ཆེད་བརྗོད། བོད་མི་རྣམས་བཙན་བྱོལ་དུ་གྱར་ཏེ་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དྲན་གསོ་དང་
༄༅།། གངས་རིའི་རྭ་བས་བསྐོར་བའི་བོད་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་འདི་ནི་འཛམ་གླིང་ས་བབ་མཐོ་ཤོས་དང་གནའ་བོའི་ཆོས་རིག་མི་ཉམས་རྒྱུན་འཛིན་གྱིས་སུས་ཀྱང་བསྙོན་དུ་མེད་པ་ཡ་རབས་བཟང་སྤྱོད་ལྡན་པའི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ས་རིས་ཐང་གསལ་ཡང༌། ཕྱི་ལོ་༡༩༥༩ ནས་བཟུང་གུང་བྲན་རིང་ལུགས་པའི་དྲག་པོའི་དཔུང་གིས་བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་ཉིད་༡༩༥༩ ལོར་བཙན་བཟུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་ཡུལ་གཙོ་གྱུར་འབྲུག་དང༌། འབྲས་ལྗོངས། བལ་ཡུལ་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་གྱར་ཏེ་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དྲན་གསོའི་༥༠ དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་གི་ལས་འཆར་ཁོངས་བཙན་བྱོལ་བོད་གཞུང་ཐོག་མར་འཛུགས་དགོས་པའི་དགོས་པ་དང༌། དམིགས་ཡུལ། ལས་དོན་རྣམས་ཇི་ཞུས་བཅས་ཡིག་ཐོག་བདག་གཉེར་ཇི་ཡོད་ཐོག་བྱུང་རབས་མི་རབས་བགྲེས་པ་རྣམས་ལ་འདྲི་བརྩད་ཀྱིས་མ་འོངས་དྲན་གསོ་དང་གཞོན་སྐྱེས་རྣམས་ཀྱི་སྣང་ངོར་གནས་སྟངས་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཡིག་ཐོག་དེབ་ཕྲེང་དུ་འཇོག་རྒྱུ་གལ་ཆེར་མཐོང་སྟེ་གཞིས་ཆགས་ཁག་གི་ལོ་རྒྱུས་རྣམས་དེབ་ཐེར་དུ་འགོད་རྒྱུའི་ལས་འཆར་འདི་བརྩམས་པ་ཡིན།
དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་དམ་པ་ཇབཱཧར་ལཱལ་ནེཧརཱུ་རྣམ་གཉིས་ཀྱི་དགོངས་བཞེད་བཞིན་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་མི་འགྲོ་བར་མཉམ་སྡོད་ཆོག་པའི་གཞིས་སྒར་དང༌། ལག་ཤེས་བཟོ་གྲྭ རྒས་གསོ་ཁང་བཅས་ཁག་མང་གསར་འཛུགས་གནང་ཡོད་པ་དང༌། འདི་དག་གི་རྒྱུ་སྦྱོར་བ་གནས་ཡུལ་གཞུང་དང་མི་མང༌། བྱང་སེམས་ཅན་གྱི་ཕྱི་རྒྱལ་གཞུང་སྒེར་རོགས་ཚོགས་ཁག་གིས་མཐུན་རྐྱེན་རོགས་སྐྱོར་ཇི་བྱུང་རོབ་བསྡུས།
གཞིས་ཆགས་ཁག་ཏུ་གཞིས་མི་གཏོང་སྟངས། ཁྱབ་ཁོངས་གཞིས་ཆགས་དང༌། བཟོ་གཞིས་སོ་སོའི་ཆགས་རབས་མདོར་བསྡུས། འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་གཙོ་གྱུར་ལས་གཞི་ཁག་སྤེལ་ཕྱོགས་སོགས་མང་པོ་ཡོད་པ་རྣམས་ཆགས་རབས་ཞིབ་རྒྱས་དེབ་ཐེར་དུ་འགོད་རྒྱུ་ཡིག་རྫོབ་ལས་མ་འདས་པས་སྙིང་བསྡུས་རྩོམ་སྒྲིག་ཞུས་ཡོད་པ་འདིས་རང་རིགས་གཞོན་སྐྱེས་རྣམས་དང་ཉམས་ཞིབ་གནང་མཁན་རྣམས་ནས་བཙན་བྱོལ་བོད་མིའི་བྱུང་རབས་མཁྱེན་རྟོགས་ཡོང་རྒྱུའི་རྒྱུར་འགྱུར་བའི་སྨོན་འདུན་དང་བཅས་ནང་སྲིད་བཀའ་བློན་ཟམ་གདོང་བློ་བཟང་བསྟན་འཛིན་པས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༢༨ ལ།
བོད་མི་རྣམས་བཙན་བྱོལ་དུ་གྱར་ཏེ་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དྲན་གསོ་དང་བསྟུན་འགྲེམས་སྤེལ་ཞུས་པའི་གཞིས་ཆགས་ཁག་གི་ལོ་རྒྱུས་ཀྱི་དཔེ་དེབ་ཐོག་གནང་བའི་ཆེད་བརྗོད།