དཔལ་སྟོད་རྒྱུད་གྲྭ་ཚང་ནས་དཔར་སྐྲུན་ཞུས་པའི་རྒྱུད་སྟོད་གསལ་སྒྲོན་དཔེ་བསྡུར་མའི་ཆེད་བརྗོད།

༈ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་གསང་འདུས་རྒྱུད་འགྲེལ་ཆེན་མོ་བརྩམས་ནས་ཕྱི་ལོ་༢༠༡༥ལོར་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཆེད་དུ་དཔལ་སྟོད་རྒྱུད་གྲྭ་ཚང་ནས་དཔར་སྐྲུན་ཞུས་པའི་རྒྱུད་སྟོད་གསལ་སྒྲོན་དཔེ་བསྡུར་མའི་ཆེད་བརྗོད།Rimnga Saldon༄༅།། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གངས་རིའི་ལྗོངས་སུ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་དང་མཚུངས་པར་བསམ་བརྗོད་ལས་འདས་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ནི། རྗེ་རང་ཉིད་ཀྱིས། མཛད་པ་ཀུན་ལ་གསུང་གི་ནི།། མཛད་པ་མཆོག་ཡིན་་་་་་་་།། ཞེས་གསུང་པ་ལྟར་བླ་ན་མེད་པའི་གསུང་རབ་ལྗགས་རྩོམ་མཛད་པ་འདི་དག་ཡིན་ཞིང་། དེ་ཡང་ཕྱོགས་རེ་བ་དང་རགས་པ་རེ་ཙམ་དུ་མ་ཟད་པར། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་མདོ་སྔགས་ཀྱི་གསུང་རབ་ཡོངས་ལ་དཔྱད་པ་གསུམ་གྱིས་དག་ཐེེར་ལེགས་པར་མཛད་ནས་སྔར་མེད་པའི་ལེགས་བཤད་ཧ་ཅང་མང་པོ་ཡིག་འཇོག་མཛད་པ་དང་། དེ་ཡང་ཇི་ལྟར་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་དང་མཐུན་པར། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་ཤེར་ཕྱིན་དང་། དབུ་མའི་བསྟན་བཅོས་ཆེ་ཆུང་ཁག་དང་། སྔགས་ཕྱོགས་ཀྱི་རྡོ་རྗེ་འཆང་གི་ལམ་གྱི་རིམ་པས་དབུས་གསུང་རྩོམ་རྣམ་གྲངས་དུ་མ་ཡོད་པའི་ཁར། ལྷག་པར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་དང་འབྲེལ་བའི་ལེགས་བཤད་རྗེའི་གསུང་འབུམ་ཁག་ཏུ་དཔེ་ཚན་ཆེ་ཆུང་བཞི་བཅུ་བརྒལ་བ་བཞུགས་པའི་ནང་ནས་རབ་དུ་ཕུལ་དུ་བྱུང་བ་ནི་“རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེ་བྱ་བ་”འདི་ཡིན་ཏེ། ངོ་མཚར་རྨད་དུ་བྱུང་བའི་བསྟན་བཅོས་འདིའི་ནང་བླ་མེད་རྒྱུད་ཀྱི་དབྱེ་བ་དང་བྱུང་རིམ། ཐེག་པ་ཆེན་པོའི་ལམ་ཐུན་མོང་བ་སློབ་ཚུལ་ནས་བཟུང་སྟེ་རིམ་པ་གཉིས་པའི་སྤྲོད་མེད་ཀྱི་རྣལ་འབྱོར་བར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཆ་ཚང་ལ་མ་འདྲེས་མ་འཁྲུགས་པ་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་ཞིང་། གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བདེ་བ། མ་རྟོགས་པ་དང་ལོག་པར་རྟོག་པའི་དྲིན་མ་སུན་འབྱིན་པའི་སླད་དུ་ལུང་རིགས་ཟུང་འབྲེལ་གྱི་ལམ་ནས་དགའ་གཞག་སྤང་གསུམ་གྱི་རྣམ་གཞག་རྒྱས་པ་དང་། ལྷག་པར་མཚན་དོན་དང་མཚུངས་པར་ཆེས་མཆོག་ཏུ་གསང་བའི་མན་ངག་དག་གིས་རྣམ་པར་བརྒྱན་ཏེ་རྒྱུད་ཀྱི་དོན་ཤིན་ཏུ་གསལ་བར་རྣམ་པར་ཕྱེ་བས། སྐལ་ལྡན་གྱི་གདུལ་བྱ་ལ་ཟུང་འཇུག་སྦར་བཅངས་སུ་སྟེར་བའི་ས་གསུམ་གྱི་སྒྲོན་མེ་ཆེན་པོར་གྱུར་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ཕྱིར་རོ།། དེ་ལྟའི་ཁྱད་འཕགས་ཀྱི་གཞུང་འདི་ཉིད་འཇམ་མགོན་བླ་མ་གང་ཉིད་ཀྱིས་འགྲེལ་པ་སྒྲོན་གསལ་གྱི་མཆན་དང་། ས་བཅད་བསྡུས་དོན། མཐའ་དཔྱོད་བཅས་ལྗགས་རྩོམ་མཛད་ནས་འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་འཆད་ཉན་གྱི་སྲོལ་ཐུན་མོང་མ་ཡིན་པ་དབུ་ཚུགས་ཏེ་མི་ལོ་ ༦༠༠ འཁོར་བའི་དུས་ཚིགས་ཁྱད་པར་ཅན་རྗེས་དྲན་ཞུ་བའི་ལམ་རིམ་གྱི་ཆ་ཤས་སུ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གིས་དམིགས་བསལ་ཞུ་སྒྲིག་མཐིལ་ཕྱིན་མཛད་དེ། དེང་རབས་དང་མཐུན་པར་མཆན་དང་ཟུར་རྒྱན་དུ་མས་ཕྱུག་པའི་དཔེ་དེབ་གསར་བསྐྲུན་མཛད་པ་འདིས་རྒྱུད་གྲྭའི་དགེ་འདུན་པ་རྣམས་ཀྱིས་དབུས་མྱུར་ལམ་རྡོ་རྗེ་ཐེག་པར་དད་མོས་དང་ལས་སྐལ་ཡོད་པའི་གདུལ་བྱ་མང་པོར་ཕན་ཐོགས་རླབས་ཆེན་འགྱུར་བ་གདོན་མི་ཟ། ཆོས་སྦྱིན་གྱི་བྱ་བ་འདིས་རྒྱལ་བསྟན་སྤྱིི་དང་། བྱེ་བྲག་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་མཐར་ཡང་ཉམས་པ་མེད་པར་གནས་པའི་རྒྱུར་འགྱུར་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤཱཀྱའི་གཙུན་གཟུགས་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་དྭང་བས་སྨོན་པའོ།། ཇཡ་ཡགཏ།། །།

༈ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་གསང་འདུས་རྒྱུད་འགྲེལ་ཆེན་མོ་བརྩམས་ནས་ཕྱི་ལོ་༢༠༡༥ལོར་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཆེད་དུ་དཔལ་སྟོད་རྒྱུད་གྲྭ་ཚང་ནས་དཔར་སྐྲུན་ཞུས་པའི་རྒྱུད་སྟོད་གསལ་སྒྲོན་དཔེ་བསྡུར་མའི་དཔར་བྱང་སྨོན་ཚིག
༈ ཨོཾསྭསྟི། ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད།།
ཟབ་ལམ་རིམ་པ་ལྔ་ཡི་གསང་བའི་གནད།།
ཟབ་གསལ་ཚིག་གིས་བཀྲལ་མཁས་ཙོང་ཁ་པ།།
ཟབ་དོན་སྨྲ་བའི་དབང་ཕྱུག་རྒྱལ་གྱུར་ཅིག། །

མཐའ་བྲལ་ངམ་ནག་འདུས་པའི་རྒྱུད་ཀྱི་ཆུ་གཏེར་མཐའ་དྲུག་ཚུལ་བཞིའི་རྦ་ཀློང་ཆེར་འཁྲུགས་པ།།
བློ་གྲོས་གྱི་ནའི་རྐྱལ་གྱིས་བགྲོད་མིན་རྒྱལ་བའི་ལུང་བརྙེས་ཤིང་རྟ་ཆེན་པོའི་དེད་དཔོན་ལ།།
བསྟེན་ནས་ངེས་དོན་དགོངས་ཟབ་དབྱིག་གི་གཏེར་ཆེན་བདག་གིར་མཛད་པའི་ཟླ་མེད་དོན་མཐུན་པས།།
ཉེ་བར་བླངས་པའི་ལེགས་བཤད་ནོར་གྱི་ཕུང་པོ་འོད་སྟོང་འབར་བས་སྐལ་ལྡན་དབུལ་བ་སེལ།།

སྔོན་མེད་ལེགས་བཤད་ཉི་མ་འབུམ་གྱི་གཟིས།།
མ་རྟོགས་ལོག་རྟོག་སོམ་ཉིའི་མུན་སྟུག་ཀུན།།
རྩད་ནས་འབྱིན་པའི་ངོ་མཚར་དགའ་སྟོན་གྱིས།།
ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་པར་མཛད།།

དེ་ལྟའི་བྱུང་བ་འདས་ནས་བརྒྱ་ཕྲག་ལོ།།
དབང་པོའི་གྲངས་སུ་སོང་ཡང་ཉམས་མེད་དུ།།
གནས་པའི་སྐལ་བཟང་བསོད་ནམས་བརྒྱས་བསྒྲུབས་པ།།
རྗེས་སུ་དྲན་སླད་སླར་ཡང་དཔར་དུ་བསྐྲུན།།
འདིར་འབད་ལས་བྱུང་དགེ་ཚོགས་ལམ་གསུམ་འབབ།།
རང་དོན་ཡིད་བྱེད་རྙོག་མས་མ་བསླད་པར།།
སྙིགས་ལྔའི་རྒུད་ཚོགས་དྲི་མ་འཁྲུད་བཞིན་དུ།།
བྱང་ཆེན་རྒྱ་མཚོའི་ཀློང་དུ་གཞོལ་བར་སྨོན།།

ཐུགས་རྗེའི་གང་བ་རབ་རྫོགས་བསྟན་འཛིན་ཟླ།།
འགྲོ་ཁམས་རྒྱ་མཚོའི་གཉེན་དུ་སྲིད་མཐའི་བར།།
རྗེས་བསྟན་བསིལ་འོད་ཉམས་པ་མེད་པའི་མཐུས།།
ཐུབ་བསྟན་ཀུ་མུད་ནམ་ཡང་ཟུམ་མེད་ཤོག། །

འདོད་སྡང་རྨོངས་པས་མྱོས་པའི་སྐྱེ་བོ་ཀུན།།
བྱམས་དང་སྙིང་རྗེ་བདུད་རྩིའི་བཅུད་ཐོབ་སྟེ།།
འཚེ་མེད་མཛའ་མཐུན་ཞི་བདེའི་དཔལ་ཡོན་གྱིས།།
ཡངས་པའི་འཇིག་རྟེན་བདེ་བར་འཚོ་གྱུར་ཅིག། །
ཅེས་པ་འདི་ཡང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་འཇམ་མགོན་ཙོང་ཁ་པ་ཆེན་པོས་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་གྱི་མཆན་འགྲེལ་དང་། ས་བཅད། མཐའ་དཔྱོད་བཅས་ལྗགས་རྩོམ་མཛད་ནས་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་ཕྱག་དཔེ་དག་ཞུས་དང་དཔར་སྐྲུན་མཛད་པའི་དཔར་བྱང་སྨོན་ཚིག་ཏུ་ཤཱཀྱའི་བཙུན་གཟུགས་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་དྭང་བས་སྨོན་པའོ།། །།