཁྲི་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཚེས་༤ ཕྱི་ལོ་༢༠༡༠ ཟླ་༢ ཚེས་༡༨ དགེ་བར་བྲིས།། །
བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་སོ་སོའི་ཐོག་མའི་བྱུང་རབས་དང༌། ད་ལྟའི་གནས་བབ་ཞིབ་གསལ་འཁོད་པའི་དཔེ་དེབ་པར་འགྲེམས་སྐབས་གནང་བའི་པར་སྐྲུན་ཆེད་བརྗོད་ཅིག་ཡིན།