ཆེད་དུ་བརྗོད་པ། བཙན་བྱོལ་དུ་ལོ་ལྔ་བཅུ་འདས་པའི་དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་གིས་
༄༅།། པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ནི་ས་ཡི་གོ་ལ་འདིའི་སྟེང་མིའི་སྐྱེ་འགྲོ་བྱུང་བ་ནས་བཟུང་མི་རིགས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཡོད་པའི་ས་ཁུལ་ལོ་གྲངས་ཉིས་སྟོང་བརྒལ་བའི་བྱུང་རབས་ཡིག་ལམ་དུ་འཁོད་པ་ཡོད་པའི་གནའ་རབས་ཀྱི་ཡུལ་ལྗོངས་ཤིག་ཡིན། དུས་ཡུན་དེ་དག་གི་རིང་ཆབ་སྲིད་དང་དཔལ་འབྱོར། དམག་ཤུགས་སོགས་ཀྱི་དར་རྒུད་སྣ་ཚོགས་བྱུང་སྟེ་སྐབས་རེ་ཤར་གླིང་གི་ས་ཁྱོན་གསུམ་གཉིས་ལ་དབང་བསྒྱུར་བ་དང༌། སྐབས་རེ་བོད་རིགས་རང་ཡང་སིལ་བུར་ཐོར་ཅིང༌། རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་ཚུད་པ་སོགས་བྱུང་ཡོད། འོན་ཀྱང་ཕྱི་ལོ་བརྒྱ་ཕྲག་བདུན་པ་ཙམ་ནས་བཟུང་བོད་ཀྱི་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་གསར་གཏོད་དང༌། སངས་རྒྱས་ཀྱི་བསྟན་པའི་གཞི་མ་ཚུགས་ཏེ་རྒྱ་གར་ནས་གསུང་རབ་སྒྲ་སྒྱུར་གྱི་ལས་གཞི་ཚུགས་པ་ནས་བཟུང་ད་ལྟའི་བར་ཆབ་སྲིད་མངའ་དབང་གི་དར་རྒུད་འཕོ་འགྱུར་ཇི་ཙམ་ཞིག་བྱུང་ཡང༌། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐབས་ཚུལ་འཆད་རྩོད་རྩོམ་གསུམ་གྱི་བྱ་གཞག་རྒྱུན་སྐྱོང་ཐུབ་པའི་དབང་གིས་ནང་དོན་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ཁག་ཡར་རྒྱས་ཀྱི་རྩེ་མོར་སོན་པ་དང༌། འཇིག་རྟེན་ཡོངས་སུ་འགྲན་ཟླ་མེད་པའི་མཁས་པའི་བྱ་བའི་ཕྱག་རྗེས་གཟེངས་ཐོན་འཇོག་གནང་མཛད་པ་དེས་བོད་མི་རིགས་ཀྱི་ངོས་འཛིན་དང་ཆེ་མཐོང་འཇིག་རྟེན་ཡོངས་ཁྱབ་ཏུ་གྱུར་པ་མ་ཟད། དཔལ་ཡོན་དེའི་འོག་ད་ལྟའང་བོད་རིགས་རྣམས་འཚོ་གནས་བྱེད་བཞིན་ཡོད། དེ་འདྲའི་བྱུང་བ་རྣམས་ད་ལྟའང་རང་རེའི་དྲན་ཡུལ་དུ་གནས་ཐུབ་པ་ནི་བྱུང་རབས་ཡིག་ཚང་གིས་མཚོན་རྩོམ་རིག་ངག་གི་རང་བཞིན་གྱི་ཟད་མཐའ་མེད་པའི་གཏེར་མཛོད་དེ་དག་ཁོ་ནའི་དབང་གིས་ཡིན།
འཕར་འབུབས་ཆེ་བའི་བོད་མིའི་བྱུང་རབས་ནང་ཛ་དྲག་གཉན་འཕྲང་ཆེ་བའི་དུས་ཚོད་སྡུག་ཤོས་ཤིག་འདས་མ་ཐག་པའི་ལོ་ངོ་བཅུ་ཕྲག་དྲུག་སྐོར་དེ་ཡིན་ཞིང༌། དེ་ནི་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་སོ་མཚམས་སུ་གྱར་བའི་སྐབས་ཤིག་ཡིན། ལོ་གྲངས་ལྔ་བཅུའི་དུས་ཡུན་མི་གཅིག་གི་མི་ཚེ་ལ་ལྟོས་ཏེ་ཧ་ཅང་རིང་པོ་ཡིན་རུང་མི་རིགས་གཅིག་གི་བྱུང་བ་ལ་ལྟོས་ན་དུས་ཡུན་ཐུང་ངུ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག འོན་ཀྱང་དུས་ཡུན་དེའི་ནང་གཞིས་བཞུགས་དང་བྱེས་འབྱོར་བོད་རིགས་ཚང་མས་རྣམ་པ་འདྲ་མིན་ཙམ་ལས་དོན་དུ་དཀའ་སྡུག་ཚད་མེད་གཅིག་གྱུར་མྱངས་ཡོད་ཀྱང༌། བཙན་བྱོལ་དུ་འབྱོར་བ་རྣམས་མནར་གཅོད་སྡུག་སྦྱོང་མྱོང་དགོས་མ་བྱུང་བ་མ་ཟད། རང་དབང་ཅན་གྱི་ཡུལ་ལུང་ནང་ལུས་ངག་གི་སྡུག་བསྔལ་མེད་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འོག་སྒེར་གྱི་འཚོ་ཐབས་དང༌། སྤྱིའི་རྩ་དོན་གཉིས་ཀར་འདོད་མོས་ལྟར་འབད་འབུང་བྱ་རྒྱུའི་གོ་སྐབས་བྱུང་ཡོད།
ཕྱི་ལོ་༡༩༥༩ ལོར་བོད་མིའི་ཞི་བའི་གྱེན་ལངས་དང༌། དེའི་མཇུག་འབྲས་སུ་བོད་མི་འབུམ་ཕྲག་བརྒལ་བ་བཙན་བྱོལ་དུ་གྱར་ཏེ་མི་ལོ་ལྔ་བཅུ་འདས་པའི་སྐྱིད་སྡུག་གི་མྱོང་ཚོར་དྲན་གསོའི་ཆེད་༢༠༠༩ ཕྱི་ཟླ་༣ ཚེས་༡༠ ནས་བཟུང་༢༠༡༠ ཕྱི་ཟླ་༣ ཚེས་༡༠ བར་ལོ་འཁོར་ཧྲིལ་པོ་ཆོས་དང་རིག་གནས། སྒྱུ་རྩལ། སྤྱི་ཚོགས་བདེ་དོན་སོགས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཤིག་བཀའ་ཤག་གི་༢༠༠༨ ཕྱི་ཟླ་༦ ཚེས་༢༡ འཁོད་པའི་རྩ་འཛིན་ལམ་སྟོན་གཞིར་བཟུང་བཙན་བྱོལ་བོད་མི་གནས་ཡུལ་གང་སར་སྤེལ་ཡོད།
གནའ་བོའི་དུས་སུ་རྩ་ཆེའི་བྱུང་རབས་གལ་ཆེ་རེ་ཟུང་སྒྲ་དོན་འབྲེལ་འཛིན་གྱི་རྟོག་ངོར་ཤར་བ་ལ་གཞི་བཅོལ་ཏེ་རི་མོའི་སྒྱུ་རྩལ་གྱི་ལམ་ནས་ངོ་སྤྲོད་དང་རྗེས་དྲན་བྱེད་སྲོལ་ཙམ་ལས་གཟུགས་བརྙན་ངོ་མ་མེ་ལོང་དུ་འཕོས་པ་ལྟ་བུའི་བརྙན་པར་སྐབས་མཚམས་སོ་སོར་ལེན་པའི་འཕྲུལ་ཆས་མེད་ནའང༌། དེང་རབས་ཀྱི་འཕྲུལ་ཆས་རིམ་འཕེལ་གྱི་བརྒྱུད་རིམ་ནང་དང་ཐོག་ཚོས་གཞི་དཀར་ནག་ཙམ་དང༌། ད་ཆ་ཚོན་ཁྲ་ཡོངས་རྫོགས་ཇི་མ་ཇི་བཞིན་བརྙན་པར་བླངས་ཏེ་གལ་ཆེའི་བྱུང་བ་ཇི་སྙེད་ཅིག་གི་གཟུགས་བརྙན་ཇི་སྲིད་བར་གནས་ཐུབ་པའི་འཕྲུལ་ལས་འདིས་དེ་བྱུང་རིག་པའི་ཡར་རྒྱས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད།
དེ་འདྲའི་འཕྲུལ་ལས་ཀྱི་ཁེ་ཕན་བླངས་ཏེ་བཙན་བྱོལ་དུ་ལོ་ལྔ་བཅུ་འདས་པའི་དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང༌། མང་གཙོའི་ཀ་བ་གསུམ་གྱི་སྡེ་ཚན་ཁག་གི་བྱེད་སྒོ་མི་ཉུང་བ་ཞིག་གི་སྐུ་པར་ཕྱོགས་བསྡུས་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པར་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་སོགས་དུས་དྲན་གྱི་གལ་ཆེའི་ཡིག་ཆ་ཁ་ཤས་དང་ལས་བསྡོམས་སྙིང་བསྡུས་བཅས་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་པར་སྐྲུན་བྱས་པ་འདིས་འབྱུང་འགྱུར་བོད་མི་གཞོན་སྐྱེས་རྣམས་ལ་བྱུང་རབས་ཀྱི་དྲན་གསོ་དང༌། སྙིང་སྟོབས་སྤེལ་བའི་ཆ་རྐྱེན་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད།
འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམས་ལ་ལེགས་སོ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཀའ་ཁྲི་ཟམ་གདོང་པས་༢༠༡༡ ཕྱི་ཟླ་༡ ཚེས་༢༡ ལ་བྲིས་པ་དགེ་བར་གྱུར་ཅིག། །། ཇཡ་ཇགཏ྄།།
བཙན་བྱོལ་དུ་ལོ་ལྔ་བཅུ་འདས་པའི་དུས་དྲན་གོ་སྒྲིག་དང་ལམ་སྟོན་ཚོགས་ཆུང་གིས་ྋགོང་ས་མཆོག་གི་མཛད་འཕྲིན་དང་དུས་དྲན་གྱི་ལས་བསྡོམས་སྙིང་བསྡུས་སོགས་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་པར་སྐྲུན་བྱས་པ་དེའི་ཐོག་གནང་བའི་ཆེད་བརྗོད་ཅིག་ཡིན་འདུག