དཔེ་མཚོན་སྒྲོམ་གཞིའི་ཟིན་བྲིས།

༄༅།། འཕགས་ཡུལ་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་ནང་ཆོས་དོན་གཉེར་ཅན་གྱི་རྒྱལ་སྤྱིའི་མི་རིགས་སེར་སྐྱ་ཕོ་མོ་རིས་མེད་རྣམས་ལ་ནང་ཆོས་ངོ་སྤྲོད་དུས་ཐུང་གི་སློབ་སྦྱོང་རྒྱས་བསྡུས་ཅི་རིགས་དང༌། ཡང་སློབ་གཉེར་གཏིང་ཟབ་བྱེད་བློ་ཡོད་མཁན་རྣམས་ལ་ལོ་བཞིའི་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་རྒྱུའི་སློབ་དུས་དང༌། སློབ་ཚན་བཅས་ཀྱི་རྣམ་གཞག

དམིགས་ཡུལ།

ཀ དེང་དུས་རྒྱལ་སྤྱིའི་ནང་ནང་ཆོས་སྤྱི་དང༌། ཁྱད་པར་བོད་བརྒྱུད་ནང་ཆོས་ལ་དད་འདུན་ཅན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་ཚད་ལྡན་གྱི་བླ་མ་དང༌། སློབ་སྟོན་རྙེད་དཀའ་བར་སོང༌། སྨད་རྒྱུད་གྲྭ་ཚང་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱ་བའི་ཆ་ཤས་སུ་བོད་བརྒྱུད་ནང་བསྟན་ངོ་སྤྲོད་དང༌། སྦྱོང་བདར་གྱི་ལས་རིམ་སློབ་ཕྲུག་གི་ཁམས་མོས་དང་བསྟུན་པའི་རྒྱས་བསྡུས་ཅི་རིགས་ཀྱི་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ།

ཁ གྲྭ་ཚང་གི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་གཞོན་རྣམས་ལ་དེང་རབས་ཀྱི་སློབ་སྦྱོང་ཐོན་པའི་སྐྱེ་བོ་རྣམས་དང༌། ལྷག་པར་ཚན་རིག་པ་རྣམས་དང་མཉམ་ཕན་ཚུན་འབྲེལ་ལམ་གོ་རྟོགས་སྤེལ་རེས་ཡོང་ཐབས།

ག ནང་པའི་རབ་བྱུང་གི་ཆོས་སྡེ་རྣམས་ཀྱིས་དེང་རབས་དང་མཐུན་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུ་བཅས།

སློབ་དུས།

དང་པོ། དུས་ཐུང་གི་སློབ་དུས།

ཀ ལས་དང་པོ་བ་རྣམས་ལ་གཞི་རིམ་གྱི་ནང་ཆོས་ངོ་སྤྲོད་མདོར་བསྡུས་ཆེད་སློབ་དུས་ཐུང་ཤོས་བདུན་ཕྲག་གཉིས་ནང་འཛིན་གྲྭ་ཚོགས་ཐེངས་༤༨ དང༌།

ཁ སློབ་དུས་འབྲིང་བ་བདུན་ཕྲག་བཞིའི་ནང་འཛིན་གྲྭ་ཚོགས་ཐེངས་༩༦

ག སློབ་དུས་རིང་བ་ཟླ་བ་གསུམ་ནང་འཛིན་གྲྭ་ཚོགས་ཐེངས་༢༥༠ ལས་མ་ཉུང་བའི་ཐོག་ཟླ་རེའི་ནང་བགྲོ་གླེང་དང༌། གཏམ་བཤད། འབྲི་རྩོམ་བཅས་ཀྱི་དུས་ཚོད་ངེས་ཅན་བཟོ་རྒྱུ།

གཉིས་པ། གཏིང་ཟབ་ཀྱི་སློབ་དུས།

ཀ བློ་ཁ་མཐོ་བ་སློབ་སྦྱོང་གཏིང་ཟབ་བྱེད་འདོད་ཡོད་རིགས་རྣམས་ལ་ལོ་བཞིའི་དུས་ཡུན་ཅན་གྱི་ནང་ཆོས་སློབ་སྦྱོང་སྤྲོད་རྒྱུ།

ཁ སློབ་དུས་ནང་གསེས་ལོ་བཞིའི་རིང་ལོ་རེའི་ཟླ་བ་བཅུའི་རིང་སློབ་སྦྱོང་དང་ཟླ་བ་གཉིས་རེ་གུང་སེང་ཡིན། ཟླ་བ་བཅུའི་སློབ་ཡུན་ནང་ཟླ་བ་ལྔ་རེའི་སློབ་དུས་གཉིས་སུ་ཕྱེ་སྟེ་སློབ་དུས་རེའི་ནང་བདུན་ཕྲག་བཅོ་བརྒྱད་འཛིན་གྲྭའི་སློབ་ཁྲིད་དང༌། བདུན་ཕྲག་གཉིས་རྒྱུགས་སྤྲོད་དང༌། བསྐྱར་ཞིབ་བཅས་ལ་གཏོང་དགོས།

ག ལོ་རིམ་དང་པོ་གཉིས་རྐྱང་པ་སློབ་སྦྱོང་བྱས་ཀྱང་འཐུས་ཤིང༌། ལོ་རིམ་དང་པོ་གཉིས་སློབ་སྦྱོང་བྱས་རྗེས་བར་མཚམས་བཞག་སྟེ་ལོ་རིམ་རྗེས་མ་གཉིས་ནང་ཕྱིས་སུ་འཛུལ་ཞུགས་བྱས་ཀྱང་ཆོག

སློབ་ཚན།

དང་པོ། དུས་ཐུང་སློབ་དུས་ཀྱི་སློབ་ཚན།

༡ སློབ་དུས་ཐུང་ཤོས་ཀྱི་སློབ་ཚན།

ཀ སངས་རྒྱས་ཀྱི་རྣམ་ཐར་དང༌། མཛད་པ་བཅུ་གཉིས་སྐོར་མདོར་བསྡུས།

ཁ ཆོས་འཁོར་རིམ་པ་གསུམ།

ག བཀའ་བསྡུ་དང༌། གཏད་རབས་བདུན།

ང ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་དང༌། རྒྱན་དྲུག་མཆོག་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས།༣༥༣

ཅ སྡེ་སྣོད་གསུམ་དང༌། ཁྱད་པར་བོད་སྐད་དུ་བཞུགས་པའི་བཀའ་འགྱུར་བསྟན་འགྱུར། བོད་གཞུང་གལ་ཆེ་ཁག་གི་ངོ་སྤྲོད་མདོར་བསྡུས།

ཆ བོད་དུ་རྒྱལ་བསྟན་དར་ཚུལ་དང༌། བོད་ཀྱི་ཡིག་གཟུགས་དང་བརྡ་སྤྲོད། རྒྱ་གར་ནས་གཞུང་ལུགས་སྒྱུར་ཚུལ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས། མཁན་སློབ་ཆོས་གསུམ་གྱི་རྣམ་ཐར་མདོར་བསྡུས་རེ་དང༌། བསྟན་པ་ཕྱི་དར། ཇོ་བོ་རྗེ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བཅས་ཀྱི་རྣམ་ཐར་མདོར་བསྡུས།

ཇ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བྱུང་ཚུལ་མདོར་བསྡུས་རེ་དང༌། དེ་དག་གི་ད་ལྟའི་གནས་བབ་མདོར་བསྡུས་རེ།

ཉ སྐྱབས་འགྲོ་དང་ལས་འབྲས་ཀྱི་ངོ་སྤྲོད།

ཏ འཁོར་བའི་འཇུག་རིམ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས། ངེས་འབྱུང་དང༌། བསླབ་གསུམ། ཉན་རང་བྱང་ཆུབ་ཀྱི་ངོ་སྤྲོད།

ཐབྱང་སེམས་དང༌། ཕྱིན་དྲུག སངས་རྒྱས་ཀྱི་གོ་འཕང་གི་ངོ་སྤྲོད་མདོར་བསྡུས་རེ་བཅས།

སློབ་དེབ།

སློབ་དུས་ཐུང་ཤོས་ཀྱི་གོང་གསལ་སློབ་ཚན་རྣམས་ལ་སློབ་དེབ་ཟུར་དུ་མ་དགོས་པར་དགེ་རྒན་གྱིས་སློབ་ཚན་ངོ་སྤྲོད་བརྗེད་བྱང་བཀོད་དེ་བཀྲམས་རྒྱུ་དང༌། དགེ་སློབ་གཉིས་ཀས་ཟུར་ཀློག་བྱ་རྒྱུའི་ཆེད་བུ་སྟོན་ཆོས་འབྱུང་དང༌། ཏཱ་ར་ནཱ་ཐ་ཆོས་འབྱུང༌། ཐུའུ་ཀན་ཆོས་འབྱུང༌། ལེགས་བཤད་བློ་གསར་མིག་འབྱེད། གཞན་ཡང་འོས་འཚམས་དཔེ་དེབ་གང་རྙེད་གཞག་ཆོག

༢ སློབ་དུས་འབྲིང་བའི་སློབ་ཚན།

གོང་གསལ་ཀ ནས་ཐ བར་གྱི་སློབ་དུས་ཐུང་ཤོས་ཀྱི་སློབ་ཚན་རྣམས་གཞི་བཞག་ཐོག་འགྲེལ་བརྗོད་ཕྲན་བུ་རྒྱས་པ་དང༌།

ད བློ་རིག་མདོར་བསྡུས།

ན རྟགས་རིགས་མདོར་བསྡུས།

པ གྲུབ་མཐའ་བཞིའི་ལྟ་བའི་འདོད་ཚུལ་མདོར་བསྡུས་དང༌། ཁྱད་པར་གྲུབ་མཐའ་སོ་སོའི་རྟེན་འབྲེལ་གྱི་གོ་དོན་བཤད་ཚུལ་མི་འདྲ་ཇི་ཡོད་དང་དུས་གསུམ་གྱི་རྣམ་གཞག་འདོད་ཚུལ་མི་འདྲ་བ།

ཕ སྔགས་ཀྱི་ངོ་སྤྲོད་མདོར་བསྡུས།

སློབ་དེབ།

སློབ་དུས་འདིའི་སློབ་ཚན་རྣམས་ལའང་སློབ་དེབ་ཟུར་དུ་མ་དགོས་པར་དགེ་རྒན་གྱིས་སློབ་ཚན་དང་འབྲེལ་བའི་བརྗེད་བྱང་བཟོས་ཏེ་བཀྲམས་རྒྱུ། དགེ་སློབ་གཉིས་ཀས་ཟུར་ཀློག་བྱ་རྒྱུའི་ཆེད་གོང་གསལ་ཕྱག་དཔེ་རྣམས་ཀྱི་ཐོག་དགེ་འདུན་རྒྱ་མཚོའི་གྲུབ་མཐའ། ལྕང་རྐྱའི་གྲུབ་མཐའ། བློ་གླིང་མཁན་པོ་འཇམ་དཔལ་བསམ་འཕེལ་གྱི་བློ་རིག དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས། སྔགས་ཀྱི་ས་ལམ་རྣམ་གཞག་གང་འོས།

༣ སློབ་དུས་རིང་བའི་སློབ་ཚན།

གོང་གསལ་སློབ་དུས་གཉིས་ཀྱི་སློབ་ཚན་རྣམས་གཞི་བཞག་ཐོག སློབ་ཚན་ཇ པའི་བོད་ཀྱི་ཆོས་བརྒྱུད་བཞིའི་ངོ་སྤྲོད་ཐོག་དགེ་ལུགས་པ་ཅུང་རྒྱས་ཙམ་དང༌། གདན་ས་ཁག་དང༌། རྒྱལ་བ་དང་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་རྣམ་ཐར་མདོར་བསྡུས།

བ རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་གྱི་ངོ་སྤྲོད་དང༌། དབུ་སེམས་གཉིས་ཀྱི་ལྟ་གྲུབ་ངོ་སྤྲོད་ཅུང་ཟད་རྒྱས་པ།

མ ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར།

ཅ སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ།

ཆ ཁམས་བཅོ་བརྒྱད་ཀྱི་ངོ་སྤྲོད་མདོར་བསྡུས་བཅས།

སློབ་དེབ།

གོང་བཞིན་སློབ་དེབ་ཟུར་དུ་མ་དགོས་པའི་ཐོག་དགེ་རྒན་གྱིས་བརྗེད་བྱང་སྤྲད་རྒྱུ་དང༌། དགེ་སློབ་གཉིས་ཀས་ཟུར་ཀློག་བྱ་རྒྱུའི་ཆེད་ཕྱག་དཔེ་གོང་གསལ་རྣམས་ཀྱི་ཐོག རྗེ་བདག་ཉིད་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ། རྒྱལ་ཚབ་རྗེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པ། རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛོད་འགྲེལ་ཐར་ལམ་གསལ་བྱེད།

གཉིས་པ། གཏིང་ཟབ་སློབ་དུས་ཀྱི་སློབ་ཚན།

༡ ལོ་རིམ་དང་པོའི་སློབ་དུས་དང་པོའི་སློབ་ཚན།

ཀ རྣམ་འགྲེལ་ལེའུ་དང་པོ་ནས་རྟགས་རིགས་དང༌། གཞན་སེལ། བརྡ་ཡུལ།

ཁ རྣམ་འགྲེལ་ལེའུ་གཉིས་པ་ཆ་ཚང༌།

སློབ་དེབ།

ཆོས་གྲགས་ཀྱི་རྣམ་འགྲེལ་རྩ་བ་དང་རང་འགྲེལ། རྒྱལ་ཚབ་རྗེའི་ཐར་ལམ་གསལ་བྱེད།

༢ ལོ་རིམ་དང་པོའི་སློབ་དུས་གཉིས་པའི་སློབ་ཚན།

མཛོད་གནས་དང་པོ་དང༌། གཉིས་པ། གསུམ་པ།

སློབ་དེབ།

དབྱིག་གཉེན་གྱི་མཛོད་རྩ་བ་དང་རང་འགྲེལ། དགེ་འདུན་གྲུབ་ཀྱི་མཛོད་ཊིཀ་ཐར་ལམ་གསལ་བྱེད།

༣ ལོ་རིམ་གཉིས་པའི་སློབ་དུས་དང་པོའི་སློབ་ཚན།

མཛོད་གནས་ལྷག་མ་ལྔ༌།

སློབ་དེབ།

དབྱིག་གཉེན་གྱི་མཛོད་རྩ་བ་དང་རང་འགྲེལ། དགེ་འདུན་གྲུབ་ཀྱི་མཛོད་ཊིཀ་ཐར་ལམ་གསལ་བྱེད།

༤ ལོ་རིམ་གཉིས་པའི་སློབ་དུས་གཉིས་པའི་སློབ་ཚན།

ནང་པའི་གྲུབ་མཐའ་བཞིའི་རྣམ་གཞག

སློབ་དེབ།

ལྕང་རྐྱའི་གྲུབ་མཐའ་ནས་ནང་པའི་གྲུབ་མཐའ་བཞིའི་སྐོར། ཡང་ན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ནས་ནང་པའི་གྲུབ་མཐའ་བཞིའི་སྐོར།

༥ ལོ་རིམ་གསུམ་པའི་སློབ་དུས་དང་པོའི་སློབ་ཚན།

སྤྱོད་འཇུག

སློབ་དེབ།

ཞི་བ་ལྷའི་སྤྱོད་འཇུག་རྩ་བ་དང༌། བོད་འགྲེལ་གང་འོས།

༦ ལོ་རིམ་གསུམ་པའི་སློབ་དུས་གཉིས་པའི་སློབ་ཚན།

དངོས་པོ་བརྒྱད་དང་དོན་བདུན་ཅུའི་རྣམ་གཞག

སློབ་དེབ།

མི་ཕམ་པའི་མངོན་རྟོགས་རྒྱན་རྩ་བ་དང༌། སེང་བཟང་གི་འགྲེལ་པ་དོན་གསལ། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན།

༧ ལོ་རིམ་བཞི་པའི་སློབ་དུས་དང་པོའི་སློབ་ཚན།

སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།

སློབ་དེབ།

རྗེའི་ལམ་རིམ་ཆུང་བ།

༨ ལོ་རིམ་བཞི་པའི་སློབ་དུས་གཉིས་པའི་སློབ་ཚན།

སྔགས་ཀྱི་ལམ་གྱི་རིམ་པ།

སློབ་དེབ།

རྗེའི་སྔགས་རིམ་ཆེན་མོ།

སློབ་སྦྱོང་དུ་ཞུགས་རྒྱུའི་འོས་ཆོས།

༡ དུས་ཐུང་སློབ་སྦྱོང་གི་འོས་ཆོས།

ཀ མི་རིགས་དང༌། ཆོས་ལུགས། ཕོ་མོ། སྐྱ་སེར་སོགས་ཀྱི་དབྱེ་བ་མེད་པ་དང༌། ཉམས་ཚོད་ལེན་པའམ། ཕྱོགས་སྔ་འཚོལ་བ་ལྟ་བུའི་ཀུན་སློང་མ་ཡིན་པར་ཤེས་འདོད་དོན་གཉེར་ཚད་ལྡན་ཡོད་པ་དང༌།

ཁ སློབ་ཡུན་རིང་ཐུང་གང་དུ་ཞུགས་ཀྱང་དུས་ཚོད་ཆ་ཚང་བསྡད་ཐུབ་པ།

ག ཕྱི་རྒྱལ་བ་ཡིན་ན། རྒྱ་གར་དུ་སློབ་དུས་དུས་ཡུན་རིང་གནས་སྡོད་ཆོག་པའི་ཐོངས་མཆན་(VISA) དང༌། གཞིས་ཆགས་སུ་ཡོང་བསྡད་ཆོག་པའི་ལག་འཁྱེར་ཡོད་པ།

ང དུས་ནས་དུས་སུ་རྒྱས་བཅད་གཏན་འབེབས་བྱས་པའི་སློབ་དོད་འབུལ་སྒྲུབ་ཐུབ་པ།

ཅ གཟུགས་ཁམས་བདེ་ཐང་ཡིན་པ་དང༌། ལྷག་པར་དུ་གཅོང་ནད་དང༌། འགོས་ནད་ལྟ་བུའི་ནད་གཞི་མེད་པ།

ཆ ནང་ཆོས་ངོ་སྤྲོད་སློབ་ཚན་ཤེས་རྟོགས་ཐུབ་པའི་གཞི་རིམ་གྱི་སློབ་སྦྱོང་ཡོད་པའི་ཐོག་སློབ་སྦྱོང་སྐད་ཡིག་གང་གི་ནང་སྤྲད་རྒྱུའི་སྐད་ཡིག་དེའི་ཤེས་ཚད་ལོངས་ངེས་ཡོད་པ་བཅས་དགོས།

༢ གཏིང་ཟབ་སློབ་སྦྱོང་གི་འོས་ཆོས།

གོང་གསལ་དུས་ཐུང་སློབ་སྦྱོང་གི་འོས་ཆོས་ཚང་མའི་ཐོག་བོད་ཀྱི་སྐད་ཡིག་འབྲི་ཀློག་འཕེར་ངེས་དང༌། གཞུང་དོན་གོ་བ་ལེན་ཐུབ་པ་ཞིག་དགོས།

སློབ་སྦྱོང་གི་སྐད་ཡིག

ཀ དུས་ཐུང་སློབ་དུས་གསུམ་ལ་སྐབས་སོ་སོའི་སློབ་མའི་གནས་བབ་དང་བསྟུན་ཏེ། བོད་སྐད་དང༌། རྒྱ་སྐད། དབྱིན་སྐད་ཅི་རིགས་ཐོག་ཐད་ཀའམ་སྐད་བསྒྱུར་བརྒྱུད་སྤྲོད་རྒྱུ་དང༌།

ཁ གཏིང་ཟབ་སློབ་དུས་ཀྱི་སློབ་ཚན་རྣམས་བོད་སྐད་ཐོག་ནས་སྤྲོད་རྒྱུ།

འདི་ནི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་བསྐུལ་ངོར་ཕྱི་ལོ་༢༠༠༩ ནང་ཟིན་བྲིས་གནང་བ་ཞིག་ཡིན།

༈ ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་མཉམ་འབྲེལ་གྱིས་ཁོར་ཡུག་སྲུང་སྐྱོབ་སྐོར་ཚོགས་འདུ་དང་ལས་འཆར་སྤེལ་རྒྱུའི་འཆར་གཞི་བཟོ་འགོད་བྱ་རྒྱུའི་བརྗོད་དོན་ས་བཅད་ཟིན་བྲིས།

དང་པོ། འགོ་བརྗོད། ཡང་ན་རྒྱབ་ལྗོངས།

༡ སྤྱིར་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་གལ།

༢ བྱེ་བྲག་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་གལ།

༣ དེང་སྐབས་སའི་གོ་ལ་སྤྱི་དང༌། ཁྱད་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་གི་གནས་བབ།

༤ ནང་པའི་རྗེས་འཇུག་པ་སྤྱི་དང༌། ཁྱད་པར་རབ་བྱུང་གི་སྡེ། ཡང་སྒོས་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་རྒྱུད་ནང་པའི་དགོན་སྡེ་ཁག་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ཆོས་སྲིད་གཉིས་ཕྱོགས་ནས་འཁྲི་བའི་ལས་འགན།

གཉིས་པ། གོང་གསལ་ལས་འགན་དེ་དག་སྒྲུབ་ཐབས་སུ་ཧི་མཱ་ལ་ཡའི་རི་རྒྱུད་དགོན་སྡེ་ཁག་གི་འབྱུང་འགྱུར་ལོ་གསུམ་/ལོ་ལྔའི་ལས་འཆར།

༡ ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཆོས་བརྒྱུད་གཡུང་དྲུང་བོན་དང་བཅས་པའི་དགོན་སྡེ་ཁག་གིས་མཉམ་འབྲེལ་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་སླད་སྒྲིག་འཛུགས་སམ་གྲ་སྒྲིག་ཚོགས་ཆུང༌། ཡང་ན་ལས་དོན་ཚོགས་ཆུང་བཀོད་བསྒྲིགས་བྱེད་ཕྱོགས་སྐོར།

ཀ དགོན་པ་ཁག་གི་མཚན་གཞུང་དང་གྲྭ་བཙུན་གྱི་གྲངས་འབོར་རགས་ཙམ།

ཁ བླ་སྤྲུལ་རྣམ་པའི་མཚན་གཞུང༌།

ག དགེ་བཤེས་དང་མཁས་དབང་གྲགས་ཅན་རྣམས་ཀྱི་མཚན་གཞུང༌།

ང འགྲོ་གྲོན་དངུལ་འབབ་བསྡུ་ཕྱོགས་དང༌། དཔལ་འབྱོར་འདུ་འགོད་བྱེད་ཕྱོགས་སོགས།

ཅ ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ནམ་སྒྲིག་གཞི།

༢ རྒྱལ་ཡོངས་/རྒྱལ་སྤྱིའི་ཁོར་ཡུག་སྐོར་ཚོགས་ཆེན་བསྡུ་བསྐོང་བྱ་རྒྱུའི་ལས་འཆར།

ཀ ཚོགས་དུས་༢༠༠༩ ཕྱི་ཟླ་༡༢ གོང་ཚོགས་ཆེན་ཞིག་ཚོགས་ཐུབ་པ་བྱུང་ན་དེའི་སྙན་ཐོ་ཕྱི་ཟླ་༡༢ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀོ་པེན་ཧེ་གན་དུ་ཚོགས་རྒྱུའི་ཁོར་ཡུག་ཚོགས་འདུར་ཕུལ་ཐུབ་པའི་རེ་བ་ཡོད། དེ་མིན་ཕྱི་ལོ་༢༠༡༠ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཕྱི་ལུགས་དགུང་གྲངས་དོན་ལྔར་ཕེབས་པའི་འཁྲུངས་ལོ་སྲུང་རྩིའི་ལས་འཆར་ཁོངས་བརྩི་ཆོག

ཁ ཚོགས་ཡུལ། རྡི་ལིའམ། མུམ་བེ། ཀོལ་ཀ་ཏ། ཅེ་ན་ཡི། སྦེང་ལོར་ལྟ་བུའི་ས་ཁུལ་ཞིག་ཏུ་ཚོགས་ན་ལེགས།

ག གྲོས་གཞི་དང་ལས་རིམ།

ང ཚོགས་སྐོང་འགན་འཛིན།

ཅ ཚོགས་དྲུང་དང༌། ཡིག་ཆ་གོ་སྒྲིག གྲོས་ཆོད་པར་སྐྲུན་སོགས།

ཆ ཚོགས་མིའི་མཚན་གཞུང༌།

༣ ས་གནས་ཁག་ཏུ་ཚོགས་འདུ།

ཀ མོན་དང་འབྲུག ཀ་རྡོར་སྒང་གསུམ་སོགས་བྱང་ཤར་ཕྱོགས་ཀྱི་ས་གནས་ཚོགས་འདུ་ཨི་ཊཱ་ན་གར་རམ། གུ་ཝཱ་ཧཱ་ཊཱི། ཡང་ན་ཀ་རྡོར་ལྟ་བུ་ས་ཁུལ་གང་འོས་ཤིག་ཏུ་ཚོགས་རྒྱུ།

ཁ བལ་ཡུལ་ཁུལ་དུ་ས་གནས་ཚོགས་འདུ་ལུམ་བི་ནིའམ་ཀ་ཐ་མན་གྲུ་ལྟ་བུ་གང་འོས་སུ་ཚོགས་རྒྱུ།

ག ཡུ་པི་དང༌། ཧི་མཱ་ཅལ། ཨུ་ཏ་ར་ཁཎྜ། ཇ་མུ་ཀཤ་མིར་བཅས་ཀྱི་ཆེད་སིམ་ལའམ། ཇ་མུ། ལ་དྭགས་ལྟ་བུ་གང་འོས་ཤིག་ཏུ་ཚོགས་རྒྱུ།

གསུམ་པ། ཁོར་ཡུག་སྲུང་སྐྱོབ་ལས་འཆར།

༡ ས་གནས་སོ་སོའི་དགོན་སྡེ་ཁག་གི་གྲྭ་བཙུན་དང་ཡུལ་མི་རྣམས་ལ་ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་གཞི།

༢ སློབ་གྲྭ་ཁག་གི་སློབ་ཚན་དུ་ཁོར་ཡུག་གི་གནས་བབ་སྤྱི་དང༌། ལྷག་པར་ནང་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ཚུད་ཐབས་ལས་གཞི།

༣ གད་སྙིགས་འདུ་འགོད། ས་ཆུ་བདག་གཅེས། དུག་རླངས་ཉུང་འཕྲི་སོགས་ཀྱི་ལས་གཞི་ཆེ་ཆུང་ཁག

༤ ཤིང་སྣ་འདེབས་འཛུགས་དང༌། ཤིང་ནགས་སྲུང་སྐྱོབ་སྐོར་གྱི་ལས་གཞི།

༥ འབབ་ཆུ་ཁག་གི་སྲུང་སྐྱོབ་དང༌། འབགས་བཙོག་སེལ་ཐབས་སྐོར་གྱི་ལས་གཞི།

༦ སོ་ནམ་དང་ཤིང་ཏོག་འདེབས་ལས་སྐྱེ་ལྡན་དུ་བསྒྱུར་རྒྱུའི་ལས་གཞི།

༧ ཆོས་ཕྱོགས་ནས་ཡུལ་ལྷ་བསང་གསོལ་དང༌། ས་བཅུད་བུམ་པ། ཆར་འབེབས་སོགས་ཀྱི་ལས་གཞི།

འབྲེལ་ཡོད་རྣམས་ཀྱིས་བསྐུལ་ངོར་ཕྱི་ལོ་༢༠༠༩ ནང་ས་བཅད་ཟིན་བྲིས་འདི་བཟོས་གནང་བ་ཞིག་ཡིན།